རྡོ་རྗེ་འབྱུང་བའི་ཡིག་སྣ། ༢

ཡེ་ཤེས་དབབ་པ་བརྟན་པར་བྱེད་པ་སེམས་དཔའ་བཅུ་དྲུག་གི་ཕྱག་རྒྱ་དགོས་པ་དང༌། ལྷ་མོ་བརྒྱད་ཀྱི་མཆོད་པ་ལ་ལྷ་མོ་བརྒྱད་ཀྱི་ལས་རྒྱ་དགོས་པ་དང༌། སེམས་མ་བཞིའི་དམ་རྒྱ་བྱིན་རླབས་དགོས་པ་ལ་སོགས་པ་གཞུང་བརྟགས་ཤིང་ཤེས་པར་བྱའོ། །སེམས་མ་བཞིའི་ཆོས་ལས་ཆེན་པོ་གསུམ་དང༌། སྐལ་བཟང་གི་འདིར་མ་སྨོས་ཏེ། འོག་བྲིས་པའི་ལྷ་ལ་རྒྱས་གདབ་སྐབས་ནས་སྟོན། སྐལ་བཟང་ལ་བསྙེན་པའི་དུས་སུ་རྒྱས་གདབ་མི་དགོས། ལྷག་གནས་དང་བྲིས་པའི་དཀྱིལ་འཁོར་གཉིས་སུ་དགོས་ཏེ། སྐལ་བཟང་ལ་ཕྱག་རྒྱ་དགྲོལ་བ་ནི་མ་བཤད་ལ། གདམས་ངག་ལ་ཡང་མི་གསུང་ངོ༌། །དམ་ཚིག་གི་ཕྱག་རྒྱ་བཅིང་བའི་སྔགས་ལ། དེ་བཞིན་གཤེགས་པ་ལ་ས་མ་ཡ་སྟྭཾ་གྱིས་འཆིང་ལ། རིགས་ལ་སུ་ར་ཏི་སྟྭཾ་གྱིས་འཆིང་ཞེས་པ་ལ། འོ་ན་སྙིང་གར་འཇུག་ཙམ་ན་སེམས་མ་རྡོ་རྗེའི་ཕྱག་རྒྱས་ས་མ་ཡ་སྟྭཾ་གྱིས་བཅིངས་པ་དེ་དེ་བཞིན་གཤེགས་པའི་རིགས་མ་ཡིན་ནམ་སྙམ་ན། ཡིན་ཏེ་དེ་ནི་དཀྱིལ་འཁོར་དུ་འཇུག་པའི་དུས་སུ་བཅིངས་པ་དེ་རྡོ་རྗེ་དབྱིངས་ཉིད་ནས་གསུངས་པ་ཡིན་ལ། འདི་ནི་རྒྱས་འདེབས་པའི་དུས་སུ་སོ་སོར་བྱེད་པ་རྒྱུད་ཕྱི་མའི་དགོངས་པ་ཡིན་པས་འགལ་བ་མེད་དོ། །འདིར་དམ་རྒྱ་འཆིང་སྔགས་སོ་སོར་བསྟན་ཡང་གཉལ་པ་ཚོགས་རྟེན་སྡུད་པ་དང༌། རྣལ་འབྱོར་ཆེན་པོའི་དུས་སུ་སྔགས་འདི་མི་བརྗོད་དོ། །ཇི་ལྟར་ཞེ་ན་སྔགས་འདིའང་ཕྱག་རྒྱ་འགྲུབ་པའི་རྒྱུ་ཡིན་ལ། གཟུགས་བརྙན་ལ་སོགས་པའང་ཕྱག་རྒྱ་འགྲུབ་པའི་རྒྱུ་ཡིན་པས། གང་རུང་གཅིག་གིས་ཆོག་པ་ལ་གཟུགས་བརྙན་སྔར་སོང་བས་སོ། །གང་རུང་གཅིག་གིས་ཆོག་པར་ཡང༌། རྩ་རྒྱུད་གྱི། རྡོ་རྗེ་ཁུ་ཚུར་དམ་བཅིངས་ནས། །ཕྱག་རྒྱ་ཐམས་ཅད་དབང་དུ་འགྱུར། །ཞེས་པའི་འགྲེལ་པར་བཛྲ་མུཥྚི། ཞེས་པས་རྡོ་རྗེ་ཁུ་ཚུར་གྱིས་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱ་སྟེ། དེ་ལྟར་ན་ཕྱག་རྒྱ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ལྟར་མི་བྱེད་ན་ས་མ་ཡ་སྟྭཾ་ཞེས་ཟློས་ཤིང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཐམས་ཅད་བཅིང་བར་བྱའོ་ཞེས་གསུངས་པས་སོ། །འོ་ན་འདིར་བསྟན་པ་ལ་དགོས་པ་མེད་དམ་སྙམ་ན། ཡོད་དེ་སྔར་གྱི་གཟུགས་བརྙན་ལ་སོགས་པ་དང་ཉེ་བས་མི་དགོས་ལ། འོག་ཏུ་ལས་རྒྱལ་མཆོག་དང༌། བསྡུ་བ་གཉིས་པ་དང༌། བྲིས་པའི་དཀྱིལ་འཁོར་རྒྱས་འདེབས་ཙམ་ན་གཟུགས་བརྙན་གྱི་སྦྱོར་བ་དང་འགྱངས་པས་དགོས་པ་ཡིན་ནོ་གསུངས་ཏེ། སྤྱིར་ཁ་ཅིག་ཏུ་གང་རུང་རེས་བྱ་བའང་བཤད། ཁ་ཅིག་ཏུ་གཉིས་ཀས་བྱ་བའང་བཤད་དོ། །ཡི་གེ་བརྒྱ་པས་བརྟན་པར་བྱ་བ་གོ་སླའོ། །དབང་བསྐུར་ཐམས་ཅད་དང་རྡོ་རྗེའི་བརྟུལ་ཞུགས་ཀྱང་དེ་བཞིན་དུ་བླངས་ལ་ཞེས་བྱ་བ། ཁ་ཅིག་ན་རེ་ཐམས་ཅད་ཅེས་བྱ་བ་སྙིང་གར་འཇུག་པ་ཙམ་ཞིག་བྱེད་ལ། དེ་ཡང་སློབ་དཔོན་འཇུག་པ་ཙམ་བྱེད་ལ། དེའང་སློབ་མ་ལ་དབང་བསྐུར་ཚད་ལེན་ནོ་ཞེས་ཟེར་ཏེ་མ་ཡིན་ནོ། །ཁ་ཅིག་ན་རེ་རིག་པའི་དབང་ལྔ་སྟེ་ཆུ་ལ་སོགས་པའོ་ཞེས་ཟེར་ཏེ། དེ་ཡང་མ་ཡིན་ནོ། །དེས་ན་གཞི་ལུས་གང་ཡིན་གྱི་ཅོད་པན། ཕྱག་མཚན། མིང་དང་གསུམ་བླང་ངོ༌། །དེ་ཡང་དེ་བཞིན་དུ་ཞེས་བྱ་བ་ནི་ལེན་པའི་ཐབས་ཡིན་གྱིས་གྲངས་མ་ཡིན་ནོ། །བཞི་ལས་མི་བྱེད་པ་ནི་དཔལ་མཆོག་གི་རྗེས་སུ་འབྲངས་ཏེ། དཔལ་མཆོག་གི་འགྲེལ་པའི་དུམ་བུ་གཉིས་པའི་ཕྱི་མའི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ནས་རྣལ་འབྱོར་ཆེན་པོ་བྱས་ལ་རིན་པོ་ཆེའི་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ཏེ། ཡི་གེ་གཉིས་ཀྱི་གོ་ཆས་བདག་ཉིད་གོ་བགོ་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་རྡོ་རྗེ་དང༌། བདག་པོ་དང༌། མིང་གི་དབང་བསྐུར་བ་བླངས་ལ། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་གཟུང་བར་བྱའོ་ཞེས་གསུངས། དེ་ནས་མཆོད་པ་ལ་སོགས་གསུངས་ཏེ། མགོ་ཞབས་གང་ནའང་དབང་བཞི་པོ་དེ་ལས་མ་བཤད་དོ། །དེ་ནས་མཆོད་པ་བྱ་བ་ལ་གསུམ་སྟེ། ལྷ་མོ་བརྒྱད་ཀྱི་དང༌། དེ་ཁོ་ན་ཉིད་གསུམ་གྱི་དང༌། དམ་ཚིག་གསུམ་གྱི་གླུའི་མཆོད་པའོ། །དང་པོ་ནི་རང་གི་ལུས་ལ་རྟེན་དང་བརྟེན་པའི་ལྷ་རྣམས་དམིགས་ཡུལ་དུ་བྱས་ཏེ། ལུས་ཀྱིས་རྡོ་རྗེའི་གར་བྱེད། ངག་ཏུ་རྡོ་རྗེའི་གླུ་ལེན་ཅིང༌། སེམས་ཀྱིས་ལྷ་མོ་བརྒྱད་ཀྱི་ང་རྒྱལ་དུ་འཕོ་ཞིང་མཆོད་པ་བྱེད་པའོ། །དེ་ཁོ་ན་ཉིད་གསུམ་གྱིས་མཆོད་པ་ནི། ཐུགས་ཀྱི་རྣམ་པ་ཕྱག་མཚན་རྡོ་རྗེ་དེ་རྡོ་རྗེ་སེམས་དཔར་བྱས། གསུང་གི་རྣམ་པ་དྲིལ་བུ་དེ་རྣམ་སྣང་ཆེན་པོར་བྱས། སྐུ་ཕྱག་རྒྱ་ཆེན་པོའི་རྣམ་པ་རྟེན་དང་བརྟེན་པའི་དེ་བཞིན་གཤེགས་པ་དང་པོ་དེ་རྣམས་གཟུགས་བརྙན་དང་མཚུངས་པར་སྣང་བ་ངོ་བོ་ཆོས་ཀྱི་དབྱིངས་སུ་མོས་པ་བྱས་ནས། དེ་དག་སྟོན་པའི་ཚིག་ངག་ཏུ་བརྗོད་པས་མཆོད་པར་འགྱུར་བའོ། །ལག་པ་གཡོན་པས་རྡོ་རྗེ་དྲིལ་བུ་བླང་ཞེས་བྱ་བ་ནི་རྡོ་རྗེས་མཚན་པའི་དྲིལ་བུའོ། །ཊཱ་ཀྐི་ནི་འདོད་པའོ། །ཧཱུྃ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་རྡོ་རྗེ་སེམས་དཔའི་ས་བོན་ཏེ་གཏོད་པའོ། །ཛཿཞེས་བྱ་བ་ནི་དེ་རྒྱུད་ལ་དགུག་པའོ། །ཧོཿཞེས་བྱ་བ་ནི་དེ་རྒྱུད་ལ་བསྐྱེད་པའོ། །ལྷག་མའི་ཚིག་གི་དོན་ནི་གཞན་དུ་གོ་བར་བྱའོ། །དམ་ཚིག་གསུམ་གྱི་གླུའི་མཆོད་པ་ནི། རང་གཞི་ལུས་ཀྱི་ང་རྒྱལ་གྱིས་རྟེན་དང་བརྟེན་པའི་ལྷ་ཚོགས་དམིགས་ཡུལ་དུ་བཞག་ནས། བཅོམ་ལྡན་འདས་དེ་རྣམས་ཀྱི་ཡང་དག་པའི་ཡོན་ཏན་བརྗོད་པར་ངག་ཏུ་གླུ་ལེན་ཅིང༌། བསྒོམ་པ་དེ་ཁོ་ན་ཉིད་ཆོས་དང་དམ་ཚིག་གི་དོན་ལ་སེམས་ལྷག་པར་མོས་པས་མཆོད་པར་འགྱུར་བའོ། །ཚིག་གི་དོན་གཞན་དུ་གོ་བར་བྱའོ། །དེ་ལྟར་བདག་ཉིད་རྫོགས་པར་བྱེད་པ་ཞེས་བྱ་བ་ནི་ལྷ་སོ་བདུན་གང་ལ་མེ་ཏོག་ཕོག་པ་དེའི་སྒྲུབ་པ་སྟེ། སེམས་མ་བཞི་སེམས་དཔའི་ཁོངས་སུ་བསྡུས་པས་སྒྲུབ་ཐབས་སུམ་ཅུ་རྩ་གསུམ་སྟོན། དེའང་ལྷ་གཅིག་སྒྲུབ་པར་བྱེད་པའི་དངོས་གཞི་ཡིན་ལ། དེ་ལ་སོ་བདུན་ལུས་ལ་བསྒྲུབ་དགོས་ཏེ། མ་བསྒྲུབས་ན་དེ་ཁོ་ན་སོ་བདུན་མི་ཚང༌། མ་ཚང་ན་སངས་རྒྱས