རྡོ་རྗེ་འབྱུང་བའི་ཡིག་སྣ། ༡

༼ཉ༽

༄༅། །རྡོ་རྗེ་འབྱུང་བའི་ཡིག་སྣ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། ཆོས་རྣམས་རང་བཞིན་མེད་གཟིགས་ཀྱང༌། །བརྩེ་བས་གཞན་དོན་ལྷུར་མཛད་པའི། །སྐྱེས་ཆེན་རྣམས་ལ་ཕྱག་འཚལ་ཏེ། །མ་ནོར་བརྒྱུད་པའི་གཏམ་བྲིའོ། །དཔལ་རྡོ་རྗེ་འཆང་ཆེན་པོའི་ཐུགས་ཡང་དག་པའི་རང་བཞིན་རྡོ་རྗེ་སེམས་དཔས། གྲོང་ཁྱེར་པ་ཏི་ཀཱིརྟི་ཞེས་བྱ་བར་སྤྲུལ་པའི་དཀྱིལ་འཁོར་སྤྲུལ་ནས་རྒྱལ་པོ་རབ་གསལ་ཟླ་བ་ལ་དབང་བསྐུར་ཏེ། རྒྱུད་སྡེ་ཐམས་ཅད་གནང་བ་བྱིན་པའོ། །དེའི་སློབ་མ་ནི་རྒྱལ་བུ་སྒྲ་གཅན་འཛིན་བཟང་པོའོ། །གཞན་ཡང་ཡེ་ཤེས་རྡོ་རྗེ་དང༌། པྲཛྙཱ་སིདྡྷི་དང༌། རབ་འབྱོར་བསྐྱངས་དང་བཞིའོ། །དེ་ལྟར་བཞིའི་སློབ་མ་ཡུལ་ཤར་ཕྱོགས་བྷཾ་ག་ལའི་སློབ་དཔོན་ཀུན་དགའ་སྙིང་པོ་ཞེས་བྱའོ། །འདིའི་སྐུ་ཆེ་བའི་ཡོན་ཏན་ནི། སྡོམ་པ་འཛིན་པ་རྣམས་ཀྱི་ནང་ནས་དགེ་སློང་རྡོ་རྗེ་འཛིན་པ་མཆོག་ཡིན་པས་སློབ་དཔོན་དགེ་སློང་ཡིན་ནོ། །འཚོ་བ་བསོད་སྙོམས་ཀྱིས་མཛད་པས་གསོག་འཇོག་སྤངས་ཏེ་ཟང་ཟིང་མི་འཛིན་ནོ། །དཔལ་རྡོ་རྗེ་སེམས་དཔའ་དང་བརྒྱུད་པ་གཉིས་ལས་མེད་པས། གདམས་ངག་དང་བྱིན་རླབས་ཕྱིན་ཅི་མ་ལོག་པ་དང་ལྡན་ནོ། །རིག་པའི་གནས་ལྔ་ལ་མཁས་ཏེ། པཎྜི་ཏ་མཐར་ཕྱིན་པ་ཡིན་ཏེ། ཀུན་དགའ་སྙིང་པོ་རིག་པའི་མཆོག །ཅེས་གསུངས་སོ། །ཁྱད་པར་དུ་གསང་སྔགས་རྒྱ་མཚོའི་ཕ་རོལ་དུ་སོན་ཏེ། མང་དུ་ཐོས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཏོ། །དེ་ལྟ་བུའི་སློབ་དཔོན་དེ་གྲོང་ཁྱེར་པ་ཏི་ཀཱིརྟི་ན་བསོད་སྙོམས་མཛད་ཅིང་བཞུགས་པའི་ཚེ། རྒྱ་གར་ཤར་ཕྱོགས་ཀྱི་ནུབ་ཕྱོགས་ན། སློབ་དཔོན་པྲཛྙཱ་པ་ལི་ཏ་བྱ་བ་བྱོན་ནས། གྲོང་ཁྱེར་བ་རྣམས་ལ་དྲིས་པ། རྒྱལ་པོ་རབ་གསལ་ཟླ་བའི་སློབ་མ་སཽ་དི་པཱ་ལའམ། ཡེ་ཤེས་རྡོ་རྗེའམ། པྲཛྙཱ་སིདྡྷིའམ། སྒྲ་གཅན་འཛིན་བཟང་པོ་ཞེས་བྱ་བ་ཡོད་ཟེར་ན། གང་ན་བཞུགས་ཞེས་དྲིས་པས། དེ་ཐམས་ཅད་འདས་ནས་མེད་དོ་ཞེས་ཟེར་རོ། །འོ་ན་དེ་རྣམས་ཀྱི་སློབ་མ་གང་མཁས་པ་ཡོད་བྱས་པས། ནགས་ཁྲོད་ཡ་གི་ན་ཀུན་དགའ་སྙིང་པོ་བྱ་བ་འཚོ་བ་བསོད་སྙོམས་ལ་མཛད་པ་བཞུགས་ཟེར་ནས། དེ་ཚོལ་དུ་ཕྱིན་པ་དང༌། སློབ་དཔོན་འབྲས་ཆན་གྲང་མོ་རྡོ་ལེབ་ལ་སྲོད་པ་དང་མཇལ་ཏེ། བསླབ་པ་དྲིས་པས། སློབ་དཔོན་བགྲེས་པར་འདུག་པས་ཕྱག་བྱས། ཆོས་ཀྱི་གཏམ་བྱས་པས་མགུ་ནས་ཆོས་ཞུས་སོ། །དེ་ནས་དེའི་དོན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བྱས་ཏེ་གནང་ངོ༌། །དེ་ནས་པྲཛྙཱ་པ་ལི་ཏས་ཡུལ་དབུས་སུ་ཁྱེར་ཏེ་བཤད་པ་བྱས་པས། པཎྜི་ཏ་རྣམས་ན་རེ་འདི་ལྟ་བུའི་ཆོས་སུ་ལ་འདུག་ཟེར་བ་ལ། སློབ་དཔོན་ཨཱ་ནནྡ་གརྦྷ་ཞེས་བྱ་བ་ད་ལྟ་ཡང་བྷཾ་ག་ལ་ན་བསོད་སྙོམས་མཛད་ཅིང་བཞུགས་སོ་ཞེས་སྨྲས་སོ། །དེ་པཎྜི་ཏ་རྣམས་ཀྱི་སྙན་ཁུང་ནས་སྙན་ཁུང་དུ་བརྒྱུད་དེ་རྒྱལ་པོས་ཀྱང་ཐོས་ཏེ། རྒྱལ་པོ་དད་དེ་སྐྱེས་བུ་དམ་པ་དེ་བསོད་སྙོམས་མཛད་པ་འོ་བརྒྱལ་བས་མཆོད་གནས་བྱའོ། །ཞེས་ཟེར་ནས་ཤིང་རྟ་ལ་སྤྱན་དྲངས་ཏེ། པཎྜི་ཏ་ཆེན་པོ་ཐམས་ཅད་དང༌། རྒྱལ་པོས་ཆོས་ཀྱི་གནས་བརྟན་ཆེན་པོར་མངའ་གསོལ་བྱས་སོ། །དེ་ནས་རྒྱལ་པོའི་ཡོན་སྦྱང་བའི་ཆེད་དུ། རྒྱུད་བརྒྱ་རྩ་བརྒྱད་ཀྱི་འགྲེལ་པ་མཛད་པར་ཞལ་གྱི་བཞེས་ཏེ། པཎྜི་ཏ་ས་ཐོབ་པ་རྣམས་ཀྱི་གནས་སུ་དེ་ཉིད་སྣང་བ་ལ་སོགས་པའི་འགྲེལ་པ་མཛད་དེ། ཨཱ་ཙརྻ་ནའི་གཙུག་ནོར་བུ། །འཇིག་རྟེན་གསུམ་ན་དགའ་བྱེད་པའི། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་གནས། །དཔལ་ལྡན་གཙུག་ལག་ཁང་ཆེན་དུ། །རྒྱུད་ཀྱི་འགྲེལ་པ་འདི་ཉིད་ནི། །སྣང་བྱེད་དགེ་བ་འདི་བཤད་པས། །ཞེས་གསུངས་སོ། །ཕྱིས་རྒྱུད་བརྒྱ་རྩ་བརྒྱད་མ་རྙེད་ནས། དཔལ་མཆོག་ལ་སོགས་པ་ལ་འགྲེལ་བ་གཉིས་གཉིས་མཛད་སྐད་དོ། །དེ་ལྟ་བུ་དེས་སྒྲུབ་པ་ལ་བརྩོན་པས་དངོས་གྲུབ་ཐོབ་སྟེ་རྡོ་རྗེ་འཆང་གི་ཞལ་གཟིགས་པ་ཡིན་ཞེས་ཀྱང་རྒྱ་གར་ཤར་ཕྱོགས་པ་གསུངས། གཞན་ཁ་ཆེ་ནས་འབྱུང་བའི་གཏམ་རྒྱུད་དང་མཐུན་པར་འདུག་སྐད་དོ། །ཇོ་བོ་ཨ་བྷ་ཡ་ན་རེ། ཡང་ཀུན་སྙིང་གྲུབ་པ་ཐོབ་པ་ཡིན་ཏེ། གཞན་གྱིས་མིང་མ་ཐོས་པའི་རྒྱུད་མང་པོའི་ཁུངས་བསྟན་བཅོས་ན་འདུག་སྐད། དེ་ལྟར་ཆེ་བའི་ཡོན་ཏན་བརྒྱད་དང་ལྡན་པའི་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པའི་དཀྱིལ་འཁོར་ཆོ་ག་དང༌། འགྲེལ་པ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་ཀྱི་ཆོས་འདི་རྣམས་རྒྱ་གར་དང་ཁ་ཆེས་ལ་སོགས་པར་དར་བར་གྱུར་ནས་བོད་ཀྱི་ཡུལ་འདིར་སུའི་རིང་ལ་བསྒྱུར། སུས་བཤད་པའི་ལོ་རྒྱུས་ཇི་ལྟར་ཡིན་ན་སྤྱིར་རྒྱལ་ཁྲིམས་ལ་བརྟེན་ནས་ཆོས་ཁྲིམས་བྱུང་སྟེ། དེའི་ལོ་རྒྱུས་ནི། རྗེ་གཉའ་ཁྲི་བཙན་པོ་ནས་གདུང་རབས་ཉེར་གཅིག་ཏུ་དམ་པའི་ཆོས་མ་བྱུང༌། ཉེར་གཉིས་པ་ལ་ལྷ་ཐོ་ཐོ་རི་སྙན་བཙན་གྱི་སྐུ་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས། དེ་ནས་གདུང་རབས་ལྔ་ན་མངའ་བདག་སྲོང་བཙན་སྒམ་པོའི་རིང་ལ་དམ་པའི་ཆོས་ཀྱི་སྲོལ་བཏོད་དེ་ཆོས་དགེ་བ་བཅུ་ལས་བརྩམས་ཏེ་ཁྲིམས་བཅས། གཙུག་ལག་ཁང་བཞེངས། དམ་པའི་ཆོས་འགའ་ཞིག་བསྒྱུར་ཏེ། སློབ་པའི་ཆོས་གྲྭ་བཙུགས་པ་ཙམ་ལས་བཙུན་པ་ལས་སྡོམ་པ་བླངས་པ་མེད། སྔགས་པ་ལ་དབང་བསྐུར་བྱས་པ་མེད་དོ། །དེ་ནས་གདུང་རབས་ལྔ་ན་མངའ་བདག་ཁྲི་སྲོང་ལྡེའུ་བཙུན་བྱོན་ཏེ་དམ་པའི་ཆོས་དར་ཞིང་རྒྱས་པར་མཛད་དེ། རྣམ་དག་ཁྲིམས་ཀྱི་གླིང་དུ་རབ་ཏུ་བྱུང༌། བདུད་འདུལ་སྔགས་ཀྱི་གླིང་དུ་དབང་བསྐུར་བྱས་ཏེ། ཆོས་དར་ཞིང་རྒྱས་པར་བསྒྱུར་རོ། །དེའི་དུས་སུ་དེ་ཉིད་འདུས་པ་ལ་སོགས་པ་རྒྱུད་སྡེ་མང་དུ་བསྒྱུར་ཡང་ཀུན་དགའ་སྙིང་པོའི་ཆོས་མ་འགྱུར་རོ། །རྒྱལ་པོ་དེའི་སྲས་ཁྲི་སྡེ་སྲོང་བཙན་དང༌། དེའི་སྲས་རལ་པ་ཅན་གྱི་རིང་ལ་ཡང་སྔར་མ་བསྒྱུར་བའི་ཆོས་མང་དུ་བསྒྱུར། འགྱུར་བ་རྣམས་སྐད་གསར་ཆད་ཀྱིས་བཅོས་ཏེ་དེའི་ཚེའང་མ་འགྱུར་རོ། །དེ་ནས་གདུང་རབས་ལྔར་ཆོས་གྲྭ་ཉམས་ནས་ཉན་བཤད་སྒྲུབ་པའི་སྲོལ་གཤའ་མ་མེད་དོ། །དེའི་ཚེ་མངའ་བདག་བཀྲ་ཤིས་མགོན་ལ་སྲས་གཉིས་བལྟམས་ཏེ། འཁོར་དང་སྲོང་མཆེད་གཉིས་ཞེས་གྲགས་སོ། །གཅེན་གྱི་ཡབ་མེས་ཀྱི་ཐང་ཡིག་གཟིགས་པས་དམ་པའི་ཆོས་ལ་དཀའ་བ་དུ་མ་མཛད་པ་གཟིགས་ཏེ། ཡབ་ཀྱི་གདུང་བསབ་པ་དང༌། བོད་འབངས་བསྐྱབ་པ་དང༌། རང་ཉིད་ཐར་པའི་ལམ་ལ་གཤེགས་པར་དགོངས་ཏེ། རྟེན་གྱི་དྲུང་དུ་རབ་ཏུ་བྱུང་སྟེ་མཚན་ཡང་ཡེ་ཤེས་འོད་དུ་བཏགས་སོ། །དེ་ལ་བླ་མ་བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱའོ། །ཕོ་བྲང་ཞི་བ་འོད་ཀྱི་ཞལ་སྔ་ནས་ཀྱང༌། སྔོན་གྱི་སྨོན་ལམ་ཐུགས་རྗེའི་དབང་གིས་ན། །ལྷ་རིག་བྱང་ཆུབ་སེམས་དཔའི་སྤྲུལ་པ་ནི། །ས་སྟེངས་རྒྱལ་པོ་ཆེན་པོར་སྐུ་འཁྲུངས་པས། །འགྲོ་བ་བསྐྱབ་ཕྱིར་ཁྱིམ་གནས་སྤངས་པ་ཡི། །བླ་མ་བྱང་ཆུབ་སེམས་དཔའ་ཡེ་ཤེས་འོད། །མངའ་རིས་སྟོད་འདི་འདུལ་བའི་དོན་དུ་བྱུང༌། །ཞེས་གསུངས་ཏེ། བོད་འབངས་ཡོངས་སུ་བསྐྱབ་པའི་ཕྱིར་བྱོན་ཏོ། །ཡང་འཇམ་དཔལ་གྱི་རྒྱུད་ལས་ཀྱང་ལུང་བསྟན་ཏེ། གངས་རི་ཅན་གྱི་རྒྱལ་ཁམས་ན། །རིགས་ནི་རྒྱལ་རིགས་ཞེས་བྱ་ལ། །ཡེ་ཤེས་འོད་ཅེས་བྱ་བ་འབྱུང༌། །ཞེས་ལུང་བསྟན་གསུང༌། བྱང་ཆུབ་སེམས་དཔའ་དེས་རྗེའུ་རིགས་ཀྱི་བུ་ཚ་མང་པོ་བསགས་ནས་གྲིབ་ཚོད་དང་དབྱུ་གུའི་ཚོད་བཙུགས་ཏེ་འཛིན་སུ་རྣོ་བ། དོན་ལ་སུ་དཔྱོད་མཁས་བརྟགས་ཏེ། བློ་འོག་མ་རྣམས་བོར་ཏེ། བློ་རབ་ཀྱི་ཡང་རབ་ཏུ་གྱུར་པའི་བྱིས་པ། ལོ་བཅུ་ལས་མི་རྒན་པ་བདུན་རིན་གྱིས་བླུས་ཏེ། བློ་རྣོ་བའི་ཆོ་ག་མང་པོ་ཡང་བྱས། དེ་ལ་གཡོག་པོ་བདུན། དེ་ལ་ཡང་དེ་བས་རྒན་པའི་གཉེར་འོང་བའི་གཡོག་པོ་བདུན་ཏེ་ཉེར་གཅིག་ལ། གསེར་ཚན་པ་གསུམ་དུ་རྒྱལ་པོ་ལས་བསྐྱིས། པཎྜི་ཏ་ལ་ཡོན་རང་དབང་བའི་དབང་དུ་བྱས་ཏེ་མང་དུ་བསྐུར་ནས་ཁ་ཆེར་བརྫངས་ཏེ། ཁྱེད་ཀྱིས་དེ་ཉིད་འདུས་པ་དང༌། གསང་བ་འདུས་པ་ཞེས་བྱ་བའི་རྒྱུད་ཉི་ཟླ་ལྟར་གྲགས་པ་ཡོད་ཟེར་བས་ཚོལ་ཅིག དེ་ཉིད་འདུས་པ་ལ་ཀུན་དགའ་སྙིང་པོས་བྱས་པའི་འགྲེལ་པ་ཡོད་ཟེར་བས་ཚོལ་ཅིག དེ་ལ་མཁས་པའི་པཎྜི་ཏ་དྷརྨ་པཱ་ལ་བྱ་བ་ཡོད་ཟེར་བས་ཚོལ་ལ་སྤྱན་དྲངས་ན་གསེར་ལ་མ་ལྟ་ཞིག མཚན་ཡང་དག་པར་བརྗོད་པ་ལ་མཁས་པའི་པཎྜི་ཏ་འདུག་ན་སྤྱན་དྲོངས་ཤིག བྲམ་ཟེ་རིན་ཆེན་རྡོ་རྗེ་བྱ་བ་ཡོད་པས་སྤྱན་དྲངས་ན་ཡོན་ལ་མ་ལྟ་ཞིག དེ་ལ་སོགས་པ་ཆོས་མང་པོའི་མཚན་དང༌། པཎྜི་ཏ་མང་པོའི་མཚན་བསྐུར་སྐད་དོ། །དེ་ལ་ལྷ་ཞི་བ་འོད་ཀྱིས་གསུངས་པ། གསང་སྔགས་སྤྱོད་པའི་ལུགས་ཀུན་ཉམས་པ་དང༌། །དཀྱིལ་འཁོར་སྦྱིན་སྲེག་ཆོ་ག་ནུབ་གྱུར་པས། །དཀྱིལ་འཁོར་ཆོ་ག་པདྨ་སྟོང་ལྡན་ཏེ། །དེ་བཞིན་སྦྱིན་སྲེག་ཤག་ཏི་ཤུག་ཏིས་བྱེད། །གཞན་ཡང་གསང་སྔགས་སྦས་དོན་ནུབ་གྱུར་ཅིང༌། །སྦྱོར་སྒྲོལ་དང་ནི་ཚོགས་ལ་སོགས་པས་བསླད། །འདི་རྣམས་དོན་གཉེར་བཙལ་ཕྱིར་བཀའ་གཉེར་ཏེ། །ལོ་ཙཱ་རིན་ཆེན་བཟང་པོ་ཁ་ཆེར་བརྫངས། །ཞེས་གསུངས་སོ། །དེ་ལྟར་བྱས་ཏེ་དེ་རྣམས་ཀྱིས་ཁ་ཆེར་ཕྱིན་ནས་དམ་པའི་ཆོས་བསླབས་པས་མཁས་པར་གྱུར་ཏེ། བོད་དུ་བྱོན་པ་ལྷུ་ཟོར་རིན་ཆེན་བཟང་པོ་ལོ་ཙཱ་བ་ཆེན་པོ། ཇོ་བོ་ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ཐོན་སྐད། གཞན་བཅོ་བརྒྱད་ཁོང་གཉིས་ཀྱི་གཡོག་དང་བཅུ་དགུ་ཤི་སྐད། ཇོ་བོ་ཆེན་པོས་ཁ་ཆེར་གསང་བ་འདུས་པའི་ཆོས་སྐོར་རྙེད་ནས། འཇིག་རྟེན་སྣང་བྱེད་དུ་འཇུག་པ་བྱས་པས། ཁོང་མོས་པའི་ལྷ་འཇམ་དཔལ་ལ་མེ་ཏོག་ཕོག ཕྱིས་ཀྱང་དཀྱིལ་འཁོར་དེ་ཉིད་དུ་ཞུགས་པས་ཀྱང་འཇམ་དཔལ་ལ་མེ་ཏོག་བཞག་སྐད། ཆོས་སྐོར་དེ་ལ་ལོ་ཙཱ་བ་ཆེ་ཆུང་གཉིས་ཀས་མཁས་པར་བསླབ། རྣལ་འབྱོར་རྒྱུད་ལ་དེ་ཉིད་འདུས་པའི་རྒྱ་དཔེ་རྙེད། དེའི་དཀའ་འགྲེལ་རྙེད། རྡོ་རྗེ་འབྱུང་བ་རྙེད། སྟོད་འགྲེལ་ལ་སོགས་མ་རྙེད། རྡོ་རྗེ་དབྱིངས་སུ་ཞུགས་པའི་ཚེ་ཡང་མེ་ཏོག་འཇམ་དཔལ་ལ་བཞག སྤྱིར་ཇོ་བོ་ཆེན་པོས་འཇུག་པ་ལན་སོ་ལྔ་བྱས་ཏེ་མེ་ཏོག་ཐམས་ཅད་འཇམ་དཔལ་ལ་བཞག་སྐད། དེ་ལྟར་ཇོ་བོས་ཁ་ཆེ་ནས་འདུས་པ་རྣམ་གཉིས་ཀྱི་ཆོས་མང་པོ་བསྒྱུར་ཏེ་གསང་སྔགས་ཀྱི་ལུགས་གསལ་བར་མཛད་དེ། ཞི་བ་འོད་ཀྱི་ཞལ་ནས། ཤྲདྡྷཱ་ཀ་ར་ཞེས་བྱ་སྤྱན་དྲངས་ཏེ། །སྒྲོན་གསལ་སྤྱོད་པ་བསྡུས་པའི་སྒྲོན་མ་སོགས། །བསྒྱུར་ཞིང་བཤད་ནས་སྔགས་ལོག་གཞུང་བསལ་ཞིང༌། །སྔོན་གྱི་མཁས་པ་ཆེན་པོའི་ལུགས་ལ་བཙུད། །དེ་བཞིན་སྦྱིན་སྲེག་དཀྱིལ་འཁོར་ཆོ་ག་དང༌། །སྒོམ་སྒྲུབ་ལ་སོགས་བྱེ་བྲག་སྣ་ཚོགས་པའི། །སྐྱོན་མེད་གཞུང་ལུགས་རྣམས་ལ་འགྲོ་ཀུན་སྦྱར། །སྐལ་ལྡན་རྣམས་ལ་དབང་སོགས་རིམ་གྱིས་སྩལ། །དེང་སང་བར་དུ་སྔགས་ཀྱི་གཞུང་དར་བ། །ལོ་ཙཱ་སྐྱེས་མཆོག་དེ་ཡི་དྲིན་ཡིན་གྲང༌། །ཞེས་སོ། །དཀྱིལ་ཆོག་འདི་ཁ་ཆེའི་དཔེ་ལས་བསྒྱུར་བའི་ལོ་རྒྱུས་སོ། །དུས་ཕྱིས་དགེ་སློང་རིན་ཆེན་རྒྱལ་མཚན་ཞེས་བྱ་བས་བལ་ཡུལ་རཱ་ཛཱ་བི་ཧ་རའི་ལྷ་ཁང་ནས་སྟོད་འགྲེལ། རྡོར་འབྱུང༌། ཁམས་གསུམ་རྣམ་རྒྱལ། གཙུག་དགུ་ཐམས་ཅད་ཀྱི་རྒྱ་དཔེ་རྙེད་ནས། ཇོ་བོ་ལ་གསང་བ་འདུས་པ་ཞུ་བའི་ཞུ་རྟེན་དུ་ཕུལ་སྐད། ཇོ་བོ་ཤིན་ཏུ་དགྱེས་ནས། སྟོད་འགྲེལ་ལ་དང་པོ་རང་འགྱུར་ཡང་མཛད་དེ། དེའི་དཔེ་མ་འཕེལ། ཕྱིས་པཎྜི་ཏ་བུདྡྷ་ཤྲཱི་ཤཱནྟི་ཞེས་བྱ་བ་བྱོན་ཏེ། ཆོས་དེ་རྣམས་ཀྱང་བསྒྱུར། རྡོ་རྗེ་འབྱུང་བ་སྔར་གྱི་དང་བསྟུན་ཏེ་དཔེ་བག་མི་འདྲ་བར་འདུག་ནས་སོ་སོར་བསྒྱུར། ད་ལྟ་བོད་ན་བལ་པོ་དང༌། ཁ་ཆེའི་དཔེ་ཀ་གཉིས་འགྲེལ་པ་གཅིག་དང་གསུམ་ཡོད། དེ་ལ་ཁྱད་པར་ནི། ཁ་ཆེའི་དཔེ་ལ་མཆོད་པ་ཉི་ཤུའི་སྐབས་ན་ལས་ཀྱི་རིགས་སུ་ཞུགས་པ་ཐམས་ཅད་དང༌། ཞེས་བྱ་བའི་འོག་ནས་སྙིང་པོ་དང་བྱ་བ་ཡོད། བལ་པོའི་ལ་མེད། ཁ་ཆེའི་ལ། གཞི་ལུས་བསྐྱེད་པའི་སྐབས་ནས་བཛྲ་དྷཱ་ཏུ་ཞེས་ཟློས་ཤིང་ཕྱག་རྒྱའི་གཟུགས་དེ། སེམས་དཔའི་བྱིན་གྱིས་བརླབ་པའི་སྦྱོར་བས་རྡོ་རྗེ་སེམས་དཔར་བསྒོམས་པ་ལ་བྱ་བ་མེད། བལ་པོའི་ལ་ཡོད། སེམས་དཔའ་ལུས་ལ་བསྒྲུབ་པའི་སྐབས་ན། རང་གི་གནས་ན་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཞེས་བྱ་བ་ཁ་ཆེ་ལ་མེད། བལ་པོའི་ལ་ཡོད། རྣལ་འབྱོར་ཆེན་པོའི་དེ་བཞིན་གཤེགས་པ་ལ་དམ་རྒྱས་འདེབས་པའི་སྐབས་སུ། ཨོཾ་བཛྲ་སཏྭ་ཧཱུྃ་མི་བསྐྱོད་པའི་སྔགས་དང༌། ཞེས་བྱ་བ་ལ་སོགས་པ། ཨོཾ་དང་པོ། ཧཱུྃ་ཐ་མར་བྱས་པ། སྔགས་སུ་ཁ་ཆེའི་ལ་ཡོད། བལ་པོའི་ལ་ཨོཾ་བཛྲ་ས་ཏྭ་ཧཱུྃ། ཞེས་བྱ་བའི་མི་བསྐྱོད་པའི་སྙིང་པོ་དང༌། ཞེས་བྱ་བ་ལ་སོགས་པ། ཏྲཱཾ་ཧྲཱིཿཨས་མཐར་བརྟེན་པ་སྙིང་པོར་ཡོད། དང་པོ་སྦྱོར་བའི་སྔོན་འགྲོ་རིགས་ལྔའི་དམ་ཚིག་དྲན་པའི་སྐབས་ན། སྔགས་ཀྱི་ཚུལ་ཐམས་ཅད་སྟོན་པ་ཞེས་བྱ་བ་ཁ་ཆེའི་ལ་མེད། བལ་པོའི་ལ་ཡོད། སྦྱོར་རྗེས་བྱིན་གྱིས་བརླབ་པའི་སྐབས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་པའི་ཏིང་ངེ་འཛིན་རྟོག་པ་རིན་པོ་ཆེའི་དབང་བསྐུར་བ་ཐོབ་ཅེས་བྱ་བ་ཁ་ཆེའི་ལ་མེད། བལ་པོའི་ལ་ཡོད། ས་ཆོག་ཕུར་བུས་བསྲུང་བའི་སྐབས་ན་དཔེ་མི་འདྲ་བ་གཉིས་ཡོད་དེ་འདི་ཡིན་མི་གསུང༌། ཚོན་བྱིན་གྱིས་བརླབ་པའི་སྐབས་ན་དམ་ཚིག་གི་ཕྱག་རྒྱ་དང༌། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་མཐར་སྦ་པ་བྱ་བ་ཁ་ཆེའི་ལ་མེད། བལ་པོའི་ལ་ཡོད། བྲི་བའི་སྐབས་ན་རིམ་པ་འདིས་ཅི་བདེར་དགྱེའོ། །ཁྲུ་དྲུག་གི་ཚོན་གྱི་རི་མོའང་ཆུང་ཚད་ཡིན་ཏེ་ཕན་ཆོད་ནི། ཁྲུ་བསྐྱེད་པར་བྱའོ་ཞེས་པ་ཁ་ཆེའི་ལ་མེད། བལ་པོའི་ལ་ཡོད། ལྷ་དགོད་པའི་སྐབས་ན་རྡོ་རྗེ་སེམས་མ་སྐུ་མདོག་སྔོན་མོ་ཞེས་པ་ཁ་ཆེའི་ལ་ཡོད། བལ་པོའི་ལ་དཀར་མོར་ཡོད་དོ། །དེ་རྣམས་མིན་པའང་དབུ་ཞབས་ན་མི་མཐུན་པ་འགའ་སྣང་སྟེ་འདི་ཡིན་མི་གསུང༌། བསྒྱུར་བའི་ལོ་རྒྱུས་སོ། །བཤད་པའི་ལོ་རྒྱུས་ནི། ཇོ་བོ་ཆེན་པོའི་སྐུ་ཚེའི་སྟོད་ཀྱི་བཤད་པ་ཁ་ཆེ་མཁན་པོ་ལས་བརྒྱུད་པའི་ལུགས་ནི། བསྙེན་པ་ན་མར་སློབ་དཔོན་འཁོར་ལོས་སྒྱུར་བའི་ཆ་ལུགས་སུ་འཇུག སྲུང་འཁོར་ཁྲོ་བོར་བསྒོམ། སྙིང་གའི་བདག་འཇུག་ལ་དབང་རྫས་དངོས་སུ་བྱེད། རྣལ་འབྱོར་ཆེན་པོའི་སེམས་དཔའ་སུམ་སྲེས་བྱེད། ལྷ་གནས་དུས་སུ་བུམ་པ་སོ་བདུན་བསོག རྡོ་རྗེ་རྭ་བ་ནང་སྒོའི་ནང་ནས་བསྐོར། འདོད་ཡོན་དམར། ཕ་གུ་སེར། དྲྭ་ཕྱེད་སྔོ་བར་བྱེད། སྟོད་འགྲེལ་མ་གྱུར་བས་འགྲེལ་པ་ཀོ་ས་ལ་བྱས་པས། ཀོའི་ཆོས་སྐད་སྙིང་པོའི་རྩ་བའི་དཀྱིལ་འཁོར་ལ་སོགས་པ་འདྲེས། སྒོ་བ་བཞི་རེས་ཁྲོ་བོ། རེས་ཁྲོ་མོར་བྱས། བཞུགས་སྟབས་གཡས་བརྐྱང༌། གཡོན་བརྐྱང༌། ས་ག ཟླུམ་པོར་བྱས། ཡེ་ཤེས་ཞབས་ཀྱི་ཆོས་སྐད་རིགས་པ་ལྔ་ལ་སོགས་པ་འདྲེས། རྒྱལ་བློན་དབྱངས་ལ་དགྱེས་པས་ཇོ་བོ་ཡང་དབྱངས་བག་རེ་མཛད། ལོ་ཆུང་ལ་ཡང་དེ་ལྟར་གནང༌། རྒྱལ་བློན་སྤྲོས་པ་ལ་དགྱེས་པས་རིན་ཆེན་སྣ་བདུན་དང༌། འདོད་ཡོན་རྣམ་ལྔའི་མཆོད་པ་ཁ་བསྐངས། ལོ་ཆུང་ལ་རྡོ་རྗེ་འབྱུང་བ་ཉམས་ལེན་ཆེས་པས་ཕྱག་རྒྱ་བཞི་གཅིག་གིས་སྒྲུབ་ཐབས་རྩོམ་གསུངས་ནས། ལོ་ཆུང་གིས་རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་ཆེ་ཆུང་བྱ་བ་བརྩམས་ཏེ། ཕྱིས་བསྟོད་འགྲེལ་འགྱུར་བས་དེ་དང་མ་མཐུན་སྐད་དོ། །སྐུ་ཚེ་སྨད་རྒྱ་གར་ཤར་ཕྱོགས་པ་ལས་བརྒྱུད་དེ། དེའང་ཤར་ཕྱོགས་ཀྱི་པཎྜི་ཏ་ཅིག་དང་མཇལ་པ་ལས་ཇོ་བོ་རྗེས་སྔ་སྟེ། ཇོ་བོ་ལ་རྡོ་རྗེ་འབྱུང་བ་ཚར་གཅིག་གསན་པས་མ་མཉེས། བདེ་མཆོག་ལ་སོགས་པ་མང་དུ་གསན། ལཱུ་ཧི་པ་ལ་ཡི་གེ་མཛད་སྐད། རྗེ་ན་རེ་རྣལ་འབྱོར་རྒྱུད་ལ་མཁས་གསུངས་ཏེ། ལོ་ཆེན་ཉིད་ཐུགས་རྒྱལ་སྐྱེས་ནས་མ་གསན་ནོ། །ཡང་ཕྱིས་ཤར་ཕྱོགས་ཀྱི་པཎྜི་ཏ་ནི་ར་བྷ་ཡ་སྟཾ་བྱ་བ་བྱོན་པ་ལ་གསན་པས། སྔར་གྱི་བས་གདམས་པ་ཆེ་བར་བྱུང་སྐད། ཡང་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པཱ་ལ་བྱ་བ། བལ་པོའི་རྟེན་ཁྱད་པར་ཅན་བལྟར་བྱོན་པས་ཚད་པས་བསྙུན། དེ་ལ་གངས་རི་ཅན་ཕན་ཟེར་ནས་བོད་དུ་བྱོན་ནས། དེར་རྒྱལ་བློན་ཆོས་ལ་དགྱེས་པས་ལོ་ཙཱ་བ་ཆེན་པོ་བཞུགས་པས་སྟོད་དུ་བྱོན། དེ་ལོ་ཙཱ་ཆེན་པོས་གསན་པས་ཀུན་དགའ་སྙིང་པོའི་གདམས་པ་མ་ནོར་བ་བྱུང་སྟེ་མཉེས་སྐད། ཇོ་བོ་དེ་ཀུན་སྙིང་གི་བརྒྱུད་པ་བདུན་པ་ཡིན་པར་འདུག་གསུང༌། དེ་ལ་ལོ་ཙཱ་བ་ཆེན་པོས་གསེར་སྙིམ་པས་བཅུས་ནས་ཕུལ་བས་མ་བཞེས། ཡང་ཡང་ཕུལ་བས་ཁྱོད་མི་དགའ་ན་ངས་འདིར་ཁྱེར་གསུངས་ནས་རྡོག་པོ་གཅིག་བསྣམས། ང་ལ་གསེར་གྱིས་དགོས་པ་མེད། གསེར་འདོད་པ་ནི་རང་གི་འཚོ་བ་འདོད་པ་ཡིན། ངས་འཚོ་བ་རྙེད་གསུང༌། ཕྱིས་ཁ་ཆེར་གཤེགས་པ་ལ་དྷརྨ་པཱ་ལ་ཡིན་བྱས་པ་ཙམ་གྱིས་འདོ་ལི་ལ་སྤྱན་དྲངས། ཁ་ཆེ་ནས་རྒྱ་གར་དུ་གཤེགས་ཙམ་ན་ཡང་དེ་བཞིན་དུ་གཤེགས་སྐད་དོ། །ལོ་ཙཱ་བ་ཆེན་པོས་གཞུང་གི་མདོ་རྒྱས་མ་གཏོགས་ཁ་སྐོང་མི་མཛད། བསྙེན་པ་ཡན་ཆད་སློབ་དཔོན་ཆ་ལུགས་ཇི་བཞིན་པ། ལས་རིམ་ནས་འཁོར་ལོས་སྒྱུར་བ་ལྟར་མཛད། སྲུང་འཁོར་རྡོ་རྗེ་རྭ་བས། སྙིང་གའི་དཀྱིལ་འཁོར་གྱི་བདག་འཇུག་ལ་དབང་རྫས་མེད། རྣལ་འབྱོར་ཆེན་པོ་འདི་ཉིས་བསྲེས། འགྲེལ་པ་སུམ་བསྲེས་བྱེད། ལྷག་གནས་སུ་རྣམ་རྒྱལ་བུམ་པ་ལས་མེད། རྡོ་རྗེ་རྭ་བ་དཀྱིལ་འཁོར་ནང་མའི་ཕྱི་ནས་བསྐོར། ཕ་གུ་མེད། འདོད་ཡོན་ལ་སོགས་ཕྱོགས་ཚོན་དུ་བྱེད། སྒོ་བ་བཞི་སེམས་དཔའི་སྐྱིལ་ཀྲུང༌། རྡོ་རྗེ་གནོད་སྦྱིན་མ་གཏོགས་པའི་ཁྲོ་བོ་མེད། ཆུ་ཅོད་པན་ཕྱག་མཚན་མིང་ལ་རིགས་དབང་དུ་མིང་འདོགས། རྡོ་རྗེ་དྲིལ་བུ་ལ་ཆོ་ག་གཅིག་ལས་མེད། གཞུང་ན་མེད་པའི་རིན་པོ་ཆེ་སྣ་བདུན་སོགས་མི་བྱེད། སྤྱིར་ཆོ་ག་ཐམས་ཅད་གཞུང་ན་འདུག་ཚད་ལ་བླ་མས་ངོ་སྤྲད་པ་ལས་མི་མཛད་པས་གཞུང་རྩིས་སུ་མཛད་དོ། །དེ་ལྟ་བུའི་ཇོ་བོ་ཆེན་པོ་དེ་ལ་སྐུ་ཆེ་བའི་ཡོན་ཏན་ནི། གཞུང་བསྒྱུར་བ་ལ་བལྟས་ན་སྐྱེ་བ་ཡལ་གཞུང་བསྒྱུར་བ་འདྲ། སློབ་མ་ཚར་བ་ལ་བལྟས་ན་སྐྱེ་བ་ཡལ་བཤད་པ་འདྲ། རྒྱལ་པོ་དབང་དུ་འདུས་པ་དང༌། འཕགས་པ་འཇམ་དཔལ་ཞལ་གཟིགས་པ་ལ་བལྟས་ན་སྐྱེ་བ་ཡལ་བསྒྲུབ་པ་འདྲ། མཁས་པ་ལ་བལྟས་ན་སྐྱེ་བ་ཡལ་བསླབ་པ་འདྲ། མཆོད་རྟེན་བཏབ་པ་དང༌། ཁ་ཏོན་བྱས་པ་དང༌། གླེགས་བམ་བཀླགས་པ་དང༌། བསྐོར་བ་བྱས་བ་ལ་སོགས་པ་རེ་རེ་ལ་བལྟས་ཀྱང་སྐྱེ་བ་ཡལ་ཡལ་བྱས་པ་འདྲ་སྐད། ཐུན་བཞིའི་རྣལ་འབྱོར་མི་ཆགས་པར་མཛད། ཐུན་མཚམས་སུ་བཤད་པ་ལ་སོགས་པ་མཛད། ཐུགས་དམ་འཕགས་པ་འཇམ་དཔལ་ལ་མཛད་པས། དེ་བྱ་རྒྱུད་ལྟར་བསྒྲུབ། དེ་བཞིན་དུ་སྙིང་པོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིག་པ་ལྟར་བསྒྲུབ། ཐུགས་དམ་ལ་བརྩོན་པའི་ཚད་ཐུན་མཚམས་སུ་མཚན་བརྗོད་འདོན་པ་ལ། རྫོགས་སོ་གསུང་བ་དང༌། ཉེ་གནས་ཀྱིས་བཤོས་ཕྱག་ཏུ་མ་དྲངས་ན། ཡང་མགོ་ནས་གསུང་སྒྲོགས་སྐད། ཇོ་བོ་ཆེན་པོ་ལ་སྒོ་གསུམ་ཡོད་སྐད། དང་པོའི་སྒོའི་ཡ་ཕུབ་ལ་ལྕགས་ཀྱིས་ཡི་གེ་བྲིས་ནས། བདག་སྡིག་པའི་ལས་བྱེད་ན། རྡོ་རྗེ་འཛིན་པས་མགོ་བོ་ཁོས། ཞེས་བྱ་བ་བྲིས། བར་པ་ལ་ཟངས་ཀྱི་ཡི་གེ་མི་དགེ་བ་ལྟ་ཞོག ལུང་དུ་མ་བསྟན་པའི་ལས་བྱེད་ན་རྡོ་རྗེ་འཛིན་པས་མགོ་བོ་ཁོས། བྱ་བ་བྲིས། ནང་མ་ལ་གསེར་གྱི་ཡི་གེ་ལུང་དུ་མ་བསྟན་པ་ལྟ་ཞོག དགེ་བ་ལ་མི་བརྩོན་ན་རྡོ་རྗེ་འཛིན་པས་མགོ་བོ་ཁོས་བྱ་བ་བྲིས་གདའ་སྐད། དང་པོར་ཆོས་གསུང༌། སློབ་མ་དང་མཇལ། བར་བར་ཉེ་གནས་དང་མཇལ། ཐ་མ་ལ་ཉེ་གནས་ཀྱང་མི་ཚུད་དེ་ཇོ་བོ་གཅིག་པུ་བཞུགས་སྐད། ཇོ་བོ་ལ་རྒྱལ་པོ་ཅིག་གིས་རལ་གྲི་གསེར་སྲང་རི་བ་ཅིག་ཕུལ་བས། འཇམ་དཔལ་གྱི་ལྡེར་སོ་ཅིག་བཞེངས་ནས་དེའི་ཕྱག་མཚན་དུ་ཕུལ་སྐད། ཐོ་ལིང་གི་ལྷ་ཁང་ན་ཇོ་བོས་དབང་བསྐུར་ཞུས་པའི་པཎྜི་ཏ་བུམ་པ་དང་དབང་བསྐུར་བའི་ཚུལ་དུ་བྲིས། དེའི་མདུན་ན་ཇོ་བོ་དབང་ནོད་པའི་ཚུལ་དུ་དབུ་དུད་པ་བྲིས་པ་དང༌། ཡང་ཆོས་ཉན་པའི་པཎྜི་ཏ་ཆོས་བཤད་པའི་ཚུལ་བྲིས། ཇོ་བོ་དེའི་མདུན་ན་ཆོས་གསན་པའི་ཚུལ་དུ་མང་དུ་བྲིས་པ་གདའ་སྐད། དེ་བླ་མ་ལ་གུས་པའི་ཚད་ཡིན། དེ་ལྟ་བུའི་ལོ་ཙཱ་བ་ཆེན་པོ་དེ་ལ་སྤྱིར་སློབ་མ་མང་ན་ཡང༌། སྟོད་མངའ་རིས་ན་སློབ་མའི་མཆོག་ཐུགས་ཀྱི་སྲས་བཞི་ཞེས་བྱ་བ་ཡོད་དེ། ལོ་ཆུང་ལེགས་པའི་ཤེས་རབ། མང་ཐང་གི་གུ་ཤི་བརྩོན་འགྲུས་རྒྱལ་མཚན། སྐྱི་ནོར་ཛྙཱ་ན། ཀྲ་ཀ་པ་གཞོན་ཤེའོ། །དང་པོ་དེ་ཁྱད་པར་དུ་ཡེ་ཤེས་ཞབས་ལ་མཁས་སྐད། དྷརྨ་པཱ་བྱོན་ཙམ་ན། ལོ་ཆུང་ཆེན་པོའི་དྲུང་དུ་མི་གཞུག་པས་རྒྱ་གར་བའི་ལུགས་མ་གསན་ཏེ། ཁ་ཆེ་མཁན་པོ་ཁོ་ནའི་གཞུང་འཛིན། གཉིས་པ་དྷརྨ་པཱ་ལ་ཡང་ལོ་ཙཱ་བ་ཆེན་པོ་བར་དུ་བཅུག་ནས་གསན་ཏེ། ཤར་ཕྱོགས་པ་ཁོ་ནའི་གཞུང་འཛིན་བློ་རྣོ་སྐད། གསུམ་པ་ཤར་ཕྱོགས་པ་ཁོ་ནའི་གཞུང་འཛིན་བློ་དེ་ཙམ་མི་བཟང་སྐད། བཞི་པ་ཁ་ཆེ་དང་ཤར་ཕྱོགས་གཉིས་ཀའི་བཤད་པ་གུང་བཀྲོལ་ནས་གསུང་སྐད་དོ། །བོད་ན་མར་གྱི་རྣལ་འབྱོར་གྱི་རྒྱུད་ཀྱི་ཤིང་རྟ་ཆེན་པོར་གྲགས་པ་ལ། རྐྱང་པོ་ཆོས་བློས་མངའ་རིས་སུ་ལན་གཉིས་བྱོན་ཏེ། ལོ་ཙཱ་བ་ཆེན་པོ་ཉིད་ལས་གསན་ཏེ། ཁ་ཆེ་མཁན་པོ་ཁོ་ནའོ། །སྤང་ཁ་འདར་ཆུང་གི་ཡབ་མཁན་པོ་གཞོན་ནུ་རྒྱ་མཚོ་དང༌། མདོག་པ་ཀླེ་སྟོན། བལ་ཤཱཀ་རྡོ་རྗེ། ཐང་སྟོན་ཀོངྐ་བ། དེ་ཐམས་ཅད་ཀྱིས་ཀྱང་ལོ་ཙཱ་བ་ཆེན་པོ་ཉིད་ལས་གསན་ཏེ། སྐུ་ཚེ་སྟོད་ཀྱི་བཤད་པའོ། །བལ་གྱི་སློབ་མ་ཞང་ཤེས་རབ་བླ་མ་ཡིན། གཞན་སུམ་པ་ཡེ་འབར། ཤངས་ཀྱི་སྲེག་ཡེ་གཞོན་ཉང་སྨད་ཀྱི་ལྕེ་ཞར་རྣམས་ལོ་ཆུང་གི་སློབ་མ་ཡིན། ཡེ་གཞོན་སྔགས་ལ་ཁྲོམ་བཤད་བྱས་པས་དམ་ཚིག་ཉམས་པས་མགོ་ལ་མདའ་ཕོག་ནས་ཤི་སྐད། ལྕེ་ཞར་གྱི་སློབ་མ་སྤྲུ་འབར་ཏོག སུམ་པ་ལ་རྒྱལ་ལོ་ལ་སོགས་པ་སློབ་མ་མང༌། ཡང་ཟངས་དཀར་གྱིས་ལོ་ཆུང་དང༌། དེའི་སློབ་མ་ཨན་གྲགས་པ་རིན་ཆེན་ལས་གསན། པུ་རོང་བ་ཟླ་འོད་ཨན་གྱིས་ཆུང་ངུ་ནས་བསླབས་པས། ལོ་ཆུང་ལ་ཡང་གསན་ནས་བློ་རྣོ་བར་གྲགས། བོད་དུ་བྱོན་ནས་སྤང་ཁ་འདར་ཆུང་གི་སྲས་ཀྱིས་སློབ་དཔོན་དུ་སྤྱན་དྲངས། ཁོ་རང་ཇོ་མོ་དང་བཅས་པས་ཀྱང་ཀྱེ་རྡོར་གྱི་དབང་བསྐུར་ཞུས། བཤད་པ་མང་པོ་མཛད་དེ་བོ་དོང་པས་སྟོད་འགྲེལ་མན་ཆད་མཁྱེན་པར་བསླབས་སོ། །སྤྱིར་དུས་དེ་ཙམ་ན། ལོ་ཙཱ་བ་ཆེན་པོ་ཞང་ཞུང་དུ་བཞུགས། རྟག་ལོ་ཆུང་པུ་རོང་དུ་བཞུགས་པས་བོད་ཀྱི་སློབ་གཉེར་ཐག་ཉེ་བ་དང༌། ལོ་ཆུང་ལོ་ཙཱ་བ་ཆེན་པོའི་འཁོར་དུ་དང་པོ་ཁ་ཆེ་ཚུན་ཆད་དུ་བྱོན་པ་དང༌། དབྱངས་བྱས། ཆོ་ག་སྤྲོས་པ་ལ་དགྱེས། རྒྱལ་བློན་ཡང་སྤྲོས་པ་ལ་དགྱེས་པས་ལོ་ཆུང་ལ་དམ་པ་མཛད་པས། སྟོད་མངའ་རིས་ནའང་སྒྲ་ཆེ། བོད་ན་མར་ཡང་སྐུའི་སྒྲ་ཆེ། བོད་ཀྱི་སློབ་གཉེར་བ་ལོ་ཆུང་ཅན་དུ་འགྲོ་བས་དེའི་བརྒྱུད་པ་མང་སྟེ། བོད་དུ་ཁ་ཆེ་མཁན་པོའི་གཞུང་དར་རོ། །བོད་ན་རྒྱ་གར་བའི་གདམས་པ་མེད་པ་ལ་བོད་དུ་དར་བར་མཛད་མཁན་ནི། དགེ་བཤེས་གཉལ་པ་ཡིན་ཏེ། དེ་ཡབ་དཔའ་བརྟན་བྱ་བ་འབྱོར་པ་ཅན་ཞིག་གི་བུ་ཡིན་ཏེ། དེ་དགེ་བསྙེན་གཞོན་ནུ་མ་ཅིག་དགས་པོ་དབང་རྒྱལ་ཅན་ན་མངོན་པ་གསན་གྱིན་བཞུགས་ཙམ་ན། ཟངས་དཀར་ལོ་ཙཱ་བ་དེར་བྱོན་པས། གཉལ་པ་ལ་དགས་པོ་ན་རེ་ཁྱོད་མངའི་རིས་སྟོད་དུ་སློབ་གཉེར་ལ་བཏང་གིས། ངའི་གན་དུ་གཏོར་མ་ཅིག་ཁྱེར་ལ་ཤོག་གསུངས་ནས་ནུབ་བདུན་དུ་རྨི་ལམ་བརྟག་ཏུ་བཅུག་སྐད། ནུབ་གཅིག་གི་རྨི་ལམ་ན་ཀོ་ས་ལ་བྱ་བའི་རི་ཞིག་ལ་འཛེག་ཀྱིན་པ་ཅིག་རྨིས་བྱས་པས། རྨི་ལམ་བཟང་བྱས་ནས་མངའ་རིས་ན་ལོ་ཙཱ་བ་ཆེན་པོ་སློབ་མ་རྣམས་ལ་ཆོས་ཉོན་ཅིག ཇོ་བོ་ཛྙཱ་ན་ཤྲཱི་ལ་ཆོས་ཉོན་ཅིག ངེད་ནི་ཁུ་སྟོན་གྱིས་ཆོས་ལ་དམ་པར་བྱས་ནས་ཇོ་བོ་རྗེ་ལ་ཆོས་མ་ཉན་པས་འགྱོད་དོ་གསུངས་ནས། གཉལ་པས་རྟ་ཅིག་དང༌། ཤོག་བུ་ཉི་ཁྲི་ཆ་གཅིག་དང་བཅས་པ་ཟངས་དཀར་ལ་ཕུལ་ནས། དགས་པོས་གཉེར་གཏད་བྱས་སྐད། དང་པོ་གུང་ཐང་དུ་ནག་ཚོ་ལོ་ཙཱ་བ་ཅན་ན། འཇམ་དཔལ་རྩ་རྒྱུད་གསན་ཅིང་ལོ་གཉིས་བཞུགས། དེ་ནས་བལ་པོའི་པཎྜི་ཏ་ཧཾ་ངུ༌། ཕམ་ཐིང་པ། ཕྱག་ན། ཁ་ཆེ་བཛྲ་བོ་དྷི་བཞི་གདན་འཛོམ་པ་ལ་ཆོས་མང་པོ་གསན་ཅིང༌། ལྟ་རྟོག་ཀུན་ནུབ་མོར་བྱས་སྐད། དེ་ནས་གཉལ་བའི་ནུབ་གཅིག་གི་རྨི་ལམ་ན། བལ་པོའི་ཁ་བ་ཁུར་གཅིག་དང༌། མངའ་རིས་ཀྱིན་མར་ཁུར་གཅིག་ཚོང་བྱས་པ་རྨིས། དེ་ཟངས་དཀར་ལ་སྨྲས་པས་ཅི་ཡིན་ནམ་གསུང༌། གཉལ་པས་བལ་པོའི་མ་རྒྱུད་ཀྱི་གདམས་པ་ཁ་བ་དང༌། མངའ་རིས་ཀྱི་ལོ་ཙཱ་བ་ཆེན་པོའི་འདུས་པ་རྣམ་གཉིས་མར་དང་འདྲ་བ་བྱ་བ་ཡིན་ནམ་ཞུས་པས། ཟངས་དཀར་ན་རེ་དེ་ཀ་ཡིན་གསུངས་ནས། བློ་རྒོད་བྱས་ནས་མངའ་རིས་སུ་བྱོན་སྐད། དེའི་ཚེ་ཟངས་དཀར་ཁྱུང་པོ་ཆོས་བརྩོན་དང༌། དགེ་བློའི་གཉའ་མི་སྙོགས་སུ་དོགས་ནས། ཁ་ཆེར་ཕར་བཞུད་ཚུར་བཞུད་དང་སྒྲ་ཚད་ལ་དཀའ་ལས་མང་པོ་མཛད་སྐད། གཉལ་བས་ཇོ་བོ་ཛྙཱན་ཤྲཱི་དང༌། མང་ཐང་པ་དང༌། སྐྱི་ནོར་ཛྙཱ་ན་དང༌། རྒྱ་ཡེ་ཚུལ་ཅན་དུ་ལོ་མང་པོ་གསན།།  །།ཨོཾ་དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ལ། ཐོག་མར་ཁྱབ་བདག་ཅེས་བྱ་བ་ལ་རྐང་པ་གཉིས་ཀྱིས་མཆོད་པར་བརྗོད་པ་བསྟན་ཏོ། །རྡོ་རྗེ་ཞེས་བྱ་བ་གཉིས་ཀྱིས་བཤད་པར་དམ་བཅའ་བ་བསྟན་ཏོ། །མཆོད་པར་བརྗོད་པའི་དོན་ནི་འདི་ལྟར་རྟོགས་པར་བྱ་སྟེ། ཡུལ་གང་ལ་མཆོད་པར་བརྗོད་པ་དང༌། གང་ཟག་གང་གིས་མཆོད་པར་བརྗོད་པ་དང༌། ཚུལ་ལམ་ཐབས་ཇི་ལྟར་མཆོད་པར་བརྗོད་པ་དང༌། མཆོད་པར་བརྗོད་པའི་དགོས་པ་གང་ཡིན་ཞེས་བྱ་བ་བཞིར་བསྡུས་ཏེ། དགེ་བའི་བཤེས་གཉེན་གོང་མ་རྣམས་གསུང་ངོ༌། །ཡང་ཁ་ཅིག་གིས་མཆོད་བརྗོད་ཀྱི་ངོ་བོ་ནི་ཡོན་ཏན་ཡོད་པ་ལ་ཡོད་པར་སྟོན་པ་སྔགས་པའི་ཚིགས་སུ་བཅད་པ་སྒྲོ་སྐུར་གྱི་མཐའ་དང་བྲལ་བའོ། །དེ་ལ་དབྱེ་ན་གསུམ་སྟེ། དགོས་པའི་དོན་དང༌། བསྡུས་པའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི་གལ་ཏེ་མཆོད་བརྗོད་ཀྱི་ངག་གཞུང་འདིའི་ཐོག་མར་བཀོད་པ་ལ་དགོས་པ་ཅི་ཡོད་ཅེ་ན། དགོས་པ་གཉིས་འགྲུབ་པའི་ཕྱིར་ཏེ། རང་གི་དོན་དང༌། གཞན་གྱི་དོན་ནོ། །དང་པོ་ནི་སློབ་དཔོན་གྱིས་མཆོད་བརྗོད་བྱས་པས་རྒྱུད་ལ་ཚོགས་བསགས་ཏེ་ཐམས་ཅད་མཁྱེན་པའི་ས་བོན་རྒྱུད་ལ་བཞག་གོ །ཚོགས་བསགས་པ་དེ་ཉིད་ཀྱིས་བསོད་ནམས་མ་ཡིན་པ་འགྲིབ། དེ་ལ་བར་ཆད་བྱ་བར་མི་ནུས་པས་གཞུང་རྩོམ་པ་མཐར་ཕྱིན་པར་འགྱུར་རོ། །གཉིས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་དོན་དང་ལྡན་པའི་མཚན་ཐོས་པས་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ་བསོད་ནམས་ཀྱི་ཚོགས་རྒྱུད་ལ་བཞག་གོ །གཞན་ཡང་ཕུན་སུམ་ཚོགས་པ་ཐོབ་པར་བྱེད་པའི་ཐབས་གཞུང་འདི་ལ་ཡང་འཇུག་པར་འགྱུར་རོ། །ཇི་ལྟར་འཇུག་པར་འགྱུར་ཞེ་ན་སློབ་དཔོན་གྱི་ཆེ་བ་རིགས་ནས་དེས་མཛད་པ་ལ་འཇུག་པ་དང༌། བསྟན་བཅོས་བཟང་བར་རྟོགས་པ་ཉིད་ཀྱིས་སོ། །དང་པོ་ནི་འཇིག་རྟེན་ན་ཡ་རབས་རྣམས་རང་གི་ལྷ་ལ་མཆོད་པར་བརྗོད་ནས་བྱ་བ་བྱེད་ལ། སློབ་དཔོན་རབ་འབྱོར་བསྐྱངས་ལ་སོགས་ཀྱང་ཐོག་མར་མཆོད་བརྗོད་བྱས་ཏེ་བརྩམས་པས། དེ་དག་དང་མཚུངས་པར་བྱས་པས་ཡ་རབས་ཉིད་དུ་རྟོགས་པ་དང༌། ཡང་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་ཤུགས་ལས་བསྟན་པས་འཇིག་རྟེན་པའི་ལྟ་བ་རྟོགས་པ་དང༌། ཁྱབ་བདག་རྡོ་རྗེ་སེམས་དཔའི་ཚིག་དོན་བསྟན་པས་སྟོང་པ་ཉིད་འཇིག་རྟེན་ལས་འདས་པ་ཡང་དག་པའི་ལྟ་བ་རྟོགས་པར་བསྟན་ཏེ། དེས་ན་ལྟ་བ་རྟོགས་པ་དམ་པ་ཡིན་པས་དེས་མཛད་པ་ལ་གཞན་འཇུག་པར་འགྱུར་བ་དང༌། གཞན་ཡང་འཇིག་རྟེན་ན་ཡང་བྱ་བ་མཆོག་ཏུ་གྱུར་པ་ལ་མཆོད་པ་བྱེད་ཀྱིས། བྱ་བ་ངན་པ་ལ་མི་བྱེད་དོ། །འདིར་མཆོད་པར་བརྗོད་པ་བྱས་བས་བསྟན་བཅོས་འདི་དོན་བཟང་པོར་རྟོགས་པ་ཉིད་ཀྱིས་གཞན་འཇུག་པར་འགྱུར་རོ། །ཞུགས་པ་དེ་དག་གིས་ཀྱང་མཆོད་བརྗོད་ཀྱི་ཚིག་བརྗོད་པས་བསོད་ནམས་བསགས་པས་ཉན་པ་དང༌། བཤད་པ་དང༌། བསྒྲུབ་པ་ལ་བར་ཆད་མི་འབྱུང་བར་འགྱུར་བས། ཐོག་མར་བསྟན་ཏོ། །ཡང་ཁ་ཅིག་ཀླད་ཀྱི་དོན་ནི་གཞུང་མཛེས་པར་བྱེད་པ་ཡིན་ནོ། །ཞེས་ཀྱང་ཟེར་རོ། །ཡང་ཁ་གཅིག་བཀྲ་ཤིས་པའི་ཡན་ལག་ཏུ་མཆོད་པར་བརྗོད་པ་དང༌། རྩོམ་པ་མཐར་ཕྱིན་པའི་ཡན་ལག་ཏུ་བཤད་པར་དམ་བཅའ་བ་ཞེས་བྱ་བར་འདོད་དོ། །གང་ལྟར་ཡང་རུང་སྟེ་མཆོད་པར་བརྗོད་པ་ནི་བསོད་ནམས་ཀྱི་ལས་བཟང་པོ་ཡིན་པས་དགོས་པ་བསམ་གྱིས་མི་ཁྱབ་པ་ཅིག་འགྲུབ་མོད། མདོར་བསྡུས་པ་དེ་ཉིད་དུ་ཟད་དོ། །བསྡུས་པའི་དོན་ནི་ཡུལ་གང་ལ། གང་ཟག་གང་གིས། ཚུལ་ཇི་ལྟར། དུས་ནམ་གྱི་ཚེ། ཞེས་བྱ་བའང་ཤུགས་ལས་འགྲུབ་བོ་གསུང་ངོ༌། །དང་པོ་ནི་ལོངས་སྐུའི་ཐུགས་རྣམ་སྣང་ཆེན་པོའོ། །དེ་དང་མི་བསྐྱོད་པའི་མདུན་གྱི་རྡོ་རྗེ་སེམས་དཔའ་ཐ་མི་དད་པ་དེ་ལའོ། །འོ་ན་རྒྱལ་པོ་ལ་སོགས་པའང་ཐ་མི་དད་པས་ཅིའི་ཕྱིར་རྡོ་རྗེ་སེམས་དཔའ་ཁོ་ན་ལ་འཚལ་ཞེ་ན། འདུས་པའི་རྡོ་རྗེ་དབྱིངས་ཀྱི་དུམ་བུ་གསུངས་པའི་སྟོན་པ་ཡིན་པའི་ཕྱིར་ཏེ། ཁམས་གསུམ་རྣམ་རྒྱལ་གྱི་དཀྱིལ་འཁོར་གྱི་ཆོ་གར། ཁྱབ་བདག་གདུལ་དཀའ་འདུལ་བ་པོ། །རྡོ་རྗེ་ཧཱུྃ་མཛད་ཕྱག་འཚལ་ཏེ། །ཞེས་དེ་ཉིད་ཀྱིས་སྟོན་པ་ལ་མཆོད་པ་བརྗོད་པ་བཞིན་ནོ། །གང་ཟག་ནི་སློབ་དཔོན་ཀུན་དགའ་སྙིང་པོ་སྟེ། ཆེ་བའི་ཡོན་ཏན་དགུའམ་བཅུ་དང་ལྡན་པ་དེས་སོ། །ཚུལ་ནི་ཀུན་ནས་དང་བས་སོ། །དུས་ནི་པ་ཏི་ཀཱིརྟིའི་ནགས་ཁྲོད་ན་བསོད་སྙོམས་མཛད་པའི་ཚེའོ། །ཚིག་གི་དོན་ནི། བསྡུས་པའི་དོན་ཉིད་དེ་ཉིད་གསལ་བར་བྱེད་པ་སྟེ། ཁྱབ་བདག་རྡོ་རྗེ་སེམས་དཔའ་ལ། །ཞེས་བྱ་བ་ནི། ལོངས་སྐུ་རིགས་ལྔའི་ཐུགས། རྣམ་སྣང་ཆེན་པོ་ཆོས་ཀྱི་སྐུ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ཞེས་བྱའོ། །ཅིའི་ཕྱིར་རྣམ་པར་སྣང་མཛད་ཆེན་པོ་ཞེས་བྱ། ཅིའི་ཕྱིར་རྣམ་སྣང་ཞེས་བྱ་ཞེ་ན། དེ་ཉིད་སྣང་བར་གླེང་གཞིའི་འགྲེལ་པར། འདི་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། འོག་མིན་གྱི་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་པ། དེ་བཞིན་གཤེགས་པ་ལྔའི་སྐུའི་ངོ་བོ་ཉིད་ནི་རྣམ་པར་སྣང་མཛད་ཡིན་ལ། དེ་ཉིད་ཀྱི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་རྣམ་པར་སྣང་མཛད་དང༌། རྡོ་རྗེ་སེམས་དཔའ་ལ་སོགས་པ་ཚུལ་བསྐྱེད་པའི་རྒྱུར་གྱུར་པ། ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའི་མཚན་ཉིད་ནི་རྣམ་པར་སྣང་མཛད་ཆེན་པོ་ཡིན་ནོ། །ཞེས་གསུང་ངོ༌། །དེ་ལ་བརྡའི་ཁྱབ་བདག་རྡོ་རྗེ་སེམས་དཔའ་དང༌། དོན་གྱིའོ། །དང་པོ་ལ་ལྔ་སྟེ། རང་གི་ངོ་བོ་དང༌། དེས་ཁྱབ་པའི་ཚུལ་དང༌། བདག་པོ་ཇི་ལྟར་ཡིན་པ་དང༌། རྡོ་རྗེའི་དོན་དང༌། སེམས་དཔའི་དོན་ནོ། །དང་པོ་རྣམ་སྣང་ཆེན་པོ་དེ་ཉིད་རི་རབ་ཀྱི་སྟེང་དུ་སྤྲུལ་པའི་རིགས་ལྔའི་ཐུགས་ལ་གནས་ཏེ། དེ་ཉིད་འདུས་པ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོའི་ཐུགས། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་སོ། །ཞེས་གསུངས་སོ། །དེའི་རྣམ་པ་ཇི་ལྟ་བུས་གནས་ཤེ་ན། སློབ་དཔོན་ཤཱཀྱ་བཤེས་གཉེན་རྡོ་རྗེ་སེམས་དཔའི་སྐུས་གནས་པར་འདོད་དོ། །ཡེ་ཤེས་རྡོ་རྗེ་རྩེ་ལྔ་པའི་ནང་ན་རྡོ་རྗེ་སེམས་དཔའི་སྐུས་གནས་པར་འདོད་དོ། །ཁ་ཅིག་མཆོད་རྟེན་གྱི་བུམ་པས་གནས་པར་འདོད་དོ། །ཁ་ཅིག་དཔལ་གྱི་བེའུས་གནས་པར་འདོད་དོ། །ཛྙཱན་ཤྲཱི་ནང་གི་ཡེ་ཤེས་གཟུགས་མེད་པར་འདོད་དོ། །སློབ་དཔོན་གྱིས་ནི་རྒྱུད་ཕྱི་མ་ལས། བཅོམ་ལྡན་སེམས་དཔའ་དེ་ཉིད་ནི། །རྡོ་རྗོའི་ངོ་བོས་ཐུགས་ཀར་གནས། །ཞེས་གསུངས་པའི་རྗེས་སུ་འབྲངས་ཏེ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པས་གནས་ཏེ། རྣམ་སྣང་ཆེན་པོའི་བརྡའོ། །གཉིས་པ་དེ་ལྟ་བུའི་རྣམ་པར་སྣང་མཛད་ཆེན་པོའི་བརྡ་ཟླ་བ་རྡོ་རྗེ་དེས་ཇི་ལྟར་ཁྱབ་ཅེ་ན། འཁོར་འདས་ཐམས་ཅད་ལ་ཁྱབ་སྟེ། ཟླ་བ་རྡོ་རྗེ་ལས་སེམས་དཔའི་རིགས་རྣམས་སྤྲུལ་པས། དེ་ལས་བྱུང་བའི་ཚུལ་གྱིས་ཁྱབ་སྟེ། སེམས་དཔའ་རེ་རེ་སྤྲུལ་པ་ན། །བྱུང་མ་ཐག་པ་འདི་ཉིད་ནི། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་ཉིད་དོ། །ཞེས་གསུངས་སོ། །དེ་བཞིན་དུ་གཟུངས་དང༌། ལས་དང་ཆོས་ཀྱི་སྤྲུལ་པ་ཐམས་ཅད་ལ་ཁྱབ་བོ། །དེ་བཞིན་དུ་སེམས་དཔའི་སྤྲུལ་པ་རྣམས་ཀྱིས་དུམ་བུ་གཉིས་པ་དང༌། གསུམ་པ་དང་བཞི་པ་ཡང་གསུངས་པས་རྡོ་རྗེ་པདྨ་དང་ནོར་བུའི་རིགས་རྣམས་འབྱུང་བས་ཀྱང༌། དེ་ལས་བྱུང་བའི་ཚུལ་གྱིས་ཁྱབ་བོ། །དེ་ལྟར་སྤྲུལ་པ་ནི་དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་བར་གྱི་སེམས་ཅན་གྱི་དོན་བྱས་ཞེས་འབྱུང་བས་འཁོར་བའི་སེམས་ཅན་ལ་ཡང་ཁྱབ་བོ། །གསུམ་པ་བདག་པོ་ཞེས་བྱ་བ་ནི་རིགས་ཀྱི་སྤྲུལ་པ་ཐམས་ཅད་བྱེད་པ་ལ་མངའ་བརྙེས་པའམ་དབང་འབྱོར་པའི་ཕྱིར་རོ། །དེ་བས་ན་མཚན་བརྒྱ་རྩ་བརྒྱད་པའི་སྐབས་ནས་ཀྱང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རང་གི་རྡོ་རྗེ་སེམས་དཔའ་ཞེས་ཟེར་བ་དང༌། ཁམས་གསུམ་རྣམ་རྒྱལ་ལས་ཀྱང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཞེས་གསུངས་སོ། །གལ་ཏེ་དེ་ནི་མི་བསྐྱོད་པའི་མདུན་གྱི་རྡོ་རྗེ་སེམས་དཔའ་མ་ཡིན་ནམ་ཞེ་ན་ཡིན་ཏེ། དེ་གཉིས་ལ་ཐ་དད་པ་ཡོད་པ་མ་ཡིན་ནོ། །དེ་བས་ན་སེམས་དཔའ་དེ་ཉིད་ལ་བདག་པོ་ཞེས་བྱའོ། །འོ་ན་རྒྱལ་པོ་ལ་སོགས་པའང་དབྱེ་བ་མེད་པས་དེ་རྣམས་ལ་ཅིའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་མི་བྱ། བདག་པོ་ཞེས་མི་བྱ་ཞེ་ན། དབྱེ་བ་མེད་པ་བདེན་མོད། རྒྱལ་པོ་ལ་སོགས་པ་བྱེ་བྲག་གི་རྒྱུ་བ་རྒྱུ་བའི་དངོས་པོ་ལ་སོགས་པ་ཡིན་པས་རང་གི་མིང་གིས་བྱས་ཀྱིས། སེམས་དཔའི་རྡོ་རྗེའི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་ཁོ་ནའོ། །དེ་བས་ན་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །རྡོ་རྗེ་ནི་རྩེ་ལྔའོ། །སེམས་དཔའ་ནི་ཟླ་བའི་གདན་ནོ། །དེ་ལྟར་ཡང་དེ་ཉིད་སྣང་བའི་རྡོ་རྗེ་སེམས་དཔའ་མ་བསྐྱེད་པའི་སྐབས་ནས་ཟླ་བའི་དཀྱིལ་འཁོར་ནི་སེམས་དཔའོ། །དེའི་སྟེང་ནི་རྡོ་རྗེ་རྩེ་ལྔ་པ་ནི་སེམས་དཔའི་རྡོ་རྗེ་ཞེས་གསུངས་སོ། །ཀུན་ནས་དང་བས་ནི། ལུས་དང་བ་ཡན་ལག་ལྔ་སྨད་ས་ལ་གཏུགས་པ། ངག་དང་བ་ནི་དེའི་ཡོན་ཏན་བརྗོད་པ། སེམས་དང་བ་ནི་དྲན་པ་རྩེ་གཅིག་པས་ཕྱག་འཚལ་ལོ། །བརྡ་དེ་ལྟ་བུ་དང་ལྡན་པའི་དོན་གྱི་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཇི་ལྟ་བུ་ཞེ་ན། ལྔ་སྟེ། རང་གི་ངོ་བོ་དང༌། ཁྱབ་པའི་ཚུལ་དང༌། བདག་པོ་ཇི་ལྟར་ཡིན་པ་དང༌། རྡོ་རྗེ་དང་སེམས་དཔའི་དོན་ཏོ། །དང་པོ་ནི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་རང་གི་སེམས་ཀྱི་ཆོས་ཉིད་རྟོགས་ལ་མངོན་དུ་གྱུར་པ། གློ་བུར་གྱི་དྲི་མ་དང་བྲལ་བའོ། །དེ་ཉིད་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་ཀྱང་བྱ་སྟེ། རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ་དེ་ལ་བྱང་ཆུབ་གང་ཞེ་ན། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་སྟེ། དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་ཞེས་གསུངས་སོ། །སློབ་དཔོན་གྱིས་ཀྱང་གླེང་གཞིའི་འགྲེལ་པར་དྲངས་སོ། །འདའ་ཀ་ཡེ་ཤེས་ལས་ཀྱང༌། སེམས་རྟོགས་ན་སངས་རྒྱས་གཞན་དུ་མི་བཙལ་ཞེས་གསུངས་སོ། །རྒྱུད་བླ་མ་ལས་ཀྱང༌། ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་ཅེས་གསུངས་སོ། །མ་དག་པ་དང་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཉིད་དུ་འདོད། །ཅེས་གསུངས་ཏེ། མདོར་ན་སངས་རྒྱས་ཆོས་ཀྱི་སྐུའོ། །གཉིས་པ་ནི་དེས་ཇི་ལྟར་ཁྱབ་ཅེ་ན། མྱ་ངན་ལས་འདས་པ་ཐམས་ཅད་དེ་ལས་བྱུང་བའི་ཚུལ་གྱིས་ཁྱབ་སྟེ། ཆོས་སྐུའི་བྱིན་རླབས་ཀྱིས་ས་བཅུ་པ་ལ་ལོངས་སྐུའི་སྣང་བ་འབྱུང༌། དེའི་བྱིན་གྱི་རླབས་ཀྱིས་གཞན་འཕྲུལ་དབང་བྱེད་དང༌། རི་རབ་དང་འཛམ་བུའི་གླིང་ལ་སོགས་པར། གང་དང་གང་གིས་འདུལ་བ་ལ་དེ་དང་དེའི་རྣམ་པར་སྤྲུལ་པའི་སྐུའི་རྣམ་པ་འབྱུང༌། དེས་ཞལ་ནས་གསུངས་པས་ཆོས་དེ་ཉམས་སུ་ལེན་པའི་རྣལ་འབྱོར་པའང་ཁྱབ་བོ། །གལ་ཏེ་དེ་ལྟར་སྤྲུལ་པའི་རྣམ་པར་རྟོག་པའང་མངའ་བས། སངས་རྒྱས་ཀྱི་ཐུགས་རྣམ་རྟོག་གི་དྲི་མ་ཅན་དུ་མ་གྱུར་ཏམ། རྣམ་རྟོག་མེད་ན་སེམས་ཅན་གྱི་དོན་འབྱུང་ངམ་སྙམ་ན་འབྱུང་སྟེ། མཉམ་སྦྱོར་ལས། རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང༌། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་མཐའ་ཡས་བརྩོན་པ་ལྷུར་མཛད་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་འགྲོ་ལ་རྣམ་པར་སྣང༌། །ཞེས་གསུངས་སོ། །འཁོར་བ་ལ་ཇི་ལྟར་ཁྱབ་སྙམ་ན། བདག་ཉིད་གཅིག་པའི་ཚུལ་གྱིས་ཁྱབ་སྟེ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པ་དེ་ཉིད་སེམས་ཅན་གྱི་དུས་སུ་གློ་བུར་གྱི་དྲི་མ་དང་བཅས་ལ། སངས་རྒྱས་པའི་དུས་ན་གློ་བུར་གྱི་དྲི་མ་དང་བྲལ་བ་ཙམ་ལས་དོན་ངོ་བོ་ལ་འགྱུར་བ་མེད་དོ། །རྡོ་རྗེ་རྩེ་མོ་ལས་ཀྱང་གསུངས་པ། སེམས་ཅན་གྱི་ནི་ཤེས་པ་དང༌། །དེ་བཞིན་གཤེགས་པའི་སྙིང་པོ་དང༌། །ཆོས་དབྱིངས་རྡོ་རྗེ་ཆེན་པོ་སྟེ། །ཐོག་མ་ཐ་མ་མེད་པར་གསུང༌། །ཞེས་སོ། །སློབ་དཔོན་གྱིས་ཀྱང༌། རྣམ་སྣང་ཆེན་པོའི་འགྲེལ་པར། འཁོར་འདས་བདག་ཉིད་གཅིག་པར་བཤད་དོ། །དཔལ་མཆོག་དང་པོ་ཞི་བ་མདུང་གིས་མཚན་པའི་དཀྱིལ་འཁོར་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ནི་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་གསུངས་པ་དང༌། དེའི་འགྲེལ་པར་སློབ་དཔོན་གྱིས་ལང་ཀར་གཤེགས་པའི་ལུང་དྲངས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བ། དག་ལ་རྙོག་པ་མེད་པ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གནས་ཏེ། ཞེས་གསུངས་པས་བདག་གཅིག་པར་ཁྱབ་བོ། །ཅིའི་ཕྱིར་བདག་པོ་ཡིན་སྙམ་ན། མྱ་ངན་ལས་འདས་པ་ཐམས་ཅད་སྤྲུལ་པ་ལ་མངའ་བརྙེས་པའི་ཕྱིར་དང༌། འཁོར་བ་ཐམས་ཅད་ཀྱི་བདག་པོའམ་གཞི་བྱེད་པ་ཡིན་པས་བདག་པོའོ། །གལ་ཏེ་མྱ་ངན་ལས་འདས་པ་དེ་འཁོར་བའི་གཞི་བྱེད་པ་མི་འཐད་སྙམ་ན། འཐད་དེ། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་ཀླུ་སྒྲུབ་ཀྱིས་གསུངས་སོ། །མདོ་ལས་ཀྱང༌། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་ལས་འདས་པ་ཐོབ་པ་ཡིན། །ཞེས་གསུངས་སོ། །བཞི་པ་རྡོ་རྗེ་ཞེས་བྱ་བ་ནི། སྤྱིར་རྡོ་རྗེ་གསུམ་སྟེ། འདུས་བྱས་ཀྱི་རྡོ་རྗེ། དོན་གྱི་རྡོ་རྗེ། རྟགས་ཀྱི་རྡོ་རྗེའོ། །དང་པོ་ནི་རྡོ་རྗེ་ཕ་ལམ་སྟེ། དེ་ནི་ས་དང་ཆུ་དང་མེ་དང་རླུང་སྟེ་འབྱུང་བ་གང་གིས་ཀྱང་ཚུར་མི་ཚུགས་ཤིང་ཕར་ཐམས་ཅད་འཇོམས་པར་བྱེད་པ་ལ་འཇིག་རྟེན་པས་རྡོ་རྗེར་བཏགས་སོ། །དཔེ་དེ་བཞིན་དུ་དོན་གྱི་རྡོ་རྗེ་ནི། སྔར་བརྗོད་པའི་སྟོང་པ་ཉིད་སེམས་ཀྱི་ཆོས་ཉིད་དེ་ལ་སྐྱེ་རྒ་ན་འཆི་གང་གིས་ཀྱང་མི་ཚུགས་སོ། །དེ་བས་ན་རྡོ་རྗེ་རྩེ་མོ་ལས། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །གཅད་ཅིང་གཞིག་པར་བྱ་བ་མེད། །བསྲེག་པར་བྱར་མེད་འཇིག་མེད་པས། །སྟོང་ཉིད་རྡོ་རྗེ་བརྗོད་པར་བྱ། །ཞེས་སོ། །དེ་བས་ན་ཚུར་མི་ཚུགས་སོ། །ཕར་གཅོད་པ་དང་འདྲ་བར་སྟོང་ཉིད་དེས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། རྩེ་མོ་ལས། འགྲོ་དྲུག་འཁོར་ལོ་སྤོང་བྱེད་ཅིང༌། །སྒྲིབ་པ་འདྲལ་བར་བྱེད་པའི་མཆོག །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཉོན་མོངས་ཐམས་ཅད་སེལ་བར་བྱེད། །ཅེས་གསུངས་སོ། །དེ་ལྟར་མྱ་ངན་ལས་འདས་པའི་རྡོ་རྗེ་ཇི་ལྟ་བ་བཞིན་ཡིན་ལ། འཁོར་བ་ལ་ཡང་དེ་ཡོད་དེ་སྐྱེ་རྒ་ན་འཆིས་རང་གི་ངོ་བོ་ལ་གནོད་མི་ནུས་ཏེ། བྱམས་པས། སེམས་ཀྱི་རང་བཞིན་འོད་གསལ་བས། །ན་དང་རྒ་བའི་སེམས་མི་ཚུགས། །ཞེས་གསུངས་སོ། །དོན་གྱི་ཞར་ལ་འོངས་པ། རྟགས་ཀྱི་རྡོ་རྗེ་ནི་ཕྱག་མཚན་ལ་སོགས་པ་དང༌། ཐུགས་ཀའི་རྡོ་རྗེ་ལ་སོགས་པ་རིགས་མཚོན་པའི་རྡོ་རྗེར་སློབ་དཔོན་གྱིས་བཤད་དོ། །སེམས་དཔའ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་དབང་དུ་བྱས་ན། རང་བཞིན་གྱིས་འོད་གསལ་བའི་སེམས་ཏེ། ཤེས་རབ་ཀྱིས་ཆོས་ཀྱི་དབྱིངས་ལ་སེམས། སྙིང་རྗེས་སེམས་ཅན་གྱི་དོན་ལ་དམིགས་ཤིང་སེམས་དཔའོ། །འཁོར་བའི་དབང་དུ་བྱས་ན་སེམས་འོད་གསལ་རྒྱུན་ཆགས་རང་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་ནང་གི་ཡེ་ཤེས་རྣམ་སྣང་ཆེན་པོ་དང༌། ཕྱི་རོལ་གྱི་རྡོ་རྗེ་སེམས་དཔའ་གཟུགས་སྐུ་དབྱེར་མེད་ལ་ཀུན་ནས་དང་བས་ཕྱག་འཚལ་བ་ནི་སྔར་དང་འདྲའོ། །དེ་ལྟར་ཕྱག་བཙལ་ནས་ཅི་བྱེད་སྙམ་ན། བཤད་པར་བྱ་ཞེས་བརྩམས་པ་མཐར་ཕྱིན་པའི་དོན་དུ་བཤད་པར་དམ་བཅར་སྦྲེལ་ལོ། །གང་བཤད་ན་རྡོ་རྗེ་ཀུན་འབྱུང་དགེ་བའམ་དཀྱིལ་འཁོར་ཆོ་གའོ། །རྡོ་རྗེ་ཀུན་འབྱུང་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རོ། །ཅིའི་ཕྱིར་རྡོ་རྗེ་ཀུན་འབྱུང་ཞེས་བྱ་ཞེ་ན། རྡོ་རྗེ་ནི་ཟླ་བ་རྡོ་རྗེའོ། །ཀུན་འབྱུང་ནི་དེ་ལས་སེམས་དཔའི་རིགས་ཐམས་ཅད་འབྱུང་བའི་ཕྱིར་ནའོ། །དེ་ལྟར་ཡང༌། རྒྱུད་ཕྱི་མའི་ཕྱི་མ་ལས། ཇི་ལྟར་རྡོ་རྗེ་འབྱུང་ཞེ་ན། །དེ་ཉིད་བཅོམ་ལྡན་འདས་སེམས་དཔའ་སྟེ། །ཐམས་ཅད་སེམས་ཏེ་ཉིད་བདག་པོ། །སྐུ་དང་གསུང་ཐུགས་རྡོ་རྗེ་ནི། །སེམས་དཔའ་བརྟན་པར་རང་བྱུང་གི །སེམས་ཅན་ཀུན་གྱི་མཆོག་སེམས་དཔའ། །སྙིང་གར་རྡོ་རྗེ་རབ་བསྒོམས་ན། །རྡོ་རྗེ་སེམས་དཔའ་ཞེས་གྲགས་ཏེ། །འདི་ལ་རྡོ་རྗེ་རབ་ཏུ་གནས། །དེ་ཉིད་སངས་རྒྱས་རྣམས་ཀྱིས་ནི། །ཡེ་ཤེས་ཚུལ་དེ་མཉམ་མེད་འོད། །སྙིང་ལ་སྣ་ཚོགས་བྱུང་ནས་ནི། །སྣ་ཚོགས་པ་ཡི་གཟུགས་འགྱུར་ཏེ། །ཁམས་གསུམ་ཀུན་གྱི་རྡུལ་སྙེད་དུ། །དེ་དག་ཉིད་ནི་རྒྱལ་བ་ཡིན། །རྡོ་རྗེའི་སྐུ་ནི་དེ་རྣམས་ལ། །རྡོ་རྗེ་སེམས་དཔར་ཡང་དག་འགྱུར། །སེམས་དཔའ་དང་པོ་དེ་ཉིད་ལས། །མཚན་མ་ཐམས་ཅད་ཡང་དག་འབྱུང༌། །མཚན་མ་ལས་ནི་སེམས་དཔའ་ཆེ། །དེ་ལས་ཚུལ་འདི་ཐམས་ཅད་འབྱུང༌། །ཞེས་གསུངས་སོ། །དགེ་བ་ནི་དེ་ཉིད་ཟག་པ་མེད་པ་རྣམ་པར་དཀར་བའི་ལམ་མོ། །ཀུ་ཤ་ལ་ཞེས་བྱ་བ་དགེ་བ་དང་དཀར་བ་གཉིས་ཀར་འགྲོའོ། །དཀྱིལ་འཁོར་ཞེས་བྱ་བ་སྟོད་འགྲེལ་ལས། དཀྱིལ་འཁོར་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་འདིར་བསྟན་པ་ཞེ་གཉིས་སུ་གསུངས་སོ། །དེ་ཡང་སྔོན་བྱུང་གི་དབང་དུ་བྱས་ན། འོག་མིན་དུ་ཏ་ཐཱ་ག་ཏ་ཏིལ་གྱི་གང་བུ་བཞིན་གང་བ་ནི་གཟུགས་ཅན་ཡིན་ལ། ལྷ་དང་ཁང་པའི་དེ་ཁོ་ན་ཉིད་ནི་གཟུགས་མེད་དོ། །རྗེས་འཇུག་གི་དབང་དུ་བྱས་ན་རྡོ་རྗེ་འཁོར་ལོས་དཀྱིལ་འཁོར་སྤྲུལ་པ་དང༌། རྡོ་རྗེ་རྒྱུས་སྙིང་གར་སྤྲུལ་པ་དང༌། རྣལ་འབྱོར་ཆེན་པོའི་ལུས་ཀྱི་དཀྱིལ་འཁོར་དང༌། ཏིང་ངེ་འཛིན་གསུམ་གྱི་དཀྱིལ་འཁོར་རྒྱས་པ་དང༌། མདོར་ན་བློས་བསྒོམས་པ་རྣམས་གཟུགས་མེད་ཀྱི་དཀྱིལ་འཁོར་རོ། །གཟུགས་ཅན་ནི་ས་དང་རས་ལ་སོགས་པ་ལ་ཐིག་ཚོན་གྱིས་བྲིས་པ་དང༌། འབུར་དུ་བརྐོས་པ་ལ་སོགས་པ། དབང་པོས་གཟུང་བར་བྱ་བ་སྟེ། དཔལ་མཆོག་གི་འགྲེལ་པར་ཏིང་ངེ་འཛིན་གསུམ་གསུམ་རྫོགས་ནས། ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཅན་གྱི་གཟུགས་ཅན་གྱི་དཀྱིལ་འཁོར་བརྗོད་པར་བྱ་སྟེ། ཟེར་ནས་ས་ཆོག་ནས་བསྟན་ཏོ། །ཆོ་ག་ཞེས་བྱ་བ་ནི་དཔལ་མཆོག་དང་པོ་ལས། དཀྱིལ་འཁོར་དང༌། སྔགས་དང༌། ཕྱག་རྒྱ་དང༌། བསྲུང་བ་དང༌། སྤྱན་དྲང་བ་དང༌། སློབ་དཔོན་གྱི་ལས་དང༌། སློབ་མ་འཇུག་པ་དང༌། བསྒོམ་པ་དང༌། བཟླས་པ་དང༌། སྦྱིན་སྲེག་དང༌། ཉེར་བསྡུ་དང༌། གཤེགས་སུ་གསོལ་བ་སྟེ། བཅུ་གཉིས་སུ་བཤད་དོ། །དེ་ལ་བཅུ་ནི་རྒྱས་པར་བྱེད་པ་ཡིན་ལ། སློབ་དཔོན་གྱི་ལས་དང༌། སློབ་མ་གཞུག་པ་ནི། དེ་དག་བསྡུས་པའོ། །ཞེས་བླ་མ་རྣམས་ཀྱིས་གསུངས་སོ། །ཡང་དཔལ་མཆོག་སྤྱིའི་མཚན་ཉིད་རྡོ་རྗེ་རྩེ་མོ་ལས་གསུངས་ཏེ། དཀྱིལ་འཁོར་ཆོ་ག་ཇི་ལྟ་བུ། །ཆོ་ག་ཆོས་དང་རྣལ་འབྱོར་ཏེ། །གསང་བའི་ཐར་པ་ཡང་དག་འབྱུང༌། །སྐྱེ་བ་འདི་ཉིད་ཁོ་ན་ལ། །རབ་དགའ་སྒྲུབ་པར་བྱེད་པའི་མཆོག །ཅེས་གསུངས་ཏེ། ཆོ་ག་ལུས་ངག་ཡིད་གསུམ། ཐོས་བསམ་སྒོམ་གསུམ། རྣལ་འབྱོར་ཐབས་ཤེས་རབ་གཉིས་མེད། གསང་བའི་ཐར་བ་རབ་དགའོ། །གལ་ཏེ་དེ་ནི་ཕར་ཕྱིན་ལ་ཡང་ཡོད་པས་ཁྱད་པར་ཅི་ཡོད་ཅེ་ན། སྟོད་འགྲེལ་ལས། ཆོ་ག་མཆོག་ནི་བཤད་པར་གསོལ། །ཞེས་བྱ་བ་ནི་མདོ་སྡེ་སྤྱོད་པ་པའི་ཆོ་ག་ལ་ལྟོས་ནས། གསང་སྔགས་ཀྱི་ཆོ་ག་ཁྱད་པར་འཕགས་པ་ཡིན་པས་ཆོ་ག་མཆོག་ཅེས་བྱ་སྟེ། གང་གི་ཕྱིར་མདོ་སྡེ་སྤྱོད་པ་རྣམས་བསྐལ་པ་གྲངས་མེད་པ་གསུམ་གྱིས་འཚང་རྒྱ་བ་ཡིན་ལ། གསང་སྔགས་ཀྱི་སྤྱོད་པ་སྤྱད་པའི་བྱང་ཆུབ་སེམས་དཔའ་རྣམས། ཚེ་འདི་ཉིད་ལ་རབ་ཏུ་དགའ་བའི་ས་ཐོབ་ནས། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་གསུང་ངོ༌། །བཤད་པར་བྱ་ཞེས་བྱ་བ་ནི། བརྩམ་པར་ཁས་བླངས་པའོ། །གལ་ཏེ་རྡོ་རྗེ་དབྱིངས་ཉིད་རྒྱུད་དུ་མ་ནས་གསུངས་ན། གང་གི་ཡིན་ཞེ་ན། དེ་ཉིད་བསྡུས་པའི་འོ། །དེ་ལྟ་བུའི་ཆོ་ག་དེ་ཡང་དེ་ཉིད་བསྡུས་པ་ནས་གསུངས་པའམ་མ་གསུངས་པ་རྩོམ། གསུངས་ན་རྩོམ་མི་དགོས་ལ། མ་གསུངས་ན་རང་དགར་སོང་ངོ་སྙམ་ན་གསུང་མོད། མ་ཚང་བ་དང་འཁྲུགས་པ་དང༌། མི་གསལ་བ་རྣམས་གསལ་བར་བྱེད་དོ། །དེ་ལྟར་ན་རང་གི་ཆོ་ག་ཉམས་སོ་སྙམ་ན་རང་གི་ཆོ་ག་ཞེས་བྱ་བ་ནི་ལྷ་དང༌། སྔགས་དང༌། ཕྱག་རྒྱ་དང༌། ཆོ་གའི་གཞི་ཉམས་ན་ཉམས་པ་ཡིན་གྱི། དེ་མ་ཉམས་ན་ཉམས་པར་མི་འགྲོ་བས། རྡོ་རྗེ་དབྱིངས་ཀྱི་ཆོ་ག་ཞེས་མིང་དུ་གདགས་ཏེ། དཔེར་ན་ག་པུར་གཙོར་བྱས་པའི་སྨན་ལ། ག་པུར་ཉི་ཤུ་རྩ་ལྔ་ཞེས་ཟེར་བ་བཞིན་ནོ། །དེ་བས་ན་གསང་བ་སྤྱི་རྒྱུད་ལས། གང་དག་ཏུ་ནི་རང་ཉིད་ཀྱི། །ལས་ཀྱི་ཆོ་ག་རྣམ་མེད་པ། །དེ་ནི་སྤྱི་ཡི་རྒྱུད་དག་ལས། །གསུངས་པའི་ཆོ་ག་མཁས་པས་བསྟེན། །ཞེས་གསུང་ངོ༌། །གལ་ཏེ་དེ་རང་ཇི་སྙེད་ཅིག་ཁ་བསྐང་བའོ། །ཇི་སྙེད་ནི་མི་བསྐང་བའོ། །ཞེས་ངེས་པ་མེད། རང་དགའ་མ་ཡིན་ནམ་སྙམ་ན་མ་ཡིན་ཏེ། དེ་ནི་བླ་མའི་མན་ངག་གི་རྟོགས་ཏེ། ངན་སོང་སྦྱོང་བའི་ཆོ་ག་ལས། བླ་མ་རྡོ་རྗེ་ཅན་དྲིན་གྱིས། །ཞེས་གསུངས་པའི་ཤུགས་ལས་འདིའང་ཤེས་པར་བྱའོ། །དེ་ལྟར་ཀླད་ཀྱི་དོན་བསྟན་ནས། ད་ནི་གཞུང་གི་དོན་བསྟན་ནོ། །དེ་ལ་ཞེས་བྱ་བ་ལ་སོགས་པས། ཐོག་མར་རྟེན་གྱི་གང་ཟག་སྟོན་ཏེ། དེའང་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ཆེན་པོའི་ཆོ་ག་ཞེས་བྱ་བ་ནི་སྨིན་པར་བྱེད་པའི་ཆོ་ག་གང་གིས་སྨིན་པར་བྱ་བ་སྟོན་ཏོ། །དེའང་ཅིའི་ཕྱིར་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་ཞེ་ན། སྔོན་བྱུང་ལ་སྦྱར་བ་དང༌། རྗེས་འཇུག་ལ་སྦྱར་བའོ། །དང་པོའང་འོག་མིན་ལ་སྦྱར་བ་དང༌། རི་རབ་ཀྱི་སྤྲུལ་པ་ལ་སྦྱར་བའོ། །དང་པོ་ནི་འཕགས་པ་ཞེས་ཅིའི་ཕྱིར་བྱ་ཞེ་ན། གཟུང་བ་དང་འཛིན་པ་ལས་རིང་དུ་འཕགས་པའི་ཕྱིར་ཏེ། འོག་མིན་གྱི་ལོངས་སྐུ་ཏིལ་གྱི་གང་བུ་བཞིན་གང་བ་རྣམས་སོ། །གལ་ཏེ་དེ་རྣམས་ལ་མདོ་ནས་དེ་བཞིན་གཤེགས་པ་ཞེས་གསུངས་སོ་ཞེ་ན། བདེན་ཏེ། འཕགས་པ་ཉིད་དེ་བཞིན་གཤེགས་པ་སྟེ། དེ་ཉིད་སྣང་བ་ལས། དངོས་པོ་ཐམས་ཅད་ཀྱི་དོན་ཇི་ལྟར་གནས་པ་དེ་བཞིན་དུ་ཐུགས་སུ་ཆུད་པ་དང༌། དེ་བཞིན་དུ་གཞན་དག་ལའང་སྟོན་པར་མཛད་པས་ཀྱང༌། སངས་རྒྱས་ནི་དེ་བཞིན་གཤེགས་པ་ཞེས་ཀྱང་བྱའོ། །ཞེས་པའོ། །རྡོ་རྗེ་རྩེ་མོ་ལས་ཀྱང་གསུངས་ཏེ། ཆོས་ཀྱི་དེ་ཉིད་ཡང་དག་གནས། །སླར་ཡང་གཞན་དུ་མི་འགྱུར་ལ། །དེ་ཉིད་ལམ་ནི་སྟོན་བྱེད་པ། །དེ་ནི་དེ་བཞིན་གཤེགས་ཞེས་བརྗོད། །ཅེས་པས་སོ། །དེ་ཉིད་ལས། །སངས་རྒྱས་ཀུན་གྱི་དེ་ཉིད་ཆེ། །ཞེས་བྱ་བས་སངས་རྒྱས་སུ་ཡང་བཤད་དེ། རྩེ་མོ་ལས། དེ་ཁོ་ན་ཉིད་གང་རྟོགས་ཤིང༌། །ཆོས་ཀུན་རྟོགས་པ་ཞེས་བྱ་བ། །དེ་ཉིད་རྟོགས་པ་སངས་རྒྱས་བརྗོད། །ཅེས་གསུངས་སོ། །དེ་བས་ན་སངས་རྒྱས་དང་འཕགས་པ་དང༌། དེ་བཞིན་གཤེགས་པ་རྣམས་ངོ་བོ་གཅིག་ལ་ལྟོས་པས་ཕྱེ་བས་ཐ་དད་དེ། འདིར་འཕགས་པར་བཏགས་སོ། །ཚུལ་འདི་ནི་འོག་མ་རྣམས་ལའང་ཤེས་པར་བྱའོ། །དེ་ལྟ་བུའི་འཕགས་པའི་དེ་ཁོ་ན་ཉིད་ནི། རང་གི་སེམས་ཀྱི་ཆོས་ཉིད་ཐོག་མ་དང་ཐ་མ་མེད་པ་སྟེ། བྱང་ཆུབ་སེམས་དཔའ་དོན་གྲུབ་འོག་མིན་ན། མི་གཡོ་བའི་ཏིང་ངེ་འཛིན་ལ་ཞུགས་པ་ལ། ཏ་ཐཱ་ག་ཏ་རྣམས་ཀྱིས་བསྐུལ་བས། དོན་གྲུབ་ཀྱིས་དེ་བཞིན་གཤེགས་པའི་དེ་ཁོ་ན་ཉིད་ཇི་ལྟ་བུ་ལགས། ཇི་ལྟར་བསྒྲུབ་པར་བགྱི། ཞེས་ཞུས་པས། ཏ་ཐཱ་ག་ཏས་རང་གི་སེམས་ལ་རྟོགས་ཤིང༌། རང་བཞིན་གྱིས་གྲུབ་པའི་སྔགས་བཟླ་བ་སྣང་བ་དེའོ། །བསྡུས་པ་ནི་དོན་གྲུབ་གྱིས་བསྒོམས་ཤིང་བཟླས་པ་བྱས་པས། ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་རྟོགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་ཆོས་ཀྱི་སྟོབས་མི་འཇིགས་པ་ལ་སོགས་པ་ཐམས་ཅད་མངོན་དུ་གྱུར་ཏེ། རྟོགས་པ་གཅིག་གི་སྤྱོད་ཡུལ་དུ་གྱུར་པའི་ཆོས་སོ། །རྒྱུད་ནི་འཕགས་པའི་ཡེ་ཤེས་རྒྱུན་ཆགས་པས་ན། རྒྱུད་ཅེས་བྱ་སྟེ། རྩེ་མོ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །ཞེས་སོ། །ཆེན་པོ་ནི་ཐེག་པ་ཆེན་པོའོ། །དེ་ལ་འདིར་འདོང་བས་ཐེག་པ། འབྲས་བུ་གཙོ་ཆེ་བའི་དབང་དུ་བྱས་སོ། །རི་རབ་ཀྱི་དབང་དུ་བྱས་ན་འཕགས་པ་ནི་ལྷ་སོ་བདུན་པའོ། །དེ་ཁོ་ན་ཉིད་དེ་རྣམས་ཀྱི་དེ་ཁོ་ན་ཉིད་མི་མཉམ་པ་མེད་པས་གྲུབ་བཞི་པ་ལ་སོགས་པའོ། །བསྡུས་པའི་དོན་ནི་དེ་ཁོ་ན་ཉིད་ཀྱི་ཡོན་ཏན་ཐམས་ཅད་ལྷ་དང་གཞལ་ཡས་ཁང་དུ་བསྡུས་པའོ། །རྒྱུད་ནི་སྔ་མ་བཞིན་ནོ། །ཆེན་པོ་ཡང་སྔར་བཞིན་ནོ། །དེ་ལྟ་བུའི་སྔོན་བྱུང་གི་རྣམ་ཐར་སྟོན་པའི་གཞུང་གི་ཚོགས་ལ་ཡང༌། འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ཆེན་པོ་ཞེས་བྱའོ། །རྗེས་འཇུག་གི་དབང་དུ་བྱས་ན། འཕགས་པ་ནི་སྔར་བཞིན་ཏེ་སངས་རྒྱས་ཐམས་ཅད་དོ། །དེ་ཁོ་ན་ཉིད་ནི་དེ་རྣམས་ཐོབ་པར་བྱེད་པའི་ལམ་སྟེ་དེ་ཁོ་ན་ཉིད་བཅུའོ། །བསྡུས་པ་ནི་ཐོས་བསམ་གྱི་ཤེས་རབ་ཀྱིས་བསྡུས་པའོ། །རྒྱུད་ནི་སྟོན་པར་བྱེད་པའི་སྒྲའི་ཚོགས་སོ། །ཆེན་པོ་ནི་ཐེག་པ་ཆེན་པོ་སྟེ། འདིས་འདོང་བའི་དོན་གྱིས་ན་ཐེག་པ་སྟེ། ལམ་གཙོ་ཆེ་བའི་དབང་དུ་བྱས་པའོ། །དེ་ལྟར་བཤད་པ་གསུམ་པོ་དེ་ཡང་དང་པོ་ནི་སྦྱོར་བའི་མདོའི་བཤད་པ་ལས་སོ། །གཉིས་པ་ནི་དཀྱིལ་འཁོར་རྒྱལ་མཆོག་ལས། གསུམ་པ་ནི་བསྡུས་དོན་བར་མ་ལས་སློབ་དཔོན་ཉིད་ཀྱིས་བཤད་དོ། །དེ་ལྟ་བུའི་ཆོ་གས་སྨིན་པར་བྱས་པ། གང་ཟག་དངོས་ནི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དམ་ཚིག་ནི་གཉིས་ཏེ། བསྲུང་བ་དང་ཐོབ་པ་ལས་མི་འདའ་བའོ། །བསྲུང་བྱ་ནི་གཉིས་ཏེ། རིགས་ལྔའི་དམ་ཚིག་དང༌། ཕས་ཕམ་བཅུ་བཞིའོ། །ཐོབ་པ་ལས་མི་འདའ་བ་ནི་གསུམ་སྟེ། དཀྱིལ་འཁོར་མ་མཐོང་བ་ལ་མི་སྨྲ་བ་དང༌། ཡེ་ཤེས་དབབ་པ་མི་སྨྲ་བ་དང༌། སློབ་དཔོན་ལ་བརྙས་པ་མི་བྱ་བའོ། །སོགས་པ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་ཐོབ་པའོ། །རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་སོགས་ཁོང་ན་ཡོད་པར་ཅིས་ཤེས་ཤེ་ན། སྟོད་འགྲེལ་ལས། དེ་ལྟར་རང་གི་སློབ་མ་རྣམས་ལ། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་བཤད་ནས་སློབ་དཔོན་དུ་དབང་བསྐུར་བ་རྣམས་དཀྱིལ་འཁོར་བསྒྲུབ་པ་དང༌། རང་གི་ལྷ་སྒྲུབ་པ་འདི་རྣལ་འབྱོར་ཆེན་པོར་བརྗོད་པར་བྱ་སྟེ། ཞེས་དཀྱིལ་འཁོར་བསྒྲུབ་པ་དང༌། རྣལ་འབྱོར་ཆེན་པོ་སློབ་མ་བཀག་ལ། ཆོ་ག་འདི་ནས་བྱུང་བར་ཤུགས་ལས་ཤེས་སོ། །གལ་ཏེ་སློབ་དཔོན་དུ་དབང་བསྐུར་བ་དེ་རང་རྒྱུད་གཞན་གྱི་ཆོ་གའམ་ཞེ་ན། མ་ཡིན་ཏེ། འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་ཆོ་ག་ལ་ཞེས་སྨོས་སོ། །གལ་ཏེ་དེའང་རང་རྒྱུད་ཀྱི་ཆེ་བ་སྨོས་པའམ། འདི་བསྒྲུབ་པ་ལ་ཤེས་པ་ཙམ་གཞན་གྱིས་ཀྱང་ཆོག་གོ་སྙམ་ན་མ་ཡིན་ཏེ། དམ་ཚིག་བསྒྲག་པར་སློབ་དཔོན་གྱིས་གསུངས་ལ། ཕྱི་དང་གསང་བའི་ལྟ་བས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་མཐོང་བ་ལ་དེ་ཉིད་སྨྲ་ཞིང་བཤད་པར་བྱའོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་མ་ཞུགས་ཤིང་མ་མཐོང་བ་རྣམས་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འདི་ལྟ་བུ་ཡིན་ནོ་ཞེས་གཏམ་ཙམ་ཡང་མི་བྱའོ། །གང་གི་ཕྱིར་རྣལ་འབྱོར་དང༌། བྱ་བ་དང༌། གཉིས་ཀའི་རྒྱུད་རྣམས་ལས་འདི་གཙོ་བོ་ཡིན་ནོ་ཞེས་གསུངས་པ་དང༌། ཐམས་ཅད་གསང་རྒྱུད་ལས་ཀྱང༌། རྡོ་རྗེ་དབྱིངས་ཀྱི་དགའ་ཆེན་པོར། །མཁས་པ་གང་ཞིག་དབང་བསྐུར་ཞིང༌། །རྟག་ཏུ་གསང་བའི་ནོར་ལྡན་པས། །དེ་ལ་མཁས་པས་བསྟན་པར་བྱ། །ཞེས་པ་དང༌། རྡོ་རྗེ་དམ་ཚིག་མངོན་པར་འབྱུང་བའི་རྒྱུད་ལས་ཀྱང༌། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་ཞུགས་པ་དང༌། དབང་བསྐུར་བ་ནི་གསང་སྔགས་ཀྱི་ཚུལ་ཐམས་ཅད་ཉེ་བར་སྟོན་པ་ཡིན་གྱི། གཞན་ནི་རང་གི་ཚུལ་སྟོན་པ་ཙམ་ཁོ་ན་ཡིན་ནོ། །ཞེས་གསུངས་སོ། །སློབ་དཔོན་དུ་དབང་བསྐུར་བ་ཉིད་ཀྱི་གང་ཟག་ནི་དཀྱིལ་འཁོར་ཆོ་ག་ཉིད་ནས་འཆད་དོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་ཐབས་ལྷ་སྐུ་ལ་སོགས་པ་རྒྱ་ཆེ་བ་ལ། ཤེས་རབ་སྟོང་ཉིད་ཟབ་མོས་རྒྱས་བཏབ་ནས་བསྒོམ་པ་སྟེ། ཤེས་རབ་ཀྱིས་ནི་ངེས་སེམས་པ། །རྣལ་འབྱོར་རྣལ་འབྱོར་ངེས་སེམས་ཤིང༌། །སེམས་ཅན་ཀུན་གྱི་དོན་སེམས་པ། །དེ་ནི་རྣལ་འབྱོར་བ་དོན་བརྗོད། །ཅེས་རྩེ་མོ་ལས་སོ། །དེ་ལྟ་བུའི་གང་ཟག་དེས་ཉམས་སུ་བླང་བྱ་ནི། དཀྱིལ་འཁོར་ཆོ་ག་སྟེ་སྔར་བརྗོད་པ་བཞིན་ནོ། །བསྡུ་བར་བྱ་ཞེས་བྱ་བ་ལ། གང་བསྡུ་བར་བྱ་ན་དཀྱིལ་འཁོར་གྱི་ཆོ་ག་སྟེ། སློབ་དཔོན་གྱི་ལས་དང༌། སློབ་མ་གཞུག་པ་ལ་སོགས་པའོ། །གང་གིས་བསྡུ་ན་རྡོ་རྗེ་དབྱིངས་ཀྱིའོ། །གང་གི་ཕྱིར་བསྡུ་ན་རྣལ་འབྱོར་པའི་ཕྱིར་རོ། །གང་གིས་བསྡུ་ན་སློབ་དཔོན་གྱིས་སོ། །གང་བསྡུ་ན་སེམས་དཔའ་ཆེ་ཞིང་ཕྱག་རྒྱ་ཆེ་ནས་རྫོགས་པའི་བར་ལའོ། །ཇི་ལྟར་བསྡུ་ན་བསྙེན་པ་དང༌། ས་ཆོག་དང༌། ཀུན་དུ་སྤྱོད་པའི་དམ་ཚིག་གམ་ལྷའི་རྣལ་འབྱོར་བསྟན་པ་ནི། དཀྱིལ་འཁོར་གྱི་ནི་དབུས་ཉིད་དུ། །ཅི་རིགས་པས་ནི་མཆིས་ནས་ཀྱང་ཁོངས་སུ་བསྡུ་བའོ། །སེམས་དཔའ་ཆེ་ཞིང་ཕྱག་རྒྱ་ཆེ། །ཞེས་བྱ་བ་རྐང་པ་དྲུག་གི་ཁོངས་སུ་ལྷའི་རྣལ་འབྱོར་ལ་བྱིན་གྱིས་བརླབ་པ་གསུམ། བསྲུང་པ་དྲུག ལྷག་གནས་བཞི་བསྡུའོ། །སར་པ་བཀལ་ནས་ཀྱང༌། ཞེས་བྱ་བ་ནས། ཟླ་བའི་དཀྱིལ་འཁོར་ལྔས་བརྒྱན་པ། །ཞེས་བྱ་བའི་བར་དུ་ཐིག་དང༌། བགེགས་བཟློག་པ་དང༌། ཕུར་བུ་དབྱུང་བ། སྒོ་དབྱེ་བ་བསྡུའོ། །དབུས་ཀྱི་དཀྱིལ་འཁོར་དབུས་སུ་ནི། །ཞེས་པ་ནས། སེམས་དཔའ་ཆེན་པོ་རྣམས་ཀྱང་བཞག །ཅེས་པའི་བར་དུ་བྲི་ཞིང་ལྷ་དགོད་པའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །ཞེས་པ་ནས། དེ་ལྟར་བགྱིས་ནས་བདག་མིང་བརྗོད། །ཅེས་པའི་བར་དུ་སློབ་དཔོན་བདག་འཇུག་སྔོན་འགྲོ་དང་བཅས་པ་བསྡུའོ། །དེ་ནས་རྡོ་རྗེ་སྒྲུབ་བགྱིད་པ། །ཞེས་པས་རྡོ་རྗེ་བསྒྲུབ་པར་བྱའོ། །རྡོ་རྗེ་སློབ་དཔོན་སེམས་དཔའ་ཆེའི། །ཞེས་པ་བཅིངས་ན་དེའི་དབང་དུ་འགྱུར་གྱི་བར་ཡེ་ཤེས་པ་སྤྱན་དྲངས་ཏེ། སྒྲུབ་པ་ནས་དབང་བསྐུར་གྱི་བར་བསྡུའོ། །དེ་ནས་བདག་ཉིད་ཆེན་པོ་རྣམས། །ཞེས་པ་གསུམ་ལ་མཆོད་པ་རྒྱས་པ་ཐམས་ཅད་བསྡུས་ཏེ། དངོས་འབྱོར། རིག་མ། གསོལ་གདབ། གཏོར་མ། སྦྱིན་སྲེག སློབ་མ་གཞུག་པའི་དོན་དུ་གནང་བ། ཉེ་བར་ནོད་པ་ཡང་བསྡུའོ། །གང་ཟག་བཞི་གཞུག་པར་གསོལ་བ་གདབ་པ་སོང་ནས། དེ་ལ་དང་པོ་ཁོ་ནར་ཞེས་པ་ནས། དེ་བཞིན་གཤེགས་པ་ཉིད་དུ་འགྲུབ་པར་འགྱུར་རོའི་བར་དུ་སློབ་མ་གཞུག་པའི་ཆོས་བདུན་བསྡུའོ། །དེ་ནས་དཀྱིལ་འཁོར་ཆེན་པོ་མཐོང་བའི་འོག་ཏུ། ཞེས་པ་ནས། དམ་ཚིག་མཆོག་གི་མུ་ཏྲ་རྣམས་དགྲོལ་བར་བྱའོ། །ཞེས་པའི་ཁོངས་སུ་སློབ་མ་དབང་བསྐུར་བ་དང༌། དཀྱིལ་འཁོར་གྱི་མཇུག་གི་ཆོ་ག་རྣམས་བསྡུའོ། །གང་ནས་བསྡུ་ན། ཆོ་ག་གཞན་ནམ། རྟོག་པ་གཞན་ནམ། རྒྱུད་གཞན་ནམ། མདོ་གཞན་ནས་བསྡུའོ། །དང་པོའི་དུམ་བུ་དང་པོ་ཉིད་ཀྱིས་གཟུགས་ལ་སོགས་པའོ། །གཉིས་པ་ནི་ཁམས་གསུམ་རྣམ་རྒྱལ་ལ་སོགས་པའོ། །གསུམ་པ་ནི་རྡོ་རྗེ་རྩེ་མོ་ལ་སོགས་པའོ། །བཞི་པ་ནི་གསེར་འོད་དམ་པ་དང༌། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང༌། སྟོང་ཕྲག་ཉི་ཤུ་ལྔ་པ་དང༌། བསྐལ་བ་བཟང་པོ་ལ་སོགས་པ་རྣམས་ནས་བསྡུ་བར་བྱའོ། །བསྡུ་པར་བྱ་བའི་ཚུལ་གཞུང་དང་ཞིབ་ཏུ་སྦྱར་ན། དང་པོར་བདག་མེད་བསྒོམ་པ་སཾ་པུ་ཊ་ལས་ལྕེ་ལག་བྱིན་གྱིས་བརླབ་པ། འཇིག་རྟེན་གསུམ་རྒྱལ་ལས་མེ་ལྟར་འབར་བ་བསྐྱེད་པ། དཔལ་མཆོག་དང་པོ་ལས། ཏི་རིནྟི་རིའི་ཕྱག་རྒྱ་བཅིང་སྔགས་ཁམས་གསུམ་རྣམ་རྒྱལ། ཨོཾ་ཏྲུྃ། རྩེ་མོ་དང༌། འཇིག་རྟེན་གསུམ་རྒྱལ། བགེགས་བསྣུན་སྲེག་བཅིངས་གསུམ་རྩེ་མོ་དཔལ་མཆོག འོག་བཅིང་བའི་ཐོ་རྩེ་མོ། སྔགས་དང་ཕྱག་རྒྱ་འཇིག་རྟེན་གསུམ་རྒྱལ། སྟེང་འོག་ཕྱོགས་བཞི་བཅིང་བའི་ཐོ་རྩེ་མོ། སྔགས་ཕྱག་ཁམས་གསུམ་རྣམ་རྒྱལ་ལས་དང་ཧཱུྃ་མཛད་ཀྱི་རྭ་བའི་ཐོ་རྩེ་མོ། སྔགས་ཕྱག་ཁམས་གསུམ། སྟེང་ཤར་ལན་གཉིས་བཅིང་བ་དང་གོ་རིམ་ངེས་པ་མགོན་པོ་ཀུན་སྣང༌། ཚོགས་རྟེན་སྤྲུལ་པ་ཕན་ཡོན་དང་བཅས་པ་འཇིག་རྟེན་གསུམ་རྒྱལ། དངོས་འབྱོར་པཱུ་ཛ་ཕྱི་མའི་ཕྱི་མ། ཕྱག་རྣམས་རྩེ་མོ། ཕྱི་མའི་ཕྱི་མ། རྡོ་རྗེ་དབྱིངས་རང་སྟེ་གསུམ། རྒྱུན་བཤགས་དང་པཱུ་ཛ་བཅོ་བརྒྱད་སྟོང་ཕྲག་བརྒྱ་པ་ཟེར། གསོལ་གདབ་དང་དགེ་རྩ་བསྔོ་བའང་ཟེར། ཚིག་གི་བསྔོ་བ་གསེར་འོད་དམ་པ། སྡོམ་བཟུང་རྩེ་མོ། ལྷའི་རྣལ་འབྱོར་གྱི་སྔོན་དུ་སྡིག་པ་དྲལ། ངན་སོང་གི་སྡིག་པ་དྲལ་བ་རྩེ་མོ། དམ་ཚིག་གི་ཁུ་ཚུར་བཅིངས་ཏེ་དགྲོལ་བ་འཇིག་རྟེན་གསུམ་རྒྱལ། ངན་འགྲོ་བཀུག་སྟེ་སྡིག་བྲལ་ཁམས་གསུམ་རྣམ་རྒྱལ། ལྷ་རྣམས་ཀྱི་མུ་ཏྲ་དགྲོལ་བ་རྡོར་དབྱིངས། ཐུགས་ཀར་བསྡུ་བ་རྫོགས་ཀ བདག་མེད་བསྒོམ་པ་རྒྱུད་ཕྱི་མ། ཟླ་བ་ཨཱ་ལི་ཀཱ་ལི་ལས་བསྐྱེད་པ་སཾ་པུ་ཊ། ཟླ་བ་གཉིས་ཀ་བསྐྱེད་པའི་རྒྱུ་རང་གི་སྙིང་པོ་ཡིན་པ་དང༌། ཟླ་བ་དང་སྙིང་པོ་འཇིག་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྒྱལ། ཞིག་པ་ལས་རྡོ་རྗེ་རྩེ་ལྔ་པར་སོང་བ་རྒྱུད་ཕྱི། རྡོ་རྗེ་ལས་རྒྱལ་པོ་སོགས་རང་རང་གི་ཕྱག་མཚན་འོང་བ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྒྱལ་དང་རྒྱུད་ཕྱི། དེ་ནས་སྐུ་གསུང་ཐུགས་ཞུགས་པ་སྔོན་བྱུང་བྱང་ཆུབ་པ་བཞི་པ་སྟེ། དེ་ལས་རྡོ་རྗེ་སེམས་དཔའི་སྐུ་ཁོ་ནར་འོང་བ་དཀྱིལ་འཁོར་རྒྱལ། ཕྱི་མའི་ཕྱི་མ། རྩེ་མོ། དེ་ལས་རྒྱལ་པོ་ལ་སོགས་པ་ཕྱི་མ། བྱིན་གྱིས་བརླབ་པ་གསུམ་རྡོ་རྗེ་དབྱིངས་སྙིང་གའི་དཀྱིལ་འཁོར་སཾ་པུ་ཊ། འཇུག་ཅིང་དབང་བསྐུར་བ་དབྱིངས་རང༌། ཅོད་པན་དབང་གི་སྔགས་དང་མུ་ཏྲ་རྟོག་པ་དང་པོའི་གཟུངས། རྡོ་རྗེའི་ཚད་སྟོང་ཕྲག་བརྒྱ་པ། ལུས་ལ་ལྷ་སྒྲུབ་པ་ཕྱི་སྟོང་ཕྲག་བརྒྱ་པ། ལུས་ལ་ཟླ་དཀྱིལ་ལྷ་གནས་སུ་བསྒོམ་པ་སྔོན་བྱུང་ཤུགས་ལ། ས་མ་ཡ་ཨས་ཟླ་བ། རང་སྐད་ཅིག་བསྐྱེད་པ་རྩེ་མོ། མདུན་དུ་བསྐྱེད་པ་ཡེ་ཤེས་གཞུག་པ་ལ་སོགས་པ་རྩེ་མོ། སེམས་དཔའི་ལུས་སུ་བསྒོམ་པ། རྒྱབ་ཏུ་ཟླ་བ། དེ་བསྡུས་རང༌། སྒྲུབ་ཆེན་དབྱིངས་རང༌། རྒྱས་གདབ་རྒྱུད་གཞན་ལས། སེམས་མ་བཞིས་བྱིན་གྱིས་བརླབ་པ་རྒྱུད་ཕྱི་མ་འཇིག་གསུམ། ཏ་ཐཱ་ག་ཏའི་ཟློས་པ་པོ་ལ་དབྱིངས་མས་བརླབ་པ་རྒྱུད་ཕྱི། མུ་ཏྲ་བཞི་རྡོར་དབྱིངས་ཉིད། བདག་ཉིད་ཆེན་པོ་གང་གིས་སོགས་རྟོགས་དང་རང་གི་ཕྱག་རྒྱ་བཞི་པ། ཏ་ཐཱ་ག་ཏ་དང་སེམས་དཔའི་དམ་རྒྱ་བཅིང་བ་རྒྱུད་ཕྱི། ཡི་གེ་བརྒྱ་པ་རྩེ་མོ་དང་དབྱིངས་རང༌། གཞི་ལུས་གཙོར་བྱས་པའི་དབང་བསྐུར་རྒྱུད་ཕྱི། ལྷ་མོ་བརྒྱད་ཀྱི་པཱུ་ཛ་ཡང་རྒྱུད་ཕྱི། གླུ་མཆོད་དཔལ་མཆོག ཨ་ཀཱར་སྟོང་པ་སཾ་ཊ། འབྱུང་བ་རྩེགས་ཐེག་པ་ཆུང་ངུའི་མདོ། གདན་བསྐྱེད་ནས་མི་གཡོ་བའི་ཏིང་ངེ་འཛིན་གྱི་བར་རྩེ་མོ། ཏ་ཐཱ་ག་ཏ་ཐུགས་ཀར་ཞུགས། རྗེས་གནང་བཞིན་བརླབ་པའི་འཇིག་གསུམ། ཏིང་ངེ་འཛིན་གསུམ་གྱི་མིང་རྩེ་མོ། འཁོར་ལོས་སྒྱུར་བའི་དབང་བླང་བ། དགུག་གཞུག གནས་དང་མཆོད་པ་བྱིན་གྱིས་བརླབ་པ། རྩེ་མོ། ཨ་ཀཱར་སྔགས་རྒྱ་འཇིག་གསུམ། མཆོད་ཡོན་གྱི་སྔགས། ཙཀྲ་སྒྱུར་བར་བྱེད་པ་གསང་ཕྱི། མཆོད་ཡོན་མུ་ཏྲ་དཔལ་མཆོག སྒོ་དབྱེ་ཁམས་གསུམ། བསྡུ་བའི་སྔགས་དང་ཕྱག་རྒྱ་མཉམ་སྦྱོར། བགེགས་བསྐྲད་སྲུང་བ་རྩེ་མོ། མཆོད་པ་ལྔའི་སྔགས་རྒྱུད་ཕྱི་མ། རིགས་མ་བཅུ་དྲུག་རྟོག་པ་དང་པོའི་ལས་དཀྱིལ་འཁོར། ཕྱག་རྒྱ་བཞི་བྱ་བ་རྒྱུད་ཕྱི་མ། སྔགས་གསུམ་གྱི་དོན་བསྒོམ་པ་འཇིག་རྟེན་གསུམ་རྒྱལ། ཡང་སྒོ་བ་ཕྱོགས་གཅིག་རྟོག་པ་དང་པོའི་ཆོས་དཀྱིལ་འཁོར་ཟེར། སྒོམ་དང་རྡོ་རྗེའི་ཚིག་གི་བཟླས་པ་ཕྱི་མ། སྐྱོན་བསྟོད་པ་དང༌། མཆོད་པ་དང༌། ཕྱག་ཕྱི་མའི་ཕྱི་མ། སྤྲུལ་པ་ལུས་ལ་བསྡུ་བ། སངས་རྒྱས་ཀྱི་མཛད་པ་དང་ཡི་རང་བ། དཀྱིལ་འཁོར་གྱི་ལས་དང་གླེགས་བམ་བཀླགས་པ་དང༌། ཐུན་བཞི་དང་ཟླ་བ་གཅིག་སོགས་རྩེ་མོ། སྙིང་གའི་དཀྱིལ་འཁོར་བསྒོམ་པའི་བསྙེན་པ་རྟོག་པ་དང་པོའི་ཕྱག་རྒྱ་བཞི་པའི་རང་དབྱིངས་བསྒོམ་པ་ལ་འཛིན། རྣལ་འབྱོར་ཆེན་པོའི་མཚན་ཐོག་ཐག་གི་བསྒོམ་པ་ཕྱི་མའི་ཕྱི་མ། རྡོ་རྗེ་སློང་བའི་སྔགས་ཕྱག་ཁམས་གསུམ་རྣམ་རྒྱལ། མ་གྲུབ་ན་མཚན་ཐོག་ཐག་གི་བརྒྱུད་ཕྱི་མའི་ཕྱི་མ། བསྙེན་པའི་མིང་རྒྱུད་རྩེ་མོ། ཚད་དང་མི་ལྡན་པའི་སྐྱོན་སྦྱངས་དེར་ཤིན་ཏུ་མཉམ་ཞིང་སོགས་རྩེ་མོ། སྦྱིན་སྲེག་གིས་སྦྱང་བ་རྩེ་མོ། ལས་སུ་བྱ་བས་སྦྱང་བ་སྤྱི་རྒྱུད། ཁང་བཟངས་ཀྱི་ས་བཟུང་བ་ཌཱ་ཀ རྒྱན་དང་རྫོགས་པའི་སངས་རྒྱས་ཀྱི་ས་བཟུང་རྣམ་སྣང་མངོན་བྱང༌། མཆོད་པས་ས་བཟུང་དང་དྲིས་བྱུག་རྩེ་མོ། ས་ལ་ལག་པས་རེག་སྟེ། རྡོ་རྗེ་སེམས་དཔའ་དང་ཡི་གེ་བརྒྱ་པ་བཟླ་བ་རྣམ་སྣང་མངོན་བྱང༌། ལུས་དུད། ཁ་ཟས་ཀུན་སྤྱོད་རྡོ་རྗེ་རྩེ་མོ། ལག་པས་ས་ལ་རེག་པ་རྣམ་སྣང་མངོན་བྱང༌། ལྷའི་རྣལ་འབྱོར་བསྒོམ་པའི་རིམ་པ་ཆོས་དྲུག ཏིང་ངེ་འཛིན་ལས་ལངས་ནས་ཏ་ཐཱ་ག་ཏ་ལ་ཕྱག་བྱ་བ། རྡོ་རྗེ་འཆང་གི་མཚན་གྱི་རྣམ་གྲངས་ཀྱིས་བྱིན་གྱིས་བརླབ་པ་རྩེ་མོ། མིག་བྱིན་གྱིས་བརླབ་པའི་ཐོ་རྡོ་རྗེ་རྩེ་མོ། བྱིན་གྱིས་བརླབ་པ་རང་རྟོག་པ་དང་པོའི་གཟུངས་དཀྱིལ་འཁོར། སྲུང་བའི་འཁོར་ལོས་སྲུང་བ་རྩེ་མོ། གསང་བའི་དཀྱིལ་འཁོར་དགུག་པ། རྡོ་རྗེ་རྒྱུའི་ལས་རྒྱའི་བྱིན་གྱིས་བརླབ་པ་རྩེ་མོ། ཕུང་པུས་སྲུང་བའི་ཐོ་རྡོ་རྗེ་རྩེ་མོ། སྔགས་ཁམས་གསུམ་རྣམ་རྒྱལ། བསང་ཆུའི་བུམ་པས་སྲུང་བ། སྔགས་དང་མུ་ཏྲས་སྲུང་བ་རྩེ་མོ། དཀྱིལ་འཁོར་བརྟགས་ཏེ་དྲིས་བྱུགས་པ། དྲིའི་ཐིག་ལེ་བྱས་ཏེ་ལྷ་ལྷག་གནས། བུམ་པ། སྦྱིན་སྲེག་ལྷག་གནས། གཏོར་མ་དང་མཆོད་པ་རྣམ་སྣང་སྒྱུ་དྲྭ། སློབ་མ་ཁྲུས་སོགས་བྱས་ཏེ་གསོལ་བ་གདབ་པ་རྩེ་མོ། རྣ་བ་གཏད་པར་བསྐུལ་བ། སྡིག་བཤགས། ཡི་རང༌། སྐྱབས་འགྲོ་སེམས་བསྐྱེད་སྟོང་ཕྲག་བརྒྱ་པ། དགེ་རྩ་བསྔོ་བ་སྟོང་ཕྲག་ཉི་ཤུ་ལྔ་པ། སེམས་བསྐྱེད་དེ་བྱིན་གྱིས་བརླབ་པ། མཆོད་པའི་རྗེས་གནང་སྒྱུ་འཕྲུལ་དྲྭ་བ། སོ་ཤིང༌། ཀུ་ཤ། གསང་བ་སྤྱི་རྒྱུད། མངོན་བྱང་ན་ཡང་ཡོད། སྲུང་སྐུད་མངོན་བྱང༌། ཟབ་ཅིང་རྒྱ་ཆེ་བའི་ཆོས་མངོན་བྱང༌། སྒྱུ་དྲྭ། གཟེངས་བསྟོད་སྲད་བུ་བྱིན་རླབས། དྲིས་བྱུག མེ་ཏོག་གིས་མཛེས་པར་བྱ་བ་སྒྱུ་དྲ། བར་སྣང་ལ་བཞུགས་པའི་རིགས་ཐམས་ཅད་ལ་མཆོད་པ་སྤྱི་རྒྱུད། མིག་བྱིན་གྱིས་བརླབས་ཏེ་དཀྱིལ་འཁོར་བརྟག་པ། སྲད་བུ་སྦྱང་བ། སློབ་དཔོན་གཙོ་བོའི་ང་རྒྱལ་དུ་བྱས་ཏེ། གྲོགས་སྤྲུལ་པ། གདབ་པའི་ཐབས་ཀྱི་གོ་རིམ་མགོན་པོ་ཀུན་སྣང༌། སྐོར་ཕྱོགས་སུ་འགྲོ་བ་སྤྱི་རྒྱུད། ཆའི་དབྱེ་བ་ཞིབ་མོ་ནང་གི་དཀྱིལ་འཁོར་རྩེ་མོ། ཕུར་བུས་བགེགས་བཟློག་ལོག་ནོན་དང་བཅས་པ་སྒྱུ་དྲྭ། རླུང་དང་ཆུའི་བགེགས་བཟློག་པ་མངོན་བྱང༌། སྒྱུ་དྲྭ་ནའང༌། གཤིན་རྗེ་གཤེད་ཀྱི་བགེགས་བཟློག་ལོག་ནོན་དང་བཅས་པ་འཇམ་དཔལ་ཞལ་བཞི་པའི་རྒྱུད་ལས། ཧཱུྃ་མཛད་ཀྱི་བགེགས་བཟློག་རྣམ་སྣང་མངོན་བྱང་ལས། རྣམ་སྣང་སྦྱོར་བས་མེ་བགེགས་བཟློག་པ་དང༌། མངོན་སྤྱོད་ཀྱི་སྦྱིན་སྲེག་གིས་བཟློག་པ་མངོན་བྱང༌། ཕུར་བུ་དབྱུང་བ་སྒོ་དབྱེ་བ། ཚོན་བྱིན་རླབས་ཀྱི་སྔགས་ཕྱག བྲི་བའི་སྔགས་ཁམས་གསུམ་རྣམ་རྒྱལ། བྲི་བའི་རིམ་པ་དང་ཕྱོགས་ཚོན་རྡོ་རྗེ་རྩེ་མོ། རྡོ་རྗེ་ཤུགས་ཀྱི་སྔགས་དང་ཕྱག་རྒྱ་ཁམས་གསུམ་རྣམ་རྒྱལ། ཏ་ཐཱ་ག་ཏ་ལྔའི་སྐུ་མདོག་དང༌། བཞུགས་ཚུལ་རྡོ་རྗེ་རྩེ་མོ། བསྐལ་བཟང་བཞིས་སྟོང་དུ་མ་ཚང་བ་རྡོ་རྗེ་རྩེ་མོ། བཅུ་དྲུག་སྒྱུ་དྲྭ། དཀྱིལ་འཁོར་གྱི་རྫས། མཆོད་པའི་རྫས་སྒྲུབ་པ་ཕྱག་ན་རྡོ་རྗེ་དབང་བསྐུར་བ། སྒྲུབ་པའི་རྫས་མདོ་བཞི་བཀླག་པ། གསང་བ་སྤྱི་རྒྱུད་ན་ཡང་ཡོད། དྲིས་བྱུག མེ་ཏོག་སིལ་མ་དགྲམ་པ། དགོངས་ཀ་འཇུག་པ་གསང་བ་སྤྱི་རྒྱུད། དགོངས་ཀ་འཇུག་པ་རྩེ་མོ་ནའང་ཡོད། ལྷག་ཆད་བསྐང་ཞིང་གནང་བ་ནོད་པ་རྩེ་མོ། སྒོ་དབྱེ་བ་རྣམ་རྒྱལ། བུམ་པ་དབུལ་བའི་འཇུག་པའི་སྒོའི་བུམ་དཀྱིལ་གྱི་ལྷ་ལ་མཆོད་པ་ནས། སྡོམ་པ་བཟུང་པའི་བར་དུ་བྱ་བ། དགུག་གཞུག་རྗེས་ཀྱི་བགེགས་བསྐྲད་དངོས་སུ་འབྱོར་བའི་མཆོད་པ་རྒྱས་པ་རྩེ་མོ། ཕྱི་རོལ་གྱི་གཏོར་མ་སྦྱིན་པ། གཏོར་མའི་རྒྱུ་གསང་བ་སྤྱི་རྒྱུད། ཕྱོགས་སྐྱོང་ལ་སྔགས་དང་ཕྱག་རྒྱས་བཏང་བ་ལེགས་གྲུབ། ཚིགས་བཅད་དཔུང་བཟང༌། སྦྱིན་སྲེག་གི་ཐོ་དང་གནང་བ་ཉེ་བར་ནོད་པ་རྩེ་མོ། སྡོམ་ལྡན་སློབ་དཔོན་དུ་དབང་བསྐུར་བ་འོས་པར་བྱས་ཏེ་གསོལ་བ་གདབ། ཆས་སུ་བཅུག་སྟེ་སྡིག་པ་བཤགས་པ་ལ་སོགས་པས་རྒྱུད་སྦྱོང་བ་སྡོམ་པ་འཛིན་པ་ལ་བྱ་བའི་ཆོས་རྣམས་རྩེ་མོ། སེམས་བསྐྱེད་པ་དཔལ་མཆོག རྡོ་རྗེ་སེམས་དཔར་བསྐྱེད་དེ་མཆོད་པ། ཆས་སུ་བཅུག་སྟེ་ཡོན་མཆོག་བླང་བ། ཕྱི་རོལ་ན་གནས་པའི་བུམ་ཆུས་དབང་བསྐུར་བ། སྒོ་བ་བཞིའི་སྔགས་ཀྱིས་སྒོ་བཞི་ནས་འཇུག་པ། སླར་ཡང་ཤར་སྒོ་ནས་འཇུག་པ་རྩེ་མོ། ཡེ་ཤེས་དབབ་ཐབས་དང་པོ་སྒྱུ་དྲྭ། རྣམ་སྣང་མངོན་བྱང་ཡང་ཟེར། དབབ་ཐབས་གསུམ་པ་སྒྱུ་དྲྭ། མངོན་བྱང་ཟེར། བཞི་པ་ཁམས་གསུམ་རྣམ་རྒྱལ། དབབ་པ་བརྟན་པར་བྱ་བ་རྩེ་མོ། ཐུན་མོང་དུ་རང་ལྷའི་རྟེན་ལ་དབང་བསྐུར་བ་རྡོ་རྗེ་དབྱིངས་ན་མེད་པ་རྣམས། དབང་སྟེགས་ན་བཞག་པ་དང་མཆོད་པ་ནས་བཀྲ་ཤིས་ཀྱི་བར་རྣམ་སྣང་མངོན་བྱང༌། རྡོ་རྗེ་སེམས་དཔའི་སྐུ་གཟུགས་སྤྱི་བོར་བཞག་ནས་སྔགས་བརྗོད་པས་རྡོ་རྗེ་སློབ་དཔོན་དུ་གྱུར་པ་འཇིག་རྟེན་གསུམ་རྒྱལ། དཀྱིལ་འཁོར་གྱི་དེ་ཉིད་རྡོ་རྗེ་རྩེ་མོ་དང་དཔལ་མཆོག