རྡོ་རྗེ་ཕུར་པའི་སྒྲུབ་ཐབས།

༼ཉ༽

༄༅། །རྡོ་རྗེ་ཕུར་པའི་སྒྲུབ་ཐབས་བཞུགས་སོ།།

༄༅། །དཔལ་ལྡན་བླ་མ་རྡོ་རྗེ་ཕུར་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་མ་ལུས་ཐམས་ཅད་ལ། །སྒོ་གསུམ་ཀུན་ནས་རབ་ཏུ་དང་བ་ཡིས། །རབ་ཏུ་གུས་པས་རྟག་ཏུ་ཕྱག་འཚལ་ལ།ོ །རྡོ་རྗེ་ཕུར་པའི་དཀྱིལ་འཁོར་བསྒྲུབ་པའི་ཕྱིར། །དཀྱིལ་འཁོར་འདིར་ཞུགས་དམ་ཚིག་ལྡན་པ་ཡིས། །དུར་ཁྲོད་ལ་སོགས་ཡིད་དང་མཐུན་གནས་སུ། །སྟན་ལ་བདེར་འདུག་སྐྱབས་འགྲོ་སེམས་བསྐྱེད་བྱ། །བདག་ཉིད་རྡོ་རྗེ་གཞོན་ནུར་གསལ་བ་ཡི། །སྙིང་གའི་ཧཱུྃ་ལས་ཚོགས་ཞིང་སྤྱན་དྲངས་ལ། །ན་མོ་གུ་རུ་བཛྲ་ཀཱི་ལ་ཡ་ཙཀྲ་མཎྜལ་བྷྱཿ ལུས་དཔག་མེད་པས་ཕྱག་བྱ་ཞིང༌། །སྔགས་སྔོན་འགྲོ་བའི་མཆོད་ཡོན་སོགས། །གསང་སྔགས་ཕྱག་རྒྱ་དང་བཅས་མཆོད། །ཡེ་ཤེས་སྐུ་མཆོག་སོགས་བརྗོད་ཅིང༌། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན། །བདེ་གཤེགས་རྒྱལ་བ་འཁོར་བཅས་ལ། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ། །མཆོད་པ་ཀུན་གྱིས་མཆོད་བགྱིད་ཅིང༌། །བདག་གི་ལུས་ཀྱང་དབུལ་བར་བྱ། །བདག་གིས་སྡིག་པ་བགྱིས་པ་དང༌། བགྱིད་དུ་གང་དག་སྩལ་བ་དང༌། །རྗེས་སུ་བདག་ནི་ཡི་རང་བས། །བདེ་གཤེགས་སྤྱན་སྔར་མཆིས་ནས་ནི། །སྒོ་གསུམ་སྡིག་པ་བགྱིས་པ་རྣམས། །ཁྱེད་ལ་མ་ལུས་སོ་སོར་བཤགས། །སངས་རྒྱས་བྱང་ཆུབ་སེམས་ཚོགས་དང༌། །ཉན་ཐོས་རང་རྒྱལ་དགྲ་བཅོམ་དང༌། །སོ་སོ་སྐྱེ་བོའི་དགེ་བ་ལ། །ཡང་དག་རྗེས་སུ་ཡི་རང་ངོ༌། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་སྔགས་བདག་ཧེ་རུ་ཀ །དཀྱིལ་འཁོར་བཞུགས་པའི་བདག་ཉིད་ཅན། །དེ་རྣམས་ལ་ཡང་སྐྱབས་སུ་མཆི། །དཀྱིལ་འཁོར་བདག་པོར་གྱུར་པ་ཡི། །བྱང་ཆུབ་སེམས་ཀྱི་དཔའ་བོ་མཆོག །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །སེམས་ཅན་སྲིད་མཚོར་ལྷུང་གྱུར་པ། །དེ་རྣམས་ཀུན་ལ་ཕན་པའི་ཕྱིར། །བདག་གི་དུས་འདི་ཉིད་དུ་ནི། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བྱང་ཆུབ་སྤྱོད་པ་སྤྱད་བྱས་ནས། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །ཅེས་པ་བཅུ་པོ་རྣམ་དག་དང༌། །བདེ་གཤེགས་རྒྱལ་བ་འཁོར་བཅས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་སྡོམ་པ་རྣམས། །ཡང་དག་ཉིད་དུ་གཟུང་བར་བགྱི། །རྡོ་རྗེའི་རིགས་མཆོག་སྡོམ་པ་ནི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་སྡོམ་པ་ནི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་ཆེན་པོ་ནི། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང༌། །ལས་ཀྱི་རིགས་མཆོག་སྡོམ་པ་ནི། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །དེ་བཞིན་བརྟན་པོར་གཟུང་བར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སངས་རྒྱས་ཉིད་དུ་བསྒྲུབ་ནས་ཀྱང༌། །སེམས་ཅན་འཁོར་བར་བྱིང་བ་རྣམས། །བྱང་ཆུབ་གནས་སུ་བསྒྲལ་བར་བགྱི། །ཅེས་པས་རིགས་ལྔའི་སྡོམ་པ་ནི། །ལན་གསུམ་བར་དུ་བརྗོད་དེ་གཟུང༌། །ཚད་མེད་བཞི་ནི་བསྒོམས་ནས་ཀྱང༌། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྟོང་པར་བསྒོམས་པས་ཚོགས་གཉིས་སོ། །སྣང་བ་སྟོང་པའི་ངང་ཉིད་ལས། །པྃ་ལས་སྣ་ཚོགས་པདྨ་དང༌། །རྃ་ལས་ཉི་སྟེང་ཧཱུྃ་ནག་ལས། །འོད་འཕྲོས་རྡོ་རྗེའི་ས་གཞི་དང༌། །རྭ་བ་དྲྭ་བ་བླ་རེ་གུར། །བསྐལ་པའི་མེ་འབར་ནང་དུ་ནི། །བྷྲུྃ་ལས་མ་ལུས་བགེགས་འཇོམས་པའི། །སྲུང་བའི་འཁོར་ལོ་རྩིབས་བཅུ་རྣོ། །རབ་འབར་མྱུར་དུ་འཁོར་བ་ཡི། །དབུས་དང་རྩིབས་སུ་པད་ཉིའི་སྟེང༌། །དབང་ཕྱུག་ཕོ་མོ་བསྣོལ་བའི་གདན། །ཚངས་སོགས་ཕྱོགས་ཀྱི་བདག་པོ་རྣམས། །བསམ་བྱ་རཀྵའི་སྔགས་རབ་བརྗོད། །ཀཱི་ལ་ཡ་ཡི་སྔགས་བརྗོད་པས། །དབུས་སུ་བདག་ཉིད་ཁྲོ་བོའི་རྒྱལ། །རྡོ་རྗེ་གཞོན་ནུ་སྐུ་མདོག་སྔོ། །ཞལ་གཅིག་ཁྲོ་གཉེར་སྤྱན་གསུམ་འབར། །གཡས་པས་ཕུར་པ་བགེགས་ལ་བསྣུན། །གཡོན་པས་སྡིགས་མཛུབ་ཕྱག་གཉིས་པོ། །སྦྲུལ་དང་མི་སྡུག་གིས་བརྒྱན་ཅིང༌། །སྐུ་སྨད་ཕུར་བུ་མེ་འབར་དབལ། །བགེགས་ཀྱི་སྤྱི་བོར་གདབ་བསམ་བྱ། །གདུག་ཅིང་སྡང་བའི་སེམས་ལྡན་རྣམས། །སོང་ཤིག་ལྷ་མིན་གང་ཡང་རུང༌། །ང་ལ་བར་ཆད་རྩོམ་པའི་བདུད། མཐུ་དང་རྫུ་འཕྲུལ་གཞོམ་པར་བྱ། །བརྗོད་དེ་གཙོ་བའི་ཐུགས་ཀ་ནས། །རང་རང་སྔགས་རྣམས་བརྗོད་བཞིན་དུ། །སྟེང་དུ་ཁྲོ་བོའི་རྒྱལ་པོ་ནི། །རྡོ་རྗེ་ཧཱུྃ་མཛད་ལ་སོགས་པ། །སྟེང་གི་ཕྱོགས་སོགས་བགེགས་འཇོམས་སོགས། །སྤྲུལ་དང་ཡང་སྤྲུལ་དཔག་ཡས་རྣམས། །མེ་དཔུང་རབ་འབར་བཞིན་དུ་འཕྲོས། །བགེགས་སོགས་གནོད་བྱེད་མ་ལུས་པ། །རེངས་རྨུགས་གནན་དང་གཟིར་བ་དང༌། །བསྐྲད་ཅིང་བསད་པའི་ལས་མཛོད་ཅིག །ཁྲོ་བོ་འབར་བའི་ཚོགས་རྣམས་ཀྱིས། །དགྲ་དང་བགེགས་ཀྱི་ཚོགས་རྣམས་ཀྱི། །ལུས་ནི་རྡུལ་དུ་བརླག་པར་གྱིས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཞེས་བརྗོད་དེ་ལྟར་བསམ་པའོ། །དེ་ནི་མཚམས་བཅད་རིམ་པ་ཡིན། །གོང་དུ་བསྟན་པའི་སྔགས་བརྗོད་པས། །ཆོས་རྣམས་སྐྱེ་མེད་སྟོང་པར་བསམ། །དྷརྨ་དྷཱ་ཏུ་ཨཱཏྨ་ཀོ྅་ཧཾ། ཆོས་དབྱིངས་རང་བཞིན་འཁོར་འདས་ཀྱི། །བྱེད་པོ་རང་སེམས་འོད་གསལ་ཡིན། །ཡི་གེ་ཨ་ཡི་རང་བཞིན་ནོ། །རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །ནམ་མཁའི་དཀྱིལ་དུ་ཐིག་ལེ་འཆར། །སྲོག་གི་གོ་རུ་ཤར་བ་དང༌། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །རྃ་ཡྃ་ཁྃ་ལས་མེ་རླུང་ཆུས། །སྣོད་བཅུད་ཐམས་ཅད་བསྲེག་གཏོར་བཀྲུས། །སྥ་ར་ཎ་ཕཊ། སླར་ཡང་བསྡུས་པར་བསམ་པར་བྱ། །ཡྃ་རྃ་བྃ་ལྃ་ཀེཾ་བྷྲཱུྃ་ལས། །རླུང་མེ་ཆུ་སའི་དཀྱིལ་འཁོར་དང༌། །ཀེང་རུས་རི་རབ་གཞལ་ཡས་ཁང༌། །གྲུ་བཞི་སྒོ་བཞི་རྟ་བབས་བཞི། །རྩིག་པ་དཀར་སེར་དམར་ལྗང་ནག །རིན་ཆེན་ཕག་སེར་དྲྭ་ཕྱེད་དང༌། །མདའ་ཡབ་པུ་ཤུ་ཀྲ་མ་ཤ། །འདོད་ཡོན་སྣམ་བུ་དམར་པོ་ལ། །ལྷ་མོ་བཅུ་དྲུག་མཆོད་བྱེད་ཅིང༌། །རྡོ་རྗེའི་གདུང་བཞི་རྡོ་རྗེའི་རྭ། །ཀ་བརྒྱད་ཀྱིས་བཏེག་མིག་མངས་རིས། །དབུས་རྩེ་བྱུར་བུར་རྡོ་རྗེའི་ཏོག །རྟ་བབས་སྟེང་དུ་ཆོས་འཁོར་རོ། །རི་དྭགས་གཡང་གཞིའི་གདུགས་ཕུབ་ཅིང༌། །ཞིང་ཆེན་རྒྱལ་མཚན་མི་མགོའི་ཏོག །སྣ་ཚོགས་རྒྱན་གྱིས་བརྒྱན་པ་ཡི། །ཕྱི་རོལ་དུར་ཁྲོད་བརྒྱད་རྣམས་སོ། །ནང་གི་ལྷ་སྣམ་ཕྱོགས་མདོག་གོ །བྷྲཱུྃ་བི་ཤྭ་བི་ཤུདྡྷ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ། དབུས་སུ་འཁོར་ལོ་རྩིབས་བཅུ་སེར། །མགོ་སྐམ་མུ་ཁྱུད་ཀེང་རུས་ཕུབ། །གཡང་གཞི་བླ་རེ་རྒྱུ་རློན་གྱི། །ལྡ་ལྡིས་རབ་བརྒྱན་ལྟེ་བ་ལ། །མཐིང་ནག་གྲུ་གསུམ་འབར་བའོ། །ཨེ་རྃ་ཞེས་ནི་བརྗོད་པར་བྱ། །པྃ་པདྨ་མཎྜ་ལ། མ་སཱུརྻ། ཨ་ཙནྡྲ། པད་ཉི་ཟླ་བའི་དཀྱིལ་འཁོར་སྟེང༌། །མ་ཧཱ་དེ་བ་ཨུ་མ་དེ་བཱི་སྟི་ར་བྃ། སྔར་བཤད་གདན་དང་སྒོ་བཞི་རུ། །པད་ཉི་ཡི་དྭགས་གདན་རྣམས་སོ། །ཧཱུྃ་བཛྲ། དབུས་སུ་རང་སེམས་རྡོ་རྗེར་གྱུར། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེའི་བདག་ཉིད་དེ། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ། དབྱིངས་སྒྲ་འོད་འཕྲོས་དོན་གཉིས་བྱས། །སླར་འདུས་དབུས་སུ་བདག་ཉིད་ནི །བཅོམ་ལྡན་རྡོ་རྗེ་གཞོན་ནུའི་སྐུ། །མཐིང་ནག་གཞལ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་དམར་དབུས་མཐིང་ནག །སྤྱན་གསུམ་མཆེ་གཙིགས་སྐྲ་སེར་འཁྱིལ། །མི་མགོ་སྐམ་ལྔས་དབུ་བརྒྱན་ཅིང༌། །རློན་པ་ལྔ་བཅུའི་དོ་ཤལ་ཅན། །ཕྱག་གཡས་དང་པོ་རྩེ་དགུ་དང༌། །བར་བས་རྡོ་རྗེ་རྩེ་ལྔ་པ། །ཐོད་ཁྲག་མེ་འབར་གཡོན་དང་པོས། །བར་པས་ཏྲི་ཤཱུལ་འབར་བ་སྟེ། །མཐའ་གཉིས་ཕུར་འདྲིལ་དགྲ་བགེགས་ཀྱི། །སྙིང་གི་དཀྱིལ་དུ་འདེབས་པའོ། །སྦྲུལ་རྒྱན་སྟག་ཤམ་ཐལ་ཆེན་དང༌། །ཁྲག་ཞག་ཐིག་ལེ་རུས་རྒྱན་སོགས། །ཁྲོ་བོའི་རྒྱན་ཆ་བཅོ་བརྒྱད་འཆང༌། །སྒེག་པ་དཔའ་བ་མི་སྡུག་པ། །དགོད་དང་དྲག་ཤུལ་རབ་འཇིགས་པ། །སྙིང་རྗེ་རྔམ་ཞིང་གར་དགུའི་ཉམས། །ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་བཞུགས། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་སྔོ། །ཞལ་གཅིག་ཕྱག་གཉིས་གཡས་དྲིལ་བུ། །གཡོན་པས་ཡབ་འཁྱུད་ཐོད་ཁྲག་བསྣམས། །གཟིག་གི་ཤམ་ཐབས་རུས་རྒྱན་ལྔ། །ཡབ་ཡུམ་གཉིས་མེད་འཁྲིལ་བར་ནི། །ཡེ་ཤེས་མེ་དཔུང་ཀློང་དཀྱིལ་བཞུགས། །རྒྱུ་ཡི་རྡོ་རྗེ་འཆང་བའོ། །ཡབ་ཀྱི་གསང་གནས་ཧཱུྃ་ཡིག་དང༌། །ཡུམ་གྱི་མཁའ་ལ་ཨ་ལས་ནི། །རྡོ་རྗེ་པདྨའི་ས་བོན་ཅན། །སྙོམས་འཇུག་ཟག་མེད་བདེ་ཆེན་པོས། །ཡབ་ཡུམ་འོད་ཕུང་ཐིག་ལེར་གྱུར། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །འཁོར་བ་རྡོ་རྗེ་གྲུབ་པར་མཛོད། །འཁོར་བ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །རྡོ་རྗེ་དེ་ཉིད་རང་བཞིན་ལས། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་རྟེན་དུ་བདག་བསྐྱེད་ཅིག །ཅེས་བསྐུལ་ཐིག་ལེ་རྡོ་རྗེ་དང༌། །དྲིལ་བུར་གྱུར་ཏེ་བདག་ཉིད་ནི། །འབྲས་བུ་རྡོ་རྗེ་འཛིན་པའོ། །དེ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས། །ཐབས་ཀྱི་སྤྱོད་པ་སེམས་ཅན་རྣམས། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་འཕྲིན་ལས་རྫོགས་པར་མཛོད། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཅེས་བསྐུལ་མཁའ་གསང་བྱིན་གྱིས་བརླབ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧྃ། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷཱི་དཱི་པ་ཡ་ཏི་ཧཱུྃ། ཨོཾ་བཛྲ་སཱུ་ཀ་ར་མུ་ཁ་ཧཱུྃ། ཨོཾ་བཛྲ་ཨི་ཥུ་པ་མུ་ཁི་ཧཱུྃ། སྟེང་དུ་ཁྲོ་རྒྱལ་ཧཱུྃ་མཛད་སྔོ། །ཞལ་གསུམ་གཡས་དཀར་གཡོན་པ་དམར། །ཕྱག་དྲུག་གཡས་གཡོན་དང་པོ་གཉིས། །རྡོ་རྗེ་དང་ནི་ཐོད་ཁྲག་འཛིན། །བར་པ་འཁོར་ལོ་མདའ་གཞུའོ། །འོག་གཉིས་ཕུར་འདྲིལ་ཡུམ་ལ་འཁྱུད། །དེ་དང་གཉིས་སུ་མེད་པའི་ཡུམ། །རྡོ་རྗེ་ལྷ་མོ་སྒྲ་འབྱིན་མ། །སྐུ་མདོག་ཡབ་མཚུངས་ཞལ་གཅིག་མ། །ཕྱག་གཉིས་གཡས་པས་ཕུར་བུ་འཛིན། །གཡོན་པས་དུང་དམར་གཙོ་ལ་སྟོབས། །གཡས་བསྐུམ་གཡོན་བརྐྱང་རོལ་པའི་ཞབས། །ཚངས་པའི་གདན་ལ་བཞུགས་པའོ། །ཁྲོ་ཆེན་སྤྲུལ་པའི་ཕྲ་མེན་མ། །ཕག་དང་རྨིག་པའི་མགོ་ཅན་གཉིས། །སྐུ་མདོག་མཐིང་ནག་ཞལ་གཅིག་མ། །ཕྱག་གཉིས་གཡས་པས་ཕུར་བུ་འཛིན། །གཡོན་པས་ཐོད་ཁྲག་གསོལ་བར་བྱེད། །ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷི་ལ་སི་ཀི་ཧཱུྃ། ཨོཾ་བཛྲ་བྱཱ་གྷྲ་མུ་ཁ་ཧཱུྃ། ཨོཾ་བཛྲ་གྲྀ་ཌྷྲ་མུ་ཁི་ཧཱུྃ། ཤར་དུ་ཁྲོ་བོ་རྣམ་རྒྱལ་དཀར། །ཞལ་གསུམ་གཡས་སྔོ་གཡོན་པ་དམར། །ཕྱག་དྲུག་གཡས་གཡོན་དང་པོ་གཉིས། །རྡོ་རྗེ་དང་ནི་ཐོད་ཁྲག་འཛིན། །བར་པ་འཁོར་ལོ་ཏྲི་ཤཱུལ་འཛིན། །འོག་གཉིས་ཕུར་འདྲིལ་ཡུམ་ལ་འཁྱུད། །དེ་དང་གཉིས་སུ་མེད་པའི་ཡུམ། །རྡོ་རྗེ་ལྷ་མོ་མདའ་སྙེམས་མ། །སྐུ་མདོག་ཡབ་མཚུངས་ཞལ་གཅིག་མ། །ཕྱག་གཉིས་གཡས་པས་ཕུར་པ་འཛིན། །གཡོན་པས་དུང་དམར་གཙོ་ལ་སྟོབས། །གཡས་བརྐྱང་གཡོན་བསྐུམ་རོལ་པའི་སྟབས། །བརྒྱ་བྱིན་གདན་ལ་བཞུགས་པའོ། །ཁྲོ་ཆེན་སྤྲུལ་པའི་ཕྲ་མེན་མ། །སྟག་དང་བྱ་རྒོད་མགོ་ཅན་གཉིས། །སྐུ་མདོག་དཀར་མོ་ཞལ་གཅིག་མ། །ཕྱག་གཉིས་གཡས་པས་ཕུར་བུ་འཛིན། །གཡོན་པས་ཐོད་ཁྲག་གསོལ་བར་བྱ། །ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷི་ཏཱི་ཏཱ་རུ་ཧཱུྃ། ཨོཾ་བཛྲ་ཙཱ་མ་ར་མུ་ཁ་ཧཱུྃ། ཨོཾ་བཛྲ་ཏཱ་ན་མུ་ཁི་ཧཱུྃ། ཤར་ལྷོར་ཁྲོ་རྒྱལ་དབྱུག་སྔོན་སྔོ། །ཞལ་གསུམ་གཡས་དཀར་གཡོན་པ་དམར། །ཕྱག་དྲུག་གཡས་གཡོན་དང་པོ་གཉིས། །རྡོ་རྗེ་དང་ནི་ཐོད་ཁྲག་འཛིན། །བར་པ་དབྱུག་པ་མེ་འབར་འཛིན། །འོག་གཉིས་ཕུར་འདྲིལ་ཡུམ་ལ་འཁྱུད། །དེ་དང་གཉིས་སུ་མེད་པའི་ཡུམ། །རྡོ་རྗེ་ལྷ་མོ་སྡེར་མོ་ནི། །སྐུ་མདོག་ཡབ་མཚུངས་ཞལ་གཅིག་མ། །ཕྱག་གཉིས་གཡས་པས་ཕུར་བུ་འཛིན། །གཡོན་པས་དུང་དམར་གཙོ་ལ་སྟོབས། །གཡས་བསྐུམ་གཡོན་བརྐྱང་རོལ་པའི་སྟབས། །མེ་ལྷའི་གདན་ལ་བཞུགས་པའོ། །ཁྲོ་ཆེན་སྤྲུལ་པའི་ཕྲ་མེན་མ། །གཡག་དང་བྱ་རོག་མགོ་ཅན་གཉིས། །སྐུ་མདོག་སྔོན་མོ་ཞལ་གཅིག་མ། །ཕྱག་གཉིས་གཡས་པས་ཕུར་བུ་འཛིན། །གཡོན་པས་ཐོད་ཁྲག་གསོལ་བར་བྱེད། །ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷིཤྨ་ཤཱ་ན་པ་ཏི་ཧཱུྃ། ཨོཾ་བཛྲ་ཧ་རི་ཎ་མུ་ཁ་ཧཱུྃ། ཨོཾ་བཛྲ་ཨུ་ལཱུ་ཀ་མུ་ཁི་ཧཱུྃ། ལྷོ་ཕྱོགས་གཤིན་རྗེ་གཤེད་མཐིང་ནག །ཞལ་གསུམ་གཡས་དཀར་གཡོན་པ་དམར། །ཕྱག་དྲུག་གཡས་གཡོན་དང་པོ་གཉིས། །རྡོ་རྗེ་དང་ནི་ཐོད་ཁྲག་འཛིན། །བར་པ་དགྲ་སྟྭ་དབྱུག་པ་འཛིན། །འོག་གཉིས་ཕུར་འདྲིལ་ཡུམ་ལ་འཁྱུད། །དེ་དང་གཉིས་སུ་མེད་པའི་ཡུམ། །རྡོ་རྗེ་ལྷ་མོ་དུར་ཁྲོད་བདག །སྐུ་མདོག་ཡབ་མཚུངས་ཞལ་གཅིག་མ། །ཕྱག་གཉིས་གཡས་པས་ཕུར་བུ་འཛིན། །གཡོན་པས་དུང་དམར་གཙོ་ལ་སྟོབས། །གཡས་བསྐུམ་གཡོན་བརྐྱང་རོལ་པའི་ཞབས། །གཤིན་རྗེའི་གདན་ལ་བཞུགས་པའོ། །ཁྲོ་ཆེན་སྤྲུལ་པའི་ཕྲ་མེན་མ། །ཤ་བ་འུག་པའི་གདོང་ཅན་གཉིས། །སྐུ་མདོག་མཐིང་ནག་ཞལ་གཅིག་མ། །ཕྱག་གཉིས་གཡས་པས་ཕུར་པ་འཛིན། །གཡོན་པས་ཐོད་ཁྲག་གསོལ་བར་བྱེད། །ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ། བནྡྷ་བནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷི་མུ་ཧ་ལ་ཧཱུྃ། ཨོཾ་བཛྲ་དྱ་ཀི་མུ་ཁ་ཧཱུྃ། ཨོཾ་བཛྲ་པྲེ་ཏ་མུ་ཁི་ཧཱུྃ། ལྷོ་ནུབ་ཁྲོ་རྒྱལ་མི་གཡོ་གནག །ཞལ་གསུམ་གཡས་དཀར་གཡོན་པ་དམར། །ཕྱག་དྲུག་གཡས་གཡོན་དང་པོ་གཉིས། །རྡོ་རྗེ་དང་ནི་ཐོད་ཁྲག་འཛིན། །བར་པ་རལ་གྲི་ཞགས་པའོ། །འོག་གཉིས་ཕུར་འདྲིལ་ཡུམ་ལ་འཁྱུད། །དེ་དང་གཉིས་སུ་མེད་པའི་ཡུམ། །རྡོ་རྗེ་ལྷ་མོ་གཏུན་ཁུང་མ། །སྐུ་མདོག་ཡབ་མཚུངས་ཞལ་གཅིག་མ། །ཕྱག་གཉིས་གཡས་པས་ཕུར་བུ་འཛིན། །གཡོན་པས་དུང་དམར་གཙོ་ལ་སྟོབས། །གཡས་བསྐུམ་གཡོན་བརྐྱང་རོལ་པའི་ཞབས། །སྲིན་པོའི་གདན་ལ་བཞུགས་པའོ། །ཁྲོ་ཆེན་སྤྲུལ་པའི་ཕྲ་མེན་མ། །གཟིག་དང་ཁྭ་དའི་མགོ་ཅན་གཉིས། །སྐུ་མདོག་མཐིང་ནག་ཞལ་གཅིག་མ། །ཕྱག་གཉིས་གཡས་པས་ཕུར་བུ་འཛིན། །གཡོན་པས་ཐོད་ཁྲག་གསོལ་བར་བྱེད། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷི་ཛ་ཡ་ཏི་ཧཱུྃ། ཨོཾ་བཛྲ་བི་ཊཱ་ལ་མུ་ཁ་ཧཱུྃ། ཨོཾ་བཛྲ་པཀྵི་ཏ་མུ་ཁི་ཧཱུྃ། ནུབ་ཕྱོགས་ཁྲོ་རྒྱལ་རྟ་མགྲིན་དམར། །ཞལ་གསུམ་གཡས་དཀར་གཡོན་པ་སྔོ། །ཕྱག་དྲུག་གཡས་གཡོན་དང་པོ་གཉིས། །རྡོ་རྗེ་དང་ནི་ཐོད་ཁྲག་འཛིན། །བར་པ་རལ་གྲི་སྦྲུལ་ཞགས་སོ། །འོག་གཉིས་ཕུར་འདྲིལ་ཡུམ་ལ་འཁྱུད། །དེ་དང་གཉིས་སུ་མེད་པའི་ཡུམ། །རྡོ་རྗེ་ལྷ་མོ་གཏུམ་པ་མོ། །སྐུ་མདོག་ཡབ་མཚུངས་ཞལ་གཅིག་མ། །ཕྱག་གཉིས་གཡས་པས་ཕུར་བུ་འཛིན། །གཡོན་པས་དུང་དམར་གཙོ་ལ་སྟོབས། །གཡས་བསྐུམ་གཡོན་བརྐྱང་རོལ་པའི་ཞབས། །ཆུ་ལྷའི་གདན་ལ་བཞུགས་པའོ། །ཁྲོ་ཆེན་སྤྲུལ་པའི་ཕྲ་མེན་མ། །བྱི་ལ་པུ་ཤུད་མགོ་ཅན་གཉིས། །སྐུ་མདོག་དམར་ནག་ཞལ་གཅིག་མ། །ཕྱག་གཉིས་གཡས་པས་ཕུར་བུ་འཛིན། །གཡོན་པས་ཐོད་ཁྲག་གསོལ་པར་བྱེད། །ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷི་ས་བྱ་ཏི་ཧཱུྃ། ཨོཾ་བཛྲ་སྲྀ་ག་ལ་མུ་ཁ་ཧཱུྃ། ཨོཾ་བཛྲ་པཉྩ་ར་ཎ་མུ་ཁི་ཧཱུྃ། ནུབ་བྱང་གཞན་གྱིས་མི་ཐུབ་དམར། །ཞལ་གསུམ་གཡས་སྔོ་གཡོན་པ་ལྗང༌། །ཕྱག་དྲུག་གཡས་གཡོན་དང་པོ་གཉིས། །རྡོ་རྗེ་དང་ནི་ཐོད་ཁྲག་འཛིན། །བར་པ་ལྕགས་ཀྱུ་རྔ་ཡབ་བོ། །འོག་གཉིས་ཕུར་འདྲིལ་ཡུམ་ལ་འཁྱུད། །དེ་དང་གཉིས་སུ་མེད་པའི་ཡུམ། །རྡོ་རྗེ་ལྷ་མོ་མདའ་སྙེམས་མ། །སྐུ་མདོག་ཡབ་མཚུངས་ཞལ་གཅིག་མ། །ཕྱག་གཉིས་གཡས་པས་ཕུར་བུ་འཛིན། །གཡོན་པས་དུང་དམར་གཙོ་ལ་སྟོབས། །གཡས་བསྐུམ་གཡོན་བརྐྱང་རོལ་པའི་ཞབས། །རླུང་ལྷའི་གདན་ལ་བཞུགས་པའོ། །ཁྲོ་ཆེན་སྤྲུལ་པའི་ཕྲ་མེན་མ། །སྤྱང་ཀི་ཁྲ་ཡི་མགོ་ཅན་གཉིས། །སྐུ་མདོག་དམར་མོ་ཞལ་གཅིག་མ། །ཕྱག་གཉིས་གཡས་པས་ཕུར་བུ་འཛིན། །གཡོན་པས་ཐོད་ཁྲག་གསོལ་བར་བྱེད། །ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ། ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷི་ས་བྱ་མི་ཏི་ཧཱུྃ། ཨོཾ་བཛྲ་སིདྷ་མུ་ཁ་ཧཱུྃ། ཨོཾ་བཛྲ་ཏི་ཏི་ལ་མུ་ཁི་ཧཱུྃ། བྱང་ཕྱོགས་བདུད་རྩི་འཁྱིལ་ལྗང་སྐྱ། །ཞལ་གསུམ་གཡས་དཀར་གཡོན་པ་དམར། །ཕྱག་དྲུག་གཡས་གཡོན་དང་པོ་གཉིས། །རྡོ་རྗེ་དང་ནི་ཐོད་ཁྲག་འཛིན། །སྣ་ཚོགས་རྡོ་རྗེ་བེ་ཅོན་བར། །འོག་གཉིས་ཕུར་འདྲིལ་ཡུམ་ལ་འཁྱུད། །དེ་དང་གཉིས་སུ་མེད་པའི་ཡུམ། །རྡོ་རྗེ་ལྷ་མོ་སྒྲ་མཛད་མ། །སྐུ་མདོག་ཡབ་མཚུངས་ཞལ་གཅིག་མ། །ཕྱག་གཉིས་གཡས་པས་ཕུར་བུ་འཛིན། །གཡོན་པས་དུང་དམར་གཙོ་ལ་སྟོབས། །གཡས་བསྐུམ་གཡོན་བརྐྱང་རོལ་པའི་ཉམས། །གནོད་སྤྱིན་གདན་ལ་བཞུགས་པའོ། །ཁྲོ་ཆེན་སྤྲུལ་པའི་ཕྲ་མེན་མ། །སེང་གེ་ཕ་ཝང་མགོ་ཅན་གཉིས། །སྐུ་མདོག་ལྗང་སྐྱ་ཞལ་གཅིག་མ། །ཕྱག་གཉིས་གཡས་པས་ཕུར་བུ་འཛིན། །གཡོན་པས་ཐོད་ཁྲག་གསོལ་བར་བྱེད། །ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ། བྷིནྡ་བྷིནྡ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷི་མཱ་ར་ཡ་ཧཱུྃ། ཨོཾ་བཛྲ་རཀྵ་ས་མུ་ཁ་ཧཱུྃ། ཨོཾ་བཛྲ་ནཱ་ཀུ་ལ་མུ་ཁི་ཧཱུྃ། བྱང་ཤར་འཇིག་རྟེན་གསུམ་རྒྱལ་དཀར། །ཞལ་གསུམ་གཡས་སྔོ་གཡོན་པ་ལྗང༌། །ཕྱག་དྲུག་གཡས་གཡོན་དང་པོ་གཉིས། །རྡོ་རྗེ་དང་ནི་ཐོད་ཁྲག་འཛིན། །བར་པ་རྡོ་རྗེ་ཏྲི་ཤཱུ་ལ། །འོག་གཉིས་ཕུར་འདྲིལ་ཡུམ་ལ་འཁྱུད། །དེ་དང་གཉིས་སུ་མེད་པའི་ཡུམ། །རྡོ་རྗེ་ལྷ་མོ་གསོད་བྱེད་མ། །སྐུ་མདོག་ཡབ་མཚུངས་ཞལ་གཅིག་མ། །ཕྱག་གཉིས་གཡས་པས་ཕུར་བུ་འཛིན། །གཡོན་པས་ཐོད་ཁྲག་གཙོ་ལ་སྟོབས། །གཡས་བསྐུམ་གཡོན་བརྐྱང་རོལ་པའི་སྟབས། །བི་ནཱ་ཡ་ཀའི་གདན་ལ་བཞུགས། །ཁྲོ་ཆེན་སྤྲུལ་པའི་ཕྲ་མེན་མ། །དྲེད་དང་སྲེ་མོའི་མགོ་ཅན་གཉིས། །སྐུ་མདོག་དཀར་མོ་ཞལ་གཅིག་མ། །ཕྱག་གཉིས་གཡས་པས་ཕུར་བུ་འཛིན། །གཡོན་པས་ཐོད་ཁྲག་གསོལ་བར་བྱེད། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷི་མུཎྜེ་མྃ་ཧཱུྃ། ཨོཾ་བཛྲ་རཀྵ་ས་མུ་ཁ་ཧཱུྃ། ཨོཾ་བཛྲ་ཀ་ཤི་ཀ་མུ་ཁི་ཧཱུྃ། འོག་ཕྱོགས་སྟོབས་ཆེན་དུད་ཁའི་མདོག །ཞལ་གསུམ་གཡས་དཀར་གཡོན་པ་དམར། །ཕྱག་དྲུག་གཡས་གཡོན་དང་པོ་གཉིས། །རྡོ་རྗེ་དང་ནི་ཐོད་ཁྲག་འཛིན། །བར་པས་ཐོ་བ་གཏུན་ཤིང་ངོ༌། །འོག་གཉིས་ཕུར་འདྲིལ་ཡུམ་ལ་འཁྱུད། །དེ་དང་གཉིས་སུ་མེད་པའི་ཡུམ། །རྡོ་རྗེ་ལྷ་མོ་རིག་བྱེད་མ། །སྐུ་མདོག་ཡབ་མཚུངས་ཞལ་གཅིག་མ། །ཕྱག་གཉིས་གཡས་པས་ཕུར་བུ་འཛིན། །གཡོན་པས་དུང་དམར་གཙོ་ལ་སྟོབས། །གཡས་བསྐུམ་གཡོན་བརྐྱང་རོལ་པའི་ཞབས། །ས་བདག་གདན་ལ་བཞུགས་པའོ། །ཁྲོ་ཆེན་སྤྲུལ་པའི་ཕྲ་མེན་མ། །དོམ་དང་བྱི་བའི་མགོ་ཅན་གཉིས། །སྐུ་མདོག་དུད་ཀ་ཞལ་གཅིག་མ། །ཕྱག་གཉིས་གཡས་པས་ཕུར་བུ་འཛིན། །གཡོན་པས་ཐོད་ཁྲག་གསོལ་བར་བྱེད། །ཨོཾ་བཛྲ་ཡཀྵ་ས་ད་ཧཱུྃ་ཛཿ ཤར་སྒོར་པུ་ཤུད་མགོ་ཅན་དཀར། །གཡས་པས་ལྕགས་ཀྱུ་འཛིན་པའོ། །ཨོཾ་བཛྲ་བྷཻ་ར་བེ་ཧཱུྃ་ཧཱུྃ། ལྷོ་སྒོར་བྱ་རོག་མགོ་ཅན་སེར། །གཡས་པས་ཞགས་པ་འཛིན་པའོ། །ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་བཾ། ནུབ་སྒོར་སྲིན་བྱའི་མགོ་ཅན་དམར། །གཡས་པས་ལྕགས་སྒྲོག་འཛིན་པའོ། །ཨོཾ་བཛྲ་མཱ་ར་ཎི་ཧཱུྃ་ཧོཿ བྱང་སྒོར་ཁྲ་ཡི་མགོ་ཅན་ལྗང༌། །གཡས་པས་དྲིལ་བུ་འཛིན་པའོ། །ཐམས་ཅད་གཡོན་པས་ཕུར་བུ་འཛིན། །ཡེ་ཤེས་མེ་དཔུང་དབུས་ན་བཞུགས། །ཨོཾ་ནི་སྤྱི་བོ་ཨཱཿམགྲིན་པ། །ཧཱུྃ་ནི་ཐུགས་ཀར་རིམ་བཞིན་དུ། །འཁོར་ལོ་པདྨ་རྡོ་རྗེར་བསྐྱེད། །ཧཱུྃ་ལས་འོད་འཕྲོས་དཀྱིལ་འཁོར་ཚོགས། །སྤྱན་དྲངས་འདི་ཡིས་གསོལ་གདབ་བོ། །འཁོར་བ་ཕུར་པ་བསྒྲུབ་དོན་དུ། །དབང་དང་བྱིན་རླབས་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་རྒྱལ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང༌། །རྟགས་དང་མཚན་མ་བསྟན་པ་དང༌། །ཕུར་བུའི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཀཱི་ལ་ཡ་མཎྜལ་ཨེ་ཧྱེ་ཧིས་སྤྱན་དྲངས་ལ་མཆོད་པ་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཀཱི་ལ་ཞེས་སོགས་མཆོད་པ་རྣམས་ཀྱིས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །རྡོ་རྗེ་གཞོན་ནུའི་དབང་བསྐུར་རྣམས། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དབང་དང་དངོས་གྲུབ་སྩལ་དུ་གསོལ། །གསོལ་བཏབ་གྱུར་པའི་ལྷ་རྣམས་ཀྱིས། །ཆེ་བའི་ཡོན་ཏན་ཀུན་རྫོགས་ཤིང༌། །བྱང་ཆུབ་སེམས་ཀྱི་ཆུས་གང་བའི། །རྣམ་པར་དག་བྱེད་བུམ་པ་འདིས། །དེ་རིང་ཁྱེད་ལ་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་བཛྲ་ཀྲོ་དྷ་ཨ་ལཾ་ཀྲྀ་ཏ་ཨ་བྷི་ཥིཉྩ་མཱཾ། བུམ་ཆུས་དབང་བསྐུར་ཁྲོ་བོ་ཡིས། །བརྒྱན་པ་ཡིས་ཀྱང་དབང་བསྐུར་རོ། །ལུས་ངག་དྲི་མ་ཐམས་ཅད་དག །དབང་བསྐུར་བཞི་ཐོབ་ཁྲོ་བོ་ཡི། །མཐུ་སྟོབས་ཕྲིན་ལས་ལ་དབང་བྱས། །དབང་རྟགས་གཙོ་ལ་མི་བསྐྱོད་པ། །འཁོར་ལ་གཙོ་བོས་དབུར་བརྒྱན་ནོ། །ཐུགས་ཀ་ནས་འཕྲོས་སྒོ་མ་རྣམས། །སོ་སོའི་སྔགས་དང་ཕྱག་རྒྱ་ཡིས། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་གཞུག །རང་ཉིད་དམ་ཚིག་སེམས་དཔའ་ཡི། །སྙིང་ནང་པད་འདབ་བརྒྱད་དབུས་སུ། །རྡོ་རྗེ་གཞོན་ནུ་འདབ་རྣམས་དང༌། །སྟེང་འོག་ཁྲོ་བོ་རྣམས་བལྟས་པས། །ཡེ་ཤེས་སེམས་དཔའ་བཀུག་བྱས་ནས། །ལུས་ཀྱང་རང་བཞིན་གཞལ་ཡས་བལྟ། །ཡེ་ཤེས་སེམས་དཔའི་ཐུགས་ཀར་ཧཱུྃ། །ཡེ་ཤེས་ལྔ་ལྡན་གཟུང་འཛིན་བྲལ། །ཏིང་འཛིན་སེམས་དེ་ལ་མཉམ་གཞག །འཁོར་རྣམས་ལ་ཡང་དེ་བཞིན་ཏེ། །མཐའ་སྐོར་སྔགས་རྣམས་དམིགས་ལ་བཟླ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། གཙོ་བོའི་སྔགས་སོ། །ཨོཾ་བཛྲ་ཀྲོ་དྷི་ཤྭ་རི་མུ་ཏྲ་ཧཱུྃ་ཕཊ། འཁོར་ལོ་སོ་སོའི་འབྱིན་སྔགས་ཡིན། །འཁོར་ཚུལ་འོད་ཀྱི་འཕྲོ་འདུ་ཡང༌། །ལས་དང་རྗེས་མཐུན་བསམ་བྱ་ཞིང༌། །ཀུན་གྱིས་མགྲིན་གཅིག་གྱུར་པ་ཡིན། །ཚར་བཅད་རྗེས་གཟུང་གྲུབ་པའོ། །མཆོད་པའི་ཡོ་བྱད་བསང་སྦྱང་གི །སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །མདུན་བསྐྱེད་སྤྲུལ་པ་བཞི་རྫོགས་ལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཀཱི་ལ་ཡ་མཎྜ་ལ་ཨ་ཧ་ར་ཧཱུྃ་སྭཱ་ཧཱ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤཔྟ། སྣ་ཚོགས་ལ་སོགས་འདོད་ཡོན་དང༌། །རིན་ཆེན་རྣམ་མང་རྣམས་ཀྱང་ངོ༌། །བདུད་རྩི་སྨན་གྱི་མཉེས་མཆོད་ཀྱང༌། །གཏོར་མ་བཞིན་དུ་བྱིན་གྱིས་བརླབ། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཐ། མང་དུ་བརྗོད་བྱ་མཐེབ་སྲིན་གྱིས། །བླ་མ་དཀྱིལ་འཁོར་ལྷ་མཆོད་ཅིང༌། །རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་པའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའི་ཚོགས་བཅས་ལ། །བདག་གི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་དངོས་གྲུབ་སྩལ་དུ་གསོལ། །བརྗོད་དེ་ལྕེ་ལ་བདུད་རྩི་མྱང༌། །སྙིང་གའི་དཀྱིལ་འཁོར་མཆོད་མཉེས་ཤིང༌། །ཆོས་སྐྱོང་སོགས་ལའང་མཆོད་པར་བྱ། །རྒྱུད་དྲུག་ལ་སོགས་ཚིམ་བྱས་ནས། །བྱང་ཆུབ་མཆོག་སེམས་སྐྱེད་བྱེད་ཅིང༌། །དུས་གསུམ་རྒྱལ་བའི་གདུང་འཚོབ་པ། །རིག་འཛིན་བདག་ཅག་རྣམས་ལ་ནི། །ཀཱི་ལ་ཡ་ཡི་དངོས་གྲུབ་དང༌། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །བདུད་རྩི་མྱངས་ལ་དཔྲལ་མགྲིན་སྙིང༌། །རེག་པས་དངོས་གྲུབ་ཐོབ་བསམ་ཞིང༌། །ཀཱ་ཡ་སིདྡྷི་ཨོཾ། ཝཱཀྐ་སིདྡྷི་ཨཱཿ། ཙིཏྟ་སིདྡྷི་ཧཱུྃ། །ཞེས་པ་བརྗོད་པས་བརྟན་པར་བྱའོ། །གཏོར་མ་བསང་སྦྱང་མགོ་སྒྱེད་གསུམ། །ཡྃ་རྃ་ཨཱཿལས་རླུང་མེའི་སྟེང༌། །ཐོད་ཆེན་དཔྲལ་བ་རང་ལ་བསྟན། །ན་དང་གོ་ཀུ་ད་ཧ་དང༌། །མུ་བི་ར་ཤུ་ར་མ་ནི། །ཧཱུྃ་ཨོཾ་སྭཱ་ཨ་ཧ་རྣམས་ལས། །དབུས་དང་ཤར་ལྷོ་ནུབ་བྱང་དུ། །མི་གླང་ཁྱི་རྟ་གླང་ཆེན་ཤ། །དྲི་ཆུ་དྲི་ཆེན་དཀར་དམར་ཀླད། །ཆོས་དབྱིངས་མེ་ལོང་མཉམ་ཉིད་དང༌། །སོ་སོར་རྟོག་དང་བྱ་བ་གྲུབ། །རླུང་གཡོས་མེ་སྦར་བསྐུལ་བ་ཡིས། །སྤྲིས་མ་སྣ་ཚོགས་རྡོ་རྗེ་ཡི། །ལྟེ་བར་བཛྲ་ཀཱི་ལ་ཡ། །ཕྱོགས་བཞིར་ཙཀྲ་རཏྣ་དང༌། །པདྨ་ཀརྨ་ཀཱི་ལ་ཡ། །ཡབ་ཡུམ་སྙོམས་ཞུགས་བདེ་བའི་སྒྲས། །སངས་རྒྱས་བྱང་སེམས་སྤྱན་དྲངས་ནས། །ཞལ་དུ་ཞུགས་ཤིང་ཐུགས་ཀར་ཞུ། །ཡབ་ཡུམ་བཅས་པ་འོད་དུ་ཞུ། །ཐམས་ཅད་རོ་བཅུད་གཟུགས་སྒྲ་རེག །ཕུན་ཚོགས་ཡེ་ཤེས་བདུད་རྩི་གྱུར། །ཨོཾ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ། གུ་ཧྱ་ས་མ་ཡེ་ཧཱུྃ། མང་དུ་བརྗོད་དེ་བྱིན་བརླབས་ནས། །མདུན་བསྐྱེད་རྡོ་རྗེ་གཞོན་ནུ་ཡི། །དཀྱིལ་འཁོར་ཚོགས་ཀྱིས་གསོལ་བསམ་ཞིང༌། །ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་ཨེ་དཾ་དྷཱུ་པཾ། པུཥྤཾ། དཱི་པཾ། གྷནྡྷཾ་བ་ལིཾ་ཏ་པྲ་ཏཱིཙྪ་ཧོ། ཤྲཱི་བནྡྷ་ཁཱ་ཧི། བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི། ཁཱ་ཧི་ཧ་ཧ་ཧ་ཧཱུྃ་ཧཱུྃ་ཧཱུྃ། སརྦ་བིགྷྣཱན་ཤ་ཏཱུཾ་མཱ་ར་ཡ་ཕཊ། གསུམ་མམ་བདུན་གྱིས་དབུལ་བར་བྱ། །བླ་མེད་མཆོག་གི་མཆོད་པ་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ས་རུ་དྷི་ར་ཁཱ་ཧི། མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་བརྗོད་ཁྲོ་བོ་ཁྲོ་མོ་ཡིས། །དགྲ་བགེགས་ཤ་ཁྲག་རོལ་པར་བསམ། །འདོད་པའི་དོན་ལ་གསོལ་གདབ་བོ། །བསྟོད་པ་འདི་ཡིས་བསྟོད་པར་བྱ། །ཧཱུྃ་སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང༌། །དགོད་དང་གཤེ་དང་འཇིགས་པར་བྱེད་པ་དང༌། །སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པ། །སྐུ་ཡི་དངོས་པོ་ཤིན་ཏུ་བརྗིད་པ་ཡི། །རྒྱན་དང་ཆ་ལུགས་ལྡན་པས་སྒེག་སྒེག་འདྲ། །བདུད་བཞི་གདན་དུ་བཏིང་བས་དཔའ་དཔའ་འདྲ། །སྐུ་ཆེ་ཡན་ལག་རགས་པས་འཇིགས་འཇིགས་འདྲ། །ཞལ་གཡས་དཀར་ལ་འཛུམ་པས་དགོད་དགོད་འདྲ། །ཞལ་གཡོན་དམར་ལ་གདངས་པས་གཤེ་གཤེ་འདྲ། །ཞལ་དབུས་མཐིང་ལ་རྔམ་པས་ཁྲོ་ཁྲོ་འདྲ། །རྒྱུད་དྲུག་ཐུགས་རྗེས་འཛིན་པས་བྱམས་བྱམས་འདྲ། །གདུག་པ་ཞལ་དུ་འདྲེན་པས་རྔམ་རྔམ་འདྲ། །ཆོས་ཉིད་མཚན་མ་མེད་པས་ཞི་ཞི་འདྲ། །དེ་འདྲའི་ཁྲོ་བོ་འཇིགས་པའི་སྐུར་སྟོན་པས། །རྡོ་རྗེ་རྩེ་དགུས་ས་དགུའི་རྟོག་པ་འཇོམས། །རྡོ་རྗེ་རྩེ་ལྔས་དུག་ལྔ་དབྱིངས་སུ་སྒྲོལ། །མེ་དཔུང་འབར་བས་ཁམས་གསུམ་ཉོན་མོངས་བསྲེགས། །ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་རྩད་ནས་གཅོད། །རི་རབ་ཕུར་བུས་ཁམས་གསུམ་དབང་དུ་སྡུད། །སྐུ་སྨད་དབལ་དང་བཅས་ཏེ་གདུག་པ་འདུལ། །དེ་འདྲའི་ཁྲོ་རྒྱལ་འཇིགས་པའི་སྐུར་བསྟན་པས། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩལ་དུ་གསོལ། །སྨན་གཏོར་རྗེས་སུ་མཆོད་པར་བྱ། །བསྒྲལ་མཆོད་རཀྟ་མངོན་བཤམས་ལ། །ཁྲོ་བོ་ཡབ་ཡུམ་ཕྲ་མེན་དང༌། །སྤྲུལ་དང་ཡང་སྤྲུལ་ཐམས་ཅད་ཀྱིས། །སངས་རྒྱས་བསྟན་ལ་གནོད་བྱེད་པའི། །དགྲ་བགེགས་བསྒྲལ་ཞིང་ཤ་ཁྲག་རྣམས། །ཞལ་དུ་བསྟབས་ཤིང་རོལ་བསམས་པས། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཕོ་ཉའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །ཁྱི་ཡི་གདོང་ཅན་དུས་ལ་བབ། །དགྲ་བགེགས་བསྒྲལ་བའི་དུས་ལ་བབ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། །དུས་གསུམ་སངས་རྒྱས་གདུང་འཚོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་དེ་བཀུག་ནས། །མངོན་སྤྱོད་ཚུལ་གྱིས་བསྒྲལ་བ་དང༌། །ལུས་ངག་ཕྱེ་མར་མཛད་ནས་ཀྱང༌། །སྡུག་བསྔལ་ལུས་འདི་བོར་ནས་ཀྱང༌། །རྣམ་གྲོལ་བདེ་བ་མྱོང་བར་མཛོད། །མཆོད་འདྲིལ་ལ་འདི་ཡིན་གྱིས་ཆོག །ཨོཾ་ལྃ་ཧཱུྃ་ལྃ་སྟྭཾ་བྷ་ནན། མོ་ཧ་གྷཱ་ཏ་ཡ་བྷ་ག་ཝན་ཧྲཱིཿཥྚྲཱིཿབི་ཀྲྀ་ཏ་བཛྲ་ཧཱུྃ་ཀ་ར་ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ སརྦ་བིགྷྣཱན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། དགྲ་དང་བགེགས་དང་བདུད་རྣམས་དང༌། །སྡུག་བསྔལ་སེམས་ལ་མཉམ་སྦྱོར་བའི། །ཆེ་གེ་མོ་ཞེས་བྱ་བའི་བདུད། །ཟུང་ཤིག་རྡུངས་ཤིག་རྣམ་པར་ཆིངས། །རྟོགས་ཤིག་སྒྲོལ་ཅིག་དབྱེ་བར་གྱིས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །བདག་གི་དབང་དུ་བྱས་གྱུར་ནས། །བསྒོ་བའི་བཀའ་ཉན་ནུས་པར་གྱིས། །ཧཱུྃ་ས་ར་བི་དྱ་ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ། བྷིནྡ་བྷིནྡ་ཧཱུྃ་ཕཊ། གྲྀཧྞ་གྲྀཧྞ་ཧཱུྃ་ཕཊ། བནྡྷ་བནྡྷ་ཧཱུྃ་ཕཊ། ཏྲཱ་ཤ་ཡ་ཏྲཱ་ཤ་ཡ་ཧཱུྃ་ཕཊ། ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུྃ་ཕཊ། ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ་ཛྭ་ལཱ་ས་ཡ་ཧཱུྃ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ། བིནྡྷ་ཡ་བིནྡྷ་ཡ་ཧཱུྃ་ཕཊ། ཁྲོ་བོ་བྲན་དང་མངག་པའི་ཚོགས། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །མངོན་སྤྱོད་ཇི་ལྟར་ངེས་པ་དང༌། །མངོན་སྤྱོད་བྱིན་རླབས་དེ་བཞིན་མཛོད། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཊ་ཀ་ཊ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ། ཨ་པ་རཱ་ཛི་ཏེ། མ་ར་སེ་ནྱ་པྲ་མརྡ་ནི་ཧཱུྃ་ཕཊ། རྡོ་རྗེ་གསང་བའི་བཀའ་ལུང་ལས། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །མགོ་བོ་ཚལ་པ་བརྒྱ་རུ་འགས། །ཉིན་ཅིག་བགེགས་དང་ལོག་འདྲེན་རྣམས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཧཱུྃ་མ་མ་ཝ་ཤཾ་ཀུ་རུ་ཧཱུྃ། །གདུག་ཅིང་སྡང་བའི་སེམས་ལྡན་རྣམས། །སོང་ཤིག་ལྷ་མིན་ལྷ་ཡང་རུང༌། །ང་ལ་བར་ཆད་རྩོམ་པའི་བདུད། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །སརྦ་ཨཱ་པ་ན་མ་ཧཱུྃ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་ཡིས་སྙེང་བསྲེགས་ནས། །ལུས་སེམས་རྡུལ་བཞིན་བརླག་པར་མཛོད། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་འབར་བས་བརྡུངས་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱ། །ཁ་ཏྃ་ཁ་ཏྃ་ཁ་ཏྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་བརྗོད་གནོད་བྱེད་རྣམས་ཀྱི་སེམས། །ཆོས་ཉིད་ངང་དུ་གནས་སྦར་ཞིང༌། །ཤ་ཁྲག་ཁྲོ་ཚོགས་རྣམས་ཀྱིས་རོལ། །ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཕཊ་ཕཊ་ཕཊ། །ལྷ་ཚོགས་རྣམས་ཀྱིས་བཀའ་གསུང་ཞིང༌། །དངོས་གྲུབ་བདག་ལ་སྩོལ་བར་བསམ། །རཀྟ་བསྒྲལ་མཆོད་རྒྱས་པའོ། །གཞན་ཡང་གཏོར་མ་གཉིས་པ་ནི། །ནག་པོ་ཆེན་པོ་སོགས་ལ་བསྔོ། །གཏོར་མ་གསུམ་པ་དཀར་གཏོར་རོ། །མཛོ་དང་དྲེའུ་ཡི་ཤ་སྤངས་རྒྱན། །བསང་སྦྱང་བྱིན་གྱིས་བརླབ་བྱ་སྟེ། །མདུན་དུ་པདྨ་ཉི་མའི་གདན། །ཤེལ་མདོག་ལྟ་བུའི་བྷྱོ་བྷྱོ་ཡིས། །འོད་ཟེར་གཉིས་འཕྲོས་དོན་གཉིས་བྱས། །ཚུར་འདུས་དཀར་མོ་ཉི་ཟླ་ནི། །ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས། །རི་རབ་ལྷུན་པོ་གཡོན་པ་ཡིས། །གླིང་བཞི་གླིང་ཕྲན་ཐུགས་ཀར་འཛིན། །ཉི་ཟླ་དགུ་བཅུ་རྩ་དགུ་ཡིས། །དབུ་ནི་སུམ་རིམ་དུ་བརྒྱན་ཅིང༌། །དགུ་བརྒྱ་གཅིག་གི་དོ་ཤལ་ཅན། །སྤྱན་གསུམ་མཆེ་བ་ཅུང་ཟད་གཙིགས། །དར་དཀར་སྟོད་གཡོགས་སྟག་ཤམ་ཅན། །སྦྲུལ་དང་རིན་ཆེན་རྒྱན་གྱིས་བརྒྱན། །མཉམ་སྟབས་འཛུམ་ཁྲོ་སྒེག་པ་མོ། །གནས་གསུམ་བྱིན་བརླབས་ཡེ་ཤེས་བསྟིམ། །དབང་བསྐུར་དབུ་རྒྱན་རྡོ་རྗེ་སེམས། །དམ་ལ་བཞག་པ་བྱས་ནས་ཀྱང༌། །དེ་ཡིས་གཏོར་མ་གསོལ་བསམ་ཞིང༌། །ཨོཾ་བཛྲ་ཤཱནྟིཾ་པདྨ་ཀུ་རུ་ཏི་བྷྱོ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨི་མཾ་བ་ལིཾ་ཤཱནྟིཾ་ཀུ་རུ། པུཥྚིངྐུ་རུ། བ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་དང་མཆོད་པ་རྣམས་ཀྱིས་མཆོད། །དཔལ་ལྡན་དཀར་མོ་ཆེན་མོ་ནི། །ཉི་ཟླ་སྟོང་གི་ཐོད་ཕྲེང་ཅན། །ཡེ་ཤེས་དབྱིངས་ཀྱི་རྗེ་མོ་ནི། །གཞན་དོན་འཇིག་རྟེན་པ་རུ་སྤྲུལ། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཁྱོད་ལ་བསྟོད་ཅིང་ཕྱག་ཀྱང་འཚལ། །སྔོན་ཚེ་ཆེ་མཆོག་ཧེ་རུ་ཀའི། །སྤྱན་སྔར་དམ་བཅས་དེ་བཞིན་དུ། །དགྲ་བགེགས་མ་ལུས་འདུལ་བ་དང༌། །སྒྲུབ་པོ་འཁོར་བཅས་བསྲུང་བ་དང༌། །བསམ་པ་ཐམས་ཅད་འགྲུབ་པ་དང༌། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །སྔ་མའི་སྔགས་བཟླས་ཚུལ་གྱིས་ནི། །འཕྲིན་ལས་བསྐུལ་བའང་ཤེས་པར་བྱ། །ཚོགས་ལ་རོལ་ཞིང་ལྷག་མ་གཏང༌། །སྤྱོད་ལམ་ལྷ་ཡི་རྣལ་འབྱོར་བྱ། །དགེ་བ་སངས་རྒྱས་སར་བསྔོའོ། །རྡོ་རྗེ་ཕུར་པའི་དཀྱིལ་འཁོར་སྒྲུབ་པའི་རིམ་པ་རིག་འཛིན་པ་རྣམས་ཀྱི་བཞེད་གཞུང༌། དབེན་གནས་དམ་པ་གྲོམ་པ་ས་སྐྱར། ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*