ལྷའི་དེ་ཉིད་རྩེ་མོ། དབང་སྟེགས་ཀྱི་དཀྱིལ་འཁོར་བྲིས་ཏེ་མཆོད་པ་མངོན་བྱང༌། བཀྲ་ཤིས་ཀྱི་ཚིགས་བཅད་བཀྲ་ཤིས་ཀྱི་མདོ་ལས་ཕྱུང༌། རིམ་པ་བར་མ་ལས། ཁྱད་པར་སྒེག་མོ་སོགས་བརྒྱད་ཀྱི་མཆོད་པ། མིག་ཐུར་མེ་ལོང་དང་པོ། རྣམ་སྣང་མངོན་བྱང༌། མིག་ཐུར་སྒྱུ་དྲྭ་ནའང་ཡོད། དྲིལ་བུ་དཔལ་མཆོག མདའ་གཞུ་མེ་ལོང་གཉིས་པ་སྒྱུ་དྲྭ། སྤྱིར་རྗེས་སུ་གནང་བ་མངོན་བྱང༌། བྱེ་བྲག་ཏུ་རྗེས་སུ་གནང་བ་སངས་རྒྱས་ཀྱི་མཛད་པ། རྗེས་སུ་ཡི་རང་བའི་རྟོག་པ། ལུང་བསྟན་གཟེངས་བསྟོད་དཔལ་མཆོག དཔལ་གསང་བའི་ཡེ་ཤེས་རྟོག་པ་དང་པོའི་ཕྱག་རྒྱ་གཅིག་པ། དཀྱིལ་འཁོར་ཕྱགས་པ་དམན་པ་ཆུ་བོར་དོར་བ་གསང་བ་སྤྱི་རྒྱུད། ཕུར་བུ་དབྱུང་བ་ཁམས་གསུམ་རྣམ་རྒྱལ། སྤྱན་གྱིས་སྔགས་ཀྱིས་ཕུར་བུ་བཀྲུ་བ་སྒྱུ་འཕྲུལ་དྲྭ་བ། སྦྱིན་སྲེག་གིས་བཀྲུ་བ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ནས་བསྡུས་སོ། །མངོན་རྟོགས་གང་ནས་བསྡུས་པ་བསྟན་ཟིན་ཏོ།།  །།གཞུང་གི་དོན་ལ་དང་པོར་སྔོན་དུ་བསྙེན་པ་སྟོན་ཏོ། །དེ་ལའང་གཉིས་ཏེ། དཀྱིལ་འཁོར་བསྒོམ་པའི་བསྙེན་པ་དང༌། རང་གི་ལྷ་སྒྲུབ་པ་རྣལ་འབྱོར་ཆེན་པོའི་བསྙེན་པའོ། །དང་པོ་ལའང་གཉིས་ཏེ། རྒྱས་པའི་ཏིང་ངེ་འཛིན་གསུམ་བསྒོམ་པའི་བསྙེན་པ་དང༌། བསྡུས་པ་སྙིང་གའི་དཀྱིལ་འཁོར་བསྒོམ་པའོ། །དང་པོ་ལ་གཉིས། བདག་ཉིད་རྫོགས་པར་བྱ་བ་དང༌། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་དངོས་སོ། །དང་པོ་ལ་བཞི། སྔོན་དུ་འགྲོ་བ་དང༌། སྡོམ་པ་བཟུང་པ་དང༌། གཟུགས་བརྙན་གྱི་སྦྱོར་བ་དང༌། རྣལ་འབྱོར་ཆེན་པོའོ། །དང་པོ་ལ་ལྔ་སྟེ། ནང་གི་ཁྲུས་བྱ་བ་དང༌། ལྕེ་ལག་བྱིན་གྱིས་བརླབ་པ་དང༌། བསྲུང་བ་བསྒོམ་པ་དང༌། ཚོགས་བསག་པ་དང༌། སྡོམ་པ་གཟུང་བའོ། །དང་པོ་ནི་ཐོ་རངས་ལ་སོགས་པའི་དུས་སུ། དངོས་སུ་འབྱོར་པའི་མཆོད་པ་ཡོད་ན་གཡས་སུ་མཆོད་པ་ལྔ། གཡོན་དུ་ཆུ་གསུམ་བཤམ་མོ། །དེ་ནས་བདག་མེད་པར་བསྒོམ་པ་ནི་གང་ཟག་དང་ཆོས་ཀྱི་བདག་གིས་སྟོང་པ་སྟེ། དང་པོ་ཐ་མལ་གྱི་ཕུང་པོས་སྟོང་པ་མེ་ཏོག་ཕོག་པའི་ལྷའི་ང་རྒྱལ་བསྒོམ་པར་བྱའོ། །དེ་གཞུང་འདི་ན་མེད་ཀྱང་བླ་མའི་མན་ངག་གིས་དཔལ་མཆོག་གི་ཁུངས་དྲངས་པ། ཀུན་བཟང་དེ་བཞིན་ཐམས་ཅད་བྱེད། །སྤྱོད་པ་ཅི་དགའ་འདོད་པར་བྱེད། །ལངས་པ་དང་ནི་འཆག་པ་དང༌། །དགོད་དམ་རབ་ཏུ་སྨྲ་ཡང་རུང༌། །དབང་པོ་གང་དང་གང་ལམ་གྱུར། །དེ་དང་ཡི་ངོ་བོར་བྱ། །ཞེས་སོ། །དེ་ནས་ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། ཞེས་བརྗོད་དེ་བདག་མེད་བསྒོམ་མོ་ཞེས་གསུངས་སོ། །ཕྱིའི་ཆུའི་ཁྲུས་ལ་སློབ་དཔོན་གྱིས་དེ་ཉིད་སྣང་བའི་དོན་གྲུབ་ཀྱི་དཀྱིལ་འཁོར་ཆེན་པོའི་འགྲེལ་པ་ལས་སློབ་དཔོན་རྣམ་པར་རྟོག་པ་ཤས་ཆེ་ན་བྱ་བར་བཤད་ལ། ཆུང་ན་མི་དགོས་པར་བཤད་པས་འདིར་བྱ་མི་དགོས་སོ། །གཉིས་པ་བྱིན་གྱིས་བརླབ་པ་ལ་རྡོ་རྗེ་ཐིམ་པ་དང༌། དེ་བཞིན་གཤེགས་པའི་གསུང་གི་འོད་ཟེར་དགུག་པ་བྱའོ་ཟེར་བ་ཡོད་དེ་འདིར་མི་དགོས་ཏེ་མ་གསུངས་སོ། །བསྲུང་བ་བསྒོམ་པ་ལ་གསུམ། བདག་བསྲུང་བ་དང༌། བགེགས་གཞོམ་པ་དང༌། སྲུང་བའི་འཁོར་ལོ་བསྒོམ་པ་དངོས་སོ། །དང་པོ་ལ་གསུམ། རང་མེ་ལྟར་འབར་བར་བསྐྱེད་པ་དང༌། དབང་བསྐུར་བ་དང༌། གོ་བགོ་བའོ། །དང་པོ་ནི་རང་ལྷའི་ང་རྒྱལ་དང་ལྡན་པས་ཧཱུྃ་ཞེས་སེམས་ཀྱི་སྣང་བ་ལ་བརྗོད་པ་ཙམ་གྱིས་མེ་ལྟར་འབར་བར་བསྒོམས་ཏེ། དཔལ་མཆོག་རྩ་བའི་རྒྱུད་ཕྱི་མའི་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ནས། དེ་ལ་མེ་ལྟར་འབར་བ་སྐུ་མདོག་སྔོན་པོ་ཞལ་ཁྲོ་བ་དང་བཅས་པས་བཞད་པ། མཆེ་བ་ཅུང་ཟད་གཙིགས་པ། གཡོན་པས་རྡོ་རྗེ་ཁུ་ཚུར་དྲིལ་བུ་དང་བཅས་པ་སྙེམས་པའི་ཚུལ་གྱིས་འཆང་བ། གཡས་པས་ཁྲོ་བོའི་རྡོ་རྗེ་བླངས་ཏེ་དྲེགས་པས་གསོར་བར་བརྩོན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། འབར་བའི་ཕྲེང་བ་འཁྲུག་པ་ཅན། འོད་ཟེར་འབར་བ་ཀུན་ཏུ་འཁྲུག་པ། སངས་རྒྱས་ལྔའི་རྡོ་རྗེའི་ཕྲེང་བའི་ཅོད་པན་གྱིས་དབང་བསྐུར་བ། ཁྲོ་གཉེར་དང་བཅས་ཤིང་ཁྲོ་བོའི་ལྟ་བས་གཟིགས་པའོ། །ཞེས་གསུངས་པས་དེ་ལྟ་བུ་རང་བསྒོམ་པའོ། །ཇོ་བོའི་སྐུ་ཚེ་སྟོད་ཀྱི་བཤད་པ་མེ་ལྟར་འབར་བ་དང༌། ཁམས་གསུམ་རྣམ་རྒྱལ་དང༌། ཧཱུྃ་ཀ་ར་དང༌། ཏི་རིནྟི་རི་བཞི་འདྲ་བར་བྱས་ནས། རབ་ཞལ་གསུམ་ཕྱག་དྲུག འབྲིང་བཞི་པ། ཐ་མ་ཞལ་གཅིག་ཕྱག་གཉིས་པར་བྱེད་ཟེར་ཏེ་མ་ཡིན་ནོ། །བཞུགས་སྟབས་ནི་བགེགས་བསྐྲད་པའི་དུས་སུ་གཡོན་བརྐྱང་དུ་བསྒོམ་གསུང༌། སྤྱིར་ཁྲོ་བོ་མང་ཡང་སྲུང་འཁོར་ལ་འདི་ཤེས་དགོས་པ་ཡིན་ནོ། །དེ་ནས་ཨོཾ་གྲྀཧྞ་ཞེས་བྱ་བ་ནི་ཕྱག་རྒྱ་བཅིང་བའི་སྔགས་ཏེ། དེ་བརྗོད་ཅིང་ཕྱག་རྒྱ་བཅིངས་ན་བྱིན་རླབས་ཆེ་སྟེ། དཔེར་ན་མཆོད་རྟེན་འདེབས་པ་དང་འདྲའོ། །ཁ་གཅིག་སྔགས་འདིས་མེ་ལྟར་འབར་བའི་གནས་བཞིར་བྱིན་གྱིས་རློབ་པའོ་ཟེར་ཏེ་མ་ཡིན་ཏེ། རྡོ་རྗེ་ཕྲེང་བའི་དབང་བསྐུར་བ་ནི་གནས་ལྔ་པོ་དེར་རྡོ་རྗེ་རྩེ་ལྔ་པ་འགྲེང་བུ་རེ་བསྒོམས་ལ། དེ་རྣམས་ཀྱི་སྟེང་དུ་དེ་བཞིན་གཤེགས་པ་ལྔ་སྐུ་མདོག་དང་ཕྱག་རྒྱ་དང་བཅས་པ་བསྒོམ་མོ། །ཨོཾ་ཏྲུཾ་གིས་གོ་བགོ་བ་ནི། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། འོག་སྙིང་གའི་དཀྱིལ་འཁོར་ནས་བཤད་པའི་གནས་དགུར་མདུད་ཅིང༌། སེམས་ཀྱིས་དར་དཀར་པོ་ཞེང་དུ་ཁྲུ་གང་ལ། དཀྱུས་སུ་ཁྲུ་ཉི་ཤུ་རྩ་ལྔ་པས་གནས་དགུར་མདུད་པ་བྱས་པའི་རྗེས་ལ་ཅོད་པན་གྱི་རྩ་བ་ནས་ཕར་བཅིངས་ཏེ། རྣ་བ་གཉིས་ཀྱི་སྟེང་ནས་ཡར་སོར་བཞི་ཙམ་ཁྱུང་གཤོག་ལྟ་བུར་བྱུང་ནས་ལྷག་མ་མར་ལུས་དང་མཉམ་པར་བསྒོམ་པའོ། །རྩེ་མོ་ལས། དོན་ཀུན་རབ་ཏུ་སྒྲུབ་བྱེད་པའི། །ཡིད་གཉིས་གོ་ཆ་བཟང་པོ་ཡིན། །ཞེས་པའོ། །ཁ་ཅིག་ཧཾ་ཀཾ་གིས་སྲུང་བ་ལ་སོགས་པ་བྱེད་དེ། ཆོ་ག་གཞན་གྱིས་འཆུགས་པས་མ་ཡིན་ནོ། །དེ་ལྟར་བདག་ཉིད་ཕུན་སུམ་ཚོགས་པར་བྱས་ནས། བགེགས་གཞོམ་པ་ནི་སྔགས་དང་ཕྱག་རྒྱ་ཙམ་གྱིས་བྱ་བར་བཞེད་དོ། །རྡོ་རྗེ་རྩེ་མོ་ལས། བགེགས་བཅིང་བ་ནི་ཇི་ལྟར་ལགས། །རྡོ་རྗེ་ཁུ་ཚུར་རབ་འབར་དང༌། །རྡོ་རྗེ་ཉི་མ་ལྟར་འབར་དང༌། །རྡོ་རྗེ་སྤྱན་གྱི་ཕྱག་རྒྱ་ཡིས། །བགེགས་བཅིང་བ་ནི་བརྟན་པར་འགྱུར་ཞེའོ། །ཁ་ཅིག་བགེགས་གཞོམ་པ་ལ་ཐུགས་ཀ་ནས་ཁྲོ་བོ་སྤྲོའོ། །ཞེས་གསུངས་ཏེ། པྲ་ཛྙཱ་པ་ལི་ཏའི་གཞུང་འཆུགས་པ་ཡིན་ནོ། །སྲུང་བའི་འཁོར་ལོའི་སྐབས་སུ་སྔགས་དང་ཕྱག་རྒྱ་གཞུང་ན་གསལ། སེམས་ཀྱི་དམིགས་པ་རྡོ་རྗེའི་རྭ་བ་ཟླུམ་པོར་བསྐོར་བར་བསྒོམས་ཏེ། གཙུག་དགུ་ལས། ཀུན་ནས་ཡོངས་སུ་ཟླུམ་པོར་ནི། །རྭ་བ་དྲྭ་བ་བྱས་ནས་ཀྱང༌། །ཞེས་སོ། །རྡོ་རྗེའི་རྣམ་པར་བསྒོམ་པ་ཡང༌། དཔལ་མཆོག་དུམ་བུ་གཉིས་པ་ལས། བཅིང་བ་དང་བསྲུང་བ་བྱ་བ་ལ། དཀྱིལ་འཁོར་ཐམས་ཅད་བཅིང་བ་ལ་རྭ་བའི་འོག་གི་ཆ་རྡོ་རྗེར་བྱའོ། །མཚམས་བཅིང་བ་ལ་ནི་མངོན་པར་འདོད་པའི་ཆ། ཀུན་ནས་རྡོ་རྗེ་ཕྲེང་བས། ཀུན་ནས་ཡོངས་སུ་བསྐོར་བའོ། །ཕྱོགས་བཅིང་བ་ལ་ནི་ལྷའི་ཁང་པའི་ནང་དུ་ཆུད་པར་བྱས་ནས་ཕྱོགས་བཅུར་རྡོ་རྗེའི་མེ་འབར་བར་བསྐྱེད་པ་སྟེ། འདི་དག་གིས་དཀྱིལ་འཁོར་ཐམས་ཅད་དང་ཕྱོགས་མཚམས་བཅིངས་པས་བསྲུང་བ་ནི་དཀྱིལ་འཁོར་གཞན་དུ་ཡང་བྱ་བ་ཡིན་ནོ། །ཞེས་སློབ་དཔོན་ཉིད་ཀྱིས་བཤད་དོ། །ཁ་ཅིག་སྔགས་དང་ཕྱག་ཕྱག་རྒྱ་ཙམ་ཡིན་ནོ་ཞེས་སྨྲ་བ་དང༌། ཁྲོ་བོ་ཡིན་ནོ་ཞེས་ཟེར་བ་དང༌། རྣམ་པ་མ་ངེས་ཏེ་ལེབ་ལེབ་པོས་བཀབ་པའོ་ཞེས་འདོད་པ་དེ་རྣམས་ཀྱང་བསལ་བ་གྲུབ་བོ། །སྤྱིར་བཅིང་བ་ཞེས་བྱ་བ་ནི། བགེགས་ཀྱི་བར་དུ་གཅོད་པ་བཅོམ་སྟེ། དེ་ཡང་ཕྱོགས་ནི་ཇི་ལྟར་བཅིང་བ་ཡིན། །མེ་ལྷ་རྒྱལ་ཆེན་ཤར་ཕྱོགས་སུ། །ལྷོ་ཕྱོགས་སུ་ནི་གཤིན་རྗེ་དང༌། །ནུབ་ཏུ་རླུང་ལྷ་ཉིད་དང་ནི། །བྱང་དུ་ཆུ་ལྷ་གཞོམ་པར་འདོད། །རྣལ་འབྱོར་པ་ཡི་གཟུགས་བཞི་ནི། །ཕྱོགས་བཞི་དག་ཏུ་ངེས་པར་བཅིང༌། །ཞེས་སོ། །དེ་ལྟར་སྟེང་དང་ཤར་དུ་བཞི་རིམ། ཕྱོགས་མཚམས་གཞན་དུ་སུམ་རིམ། འོག་རྐྱང་པའམ་ཉིས་རིམ་དུ་བསྒོམ་པའོ། །དེ་ལྟར་སྲུང་བའི་འཁོར་ལོ་བྱས་ནས། ཚོགས་བསགས་པ་བྱ་སྟེ། དེའང་རང་ལྷའི་ང་རྒྱལ་དུ་འཕོས་ཏེ། འོག་ནས་བདག་མིང་འདི་ཞེས་བགྱི་བ། ཞེས་ཟེར་བས་སོ། །དེ་ལ་དང་པོ་ཚོགས་ཀྱི་རྟེན་སྤྲུལ་པ་གཞུང་ན་ཡོད་ཀྱང༌། དངོས་སུ་འབྱོར་པའི་མཆོད་པ་ཡོད་ན། འདིར་བསང་ཞིང་བྱིན་གྱིས་བརླབ་པར་བྱ་སྟེ། དཔེར་ན་གཡོས་ཟིན་ནས་མགྲོན་སྤྱན་འདྲེན་པ་དང་འདྲའོ། །དེ་ནས་སྔགས་དང་ཕྱག་རྒྱ་དང་བཅས་པས་སྲུང་འཁོར་གྱི་ནང་དུ་སྨིན་མཚམས་ཀྱི་ཐད་ཀ་ཙམ་དུ་མངོན་སུམ་ལྟ་བུར་བྱས་ཏེ། ཕྱག་རྒྱ་ཁའི་ཐད་ཀར་བཞག་ལ། ལྷ་རེ་ལ་དམིགས་ལ་སྔགས་རེ་བཟླས། དེ་ལྟ་བུ་ལན་གསུམ་ལ་སྒོ་གསུམ་བོར་བས་བརྒྱ་རྩ་བརྒྱད་དུ་འགྱུར་རོ། །དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱེད་ཡིན་ཞེས་བྱ་བ་ནི། སྔགས་དང་ཕྱག་རྒྱ་འདིས་ཐམས་ཅད་བསྒྲུབ་ནུས་ཞེས་བྱ་བའི་ཐ་ཚིག་གོ །ཁ་ཅིག་དུམ་བུ་དང་པོའི་དཀྱིལ་འཁོར་སྤྲུལ་ལོ་ཞེས་ཟེར་ཏེ་མ་ཡིན་ནོ། །ཡང་རྡོ་རྗེ་དབྱིངས་ཉིད་ལ་ཡང་དཀྱིལ་འཁོར་ཐམས་ཅད་ཀྱི་མིང་གདགས་ཏེ། མི་གཡོ་བ་ཡི་དཀྱིལ་འཁོར་དུ། །རྡོ་རྗེ་འཛིན་སོགས་མཉམ་པར་བཞག །ཅེས་བྱ་བ་ལ་སོགས་པས་སོ། །ཞེས་གསུངས་ཏེ་ལེགས་པ་མ་ཡིན་ནོ། །དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། །ཞེས་བྱ་བའང་སྔར་ཞུགས་ཟིན་པ་རྣམས་ལ་དེ་ལྟ་བུའི་བྱིན་རླབས་དང་ལྡན་ཞེས་བྱ་བ་ཡིན་ནོ། །དེ་བས་ན་དཔལ་མཆོག་ནས་རབ་ཏུ་གནས་པར་འགྱུར་བར་བཤད་དོ། །དཔེར་ན་ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལས་མཆོད་རྟེན་གྱི་དྲུང་དུ་སྔགས་སྟོང་བཟླས་ན། རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་ཐོབ་པར་འགྱུར་རོ། །ཞེས་ཆེ་བ་བརྗོད་པ་ཙམ་ཡིན་གྱི། ཇོ་བོ་རྗེ་ན་རེ་སྔགས་ལ་ཡངས་པར་བཀྱེ་ན་འདི་ལྟར་ཞེས་གསུངས་ཏེ་ལེགས་པར་མ་མཐོང་ངོ༌། །དེ་ལྟར་ཚོགས་ཀྱི་རྟེན་སྤྲུལ་ནས། ཚོགས་བསག་པ་དངོས་ནི་བཞི་སྟེ། མཆོད་པ་དང༌། ལུས་འབུལ་བ་དང༌། གསོལ་བ་གདབ་པ་དང༌། དགེ་བ་བསྔོ་བའོ། །སྔ་མ་ལ་གཉིས་ཏེ། དངོས་སུ་འབྱོར་བའི་མཆོད་པ་དང༌། སྔགས་དང་ཕྱག་རྒྱའི་མཆོད་པའོ། །སྔ་མ་ནི་སྔགས་བརྗོད་ཅིང་དངོས་སུ་དབུལ་བ་སྟེ། དབུལ་བའི་གོ་རིམ་འོག་ནས་འབྱུང་བ་བཞིན་དུ་དབུལ་ལོ། །སྔགས་དང་ཕྱག་རྒྱའི་མཆོད་པ་ལ། དང་པོར་ཕྱག་གྱི་མཆོད་པའི་སྐབས་སུ་དཀྱིལ་འཁོར་ལྔ་པ་དང་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ནས། ཡན་ལག་ལྔ་ལ་བཤད་དོ། །ཨོཾ་ཞེས་བྱ་བ་ནི། མཆོག་དང་ནོར་སྟེར་དཔལ་དང་གཡང༌། །སྐལ་བཟང་རྣམ་པ་དང་ལྡན་ཞིང༌། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་བྱའོ། །ལུས་ངག་ཡིད་སྤྱིའི་ཕྱག་གི་དོན་ནི། ཐུབ་པ་ཀུན་གྱི་ཉི་མ་ཡི། །མགོན་པོ་ཆེན་པོར་རབ་བཏུད་ནས། །ཕྱོགས་རྣམས་ཀུན་དུ་སྔགས་འདི་ཡིས། །ཕྱག་ནི་རབ་ཏུ་བཙལ་བར་བྱ། །དེའི་ཕན་ཡོན་ནི། ཇི་སྐད་བཤད་པའི་ཕྱག་བྱ་བ། །སངས་རྒྱས་ལ་དམིགས་སེམས་ཀྱིས་སུ། །རབ་ཏུ་གུས་བཅས་ཕྱག་རྒྱ་རྣམས། །མྱུར་དུ་བསྙེན་པའི་སྒྲུབ་པ་ཡིན། །ཞེས་སོ། །ཕྱག་བཞིའི་དང་པོའི་དོན་ནི། ཐབས་དང་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སྟེ། ཨོཾ་ཞེས་བྱ་བ་ནས། ནིརྻ་ཏ་ཡཱ་མི་ཞེས་བྱ་བའི་བར་གྱི་དོན་དྲན་པར་བྱས་ལ། བཛྲ་སཏྭ་ཞེས་བྱ་བ་ནི། ཀྱེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའ་ཁྱོད་ཀྱི་བྱིན་གྱིས་རློབས་ཤིག ཅེས་བོས་ནས། སེམས་ཀྱིས་མི་བསྐྱོད་པའི་མདུན་གྱི་སེམས་དཔའ་དེ། མར་མེ་གཅིག་ལས་གཅིག་ཆད་པའི་ཚུལ་གྱིས་བྱོན་ནས། སྙིང་གའི་ཟླ་བའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་རྣམ་པས་གནས་པའི་མོས་པ་བྱའོ། །གཉིས་པ་ནི་སྔགས་བརྗོད་དེ། དེའི་དོན་དྲན་པར་བྱས་ཏེ། འབོད་ཅིང་གསོལ་བ་གདབ་པས། རྡོ་རྗེ་རིན་ཆེན་སྔར་བཞིན་བྱོན་ཏེ་རྣལ་འབྱོར་པའི་དཔྲལ་བའི་ཟླ་བ་ལ། རྡོ་རྗེ་རིན་པོ་ཆེའི་རྣམ་པས་གནས་པར་བསམ་མོ། །གསུམ་པ་ལ་ཡང་སྔར་བཞིན་བྱས་པས་རྡོ་ཆོས་ལྐོག་མའི་ཕྱོགས་སུ་པད་ཟླ་ལ་རྡོ་རྗེ་པདྨའི་གཟུགས་ཀྱིས་བཞུགས་པར་བསམ། བཞི་པའང་དེ་བཞིན་དུ་བྱས་པས་རྡོ་རྗེ་ལས་སྤྱི་བོར་ཟླ་བ་ལ་སྣ་ཚོགས་རྡོ་རྗེའི་གཟུགས་ཀྱིས་བཞུགས་པར་བསམ། དེ་དག་གི་ཕྱག་རྒྱ་ལ་སོགས་པའང་རྩེ་མོ་ལས། མཁས་པས་ཡན་ལག་ཀུན་ཕྱག་བྱ། །རྡོ་རྗེ་ཐལ་མོ་བརྐྱང་ནས་ནི། །རྒྱལ་བ་རྣམས་ལ་དབུལ་བར་བྱ། །མགོ་བོས་དེ་བཞིན་བྱས་ནས་ནི། །མཁས་པས་དཔྲལ་བར་ཕྱག་བྱའོ། །མགོ་བོ་ནས་ནི་ཕབ་ནས་ནི། །དེ་བཞིན་ཁ་ཡིས་ཕྱག་བྱའོ། །དེ་བཞིན་སྙིང་གར་བཞག་ནས་ནི། །སྤྱི་བོས་ཀྱང་ནི་ཕྱག་བྱའོ། །ཞེས་སོ། །དེ་ལྟར་ན། ཤར་དུ་སེམས་བསྐྱེད། ལྷོར་དབང་བསྐུར། ནུབ་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཤེས་རབ་བསྐྱེད། བྱང་དུ་བརྩོན་འགྲུས་བསྐྱེད་ནས་ཕྲིན་ལས་བསྒྲུབ་སྟེ། ཤར་དུ་མཆོད་པའི་ལས་ཡིན་ཏེ། །ལྷོ་ཕྱོགས་སུ་ནི་དབང་བསྐུར་བས། །ནུབ་ཕྱོགས་སུ་ནི་ཆོས་ཆེན་པོ། །བྱང་དུ་ལས་ལ་ངེས་པར་སྦྱོར། །ཞེས་གསུངས་སོ། །རྒྱུན་བཤགས་བཞི་ནི་ཞར་ལས་འོངས་བ་ཞེས་གསུང་ངོ༌། །ཁམས་གསུམ་རྣམ་རྒྱལ་ལས་ཕྱག་བཙལ་བའི་ཕྱག་རྒྱ་བཅས་ལ་ཞེས་གསུངས་པས་ཕྱག་བཞིའི་ཡན་ལག་ཡིན་ནོ། །ཞེས་རྣམ་པར་རྟོག་པའོ། །དེ་ནས་མེ་ཏོག་གི་ཕྱག་རྒྱ་བཅིངས་ལ་ཞེས་བྱ་བ་ལ་སོགས་པ་ནི། རང་ལྷའི་ང་རྒྱལ་དང་ལྡན་པས། པུས་མོའི་ལྷ་ང་ས་ལ་བཙུགས་ཏེ། ཕྱག་རྒྱ་བརྙན་པོའི་ཚུལ་དུ་གང་ཤིས་པ་འཆིང་བ་ནི། སྡོམ་པ་གཟུང་བའི་བར་དུ་ཤེས་པར་བྱའོ། །ཁ་ཅིག་ནི་མེ་ཏོག་ལ་སོགས་པ་འཆིང་བ་ན། ལྷ་ཡང་དེར་བསྒོམ་མོ་ཞེས། བདག་ཉིད་ཆེན་པོ་གང་གང་གིས། །ཕྱག་རྒྱ་གང་དང་གང་བཅིང་བ། །བཟླས་པའི་སྙིང་པོའི་དོན་དུ་ནི། །དེར་ནི་བདག་ཉིད་བསྒོམ་པར་བྱ། །ཞེས་གསུངས་སོ་ཞེས་འདོད་དོ། །དེ་ནི་མ་ཡིན་ཏེ། ལུང་དེ་ཡང་ཕྱག་རྒྱ་ཆེན་པོ་བསྒོམ་པའི་སྐབས་ཡིན་ལ། དེ་རང་དུ་མ་ཁྱབ་སྟེ། ཏི་རིནྟི་རིའི་ཕྱག་རྒྱ་དེ། ཁྲོ་བོ་ཏི་རིནྟི་རིའི་ཕྱག་རྒྱ་ཆེན་པོ་ཡིན་ཀྱང༌། ལྷ་མེ་ལྟར་འབར་བ་བསྒོམས་ལ། གཞན་ཡང་ལྷ་མེད་པའི་ཕྱག་རྒྱ་བསམ་གྱིས་མི་ཁྱབ་པ་ཅིག་ཡོད་དོ། །དེ་བས་ན་འདིར་གང་འབྲེལ་ཅིང་ཤེས་པ་འཆིང་སྟེ། སྒེག་མོ་སྦྱིན་པའི་ཕ་རོལ་ཕྱིན། །ཞེས་སྒེག་མོ་དང་སྦྱིན་པ་འབྲེལ་པར་རྩེ་མོ་ནས་བཤད་པས་མཐུན་པར་བྱས་པའོ། །ལུས་ལ་སོགས་པ་བཞི་ནི་སྤྱི་བོ་དང་མགྲིན་པ་དང༌། སྙིང་ག་དང་ཡང་སྙིང་གར་རྡོ་རྗེ་ཐལ་མོ་སྦྱར་བ་ཁམས་གསུམ་རྣམ་རྒྱལ་ལས་ཀྱང་བཤད། བླ་མའི་ཕྱག་ལེན་ཡང་ཡིན། ཇོ་བོ་རྗེ་ཡང་གསུང་ངོ༌། །དེ་ལྟར་མཆོད་པ་ཉི་ཤུས། ཞེས་བྱ་བ་ལ། མེ་ཏོག་ལ་སོགས་པ་བཅོ་བརྒྱད་ནི་ཐམས་ཅད་མཐུན་ནོ། །ཁ་ཅིག་ཞལ་ཟས་ཀྱི་མཆོད་པ་དང༌། ཚད་མེད་བཞི་གཞུག་གོ་ཞེས་ཟེར་ཏེ། ཞལ་ཟས་པྲཛྙཱ་པ་ལི་ཏའི་ལུགས་ཡིན། ཚད་མེད་རྡོ་རྗེ་རྩེ་མོ་ན་ཡོད་དེ། འདི་རྩེ་མོ་ལུགས་མིན། འདི་ནའང་གསང་མཆོད་ཡོད། རྩེ་མོ་ལྟར་བྱས་ཀྱང་ཉི་ཤུ་མི་ཚང་ངོ༌། །ཁ་ཅིག་ན་རེ། ཉི་ཤུ་ལ་ཉེ་བས་བཅོ་བརྒྱད་པས་ཉི་ཤུ་གྲངས་ཤིས་པས་ཟེར། དཔེར་ན་སེམས་དཔའ་བཅུ་དྲུག་ལ་མིང་བདུན་བདུན་ཡོད་པས་བརྒྱ་རྩ་བཅུ་གཉིས་ལ་མཚན་བརྒྱ་རྩ་བརྒྱད་པ་ཟེར་བ་དང་འདྲའོ་ཟེར་ཏེ། དཔེ་ཡང་མ་གྲུབ་སྟེ། སློབ་དཔོན་སེམས་དཔའ་བཞི་ལ་མིང་དྲུག་ལས་མི་འདོད་ལ། བཅོ་བརྒྱད་པས་ཉི་ཤུ་བ་ཤིས་པའང་མ་གྲུབ་བོ། །དེ་བས་སློབ་དཔོན་གྲངས་ལ་རྨོངས་པའང་མ་ཡིན་ལ། འདིར་གབ་པའང་མ་ཡིན་ཏེ། དེ་ཉིད་སྣང་བ་དང༌། ཁམས་གསུམ་རྣམ་རྒྱལ་དང༌། སེམས་དཔའ་འབྱུང་ཆེན་དང༌། དཔལ་མཆོག་དུམ་བུ་དང་པོའོ། །གཉིས་པ་ཐམས་ཅད་ན་འདི་དང་མཐུན་པ་ལས་མེད་དོ། །འོ་ན་ཇི་ལྟར་ཡིན་ན། སྤྱིའི་ཕྱག་གཅིག་ཏུ་བགྲང་སྟེ། དཔལ་མཆོག་ནམ་མཁའ་མཛོད་ཀྱི་དཀྱིལ་འཁོར་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩིཏྟ་བཛྲ་བནྡྷཱ་ནཱཾ་ཀ་རོ་མི། ཞེས་བྱ་བ་ནི་མཆོད་པ་གཅིག་གོ །ཞེས་བཤད་དོ། །དེ་ནས་ཕྱག་བཞི་གཅིག་ཡིན་ཏེ་དབུལ་རྒྱུ་ལུས་གཅིག་ལས་མེད་པའི་ཕྱིར་རོ། །མཆོད་པའི་དང་པོ་ཕྱག་ཡིན་པར་ཡང༌། སློབ་དཔོན་གྱིས་སློབ་དཔོན་པྲཛྙཱ་སིདྡྷིའི་རྡོ་རྗེ་ལྟ་བུའི་སྒྲུབ་ཐབས་ནས་བཤད་དེ། བཛྲ་བནྡྷ། དེ་ནས་ཐོགས་པ་མེད་པར་གྱུར་ནས་མཆོད་པ་བྱ་སྟེ། རྡོ་རྗེ་ཐལ་མོ་སྦྱར་ནས་ལུས་ཐམས་ཅད་ཀྱིས་ཕྱག་བྱའོ་ཞེས་ཕྱག་བཞི་བཤད། དེ་ནས་སྤྱི་ཕྱག་བཤད་དོ། །ཞེས་གསུང་ངོ༌། །དང་པོ་དངོས་སུ་འབྱོར་པའི་མཆོད་པ། དེ་ནས་ཕྱག་དང་རྒྱུན་བཤགས་བཀུར་སྟིའི་མཆོད་པར་འགྱུར་སྙམ་པ་རྣམ་པར་རྟོག་པའོ། །ལུས་དབུལ་དང་གསོལ་གདབ་གོ་སླ། དགེ་རྩ་བསྔོ་བ་དང་པོའི་དོན་རྩེ་མོ་ནས། འཁོར་བ་མ་སྟོངས་བར་དུ་ནི། །བདག་འཚང་རྒྱ་བར་མ་གྱུར་ཅིག །ཅེས་གསུངས་པ་དང་འདྲ་ལ། གཉིས་པ་ནི། བདག་གྲོལ་ནས་གཞན་དགྲོལ་བར་བསྔོ་བའོ། །ཞེས་བླ་མ་རྣམས་ཀྱི་གསུང་ངོ༌། །དེ་ནས་སྡོམ་པ་གཟུང་བ་ནི། མ་ཐོབ་པ་ཐོབ་པར་བྱེད་པའི་དུས་སུ་བླ་མ་ལ་དཀྱིལ་འཁོར་གྱི་དྲུང་དུ་ལེན་ན། འདིར་ནི་ཐོབ་པ་མི་ཉམས་པར་བྱེད་པ་ཚོགས་ཀྱི་རྟེན་གྱི་སྤྱན་སྔར་ཐལ་མོ་སྦྱར་ནས་ལེན་ནོ། །ཕྱི་ནང་གསང་བའི་ཐེག་པ་གསུམ་ཞེས་བྱ་བ་མ་ཡིན་ཏེ། ཕྱིའི་ཐེག་པ་གསུམ། གསང་བ་བླ་ན་མེད་པའི་ཐེག་པ་གསུམ་ཞེས་གསུངས་སོ། །རྣལ་འབྱོར་ཆེན་པོ་ལ་གསུམ་སྟེ། གཟུགས་བརྙན་ལ་སོགས་པས་ཕྱག་རྒྱ་འགྲུབ་པའི་རྒྱུ་བསྟན་པ་དང༌། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་དང༌། ལུས་ལ་ལྷ་རྣམས་བསྒྲུབ་པའོ། །སྔ་མ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཟུགས་བརྙན་ཞེས་བྱ་བ་ནི། སྔར་སོར་མོ་རྣམས་རྡོ་རྗེ་རྩེ་གཅིག་པར་བསྒོམས་པའི་གཡས་པའི་སོར་མོ་རྣམས་ལ་རྣམ་སྣང༌། མི་བསྐྱོད། རིན་འབྱུང༌། འོད་དཔག་མེད། དོན་གྲུབ། གཡོན་གྱི་ལ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། རྡོ་རྗེ་ཐུགས་མ་རྡོ་རྗེ་དབང་བསྐུར་མ། རྡོ་རྗེ་མཚོན་ཆ་མ། རྡོ་རྗེ་ཀུན་མ་རྣམས་མེ་ལོང་ནང་གི་གཟུགས་བརྙན་ལྟར་ལྷར་བསྒོམས་པས་གཟུགས་བརྙན་གྱི་སྤྱིར་བའོ། །ཡབ་ཡུམ་ལ་ཕོ་མོའི་ཁྱད་ལས་སྐུ་མདོག་ལ་སོགས་པ་ལ་ཁྱད་པར་མེད་དོ། །སོགས་པ་ནི་ཡེ་ཤེས་དབབ་པ་ལ་སོགས་པ་ཡིན་གསུངས་ཏེ་སྔགས་བརྗོད་པར་གསལ་ལོ། །ཆོ་ག་ཐམས་ཅད་ནི་སྡིག་པ་དྲལ་ལ་བ་ལ་སོགས་པའོ། །རྒྱས་བཤད་ལ་གཟུགས་བརྙན་གྱི་རྒྱས་བཤད་མེད། ལ་སོགས་པའི་སྦྱོར་བ་ནི་ཐལ་མོ་དམ་དུ་ཞེས་བྱ་བ་ལ་སོགས་པ་སྟེ། ཐལ་མོ་སྦྱར་བ་རྡོ་རྗེ་ཐལ་མོ་བསྡམ་པ་གསུམ་གྱི་དུས་སུ། ལྷ་དང་ལྷ་མོ་ཕན་ཚུན་རེག་པ་རྗེས་སུ་ཞུགས་པ་གཉིས་སུ་མེད་པར་རོ་གཅིག་པར་མོས་པའོ། །དེའི་དུས་སུ་སྔགས་བརྗོད་པ་ནི། རྒྱས་པར་ཨ་ནྱོལ་སོགས་པ་འདིར་བརྗོད་པ་མེད་པས་མི་དགོས་ཐུང་དུ་བརྗོད་པས་ཆོག ལག་པ་ལ་ཨོཾ་ལ་སོགས་པ་དགོད་པ་སྦྱོང་རྒྱུད་ཀྱི་ཆུགས་པ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་བཅིངས་ནས། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱ་བ་ལ། སྡིག་པ་དྲལ་བ། ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ། ངན་འགྲོ་དགུག་ཅིང་སྡིག་པ་དྲལ་བ། ལྷ་རྣམས་ཀྱི་ཕྱག་རྒྱ་དགྲོལ་བ། དེ་རྣམས་ཀྱི་ཕན་ཡོན་བསྟན་པའོ། །དང་པོ་ལ་བཛྲ་ནི་སེམས་རང་བཞིན་གྱིས་འོད་གསལ་བ་འདུས་མ་བྱས་ཀྱི་རྡོ་རྗེའོ། །བནྡྷ་ནི་གློ་བུར་གྱི་དྲི་མས་བཅིངས་པའོ། །ཏྲ་ཐ་ནི་གཞིག་ཅིང་གཞོམ་པའོ། །དེ་ལྟར་བསྒོམ་པ་ལ་ལན་གསུམ་དུ་དྲལ་ཏེ། ཁམས་གསུམ་མམ། ལུས་ངག་ཡིད་གསུམ་ལ་སོགས་པའི་འཆིང་བ་གཞིག་དཀའ་བ་སྤྱོད་པར། དེ་ཉིད་སྣང་བའི་ཕྱག་རྒྱ་སྤྱི་འགྲེལ་ལས་བཤད་དོ། །བཛྲ་ཨཱ་ཝེ་ཤ་ཞེས་བྱ་བ་ཕྱག་རྒྱ་བཅིང་བའི་སྔགས་ཡིན་ལ། ཨ་ཞེས་བྱ་བ་འབེབས་སྔགས་སོ། །ངན་འགྲོ་བཀུག་པའི་རྗེས་ལ། འདི་ན་མེད་ཀྱང་འདིའི་ཐད་ཀའི་འགྲོ་འདུལ་འགྲེལ་པ་ནས་བཤད་པས་སྐྱབས་འགྲོ་སྦྱིན་ཏེ། དུས་འདི་ནས་བཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་དང་ཕྱག་རྒྱར་བཅས་པ་ལ་སྐྱབས་སུ་མཆིའོ། །ཞེས་སྨྲ་བར་བསམ། དེ་ནས་སྡིག་པ་དྲལ་ནས་ངན་སོང་གི་ཤེས་པ་རྣམ་སྣང་གི་ཞབས་དྲུང་དུ་སྐྱེས། ལུས་རྒྱ་མཚོར་བསྐྱུར་བར་བསམ་མོ། །ལྷ་རྣམས་གྱི་ཕྱག་རྒྱ་དགྲོལ་བའི་གོ་རིམ་དཀྱིལ་འཁོར་རྒྱལ་མཆོག་ཏུ་བསྐྱེད་པ་དང་འདྲ་སྟེ་སྐལ་བཟང་མེད་དོ། །དེ་ལྟར་བྱས་པས་ཕྱག་རྒྱ་ཐམས་ཅད་དབང་དུ་འགྱུར། ཕྱག་རྒྱ་སྤྲོ་བསྡུ་ལ་དབང་ཟེར་ཏེ་སློབ་དཔོན་གྱིས་མ་བཤད། དེ་ཉིད་སྣང་བར། ཕྱག་རྒྱ་གང་དང་གང་བཅིང་བ་དེའི་ལས་བྱེད་དོ། །ཞེས་བྱ་བའི་ཐ་ཚིག་བཤད་དོ། །བསྐལ་པ་གསུམ་གྱིས་ངེས་པར་འབྱུང་པའི་བྱང་ཆུབ་སེམས་དཔའ་ནི་དོན་གྲུབ་བོ། །ཇི་ལྟར་འདྲ་ན་དོན་གྲུབ་སངས་རྒྱས་བསྒྲུབ་པའི་བྱང་ཆུབ་བསྒོམ་པའི་རྟེན་དུ་རུང་བ་བཞིན་འོག་ནས་འབྱུང་བའི་རྗེས་འཇུག་གི་མངོན་རྟོགས་བསྒོམ་པའི་རྟེན་དུ་རུང་བར་བྱས་སོ། །དེ་ཡན་ཆད་དེ་བཞིན་གཤེགས་པ་ལྔ། སེམས་མ་བཞི། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཁོངས་སུ་བསྡུས་པས་སེམས་དཔའ་ཉེར་བརྒྱད་ཀྱི་གང་བསྒྲུབ་རུང་སྟེ། སྒྲུབ་པ་པོ་རྣམས་ཀྱི་ཐུན་མོང་ངོ༌། །དེ་ཡན་ཆད་སྔོན་འགྲོར་འགྲོ་སྟེ། ཚོགས་ཀྱི་རྟེན་སྤྲུལ་པ་འདིར་བསྡུ་བ་ཡོད་པས་སྙམ་པ་རྣམ་པར་རྟོག་པའོ། །དེ་ལྟར་བྱེད་ན་དང་པོར་ལྕེ་ལག་བྱིན་གྱིས་བརླབས། བསྲུང༌། རྟེན་སྤྲུལ། ཚོགས་བསག སྡོམ་པ་བཟུང༌། རང་གི་སྡིག་པ་དྲལ་ཏེ་ཕབ། ངན་སོང་གི་དོན་བྱས། ཚོགས་ཀྱི་རྟེན་བསྡུ་བ་སྟེ་དོན་བརྒྱད་དུ་བྱའོ། །རྣལ་འབྱོར་ཆེན་པོ་ལ་ལྔ་སྟེ། ལྷའི་རྣལ་འབྱོར་དང༌། ཞར་ལས་བྱུང་བ་ཕྱག་རྒྱའི་ལེའུ་དང༌། བརྟེན་པར་བྱ་བ་དང༌། དབང་བསྐུར་བ་དང༌། མཆོད་པའོ། །དང་པོ་ལ་གཉིས་ཏེ། སེམས་དཔའི་ཟློས་པའི་དབང་དུ་བྱས་ཏེ། རྒྱས་པར་བཤད་པ་དང༌། དེ་བཞིན་གཤེགས་པའི་ཟློས་པའི་དབང་དུ་བྱས་ཏེ་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས་ཏེ། བདག་ལ་བྱིན་གྱིས་བརླབས་ཏེ་དབང་བསྐུར་བ་དང༌། ལུས་ལ་ལྷ་རྣམས་བསྒྲུབ་པའོ། །དང་པོ་ནི་སེམས་མ་བཞི། སེམས་དཔའི་འཁོར་དུ་བསྡུས་ཏེ་མ་ཐོབ་པ་ཐོབ་པར་བྱེད་པའི་དུས་སུ། སེམས་དཔའ་ཉི་ཤུ་རྩ་བརྒྱད་གང་ལ་མེ་ཏོག་ཕོག་པའི་ལྷ་དེ་ཉིད་ཀྱི་རྣལ་འབྱོར་ཏེ། ལྷའི་རྣལ་འབྱོར་ཉི་ཤུ་རྩ་བརྒྱད་སྟོན་ཏོ། །དེ་ལ་དང་པོ་རྡོ་རྗེ་སེམས་དཔའ་ལ་མེ་ཏོག་ཕོག་པའི་དབང་དུ་བྱས་ན། དེ་ནས་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་སྒྲུབ་པ་པོས་ཕྱག་རྒྱ་དགྲོལ་བའི་བར་དུ་བྱས་པའི་རྗེས་ལའོ། །རང་ནི་རྡོ་རྗེ་སེམས་དཔའི་ང་རྒྱལ་དང་ལྡན་པའོ། །རྡོ་རྗེ་ནི་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་སོ། །སློབ་དཔོན་གྱིས་རྡོ་རྗེའི་རྣམ་པ་སྙིང་གར་གཞག་པ་དང༌། ཡེ་ཤེས་ཕབ་པར་བྱས། ཐོབ་པ་མི་ཉམས་པར་བྱེད་པའི་དུས་སུ་ཡང་ཤར་ནས་ཚོགས་ཀྱི་རྟེན་ལ་ཕྱག་བྱས་ཙམ་ན། རྡོ་རྗེའི་རྣམ་པས་སྙིང་གར་ཞུགས། སྡིག་པ་དྲལ་ནས་ཡེ་ཤེས་ཕབ་ཙམ་ནའང་རྡོ་རྗེའི་རྣམ་པར་ཕབ་དེ་གསལ་བར་བྱས་ལ། དེའི་ལྟེ་བར་ལྷའི་སྙིང་པོ་བཛྲ་སཏྭ། དམ་ཚིག་ནི་ལྷ་བསྐྱེད་པའི་རྒྱུའི་ངོ་བོ་ལས་མི་འདའ་བའོ། །དེ་ཡིད་ཀྱིས་བྲིས་ལ་བདག་མེད་བསྒོམ་མོ། །དེ་ནས་རང་གི་ཤེས་པ་དེ་ཉིད་བཛྲ་སཏྭ། ཞེས་བྱ་བ་དང༌། ཨ་ལ་སོགས་པ་དབྱངས་བཅུ་དྲུག་ཏུ་སྣང་བའོ། །དེ་རྣམས་ངག་ཏུའང་བརྗོད་དེ། དེ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བའོ། །དེ་བཞིན་དུ་བཛྲ་སཏྭ་ཀ་ཁ། ཞེས་བྱ་བ་ལ་སོགས་པ་སུམ་ཅུ་རྩ་བཞི་སྐར་མ་ལྟར་དཀར་བ་གསལ་བར་བྱས་ཏེ། ངག་ཏུའང་བརྗོད། དེ་ཡོངས་སུ་གྱུར་པ་ལ་ཟླ་བའི་སྟེང་དུ་ཟླ་བ་གཉིས་པ་བསྐྱེད་དོ། །དེ་ལས་བྱུང་བ་ནི་ཟླ་བ་གཉིས་པའོ། །ཡང་དེའི་སྙིང་པོ་ནི་བཛྲ་སཏྭའོ། །དེ་དང་ཟླ་བ་གཉིས་པ་དང་བཅས་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པར་བསྒོམ་པའོ། །གཞན་དག་ཅེས་པ་རྐང་པ་གཅིག་བཞག་ལ། དེ་ནས་ཞེས་བྱ་བ་བླངས་ཏེ། རྡོ་རྗེའི་ལྟེ་བ་ལ་བཛྲ་སཏྭ་བཀོད་ལ་ངག་ཏུའང་བརྗོད་དོ། །དེ་ནས་བཛྲ་ཧཾ། ཞེས་ཕྱག་རྒྱའི་ང་རྒྱལ་བྱ་སྟེ། ངག་ཏུ་བརྗོད་ལ། རྡོ་རྗེ་ང་ཡིན་ཞེས་དྲན་པར་བྱའོ། །དེ་ནས་ཡང་རང་གི་སྙིང་པོ་བཛྲ་སཏྭ་ཞེས་བཟླས་པས། དེ་བཞིན་གཤེགས་པའི་སྐུ་རྡུལ་ཕྲ་རབ། གསུང་ལྗགས་རྡོ་རྗེས་མཚན་པ། ཐུགས་དང་པོའི་རྡོ་རྗེ་དང་བཅས་པ་རྡོ་རྗེའི་དབྱིངས་ཏེ། ལྷ་བསྐྱེད་པའི་རྒྱུའི་རྡོ་རྗེ་ལ། བྱེ་མ་ལ་བུམ་ཆུ་ཐིམ་པ་ལྟར་ཞུགས་པར་བསམ་མོ། །ཁ་ཅིག་ལ་བཛྲ་དྷཱ་ཏུ་བཟླས་པ་ཡོད་དེ་ཕྱག་ལེན་མི་བྱེད་དོ། །དེ་ནས་ལུས་ཀྱིས་སྙེམས་པ་དང་བཅས་པས་རྡོ་རྗེ་གསོར་ཞིང༌། ངག་ཏུ་བཛྲ་སཏྭ་ཧཾ། ཞེས་བརྗོད་དོ། །སེམས་ཀྱིས་རྡོ་རྗེ་སེམས་དཔའི་སྐུ་ཟླ་བའི་གདན་ཅན། རབ་ཏུ་དགྱེས་པ་སྤྱན་གདངས་པ། སངས་རྒྱས་ལྔའི་ཅོད་པན་དང་དར་དཔྱངས་ཅན། མགོན་པོ་རྡོ་རྗེ་དང་དྲིལ་བུ་བསྣམས་པར་གསལ་གདབ་བོ། །བདག་ལྷར་བསྐྱེད་པའོ། །དེ་ནས་བྱིན་གྱིས་བརླབ་པ་ནི་གསུམ་སྟེ། དང་པོ་ནི་མ་ཧཱ་ས་མ་ཡ་ས་ཏྭཱ་ཧཾ། ཞེས་བརྗོད་ལ་སྔགས་ཀྱི་དོན་དྲན་པར་བྱའོ། །དོན་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོར། རྣམ་པར་སྣང་མཛད་ཆེན་པོ་མོས་ཏེ་ཕྱག་རྒྱ་ཆེན་པོར་འཆིང་ངོ༌། །དེ་ལ་འགྲེལ་པས་བྱང་ཆུབ་སེམས་ཀྱི་ང་རྒྱལ་དུ་བཤད་དོ། །གཉིས་པ་ནི་རང་གི་དམ་ཚིག་གི་ཕྱག་རྒྱ་ནི། རྡོ་རྗེ་སེམས་དཔའི་དམ་རྒྱ་བཅིངས་ཏེ། ས་མ་ཡཱ་ཧཾ། ཞེས་བརྗོད་པས་སྔར་གྱིས་ལྷའི་སྐུ་དེ། སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོ་དོན་དམ་པར་ཆོས་ཀྱི་དབྱིངས་རྣམ་སྣང་ཆེན་པོ་དེ། ཀུན་རྫོབ་ཏུ་རྡོ་རྗེ་སེམས་དཔའི་གཟུགས་ཅན་ནོ་སྙམ་དུ་བསམ་མོ། །དེ་ལ་འགྲེལ་པར་སྐུ་གསུང་ཐུགས་གསང་བའི་ང་རྒྱལ་དུ་བཤད། དེ་ཉིད་རྡོ་རྗེ་སེམས་དཔའི་དམ་རྒྱའོ། །གསུམ་པ་ནི་གནས་བཞི་པོ་དེར་དམ་རྒྱ་རེ་གཏུག་ཅིང་སྔགས་རེ་བརྗོད་པས། སྙིང་གར་རྡོ་རྗེ། དཔྲལ་བར་རིན་པོ་ཆེ། ལྐོག་མར་པདྨ། སྤྱི་བོར་སྣ་ཚོགས་རྡོ་རྗེ་བསམ་མོ། །སྔགས་ཀྱི་དོན་ཡང་དྲན་པར་བྱའོ། །འདི་ལ་འགྲེལ་པས་བདག་ཉིད་ཀྱི་བྱིན་བརླབ་ཏུ་བཤད་དོ། །རང་གི་ལྷའི་ཕྱག་རྒྱ་ཆེན་པོ་རྡོ་རྗེ་སེམས་དཔའོ། །སྙིང་པོ་ཞེས་བྱ་བ་ནི་བཛྲ་སཏྭ་ཞེས་ཨོཾ་དང་མཐའ་རྟེན་མེད་པའོ། །སྔགས་ནི་ཨོཾ་བཛྲ་སཏྭ་ཧཱུྃ། ཞེས་བྱ་བ་ལ་མགོ་ཨོཾ་གྱིས་དྲངས། བར་དུ་རང་གི་མིང༌། ཐ་མར་ཧཱུྃ་ངམ་ཛཿལ་སོགས་པ་བཅུག་པའོ། །རྡོ་རྗེ་རྒྱལ་པོ་ལ་སྦྱར་ན། དང་པོ་སྙིང་གར་རྡོ་རྗེ་བསམ་པ་འདྲའོ། །དེའི་ལྟེ་བར་རང་གི་སྙིང་པོ་བཛྲ་རཱ་ཛའོ། །བདག་མེད་འདྲ། དབྱངས་དང་གསལ་བྱེད་ཀྱི་མགོ་འདྲེན་པའང་བཛྲ་རཱ་ཛའོ། །ཟླ་བ་གཉིས་པ་བསྐྱེད་པ་སྔར་དང་འདྲ། ཡང་སྙིང་པོ་ནི་བཛྲ་རཱ་ཛའོ། །དེ་ཟླ་བ་གཉིས་པར་གྱུར་པ་སྔར་དང་འདྲ། དེ་ལས་རྡོ་རྗེ་བསྒོམ་པ་སྔར་དང་འདྲ། སྔར་མེད་པ་གཞན་དག་ནི། རྡོ་རྗེ་ལས་བྱུང་བ་རང་གི་ཕྱག་རྒྱ་ཞེས་བྱ་བ། རྒྱལ་པོའི་སྐབས་སུ་ལྕགས་ཀྱུའོ། །ཕྱག་རྒྱའི་ང་རྒྱལ་དུ་བསྒོམ་པ་ནི། རྒྱལ་པོའི་སྐབས་སུ་ཨདྒུ་ཤཱ་ཧཾ། ཞེས་བྱ་བའོ། །རང་གི་སྙིང་པོ་ནི་བཛྲ་རཱ་ཛའོ། །སྐུ་གསུམ་ཐུགས་གཞུག་པ་སྔ་མ་བཞིན། དེ་ལས་རྡོ་རྗེ་སེམས་དཔའི་རྒྱལ་པོ་སྐུར་བསྒོམ་པ་སྔ་མ་བཞིན་ནོ། །དེ་ནས་རང་གི་སྔགས། བཛྲ་རཱ་ཛ་བཟླས་པས་རྡོ་རྗེ་སེམས་དཔའ་དེ། རྒྱལ་པོའི་སྐུ་རབ་ཏུ་དགྱེས་པ་ཟླ་བའི་འོད་ཅན། སྤྱན་གདངས་པ། སངས་རྒྱས་ལྔའི་ཅོད་པན་དང༌། དར་དཔྱངས་ཅན། མགོན་པོ་ལྕགས་ཀྱུ་བསྣམས་པའོ། །མ་ཧཱ་ས་མ་ཡ་སྔར་བཞིན་ནོ། །དམ་ཚིག་ཕྱག་རྒྱ་རྒྱལ་པོའོ། །ས་མ་ཡཱ་ཧཾ་སྔ་མ་བཞིན། གནས་བཞིར་བྱིན་གྱིས་བརླབ་པ་སྔ་མ་བཞིན། ཕྱག་རྒྱ་ཆེན་པོ། རྒྱལ་པོའི་སྙིང་པོ་ནི། བཛྲ་རཱ་ཛ། སྔགས་ཨོཾ་བཛྲ་རཱ་ཛའོ། །དེ་ནས་གཞུང་ལ་རྒྱལ་པོ་ནས་འབེབས་པའི་བར་དུ་ཤེས་པར་བྱའོ། །སློབ་དཔོན་གྱིས་བསྟན་བཅོས་ཟོར་ཡང་དུ་མཛད་ནས་གཞུང་བསྡུས་ལ་དོན་རྒྱས་པར་མཛད་པའོ། །བྱིན་རླབས་དང་པོ་ནི་དེ་བཞིན་གཤེགས་པ་རྣམས་ལ་དེ་ཉིད་སྣང་བར་བཀག་ལ། གཉིས་པ་ནི་དེ་བཞིན་གཤེགས་པ་ལྔ་ལའང་ཤེས་པར་བྱའོ། །སེམས་དཔའི་ལྷའི་སྐུ་བསྐྱེད་པ་ལ། རྩ་བའི་རྒྱུད་ནས། ཕྱག་རྒྱ་ཆེན་པོ་ཆོ་ག་བཞིན་བཅིངས་ནས་ཞེས་བྱ་བ་ལས་མེད་པ་ལ། བདག་མེད་པ་སྔོན་དུ་སོང་ནས། ཟླ་བ་དང་པོ། གཉིས་པ་རྡོ་རྗེ། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཞུགས་པ། དེ་ལ་སེམས་དཔར་སྐུ་གཉིས་བསྐྱེད་པ་དང༌། ཡན་ལག་ལྔ་བྱེད་པ་ནི་རྒྱུད་ཕྱི་མའི་དགོངས་པ་དང་སྦྱར་བ་སྟེ། ཕྱི་མ་ལས། རྡོ་རྗེ་འདོད་པ་དེ་བཞིན་གཤེགས། །རང་སེམས་རབ་ཏུ་རྟོག་ལ་སོགས། །སངས་རྒྱས་བྱང་ཆུབ་ཆོ་ག་བཞིན། །ཞེས་གསུངས་ཏེ། དེ་བཞིན་གཤེགས་པ་བསྐྱེད་པ་དང༌། སེམས་དཔའ་སྐྱེད་པ་ཆོ་ག་ལྔས་བསྐྱེད་པ་ཙམ་དུ་འདྲ་བ་བསྟན། དེ་བཞིན་དུ་ཤེས་པ་ཆ་འགས་འདྲའི། རྣམ་པ་ཐམས་ཅད་དུ་མི་འདྲ་སྟེ། དེ་བཞིན་གཤེགས་པའི་ཟླ་བ་ཐུགས་ཀར་བསྒོམས་ལ་མི་འཇིག་པ་ལ་སོགས་པའི་ཁྱད་ཡོད་དོ། །གལ་ཏེ་རྡོ་རྗེ་སེམས་དཔའ་ལྷ་ཡན་ལག་ལྔ་འདྲ་ན། རྒྱལ་པོ་ལ་སོགས་པ་མི་འདྲ་སྟེ་ཆོ་ག་བདུན་ཡོད་དོ་ཞེ་ན། རྡོ་རྗེ་ལས་རང་གི་ཕྱག་མཚན་དུ་གྱུར་པ་ཕྱག་མཚན་དུ་བསྡུས་ལ། རྡོ་རྗེ་སེམས་དཔའི་སྐུ་ལས་རང་གི་སྐུར་གྱུར་པ་སྐུའི་ཁོངས་སུ་བསྡུས་པས་ཆོ་ག་ལྔ་ཡིན་པར་འདྲའོ། །གལ་ཏེ་རྩ་བའི་རྒྱུད་ཕྱི་མས་བསྐངས་པ་ལ། རྣམ་པར་རྟོག་པ་དགུ་འཇུག་སྟེ། ཟླ་བ་དང་པོ་བསྐྱེད་པའི་རྒྱུ་དབྱངས་ཡིན་པ་ཅི་ལ་དགོངས། དེ་བཞིན་དུ་གཉིས་པའི་ཀཱ་ལི་ཡིན་པ། དེ་གཉིས་ཀ་རང་གི་སྙིང་པོ་དགོངས་པ། དེ་ཐམས་ཅད་འཇིག་པ། ཞིག་པ་ལས་རྡོ་རྗེ་རྩེ་ལྔ་པར་འོང་བ། དེ་ལས་རང་གི་ཕྱག་མཚན་དུ་གྱུར་པ། དེ་ལ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་འཇུག་པ། དེ་ལས་རྡོ་རྗེ་སེམས་དཔའི་སྐུ་ཁོ་ནར་འོང་བ། དེ་ལས་རྒྱལ་པོ་ལ་སོགས་པ་རང་གི་སྐུར་གྱུར་པ་གང་ལས་བཤད་ཅིང་དགོངས་ཞེས་པའོ། །དེ་ལས་དང་པོ་གཉིས་ནི་སཾ་པུ་ཊ་ལས་བཤད་དོ། །གལ་ཏེ་དེ་ན་ཨཱ་ལི་ཀཱ་ལིས་མཚན་པ་ཡོད་པས་སྙམ་ན། དེ་ཞིག་སྟེ་བསྐྱེད་པ་ནི་ངེས་བརྗོད་བླ་མའི་དགོངས་པའོ། །གསུམ་པ་ནི་སྔོན་བྱུང་རྡོ་རྗེ་སེམས་དཔའི་སྙིང་པོ། བཛྲ་སཏྭ་ལས་ཟླ་བ་བྱུང་བ་དེ་ལ་དགོངས་སོ། །བཞི་པ་འཇིག་པ་ནི། ཕྱག་མཚན་གྲུབ་ཙམ་ན་སྙིང་པོ་འཇིག་པ་ནི་སྔོན་བྱུང་ལ་དགོངས་སོ། །ལྔ་པ་རྡོ་རྗེར་འོང་བ་ནི་རྒྱུད་ཕྱི་མ་ལས། ངེས་པ་ལས་ནི་རྡོ་རྗེར་འགྱུར། །ཞེས་བྱ་བ་དང༌། ཡང་རྡོ་རྗེ་སེམས་དཔའ་ཀུན་འགྲོ་བ། །ཞེས་བྱ་བ་དང༌། དེ་བཞིན་རྡོ་རྗེ་མཚན་ལ་སོགས། །ཞེས་ཕྱག་མཚན་ཐམས་ཅད་ཀྱི་སྔོན་དུ་རྡོ་རྗེ་སེམས་དཔའ་འགྲོ་བར་བཤད་དོ། དྲུག་པ་དེ་ལས་རང་མཚན་འབྱུང་བ་ནི། སྔོན་བྱུང་ཐུགས་ཀའི་རྡོ་རྗེ་ལས་རང་མཚན་འབྱུང་བ་དང༌། རྒྱུད་ཕྱི་མ་ལས། སེམས་དཔའ་དང་པོ་དེ་ཉིད་ལས། །མཚན་མ་ཐམས་ཅད་ཡང་དག་བྱུང༌། །ཞེས་གསུངས་སོ། །བདུན་པ་ལ་དེ་བཞིན་གཤེགས་པ་འཇུག་པ་ནི། སྔོན་བྱུང་བྱང་ཆུབ་པ་བཞི་པའི་དུས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དབྱིངས་ཇི་སྙེད་པ་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་ཀྱིས་སེམས་དཔའི་རྡོ་རྗེ་དེར་ཞུགས་ཞེས་པའོ། །བརྒྱད་པ་དེ་ལས་རྡོ་རྗེ་སེམས་དཔར་གྱུར་པ་ནི། རྒྱུད་ཕྱི་མ་ལས། རྡོ་རྗེ་སེམས་དཔའ་ཀུན་འགྲོ་བ་ཞེས་པ་དང༌། ཡང༌། སེམས་དཔའ་བྱིན་རླབས་སྦྱོར་བ་ཡིས། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །ཞེས་པ་དང༌། ཕྱི་མའི་ཕྱི་མ་ལས། མཚན་མ་ལས་ནི་སེམས་དཔའ་ཆེ། །ཞེས་པས་སོ། །ཡང་རྡོ་རྗེ་སེམས་དཔའ་ནི། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཡིན་ལ། དེ་ཐམས་ཅད་ཀྱི་སྔོན་དུ་འགྲོ་སྟེ། རྩེ་མོ་ལས། རྫོགས་པའི་བྱང་ཆུབ་ཁྱོད་རག་ལུས། །ཁྱོད་ལ་བརྟེན་ནས་དེ་བཞིན་གཤེགས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཡིན་པར་ནི་དཀྱིལ་འཁོར་རྒྱལ་མཆོག་ལས་ཀྱང་བཤད་དོ། །དགུ་པ་དེ་ལས་རྒྱལ་པོ་ལ་སོགས་པར་འགྱུར་བ་ཡང༌། རྒྱུད་ཕྱི་མ་ལས། དེ་ཉིད་དེ་བཞིན་གཤེགས་པའི་རིགས། །དེ་ཉིད་རྡོ་རྗེའི་རིགས་ཆེན་པོ། །ཞེས་བྱ་བ་ལ་སོགས་པ་གསུངས་ནས་རིགས་བཞིའི་སེམས་དཔའ་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུ་ལས་བྱུང་བར་བཤད་པས། དེའི་དགོངས་པ་སྟེ། དེ་ཉིད་སྣང་བ་ལས་ཀྱང༌། རྡོ་རྗེ་སེམས་དཔའ་དང༌། རྡོ་རྗེ་སེམས་དཔའ་ལས་བྱུང་བའི་རིགས་གཉིས་སུ་བཤད་དོ། །དགུ་པོ་དེའི་ཁོངས་སུ་བདག་མེད་པ་མ་གཏོགས་ཏེ། དེའང་རྒྱུད་ཕྱི་མའི་དགོངས་པ་སྟེ། དེ་ཉིད་ལས། མཉམ་པར་བཞག་པའི་ཏིང་འཛིན་ཏེ། །ཞེས་གསུངས་བས་སོ། །དེ་ལྟར་དགོངས་པ་བཅུ་པོ་དེ་དག་ནི། རྒྱལ་པོ་ལ་སོགས་པ་ཉི་ཤུ་བདུན་པོ་དེ་དག་ལའང་ཤེས་པར་བྱའོ། །རྡོ་རྗེ་སེམས་དཔའ་ལ་ནི་གཉིས་ཀྱིས་ཉུང་བར་རྟོགས་པར་བྱའོ། །འཇུག་པ་དང་དབང་བསྐུར་བ་ཡང་སེམས་དཔའི་ཟློས་པ་པོ་དང༌། དེ་བཞིན་གཤེགས་པའི་ཟློས་པ་པོའི་ཐུན་མོང་དུ་ཤེས་པར་བྱའོ། །དེ་ལ་གཞི་ལུས་གང་གི་ང་རྒྱལ་ཡིན་ཡང་རུང་སྟེ། སྙིང་གར་སྤྲུལ་པའི་སྔགས་དང་ཕྱག་རྒྱ་གཉིས་ལས་མེད་དོ། །སྔར་གྱི་ཚོགས་རྟེན་སྤྲུལ་པའི་སྔགས་དང༌། ཕྱག་རྒྱ་ནི་མ་ཡིན་ནོ། །དེ་ནས་སྙིང་གར་འཇུག་པ་ན་གཞི་ལུས་གང་ཡིན་ཡང་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་འཇུག་སྟེ། དེ་ཉིད་སྣང་བ་ལས། རྡོ་རྗེ་སེམས་དཔའ་མེད་པར་དཀྱིལ་འཁོར་དུ་འཇུག་པ་ཡོད་པ་མ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་འཁོར་ལོས་སྒྱུར་བ་ཉིད་དུ་དབང་བསྐུར་བ་ཡིན་པའི་ཕྱིར་རོ། །ཞེས་སོ། །དེ་ནས་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས། ཤར་སྒོ་ནས་སློབ་མའི་ཆ་བྱད་ཀྱིས་ཞུགས་སོ། །ལྷ་གང་ཡིན་པ་ལ་ཕོག་པར་བསམ། དངོས་སུ་རང་གི་སྤྱི་བོར་བཞག དེ་ནས་དཀྱིལ་འཁོར་གྱི་རྡོ་རྗེ་སེམས་དཔའ་སློབ་དཔོན་གྱི་ཆ་བྱད་འཛིན་པས་དེ་བླངས་ཏེ། སློབ་མའི་ཆ་བྱད་འཛིན་ལ་སྤྱི་བོར་བཅིངས་པར་བསམ། དེ་ནས་རྡོ་རྗེ་སེམས་དཔའ་རང་ཡིན་ན་འཕོ་མི་དགོས། གཞན་ཡིན་ན་གང་ཡིན་དུ་འཕོ་སྟེ། མ་ཐོབ་པ་ཐོབ་པར་བྱེད་པའི་དུས་སུ་ཡང༌། ཕྲེང་བས་ལྷ་བཟུང་བས་སེམས་དཔའ་ཆེན་པོ་དེས་བདག་གིར་བྱས་པར་འགྱུར་རོ། །ཞེས་གསུངས་པས་ལྷ་དེའི་ང་རྒྱལ་ལ་དབང་བསྐུར་བ་ལ་སོགས་པ་བྱའོ། །དེ་ལ་མི་བསྐྱོད་པའི་མདུན་གྱི་སེམས་དཔའ་སློབ་དཔོན་དུ་བསམ་པར་བྱ་སྟེ། དེ་ཉིད་སྣང་བ་ལ་སོགས་པའི་ཆོ་ག་འདི་དག་ཐམས་ཅད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སློབ་དཔོན་དུ་གྱུར་པས་མཛད་པར་བསམ་ཞིང༌། རང་ཉིད་རྗེས་སུ་སྤྱད་པར་བྱའོ། །ཞེས་སོ། །དབང་བསྐུར་བ་ལ་རིག་པའི་དབང་ལྔའི་མིང་དང་ཆུ་དབང་མི་བསྐྱོད་པ་ལ་སོགས་པ་འདིའི་མིང་མིན་གསུང་ངོ༌། །ཡང་རྡོ་རྗེ་དྲིལ་བུའི་ཆོ་ག་གཅིག་ཏུ་འདོད་དེ། དུམ་བུ་གཉིས་པའི་དཀྱིལ་འཁོར་ཆེན་པོའི་དོན་འགྲེལ་གྱི་རྣལ་འབྱོར་ཆེན་པོའི་དབང་ནས་སྙིང་པོ་འདིས་དྲིལ་བུ་དང་བཅས་པའི་འབར་བའི་རྡོ་རྗེའི་དབང་བླང་ངོ་ཞེས་གསུངས་ཏེ། སྔགས་འདི་རང་ལས་མེད་དོ། །རྡོ་རྗེ་དྲིལ་བུ་སོ་སོར་བྱས་ཏེ། དྲིལ་བུ་ལ་བདག་པོ་འདིས་མ་བཤད་ཟེར། འདིས་ཀྱང་བདག་པོའི་དབང་ཞེས་བྱ་བ་ལ་སོགས་པར་བཤད་པའང་ཡོད་དེ། དཔལ་མཆོག་དུམ་བུ་གཉིས་པའི་དོན་འགྲེལ་གྱི་བདག་འཇུག་ན་ཅོད་པན་གྱི་རྗེས་ལ་ཡི་གེ་ཧཱུྃ་ལས་དང་པོའི་རྡོ་རྗེར་བྱིན་གྱིས་བརླབ་ཅིང༌། དང་པོའི་རྡོ་རྗེ་དེ་སྙིང་པོ་འདིས་བླང་བར་བྱའོ། །ཞེས་རྡོ་རྗེ་བླང་བའི་སྔགས་གསུངས། དེའི་རྗེས་ལ་རྡོ་རྗེའི་དབང་བསྐུར་བ་བླངས་ནས་སྙིང་པོའི་བརྡས་བདག་པོའི་དབང་བསྐུར་བ་བླང་བར་བྱའོ། །ཞེས་ནས་སྔགས་གཅིག་གསུང་ཡོད། དེ་ནས་མིང༌། དེ་ནས་བརྟུལ་ཞུགས་ཀྱི་ཆོ་ག་འདི་བས་མང་བར་ཡོད་དེ། དཀྱིལ་འཁོར་དེ་རང་གི་ཁྱད་པར་ན་མང་ཐང་པ། བུམ་པ་ལ་སྤྱི་ཐུན་མོང་གི་དབང་བསྐུར། ཕྱག་མཚན་ལ་ཐུགས་ཀྱི། མིང་ལ་སྐུའི་ཞེས་གསུངས་ཏེ་དང་པོ་ལ་སོ་སོར་ཕྱེ་བ་མེད་པས་སོ། །ཅོད་པན་ལ་འདིར། དེ་བཞིན་གཤེགས་པ་དང་དེའི་རིགས་སུ་ཕྱེ། རྡོ་རྗེ་ལ་འདིར་སོ་སོར་ཕྱེའང་རྒྱུད་ལྟར་ལྷ་རང་རང་གི་ཕྱག་རྒྱ་ལ་རྡོ་རྗེས་མཚན་པར་གསལ། མིང་སོ་སོའོ། །བརྟུལ་ཞུགས་ལ་ཐ་མལ་པའི་ལུས་ངག་ཡིད་བརྟུལ་ནས། ལྷ་དང་སྔགས་དང་ཐོག་མཐའ་མེད་པའི་ཆོས་དབྱིངས་རྣམ་སྣང་གི་ངོ་བོར་མོས་པ་བྱེད་པའོ། །སེམས་དཔའ་ལུས་བསྒྲུབ་པ་ལ་བཞི་སྟེ། སེམས་དཔའ་ཉེར་བརྒྱད་སྒྲུབ་པ་དངོས་དང༌། སྒྲུབ་པ་ཆེན་པོ་དེ་བཞིན་གཤེགས་པའི་ཁམས་གཞུག་པ་དང༌། ཕྱག་རྒྱ་བཞིའི་རྒྱས་གདབ་པ་དང༌། བྱིན་གྱིས་བརླབ་པའོ། །དང་པོ་ལ་གཞུང་ལ་དཔེ་ཁ་གཉིས་སྣང་སྟེ། སུམ་བསྲེས་སུ་བྱ་བ་དང༌། ཉིས་བསྲེས་སུ་བྱ་བའོ། །དང་པོ་ནི་རེ་ཞིག་རྡོ་རྗེ་སེམས་དཔའ་ལ་སྦྱར་ན། དེ་ལྟར་བདག་ལ་བྱིན་གྱིས་བརླབས་པའི་རྗེས་ལ་སྙིང་གའི་དཀྱིལ་འཁོར་དེ་ཟླ་བ་ལ་ཐིམ་པར་བསམ་མོ། །དེ་ནས་རྡོ་རྗེ་སེམས་དཔའ་རང་གི་གནས་སུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། སྐད་ཅིག་གིས་བསྐྱེད། དེ་ནས་མདུན་དུ་ས་མ་ཡ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད། དེ་ནས་བཛྲ་སཏྭ་ཨ་ཞེས་བརྗོད་པས་སྙིང་གའི་རྡོ་རྗེ་སེམས་དཔའ་དེའི་སྙིང་ག་ནས་རྡོ་རྗེ་གཅིག་མདུན་གྱི་ཟླ་བའི་སྟེང་དུ་དབབ་བོ། །བཛྲ་ཧཾ་གིས་ཕྱག་རྒྱའི་ང་རྒྱལ། རྡོ་རྗེ་དེ་ཉིད་ལས་རྡོ་རྗེ་སེམས་དཔའ་བསྐྱེད་དེ་ང་རྒྱལ་བྱའོ། །དམ་ཚིག་སེམས་དཔའོ། །དེ་ལ་སྒོ་བ་བཞིའི་སྔགས་དང་ཕྱག་རྒྱས་དགུག་གཞུག བཅིང༌། དབང་དུ་བྱ་བའོ། །དེ་ནས་གཞི་ལུས་སྒྲུབ་པ་པོས། དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། སེམས་ཀྱིས་སྙིང་གའི་སེམས་དཔའ་དེས་མདུན་གྱི་ཆོ་ག་གསུམ་བསྐྱེད་དེ། དེ་ལ་བལྟ་བར་བྱའོ། །དེ་ལ་སྙིང་གའི་སེམས་དཔའ་དེས། ཛཿཧཱུྃ་བྃ་ཧོཿས་སྙིང་གའི་ཟླ་བར་ཟེར་ཡང༌། ཟླ་བ་ལ་གནས་པའི་རྡོ་རྗེ་སེམས་དཔའ་དེ་ལ་དགུག་གཞུག་བཅིང་དབང་དུ་བྱའོ། །དེ་ལྟར་ན་སྙིང་གར་སྐད་ཅིག་གིས་བསྐྱེད་པ། མདུན་དུ་ཆོ་ག་གསུམ་གྱིས་བསྐྱེད་པ། དེ་ལ་ཡེ་ཤེས་སེམས་དཔའ་བཅུག་པ་དང་གསུམ་གཅིག་ཏུ་བྱས་པས་སུམ་བསྲེས་སོ། །དེ་ནས་སུམ་བསྲེས་དེའི་ང་རྒྱལ་གྱིས་ས་མ་ཡ་སྟྭཾ་ཞེས་བརྗོད་པས་རྒྱབ་ཏུ་ཟླ་བའི་རྒྱབ་ཡོལ། ས་མ་ཡ་སྟྭཾ་ཨ་ཧཾ་ཞེས་བརྗོད་པས་སུམ་བསྲེས་ཀྱི་ལུས་སུ་བསྒོམ་མོ། །དེ་ནས་སྔགས་དང་སྙིང་པོ་བརྗོད་པས་བརྟན་པར་བྱའོ། །སྔགས་དང་སྙིང་པོ་འདི་ནི་དམ་རྒྱ་བཅིངས་ནས་བརྗོད་དེ། སེམས་ཀྱིས་སུམ་བསྲེས་ཀྱི་སྙིང་གར་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པར་བསམས་ལ། ཆོས་ཐམས་ཅད་སྒྱུ་མ་ཙམ་ནམ་མཁའ་དང་མཚུངས་པར་བསམ་པས་དམ་རྒྱ་དགྲོལ་བའོ། །སུམ་བསྲེས་ཀྱི་ལུགས་གཞི་ལུས་གང་ཡིན་པ་དེ་ཉིད་ལས་འཕོ་མི་དགོས་སོ། །རྒྱལ་པོ་ལ་སོགས་པ་དེས་བསྒྲེའོ། །དཔེ་ཁ་ཅིག་ལ་རང་གི་གནས་ན་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེན་པོ་བཅིང་ཞེས་མེད་པ་ཡོད་དོ། །དེ་ལྟར་བྱས་ན་གཉིས་བསྲེས་ཡིན་ཏེ། དེའི་ལུགས་ནི་ལུས་ཀྱི་གནས་སུ་ཟླ་བ་བསྐྱེད་པ་ཡན་ཆད་འདྲ། དེ་ནས་ཕྱག་རྒྱ་ཆེན་པོ་བཅིང་བ་ནི་ལུས་གང་ཡིན་ཡང་རྡོ་རྗེ་སེམས་དཔར་འཕོས་ཏེ། དེའི་ང་རྒྱལ་བྱ། མདུན་དུ་ཟླ་བ་བསྐྱེད་པ་འདྲ། དེར་རྡོ་རྗེ་དབབ་པ་གཞི་ལུས་ཀྱི་ཐུགས་ཀ་ནས་སོ། །དེ་ལས་ལྷར་བསྐྱེད་པ་དང༌། ཡེ་ཤེས་པ་གཞུག་པ་འདྲ། དམ་རྒྱ་བཅིངས་ཏེ་ལྟ་བ་གཞི་ལུས་ཀྱིས་བྱ། ཛཿཧཱུྃ་བྃ་ཧོཿས་དགུག་གཞུག་བཅིང༌། དབང་དུ་བྱ་ཟེར་ཡང་ཟླ་བའི་དཀྱིལ་འཁོར་སྟོང་པར་དགོད་པ་ཙམ་ལས་མེད། དགུག་གཞུག་སྨོས་པ་སྔགས་ཀྱི་ནུས་པ་ཙམ་བསྟན་པ་ཡིན། དེ་ནས་རྒྱབ་ཏུ་ཟླ་བ་གྲུབ་པ་ལ་སོགས་པ་ཉིས་བསྲེས་ཀྱི་ལྷའི་སྟེ་སྔགས་ཀྱིས་དེ་བརྟན་པར་བྱ་བའི་བར་དུ་སྔར་འདྲའོ། །དེ་བཞིན་དུ་རྒྱལ་པོ་ལ་སོགས་པ་ཐམས་ཅད་ཀྱང་ཕྱག་རྒྱ་ཆེན་པོ་འཆིང་ཞེས་བྱ་བ་གཞི་ལུས་འཕོས་ནས་བསྒྲུབ་པ་གོ་བར་བྱའོ། །དེ་ལྟར་དཔེ་ཀ་གཉིས་ལ་བཤད་པ་རྐང་གཉིས་སུ་ཡོད་པ་ལས། འདིར་ཉིས་བསྲེས་ལ་གཙོར་བྱེད་དེ། བལ་པོའི་དཔེ་ལ་རང་གི་གནས་ན་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྱ་བ་ཡོད་ཀྱང༌། ཁ་ཆེའི་ལ་མེད་པས་སྤྱིར་ཉིས་བསྲེས་སུ་གསལ་བའི་ཚིག་མང་སྟེ། སྙིང་གའི་ཟླ་བར་ཟེར་གྱི། ཟླ་བའི་སྐུ་ལ་མི་ཟེར་བ་དང༌། རྒྱལ་པོ་ལ་སོགས་པ་སྒྲུབ་པའི་སྐབས་ན་ཟླ་བའི་སྟེང་དུ་ཕྱག་རྒྱ་ཆེན་པོ་བཅིངས་ཞེས་བྱ་བ་མེད་པ་དང༌། ལུས་ལ་གཞུག་པའི་སྐབས་སུའང་རང་གི་གནས་ཇི་ལྟ་བ་ཞེས་བྱ་བ་ཙམ་ལས། སྐུ་ལ་མ་སྨོས་པ་འདིའི་ལུགས་ཀྱིས་ཉིས་བསྲེས་ཁོ་ནའོ། །དེ་བས་ན་སྤྱིར་ཀུན་དགའ་སྙིང་པོས་ལུགས་གཉིས་བཞེད་དེ། དཀྱིལ་འཁོར་མཆོག་གཉིས་རྐང་གཉིས་བསྲེས། འགྲེལ་པ་གསུམ་བསྲེས་ཡིན་ཏེ། རང་གི་གནས་ན་གནས་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཡིད་ཀྱིས་འདུག་སྟེ། ལུས་ལ་ཕྱི་རོལ་དུ་བཛྲ་སཏྭ་ཞེས་བྱ་བས་ཟླ་བའི་སྟེང་དུ་རྡོ་རྗེ་སྤྲུལ། བཛྲོ྅ཧཾ་ཞེས་བྱ་བས་ང་རྒྱལ་དུ་བསྒོམས་ཏེ། རྡོ་རྗེ་དེ་ཉིད་བཛྲ་སཏྭ་ཞེས་བྱ་བས་རྡོ་རྗེ་སེམས་དཔར་བདག་ཉིད་བསྒོམ་པར་བྱའོ། །དེ་བཞིན་དུ་རང་གི་གནས་ན་གནས་པའི་ཟླ་བའི་སྟེང་དུ་འབེབས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཞེས་བྱ་བ་ནས་འབེབས་པའི་ང་རྒྱལ་དུ་བསྒོམ་པའི་བར་བྱས་ལ། དེ་རྣམས་ལ་ཡེ་ཤེས་པ་གཞུག དམ་རྒྱ་བཅིངས་ཏེ་ལྟ་བ་བྱས་ནས་རང་གི་གནས་ན་གནས་པའི་ཟླ་བའི་སྟེང་དུ་བཞུགས་པའི་སྐུ་ལ་བཅུག་ལ་ཞེས་ཟེར་བས་སོ། །གལ་ཏེ་འགྲེལ་བ་དང༌། དཀྱིལ་ཆོག་མི་མཐུན་པ་མི་རིགས་ཏེ། སློབ་དཔོན་གྱིས་བྱས་པས་སྙམ་ན། རིགས་ཏེ་དཀྱིལ་ཆོག་ཉིད་ལའང་དཀྱིལ་འཁོར་སྤྲུལ་ལུགས་མི་འདྲ་བ་བཞི་ཡོད་དེ། ཚོགས་རྟེན་གྱི་དུས་སུ་རྡོ་རྗེ་འཁོར་ལོས་བྱེད་ལ། སྙིང་གར་རྡོ་རྗེ་རྒྱུས་སྤྲུལ། རྣལ་འབྱོར་ཆེན་པོའི་སྙིང་གར་མུ་དྲ་ལྔར་སྤྲུལ། ཏིང་ངེ་འཛིན་གསུམ་གྱི་ཚེ་སེམས་དཔའ་ལ་སོགས་པ་རྐང་ཐོན་དུ་རེ་རེར་སྤྲུལ་ལོ། །དེ་བས་ན་སློབ་དཔོན་གཅིག་ལ་ལུགས་མི་འདྲ་བ་མང་པོ་ཡོད་དེ། འགྲེལ་པ་དང་དཀྱིལ་ཆོག་ལ་རྣལ་འབྱོར་ཆེན་པོ་ཉིད་ལ་མི་འདྲ་བ་དགུ་ཡོད་དེ། འདིར་སྔོན་ལ་ཟླ་བའི་དཀྱིལ་འཁོར་བསྐྱེད། དེ་ནས་ཕྱག་མཚན་འབེབས་ཏེ། འགྲེལ་པར་དུས་གཅིག་བྱས། འདིར་ལྷ་ཐམས་ཅད་རྐང་ཐོན་དུ་བསྒྲུབས་ཏེ། འགྲེལ་པར་སེམས་དཔའ་རྣམས་དུས་གཅིག་ལུས་ལ་སྒྲུབ་པར་ཡོད། འདིར་ལུས་ལ་བསྒྲུབས་ནས་སྒྲུབ་པ་ཆེན་པོ་བྱས། འགྲེལ་པར་བསྒྲུབས་ནས་ཆོས་རྒྱ་དམ་རྒྱ་ཕྱག་རྒྱ་ཆེན་པོ་བྱས་ཏེ། དེ་ནས་སྒྲུབ་ཆེན་དང་དེ་བཞིན་གཤེགས་པ་ལྔ་ལ་ཕྱག་རྒྱ་བཞི་བྱས་ཡོད། འདིར་སྒྲུབ་ཆེན་བྱས་ནས་དེ་བཞིན་གཤེགས་པ་ལྔ་ལ་དམ་རྒྱས་བསྒྲུབས། དེ་ནས་དེ་བཞིན་གཤེགས་པ་དང་སེམས་དཔའ་སྟེ་སུམ་ཅུ་གསུམ་ལ་ཆོས་ལས་ཆེན་པོ་བྱས་ཡོད། འདིར་གཞི་ལུས་སེམས་དཔའ་ཡིན་ན་སེམས་མ་བཞིས་བྱིན་གྱིས་རློབ། དེ་བཞིན་གཤེགས་པ་ཡིན་ན་དབྱིངས་མས་བྱིན་བརླབས་བྱས་ཡོད། འགྲེལ་པར་གང་ཡིན་ཡང་སྤྱིར་སེམས་དཔའ་ཡོད་པས་སེམས་མས་དེ་བཞིན་གཤེགས་པ་བཞུགས་པས་དབྱིངས་མ་སྟེ་གཉིས་ཀ་ཡོད། འདིར་གཞི་ལུས་དེ་བཞིན་གཤེགས་པ་ཡིན་ན་དེ་བཞིན་གཤེགས་པའི་ཅོད་པན་ཕྱག་མཚན་མིང་གསུམ་གྱི་དབང༌། གཞི་ལུས་སེམས་དཔའ་ཡིན་ན་སེམས་དཔའ་གསུམ་གྱི་དབང་བྱ་བར་བཤད། འགྲེལ་པར་གང་ཡིན་ཡང་དེ་བཞིན་གཤེགས་པ་དང༌། སེམས་དཔའ་གཉིས་ཀ་བཞུགས་པས་གཉིས་ཀས་བྱ་བར་བཤད། འདིར་སྙིང་གར་རྡོ་རྗེ་སེམས་དཔའ། ལག་པ་གཡས་པར་རྡོ་རྗེ་ལྕགས་ཀྱུ། གཡོན་པར་ལྕགས་སྒྲོག་ཏུ་ཡོད། འགྲེལ་པར་སྙིང་གའི་མདུན་དུ་རྡོ་རྗེ་སེམས་དཔའ། ལག་པ་གཡས་པར་ལྕགས་ཀྱུ། གཡོན་པར་ཞགས་པ་ཡོད། འདིར་བྱིན་གྱིས་བརླབས་རྗེས་ལ་ཡི་གེ་བརྒྱ་པ་ཡོད། འགྲེལ་པ་ན་མེད། འདི་ན་ལྷ་མོའི་མཆོད་པའི་རྗེས་ལ་ཕྱག་བཞི་མེད། འགྲེལ་པ་ན་ཡོད། འདི་ན་དེའི་རྗེས་ལ་དེ་ཁོ་ན་གསུམ་དང༌། དམ་ཚིག་གསུམ་གྱི་གླུ་ཡོད། འགྲེལ་པ་ན་མེད་དོ། །གདན་བསྐྱེད། སེམས་དཔའ་སྒྲུབ་ལུགས་དང༌། སྒྲུབ་ཆེན་རྒྱས་གདབ། བྱིན་བརླབས་དང་དབང་བསྐུར་དང༌། ལྷ་གནས་བརྟན་བྱེད་དང༌། མཆོད་པ་སྟེ་དགུ་མི་འདྲ། དེ་བས་ན་འདིས་དབང་བྱས་ལ་འགྲེལ་པ་མི་བཅོས། འགྲེལ་པས་དབང་བྱས་ལ་འདི་མི་བཅོས་ཏེ། ཆོ་ག་གསལ་མི་གསལ་ཕན་ཚུན་ལྟོས་པར་བྱ། མི་མཐུན་པ་སོ་སོར་ཉམས་སུ་བླང་བར་བྱའོ། །དེ་ལྟར་རྡོ་རྗེ་སེམས་དཔའ་སྒྲུབ་པའི་རྩ་བའི་རྒྱུད་ན། མདུན་ཕྱོགས་སུ། སེམས་དཔའ་ཆེན་པོ་དེ་བསྒོམ་མོ། །ཡེ་ཤེས་སེམས་དཔའ་དེ་མཐོང་ནས། །ཞེས་བྱ་བ་ལ་སོགས་པ་ཙམ་ལ་ཆོ་ག་རྒྱས་པར་མང་པོར་བྱེད་པ་ལ་གང་ལ་བརྟེན་ཅིང་དགོངས་སྙམ་པ་ལྔ་སྟེ། ས་མ་ཡ་ཨས་ཟླ་བ་བསྐྱེད་པ་དང༌། རང་སྐད་ཅིག་གིས་བསྐྱེད་པ་དང༌། སེམས་དཔའ་རང་འདྲ་བ་ལ་མདུན་ན་ཆོ་ག་གསུམ་གྱིས་བསྐྱེད་པ་དང༌། དེ་ལ་ཡེ་ཤེས་པ་གཞུག་པ་དང༌། དེའི་ཡེ་ཤེས་པ་སྒོ་བ་བཞིས་དགུག་གཞུག་སོགས་བྱེད་པ་ལ། རང་ལ་དམ་རྒྱ་དང༌། ཛཿཧཱུྃ་བྃ་ཧོཿས་བྱེད་པ་གང་ལ་བརྟེན་ཞེ་ན། དད་པོ་སྔོན་བྱུང་སྤྲུལ་པ་ཙམ་ན་ལྷ་ཐམས་ཅད་ཟླ་བ་ལ་ཡོད་པར་བཤད་པ་དང༌། ས་མ་ཡས་བསྐྱེད་པ་རྩེ་མོ་ནས། ས་མ་ཡ་ཨ་ཞེས་བརྗོད་ནས་རྣལ་འབྱོར་བ་ཟླ་བ་དང་གདན་སྟེང་དུ་གནས་ཞེས་པ་ལ་དགོངས་སོ། །གཉིས་པ་ལ་སྐད་ཅིག་གིས་བསྐྱེད་པ་ལའང་རྩེ་མོ་ལས། སྐུ་དང་གསུང་ཐུགས་ཕྱག་རྒྱ་དག །རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར། །བཛྲ་ས་ཏྭཱ་ཧཾ་ཞེས་བཤད་པས་སོ། །གསུང་པ་མདུན་གྱི་ཆོ་ག་གསུམ་གྱིས་བསྐྱེད་པ་ནི། རྩེ་མོ་ལས། རང་སྐད་ཅིག་གིས་བསྒོམས་པའི་རྗེས་ལ། རྡོ་རྗེ་དབབ་པར་གྱུར་ནས། ཞེས་གསུངས་པས་ཕྱག་མཚན་དབབ། བདག་ཉིད་རྡོ་རྗེ་བསྒོམ་ཞེས་ང་རྒྱལ་བྱ། བཛྲ་ས་ཏྭཱ་ཧཾ། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །དཀྱིལ་འཁོར་མ་ལུས་སྟོན་མཛད་པའི། །ཕྲེང་བའི་རྣམ་པ་འོད་དང་ལྡན། །རྒྱན་དང་གོས་དང་ཁ་དོག་ལྡན། །ཌ་བ་དཱ་ནི་བརྗོད་བྱ་ཞིང༌། །སེམས་དཔའ་ཆེན་པོ་རྗེས་དྲན་བྱ། །ཞེས་པས་དེ་ལས་སྐུར་གྱུར་པའོ། །བཞི་པ་ཡེ་ཤེས་གཞུག་པ་ལའང་རྩ་བ་ནས། སེམས་དཔའ་ཆེན་པོ་དེ་མཐོང་ནས། །ཞེས་པ་ལ། ཤག་མི་ཡེ་ཤེས་ཀྱིས་གཞུག་པ་སྔར་མདུན་དུ་བསྒོམ་པ་རང་ལ་འདོད་པ་དང༌། ཀུན་སྙིང་ན་རེ། དེ་ལྟར་བྱས་ན། ཡེ་ཤེས་སེམས་དཔའ་མ་ཡིན་པ་འགའ་ཡང་མེད་དེ། རང་ཉིད་ཀྱི་རྒྱུད་ལའང་བསྒོམ་པའི་ཡེ་ཤེས་གཞུག་ཏུ་རུང་བས་ཐལ་ཆེས་བས། དེས་ན་མདུན་ན་མོ་ལ་ཡེ་ཤེས་འཇུག་སྟེ། རྩེ་མོ་ལས། ཡེ་ཤེས་སེམས་དཔའ་གོས་པ་མེད། །ཅེས་གསུངས་པས་སོ། །ལྔ་པ་ནི། རྩེ་མོ་ལས། སྡུག་ཅིང་ཆེ་བའི་སྐུ་དེ་ནི། །རྡོ་རྗེ་ལྕགས་ཀྱུས་ཡང་དག་དགུག །ཅེས་པས་སོ། །རང་གི་དམ་རྒྱ་སྒྲུབ་པའི་སྐབས་ཡིན་པ་དང༌། དམ་རྒྱ་སྒྲུབ་པའི་སྙིང་པོ་ཛཿཧཱུྃ་བྃ་ཧོཿཡིན་པས་སོ། །རྒྱབ་ཏུ་ཟླ་བ་གྲུབ། སེམས་དཔའི་ལུས་སུ་བསྒོམ་པ། སེམས་དཔའི་སྔགས་བཟླས་པ་ནི་འདུས་པ་ཉིད་ནས་བཤད་དོ། །དེ་ལྟར་རྡོ་རྗེ་སེམས་དཔའ་བསྒྲུབ་པ་ལ་སྙིང་གའི་དཀྱིལ་འཁོར་ཟླ་བ་ལ་ཐིམ་པ། གནས་སུ་ཟླ་བ་བསྐྱེད་པ། ཕྱག་རྒྱ་ཆེན་པོ་བཅིང་བ། མདུན་དུ་ཟླ་བ་བསྐྱེད་པ། ཕྱག་མཆན་དབབ་པ། ང་རྒྱལ་སྐུ་བསྐྱེད་པ། ཡེ་ཤེས་པ་གཞུག་པ། བལྟ་བ། དམ་རྒྱས་ལུས་ལ་བསྒྲུབ་པ། རྒྱབ་ཏུ་ཟླ་བ། སེམས་དཔའི་ལུས་སུ་བསྒོམ་པ། སྙིང་པོ་དང་སྔགས་བཟླས་པ་སྟེ་བཅུ་གསུམ་ཡོད་དེ། རྒྱལ་པོ་ལ་སོགས་པ་བསྒྲུབ་པ་ལ་དང་པོ་གཉིས་བོར་ཏེ་བཅུ་གཅིག་ཏུ་ཤེས་པར་བྱའོ། །དེ་ལ་རྒྱལ་པོ་ལ་སོགས་པ་སྒྲུབ་པའི་ཚེ་ཕྱིའི་རྟེན་ཕྱག་རྒྱ་ཆེན་པོ་འཆིང་བས་འཕོ། ནང་གི་རྟེན་ཟླ་བའི་གདན་དང་སྒྲུབ་པའི་ལྷ་མི་འཕོ། དཔེར་ན་དེ་བཞིན་གཤེགས་པའི་མངོན་པར་བྱང་ཆུབ་པ་བསྒོམས་པ་ཙམ་ན། ཕྱིའི་རྟེན་མི་བསྐྱོད་སོགས་འཕོ། ཡང་ན་ནང་གི་ཟླ་བ། དང་པོ་དང་གཉིས་པ་དང༌། རྡོ་རྗེ་དང་དེ་ལ་སྐུ་གསུང་ཐུགས་གཞུག་པ་རྣམས་མི་འཕོ་བར་བཤད་པ་བཞིན་ནོ། །དེ་ལྟར་སེམས་དཔའ་ཉེར་བརྒྱད་བསྒྲུབ་པ་ལ། རྡོ་རྗེ་སེམས་དཔའ་འམ་འབེབས་པ་གཞི་ལུས་བྱེད་ན་ལྷའི་རྣལ་འབྱོར་ཉི་ཤུ་བརྒྱད་དུ་འཕོ། གཞན་གང་གིས་བྱས་ཀྱང་ཉེར་དགུ་འཕོ་སྟེ། དང་པོ་རང་གིར་གནས་པ་རྡོ་རྗེ་སེམས་དཔའ་འཕོས་ནས་སེམས་དཔའ་བསྒྲུབ། ཐ་མས་འབེབས་པ་བསྒྲུབས་ནས་ཡང་རང་གི་རྣལ་འབྱོར་དུ་འཕོས་པའི་ཕྱིར་རོ། །སེམས་དཔའ་སྒྲུབ་པའི་གཞུང༌། སློབ་དཔོན་གྱིས་ཟོར་ཡང་དུ་མཛད་ནས། ཉེར་བདུན་ཕྱོགས་གཅིག་ཏུ་བསྟན་ཡང་རྐང་ཐོན་དུ་ཤེས་པར་བྱའོ། །སེམས་མ་ལ་སྐྱེད་ཆོག་ཀྱང་མེད་ལ། ལུས་ལ་སྒྲུབ་པ་ཡང་མེད་དེ་གཟུངས་ཀྱི་ལྷ་བཞིན་ནོ། །དེ་ནས་སྒྲུབ་པ་ཆེན་པོ་དེ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། རང་གི་ལུས་གང་ཡིན་གྱི་ང་རྒྱལ་གྱིས་གནས་པ། ལུས་ཀྱི་ཕྱག་རྒྱ་དང༌། ངག་ཏུ་སྔགས་བརྗོད་ཅིང་སེམས་ཀྱིས་དེ་བཞིན་གཤེགས་པ་ལྔ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། སེམས་དཔའ་ཉེར་བརྒྱད་ལུས་དང་རྩ་དགུ་ལ་གཞུག་པར་བསམ་མོ། །དེ་བཞིན་གཤེགས་པ་དེ་རྣམས་རྟེན་སྐུ་ལ་ཇི་ལྟར་གཞུག་ཅེ་ན། ཁ་ཅིག་ན་རེ། སྤྱི་གཙུག་དང༌། སྙིང་ག་དང༌། དཔྲལ་བ་དང༌། ལྐོག་མ་དང༌། སྤྱི་བོ་རྣམས་སུ་རྣམ་སྣང་ལ་སོགས་པ་གོ་རིམ་བཞིན་གཞུག་སྟེ། དཔལ་མཆོག་འགྲེལ་པ་ལས། དེ་བཞིན་གཤེགས་པ་ལྔ་ནི་ཕུང་པོ་ལྔའི་ངོ་བོ་ཡིན་པས་ལུས་ལ་ཁྱབ་ཟེར་བ་དང༌། རིགས་ལྔའི་ཕྱག་རྒྱ་དགྲོལ་བའི་སྐབས་ནས་རྣམ་སྣང་ལ་སོགས་པ་སྤྱི་གཙུག་ལ་སོགས་པ་ནས་དགྲོལ་བར་བཤད་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ལུས་ཐམས་ཅད་ལ་ཁྱབ་པའི་ཕྱིར་དང༌། ཕུང་པོ་ལྔ་ལ་གནས་ངེས་པ་མེད་པའི་ཕྱིར་དང༌། ཕྱག་རྒྱ་དགྲོལ་བ་ལ་དེ་ན་ལྷ་གཞུག་པའི་ངེས་པ་མེད་དེ། ཚོགས་རྟེན་གྱི་ཕྱག་རྒྱ་སྙིང་གར་དགྲོལ་བ་བཞིན་ནོ། །ཡང་ཁ་ཅིག་སྟོད་འགྲེལ་ལས། བྱེ་མ་ལ་བུམ་པའི་ཆུ་ཐིམ་པ་ལྟར་ཞེས་གསུངས་པས་མི་མངོན་པར་འདོད་དེ། དེ་ནི་མ་ཡིན་ཏེ། ཕྱག་རྒྱ་བཞིས་གདབ་ཏུ་མི་འདོད་པའི་ཕྱིར་ཏེ། དམ་རྒྱ་སྙིང་གར་རྡོ་རྗེ་བསྒོམ་པ་དང༌། ཆོས་རྒྱ་ལྗགས་ལ་རྡོ་རྗེ་བསྒོམ་དུ་མི་རུང་བའི་ཕྱིར་རོ། །ཕྱག་རྒྱ་བཞིས་མ་བཏབ་ན་སྒྲུབ་པའི་ཡན་ལག་མ་ཚང༌། སློབ་དཔོན་གྱི་གཞུང་དང་འགལ་ལོ། །དེ་བས་ན་དུམ་བུ་དང་པོའི་འགྲེལ་པར་དེ་བཞིན་གཤེགས་པ་རྣམས་ནི་ལུས་ཐམས་ཅད་ལ་ཁྱབ་པར་བཞུགས་སོ་ཞེས་པ་དང༌། དུམ་བུ་གཉིས་པར་དེ་བཞིན་གཤེགས་པ་ཐམས་ཅད་ལ་བཞུགས་ཏེ་ཞེས་པ་དང༌། དུམ་བུ་གསུམ་པར་རྟེན་དང་བརྟེན་པའི་ལུས་ཀྱི་ཡན་ལག་ཐམས་ཅད་ལ་ཏིལ་མར་གྱི་ཚུལ་གྱིས་བཞུགས་སོ་ཞེས་པ་དང༌། དུམ་བུ་བཞི་པར་དེ་བཞིན་གཤེགས་པ་རྣམས་ནི་ཡན་ལག་ཐམས་ཅད་ལ་ཆུ་དང་འོ་མ་འདྲེས་པ་བཞིན་དུ་བཞུགས་སོ་ཞེས་པ་དང༌། དུམ་བུ་གཉིས་པའི་དཀྱིལ་ཆོག་ནས་དེ་བཞིན་གཤེགས་པ་རྣམས་ནི་ཡན་ལག་གི་ཆ་ཐམས་ཅད་དུ་བཞུགས་སོ་ཞེས་གསུངས་པའི་དགོངས་པ་ནི་དེ་བཞིན་གཤེགས་པའི་སྐུ་ལ་བཞུགས་ཙམ་ན་ཚད་མེད་གྲངས་མེད་དུ་བཞུགས་ཀྱང༌། གནས་ཙམ་ན་ཚད་ཅན་གྲངས་ཅན་དུ་གནས་ཏེ། ཉེར་དགུ་པོ་ཉིད་ལས་གཞན་ན་མེད་དོ། །དེ་ཉིད་རེ་རེ་ལ་རྣམ་སྣང་ལ་སོགས་པའི་སྐུའི་རྣམ་པས་ཁྱབ་ཀྱང་ཁྱབ་ལ་སོ་སོར་མ་འདྲེས་པའང་སྣང་སྟེ། མེ་ལོང་ལ་གཟུགས་བརྙན་གྱིས་ཀྱང་ཁྱབ་ལ་མེ་ལོང་ཡང་ཡིན་པ་བཞིན་ནོ། །དེ་བས་ན་ལྷ་དྲུག་དྲུག་གཅིག་ཏུ་གནས་པ་བཞེད་དོ། །འདི་ལུང་དང་ཡང་མཐུན་ལ་རྒྱས་ཀྱང་གདབ་ཏུ་འདོད་དོ། །འདི་ལའང་བྱང་ཆུབ་མཆོག་ལ་སོགས་པའི་ཕྱག་རྒྱ་ལ་སོགས་པ་དཀའ་བར་གནས་སམ་གསུང༌། གཞན་དག་ནི་བཞུགས་ཙམ་ན་ཡང་ཚད་མེད་གྲངས་མེད་ཀྱིས་བཞུགས་ལ། གནས་ཙམ་ན་ཡང་ཚད་མེད་གྲངས་མེད་ཀྱི་གནས་ཏེ། རགས་པས་བལྟས་ན་རྡོ་རྗེ་སེམས་དཔའ་ལྟ་བུ་གཅིག་ལས་མེད་པ་ལ། བློ་ཕྲ་བས་བལྟས་ན་ཡན་ལག་རེ་རེ་ལ་བསམ་གྱིས་མི་ཁྱབ་པ་གནས་ཏེ། དཔེར་ན་རྡུལ་ཕྲན་འདུས་པའི་གོང་བུ་བཞིན་ནོ་ཞེས་འདོད་དོ། །སྒྲུབ་པ་ཆེན་པོ་འདི་ལ་དཔལ་མཆོག་ནས་ཡེ་ཤེས་ཀྱི་ཚོགས་ཕུལ་དུ་བྱུང་བ་ཞེས་བཤད་དོ། །ཞེས་གསུངས་སོ། །དེ་ལྟར་སྒྲུབ་པ་ཆེན་པོ་བྱས་ནས་ཕྱག་རྒྱ་བཞིས་རྒྱའི་བཏབ་བོ། །དེའང་སེམས་དཔའ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་གོང་དུ་བཏབ་པ་ཉིད་ལས། འདིར་གདབ་པ་མེད་དོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་དམ་རྒྱས་འདེབས་པ་ནི། གཞི་ལུས་ཀྱི་ང་རྒྱལ་གྱིས་རྣམ་སྣང་གི་དམ་རྒྱ་བཅིང༌། ངག་ཏུ་རྣམ་སྣང་གི་སྔགས་བརྗོད་དུས་སུ་སེམས་ཀྱི་རྒྱས་གདབ། རྒྱུའི་རྣམ་སྣང་དུ་ཡོད་པ་དམིགས་ཡུལ་དུ་བཞག་ལ། ཐུགས་ཀའི་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་བསྐྱེད་ལ། མིག་ཡོར་དང་མཚུངས་པ་དང་ནམ་མཁའ་དང་མཉམ་པར་བསྒོམ་མོ། །དེས་མི་བསྐྱོད་པ་ལ་སོགས་པ་ལའང་སྦྱར་རོ། །དམ་རྒྱའི་གདམས་པ་དེའང་རྟོག་པ་དང་པོའི་ཕྱག་རྒྱ་བཞི་པ་ལས། རང་གི་དབང་པོ་བཤིག་ནས་ནི། །རྡོ་རྗེ་བཅིང་བས་གཟུང་བར་བྱ། །དེ་ཡི་ཕྱག་རྒྱ་གང་རེག་པ། །དེ་མ་ཐག་ཏུ་དབང་དུ་འགྱུར། །ཞེས་གསུངས་པས་ཆོས་ཐམས་ཅད་བདག་མེད་པར་བསྒོམས་པས་ཐ་མལ་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད། བདག་ཏུ་བཟུང་བས་བསྡུས་པ་བཤིག་སྟེ་རྒྱས་གདབ་པའི་ལྷ་དམིགས་ཡུལ་དུ་འཛིན་པ་དེ་མིག་ཡོར་དང་མཚུངས། ནམ་མཁའ་དང་མཉམ་པར་དེ་ཁོ་ན་ཉིད་བསྒོམས་པས་དམ་རྒྱ་འགྲུབ་བོ། །དེས་ཆོས་རྒྱ་མན་ཆད་སེམས་དཔའ་དང་བཅས་པ་ལ་འདེབས་སོ། །དེ་ཡང་ཆོས་རྒྱ་ལས་རྒྱ་ནི་གཞི་ལུས་ཀྱི་ང་རྒྱལ་གྱིས་འདེབས་ཏེ། ཆོས་རྒྱ་ནི་རྣལ་འབྱོར་པ་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་དུ་བཅས་པ། ལག་པ་རྡོ་རྗེ་བསྡམས་པ་བཀན་ཏེ་པང་བར་བཞག མིག་སྣ་རྩེར་གཏད། ཚིགས་པ་བསྲང༌། མགྲིན་པ་བཀུག་ལ་ལྕེ་རྐན་ལ་སྦྱར་ཏེ། རྟེན་དང་བརྟེན་པའི་དེ་བཞིན་གཤེགས་པ་དང༌། སེམས་དཔའ་ཐམས་ཅད་ཀྱི་མགྲིན་པར་ཧྲཱིཿལས་པདྨ་འདབ་བརྒྱད་བསྐྱེད། མདུན་གྱི་འདབ་མ་ལ་ཨ་ལས་ཟླ་བ་ལ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསམས་ལ། ཨོཾ་བཛྲ་ཛི་ཧྭའི་བྱིན་གྱིས་བརླབས་པའི་ལྕེ་ལ་འོག་ནས་འབྱུང་བའི་བཛྲ་ཛྙཱ་ན་ལ་སོགས་པ་ཐམས་ཅད་ལ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་གོ་ཞེས་བསྒོམ་མོ། །དེའང༌། རྡོ་རྗེ་ཕྲ་མོའི་ཚུལ་སྦྱར་ལ། །ཡེ་ཤེས་ཕྱག་རྒྱ་བཅིང་བར་བྱ། །ཆོ་ག་འདི་ཡི་ཚུལ་གྱིས་ནི། །ཡེ་ཤེས་ཕྱ་རྒྱ་དབང་དུ་འགྱུར། །ཞེས་གསུངས་པས་སོ། །དེ་ནས་ལས་རྒྱས་གདབ་བ་ནི། རྟེན་དང་བརྟེན་པའི་སྐུ་ལ་རྣམ་སྣང་ཇི་སྙེད་བཞུགས་པ་དམིགས་ཡུལ་དུ་བཞག དེའི་ཐུགས་ཀར་ཨ་ལས་སྣ་ཚོགས་རྡོ་རྗེ་བསྐྱེད། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའོ་ཞེས་བསྒོམ་ཞིང༌། ངག་ཏུ་རྡོ་རྗེའི་གླུ་སྔོན་དུ་སོང་བས་རྣམ་སྣང་གི་སྔགས་གླུར་ལེན། གཞི་ལུས་ཀྱི་གར་སྔོན་དུ་སོང་བས་འོག་ནས་བཤད་པའི་ལས་རྒྱ་འཆའ་བའོ། །དེས་འབེབས་པའི་བར་དུ་བསྒྲེའོ། །དེ་ཡང༌། གླུ་དང་གར་དང་ཟས་དང་ནོར། །སྤྱོད་ལམ་ལ་སོགས་བདེ་བ་རྣམས། །སངས་རྒྱས་རྣམས་ལ་ཕུལ་གྱུར་ན། །ལས་ཀྱི་ཕྱག་རྒྱ་དབང་དུ་འགྱུར། །ཞེས་གསུངས་པས་སོ། །དེ་ནས་ཕྱག་རྒྱ་ཆེན་པོའི་རྒྱས་གདབ་པ་ནི། རང་རང་གི་ཕྱག་རྒྱ་ཆེན་པོའི་རྒྱས་གདབ་སྟེ། རྣམ་སྣང་ལ་ཆེན་པོས་འདེབས་ཙམ་ན། གཞི་ལུས་གང་ཡིན་ཡང་རྣམ་སྣང་ཇི་སྙེད་ཡོད་པར་འཕོས། ལག་པས་ཀྱང་དེའི་ཕྱག་རྒྱ་ཆེན་པོ་བཅིང༌། ངག་ཏུ་རྣམ་སྣང་གི་སྔགས་བཟླས་ཤིང་སྙིང་གར་སེམས་དཔའི་རྡོ་རྗེ་བསམས་ཏེ་བྱང་ཆུབ་ཀྱི་སེམས་ཆེན་པོའོ་ཞེས་བསྒོམ་མོ། །དེ་བཞིན་དུ་བྱིན་པ་གཡོན་འབེབས་པའི་བར་དུ་ང་རྒྱལ་འཕོས་ཏེ་འདེབས་པ་རུ་ཤེས་པར་བྱའོ། །དེ་ཡང༌། བདག་ཉིད་ཆེན་པོ་གང་གང་གིས། །ཕྱག་རྒྱ་གང་དང་གང་བཅིང་བ། །བཟླས་པའི་སྙིང་པོའི་དོན་དུ་ནི། །དེར་ནི་བདག་ཉིད་བསྒོམ་པར་བྱ། །ཞེས་གསུངས་པས་དམིགས་ཡུལ་དུ་བཞག་པ་མ་ཡིན་པར་རང་ང་རྒྱལ་བསྒོམ་པའོ། །དེ་ལ་རྩ་རྒྱུད་ནས། ལས་ཆེན་མཆོག་གི་ཕྱག་རྒྱ་ཡིས། །དམ་ཚིག་རྣམས་ནི་གཞག་པར་བགྱི། །ཞེས་ལས་རྒྱ་བསྟན། དམ་ཚིག་མཆོག་གི་ཕྱག་རྒྱ་དང༌། །སེམས་དཔའ་རྡོ་རྗེ་ལ་སོགས་པས། །དེ་ལྟར་སེམས་དཔའ་ཆེན་པོ་བསྒྲུབ། །ཅེས་དམ་རྒྱ་བསྟན་པ་ཙམ་ལས་མེད་པ་ལས་ཆོས་དང་ཕྱག་རྒྱ་ཆེན་པོ་བསྣན་ཏེ། ཕྱག་རྒྱ་བཞིར་གྲངས་ངེས་པ་དང༌། གོ་རིམ་ངེས་པ་ནི། ལས་ཆེན་ཞེས་བྱ་བ་ནི་ཆོས་ལས་ཆོས་གསུམ་གྱིས་ལུས་ངག་ཡིད་གསུམ་གྱི་ལས་སུ་བྱ་བ་ལ་བྱེད་ལ། མཆོག་ཅེས་པ་ཁྱད་པར་དུ་སེམས་ཀྱི་ལས་ཕྱག་རྒྱ་གསུམ་པོ་དེའི་མཚན་མ་བསྒོམ་པ་ལ་བྱ་ལ། དེའང་འཇིག་རྟེན་གསུམ་རྒྱལ་གྱི་དོན་དང༌། རྩེ་མོའི་དོན་དྲངས་ནས་གཞིར་བྱས་གསུངས། ཡང་བཞིར་གྲངས་ངེས་པ་རྣམ་སྣང་སོགས་ལྷ་རེ་རེ་སྒྲུབ་པ་ལ་བཞིའི་རྒྱས་གདབ། མེད་ན་སྒྲུབ་པའི་ཡན་ལག་མི་ཚང་སྟེ། མ་ཚང་བ་དང་ལྷག་ན་མི་འགྲུབ་པས་བཞིར་བྱས་པ་དང༌། དཀྱིལ་འཁོར་འཁོར་ལོ་ལ་ཕྱག་རྒྱ་བཞིའི་རྒྱས་གདབ་དགོས་པས་སོ། །དེ་ལ་སྒྲུབ་པའི་ཡན་ལག་བཅུ་དྲུག་ནི། ཕྱག་རྒྱ་ཆེན་པོ། དམ་ཚིག ཆོས་ལས། དགུག་པ། གཞུག་པ། བཅིང་བ། དབང་དུ་བྱ་བ། བྱིན་གྱིས་བརླབ་པ། དབང་བསྐུར། ཏིང་ངེ་འཛིན། མཆོད་པ། སྙིང་པོ། ཕྱག་རྒྱ། གསང་སྔགས། རིག་པའོ། །དཀྱིལ་འཁོར་ལ་ཕྱག་རྒྱ་བཞིའི་རྒྱས་གདབ་པ་རྒྱུད་གཞན་ནས་གསུངས་པའི་ཕྱིར་རོ། །ཕྱག་རྒྱའི་གོ་རིམ་ངེས་པ་ནི། དམ་རྒྱ་སྔོན་ལ་སྒྲུབ་པ། དཔལ་མཆོག་དང་དེ་བསྡུས་ཉིད་ཀྱི་ཕྱག་རྒྱའི་ཡེ་ཤེས་དྲངས་ནས་བཤད། དེ་ནས་ཆོས་ལས་བྱས་ཏེ། མཐར་ཕྱག་རྒྱ་ཆེན་པོས་འདེབས་པ་ནི། ལྷ་ཐམས་ཅད་ཕྱག་རྒྱ་ཆེན་པོས་བཞུགས་པས་ཕྱག་རྒྱ་གཞན་དུ་བསྒྱུར་མི་དགོས་པས་ཆོ་ག་ཉུང༌། ཤག་མི་དང་པོར་ཕྱག་རྒྱ་ཆེན་པོས་བཏབ་པས་ལས་རྒྱའི་རྗེས་ལ་ཡང་ཕྱག་རྒྱ་ཆེན་པོས་འདེབས་དགོས་པས་ཚེགས་ཆེའོ། །བཞིའི་གྲངས་ངེས་དང༌། གོ་རིམ་ངེས་པ་ཞིབ་པར་འདོད་ན་འགྲེལ་བར་བལྟའོ། །དེ་ནས་གཞི་ལུས་ཀྱི་ང་རྒྱལ་གྱིས་སེམས་མ་བཞིའི་བྱིན་གྱིས་བརླབ་པ་བྱ་སྟེ། སེམས་དཔའ་དང་དེ་བཞིན་གཤེགས་སྐུ་ཐམས་ཅད་ཀྱི་ཐུགས་ཀ་ལ་དམིགས་ཏེ་སྔགས་དང་པོ་ལ་ལན་ཅིག་བརྗོད་པས་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་ནང་དུ་ཚུད་པའི་རྡོ་རྗེ་སེམས་མ་བསྒོམ། ཡང་སྔགས་དེས་དེ་ཐམས་ཅད་ཀྱི་སྤྱི་བོ་དང༌། ལྐོག་མ་དང༌། མཛོད་སྤུར་ལྷ་བསྐྱེད་པ་མེད་དེ། གནས་བྱིན་གྱིས་བརླབ་པ་ཙམ་བྱ། དེ་ནས་སྔགས་འོག་མ་གསུམ་རིམ་གྱིས་བརྗོད་པས་དཔྲལ་བར་རིན་པོ་ཆེ། ལྐོག་མར་པདྨ། སྤྱི་བོར་སྣ་ཚོགས་རྡོ་རྗེའི་ནང་དུ་ཚུད་པའི་སེམས་མ་གསུམ་བསྒོམ་མོ། །རྒྱུད་ཕྱི་མ་ནས་བྱིན་གྱིས་བརླབས་ལུགས་གཉིས་བཤད་དེ། ཕྱག་རྒྱ་མེད་པ་གཅིག་དང༌། ཡོད་པ་གཅིག་བཤད། ཡོད་པའི་ལུགས་འགྲེལ་བའི་དང་པོ་སྦྱོར་བ་དེ་ཡིན་གསུང༌། ཕྱག་རྒྱ་མེད་ཙམ་ན་ལག་པ་མཉམ་གཞག་ཏུ་བྱའོ། །དེ་ལྟར་གོག་པ་རེ་རེར་ལྷ་དྲུག་དྲུག་ཡོད་པ་ལ་སེམས་མ་བཞིའི་བྱིན་གྱིས་བརླབས་པས་སུམ་ཅུ་སུམ་ཅུ་ཡོད་དོ། །སྤྱིར་བརྒྱད་བརྒྱ་བདུན་ཅུ་ཡོད་ཟེར་ཏེ། དོན་གྱིས་སེམས་དཔའ་ལུས་ལ་བསྒྲུབ། སྒྲུབ་ཆེན་དེ་བཞིན་གཤེགས་པ་སེམས་མ་བཞིའི་བྱིན་གྱིས་བརླབས་ཏེ། རྡོ་རྗེ་དབྱིངས་ལྷ་སུམ་ཅུ་སོ་བདུན་ལུས་ལ་བསྒྲུབ་པའོ། །དེ་བཞིན་གཤེགས་པའི་ཟློས་པའི་དབང་དུ་བྱས་ཏེ་རྣལ་འབྱོར་ཆེན་པོ་བསྡུས་ཏེ་བསྟན་པ་ནི། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པའོ། །དོན་ནི་དེ་བཞིན་གཤེགས་པ་ལྔ་ལ་མེ་ཏོག་ཕོག་ན་དེའི་སྒྲུབ་པ་སྟོན་ཏོ། །དེ་ལ་སྤྱིར་ཁྲུས་བྱ་བ་ནས་དཀྱིལ་འཁོར་བསྡུ་བའི་བར་གྱི་སྔོན་འགྲོ་རྣམས་ནི་གང་ལ་མེ་ཏོག་ཕོག་པའི་ང་རྒྱལ་གྱིས་བྱ་བ་ཡིན་པས་ཐུན་མོང་ངོ༌། །རྣལ་འབྱོར་ཆེན་པོ་ལ་སོ་སོར་བསྟན་ཏོ། །དེ་ལ་ཆོ་གའི་རྣམ་གྲངས་བརྒྱད་དེ། བདག་ལྷར་བསྐྱེད་པ། བྱིན་གྱིས་བརླབ་པ། དཀྱིལ་འཁོར་དུ་འཇུག་པ། དབང་བསྐུར་བ། སེམས་དཔའ་ལུས་ལ་བསྒྲུབ་པ། སྒྲུབ་པ་ཆེན་པོ། ཕྱག་རྒྱ་བཞིའི་རྒྱས་གདབ་པ། ཡུམ་བཞིའི་བྱིན་གྱིས་བརླབ་པའོ། །དེ་ལ་དང་པོ་ནི་སེམས་དཔའ་ཟློས་པ་པོས་ཆོས་བདག་མེད་པ་སྔོན་དུ་འགྲོ་བས་ཆོ་ག་ལྔས་སེམས་དཔའི་སྐུར་བསྐྱེད་པའོ། །དེ་བཞིན་གཤེགས་པའི་ཟློས་པ་པོས་བསྐུལ་བ་དང་ཞུ་བ་སྔོན་དུ་འགྲོ་བས་མངོན་བྱང་ལྔས་དེ་བཞིན་གཤེགས་པའི་སྐུ་བསྐྱེད་དེ། བསྒོམ་རིམ་ནི། རང་རྟེན་དོན་གྲུབ་ཏུ་མོས། གནས་འོག་མིན་དུ་མོས་ཏེ་བསྐུལ་ཞུས་ཏེ་མངོན་བྱང་ལྔས་རྣམ་སྣང་གི་སྐུར་བསྐྱེད་དེ། བྱིན་གྱིས་བརླབ་པ་ལས་མ་ཡ་ཧཾ་གི་བྱིན་གྱིས་བརླབ་པར་མི་བྱ་སྟེ། དེ་ཉིད་སྣང་བ་ལས། དེ་བཞིན་གཤེགས་པའི་རྣལ་འབྱོར་པས་ནི་ཨོཾ་ཙིཏྟི་ཞེས་བྱ་བ་ནས་སྟ་ཏ་ཨ་ཧཾ་ཞེས་བྱ་བའི་བར་འདི་བརྗོད་པར་བྱའི། མ་ཧཱ་ས་མ་ཡ་ཧཾ་ཞེས་བརྗོད་པས་མ་ཡིན་ཏེ། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨའི་རིགས་ཉིད་ནི་རྣམ་སྣང་ཆེན་པོའི་ངོ་བོ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ནས་ས་མ་ཡ་ཞེས་བརྗོད་དེ། དོན་དམ་པར་ཆོས་དབྱིངས་རྣམ་སྣང་ཆེན་པོ་དེ། ཀུན་རྫོབ་ཏུ་རྣམ་སྣང་གི་གཟུགས་ཅན་ནོ་ཞེས་བསམ་མོ། །གལ་ཏེ་རྣམ་སྣང་ལ་ལྷ་དེ་ལྟར་ཡིན་ན་མི་བསྐྱོད་སོགས་ལ་ཇི་ལྟར་བྱ་སྙམ་ན་ཁ་ཅིག་ན་རེ། མངོན་བྱང་གོ་བསྒྱུར་ཏེ་ལྔ་པ་ལ་མི་བསྐྱོད་པ་ལ་སོགས་པའོ་ཟེར་ཏེ་དེ་ནི་མ་ཡིན་ནོ། །དེས་ན་རྣམ་སྣང་དུ་བསྐྱེད་པའི་རྗེས་ལ་རང་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་ས་མ་ཡ་ཧཾ་ཞེས་བརྗོད་པས་གང་ཡིན་གྱི་སྐུར་བསྒོམས་ཏེ། དོན་དམ་པར་རྣམ་སྣང་ཆེན་པོ་ཀུན་རྫོབ་ཏུ་དེ་ལྟ་བུའོ་ཞེས་བསམ་མོ། །དེ་ནས་རང་རང་གི་དམ་རྒྱས་གནས་བཞི་བྱིན་གྱིས་བརླབ་པ་སྔར་དང་འདྲའོ། །དེ་ནས་བཛྲ་དྷཱ་ཏུ་ཟློས་ཤིང་རང་གིས་ཕྱག་རྒྱ་ཆེན་པོ་བཅིང་ངོ༌། །འཇུག་ཅིང་དཀྱིལ་འཁོར་བལྟ་བའི་བར་འདྲ། །དབང་བསྐུར་ལ་དེ་བཞིན་གཤེགས་པ་ལ་རིན་པོ་ཆེའི་ཅོད་པན་ལས་མེད་དོ། །གཞན་སེམས་དཔའ་ལུས་ལ་བསྒྲུབ་པ། སྒྲུབ་ཆེན་དང་ཕྱག་རྒྱ་བཞིའི་རྒྱས་གདབ་པ་འདྲ་སྟེ། དེ་རྣམས་ནི་ཆོ་ག་ཐམས་ཅད་རྗེས་སུ་དཔྱད་པར་བྱའོ། །ཞེས་པ་ལ་བརྟེན་ཏོ། །དེ་ནས་བྱིན་གྱིས་བརླབ་པ་ནི། སེམས་དཔའ་ལ་སེམས་མ་བཞིའི་སྔགས་ཀྱི་བྱིན་གྱིས་བརླབས་ལ། དེ་བཞིན་གཤེགས་པ་ལ་དབྱིངས་ཀྱི་དབང་ཕྱུག་མའི་སྔགས་དང་ཕྱག་རྒྱའི་བྱིན་གྱིས་བརླབས་ཏེ། བསྒོམ་པ་ནི་སེམས་དཔའ་དང་འདྲའོ། །དེ་རྣམས་དེ་བཞིན་གཤེགས་པས་བྱ་བའང༌། དཔལ་མཆོག་དུམ་བུ་གཉིས་པ་ལས་གསུངས་ཏེ། སྡིག་པ་དྲལ་བའི་ཕྱག་རྒྱས་སྡིག་པ་དྲལ་བར་བྱའོ། །དེ་ནས་རྡོ་རྗེ་སྐྱིལ་ཀྲུང་བཅས་ལ། དེའི་སྟེང་དུ་རྡོ་རྗེ་བསྡམས་པ་བཀན་ཏེ་བཞག་ལ། སྙིང་གའི་སེམས་དཔའི་རྡོ་རྗེ་བཀོད་དེ། འཕགས་པ་དེ་ཉིད་བསྡུས་པ་ལས་གསུངས་པའི་མངོན་པར་བྱང་ཆུབ་པ་ལྔའི་རིམ་པ་བསྒོམ་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་བཅིངས་ལ་ས་མ་ཡ་ཧཾ་ཞེས་བསྒོམས་ལ་ས་མ་ཡ་ཨ་དྷི་ཏིཥྛ་ས་མ་ཡ་ཞེས་བྱ་བས་དམ་རྒྱ་དེ་སྙིང་ག་དང༌། ལྐོག་མ་དང༌། དཔྲལ་བ་དང༌། སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ནམ་མཁའ་དང་མཉམ་པའི་སྦྱོར་བས་རང་ཉིད་ཀྱི་སྙིང་གར་ཡིད་ཀྱིས་གཞུག་ལ། རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་དེ་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་བཅིངས་ལ། དཀྱིལ་འཁོར་ཆེན་པོ་མངོན་པར་སྤྲུལ་ལ། དངོས་གྲུབ་གྱི་རྡོ་རྗེའི་བརྟུལ་ཞུགས་ཀྱི་བར་གྱིས་བདག་ཉིད་འཇུག་པའི་ཆོ་ག་རྣམས་རྗེས་སུ་སྤྱད་དེ་དཀྱིལ་འཁོར་དེ་རང་གི་སྙིང་གའི་ཟླ་བའི་ནང་དུ་འདྲེས་པར་བསམས་ལ་ཞེས་གསུངས། དེ་ནས་དེ་ཉིད་བསྡུས་པ་ན་མེད་པའི་སེམས་དཔའ་བསྒྲུབ་པ་དང་འདྲ་བའི་རྣམ་སྣང་རང་འདྲ་བ་སྒྲུབ་པ་ཅིག་གསུངས། དེ་ལ་ཕྱག་རྒྱ་བཞིའི་རྒྱས་བཏབ་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རྣལ་འབྱོར་ཆེན་པོ་བྱའོ་ཞེས་གསུངས་སོ། །དེ་ནས་ཕྱག་རྒྱ་བཞིའི་ལེའུ་འདིར་ཞར་ལས་འོངས་པའོ། །ཇི་ལྟར་ཞེ་ན་འདིར་མི་འདེབས་པའི་ཕྱིར་རོ། །གོང་དུ་གདབ་ན་སྔར་གོང་དུ་བསྟན་པ་སྒྲུབ་ཆེན་ཟིན་པའི་སྐབས་དང༌། ཕྱག་རྒྱ་བཞི་ཚང་བར་ཉམས་སུ་ལེན་པ་ནི། ལས་རྒྱལ་མཆོག་དང་བསྡུ་བ་གཉིས་པ། ལྷ་ཚང་བའི་ཕྱག་རྒྱ་བཞིས་གདབ་པ་དགོས། ཚོགས་ཀྱི་རྟེན་བསྡུ་བའི་དུས་སུ་ལྷ་ཚང་བའི་དམ་རྒྱ་དགོས། ལྡང་བའི་ཆོ་ག་ཉེ་བར་བསྡུ་བའི་སྐབས་སུ་དགོས། སྙིང་གའི་དཀྱིལ་འཁོར་བསྒོམ་པའི་བསྙེན་པ་དང༌། རང་གི་ལྷ་བསྒྲུབ་པ་རྣལ་འབྱོར་ཆེན་པོའི་བསྙེན་པ་གཉིས་ལ་ཚོགས་རྟེན་སྦུད་ཙམ་ན་ནི་དམ་རྒྱ་དགོས། རྣལ་འབྱོར་ཆེན་པོ་ལ་སེམས་མ་བཞི་མ་གཏོགས་པའི་ཕྱག་རྒྱ་བཞི་དགོས། ཉེ་བར་སྡུད་ཙམ་ན་སེམས་མ་མ་གཏོགས་པའི་དམ་རྒྱ་དགོས། ས་ཆོག་དུས་སུ་རྣལ་འབྱོར་ཆེན་པོ་བསྒོམས་ན་རྒྱས་གདབ་ལ་སེམས་མ་བཞི་མ་གཏོགས་པའི་ཕྱག་རྒྱ་བཞི་དགོས། དེ་ལ་སྔོན་འགྲོ་ཚོགས་རྟེན་སྡུད་པའི་དམ་རྒྱ་དགོས། སྔོན་འགྲོ་མི་བྱེད་ན་མི་དགོས་སོ། །ས་ཆོག་རྫོགས་ནས་རྣལ་འབྱོར་ཆེན་པོའི་ཕྱག་རྒྱ་དགྲོལ་བ་ལ་སེམས་མ་བཞི་མ་གཏོགས་པའི་དམ་རྒྱ་དགོས། ལྷག་པར་གནས་པའི་སྔོན་འགྲོ་ལ་རྒྱས་གདབ་ཚན་གསུམ། ཚོགས་རྟེན་བསྡུ་བ་དང་བཞི་དགོས། རྒྱས་པ་ཏིང་ངེ་འཛིན་གསུམ་བསྒོམ་པའི་བསྙེན་པ་བཞིན་བྲིས་པའི་དཀྱིལ་འཁོར་དུ་ལྷ་ཚང་བའི་ཕྱག་རྒྱ་བཞིའི་རྒྱས་འདེབས་པ་དང༌། བྲིས་པའི་དཀྱིལ་འཁོར་དུ་ཕྱག་རྒྱ་གྲོལ་ཙམ་ན་ལྷ་ཚང་བའི་དམ་རྒྱ་དགོས། རྒྱས་གདབ་པ་མ་གཏོགས་པ་ལྷ་ཚང་བའི་ཕྱག་རྒྱ་ཆེན་པོ་ལྷ་རྣམས་ལས་ལ་སྦྱོར་བ་དང༌། རྡོ་རྗེ་སྒྲུབ་པའི་དུས་སུ་དགོས། རྒྱས་གདབ་པ་མ་གཏོགས་པ་ལྷ་ཚང་བའི་ཆོས་རྒྱ་རང་ལས་རྒྱ་དགོས་པ་མེད། དམ་རྒྱ་དང་ཆེན་པོ་ལྷ་སོ་སོ་རང་གི་སྐྱེད་ཆོག་ལ་དགོས་པ་མང༌།   རྗེས་མ། >>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*