་མི་འགྲུབ་སྟེ། རྣམ་པར་སྣང་མཛད་ཀྱིས་ཀྱང་རྒྱུ་ལམ་གྱི་སྐབས་སུ་མོས་སྤྱོད་ནས་བཅུ་གཅིག་པའི་བར་དེ་ཁོ་ན་སུམ་ཅུ་སོ་བདུན་ཚང་བར་སྤྱད་པས། རྗེས་འཇུག་གིས་ཀྱང་སྤྱད་དགོས་པར་ཤུགས་ལས་བསྟན་པའོ། །རང་རྫོགས་པར་བྱའོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་ལ་གཉིས་ཏེ། བསྒོམ་པ་དངོས་དང༌། དེ་རྫོགས་པར་བྱེད་པའི་ཡན་ལག་གོ །སྔ་མ་ལ་གསུམ་སྟེ། དང་པོ་ལ་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་དང༌། ལས་རྒྱལ་མཆོག་གོ །དང་པོ་ལ་གསུམ་སྟེ། སྔོན་འགྲོ་དང༌། དངོས་གཞི་དང༌། རྗེས་ལ་བྱ་བའོ། །དང་པོ་ལ་དྲུག་ཏེ། མ་དག་པའི་འཇིག་རྟེན་སྦྱང་བ་དང༌། གནས་བསྐྱེད་པ་དང༌། སྙོམས་འཇུག་གི་ཏིང་ངེ་འཛིན་བསྒོམ་པ་དང༌། སྟོན་པ་དེ་བཞིན་གཤེགས་པ་རྣམས་དམིགས་བ་དང༌། རྗེས་སུ་དྲན་པ་དྲུག་བསྒོམ་པ་དང༌། མི་གཡོ་བའི་ཏིང་ངེ་འཛིན་བསྒོམ་པ་དང༌། དེ་དག་གི་ཚིག་གི་ནི་གོ་བར་ཟད་དོ། །དངོས་གཞི་ལ་བཞི་སྟེ། སྤྱོད་ལམ་དང༌། སེམས་ཀྱི་དམིགས་པ་དང༌། དེ་བཞིན་གཤེགས་པ་རྣམས་བྱོན་ཏེ། བྱང་ཆུབ་སེམས་དཔའ་ལ་བསྐུལ་བ་དང༌། བྱང་ཆུབ་སེམས་དཔས་ཕྱག་བྱས་ཏེ་ཞུས་པ་དང༌། རིམ་པ་བཞིན་དུ་མངོན་བྱང་བསྒོམ་པའི་དོན་ཏོ། །དང་པོ་གསུམ་གོ་སླའོ། །ཐ་མ་ནི། དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ལྔ། རང་གི་སེམས་སོ་སོར་རྟོག་པ་ལ་བྱང་ཆུབ་པ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་བྱང་ཆུབ་པ་དང༌། རྡོ་རྗེ་ལ་བྱང་ཆུབ་པ་དང༌། རྡོ་རྗེའི་བདག་ཉིད་ལ་བྱང་ཆུབ་པ་དང༌། སྐུར་གྱུར་པ་ལ་བྱང་ཆུབ་པའོ། །སྔ་མ་བཞི་ལ། ལུང་འབོགས་པ་དང༌། བསྒོམ་པ་དང༌། རྟོགས་པ་དབུལ་བ་གསུམ་གསུམ་ཡོད་ལ། ལྔ་པ་ལ་ལུང་འབོགས་པ་དང༌། མཉམ་གཞག་གཉིས་ལས་མེད་དོ། །དེ་ལ་དང་པོ་ནི། སངས་རྒྱས་རྣམས་ཀྱིས་ལུང་འབོགས་པ་དང༌། རང་མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་ལུང་གི་དོན་བསྒོམ་པ་དང༌། ཨཱ་ལི་བཅུ་དྲུག་ལས་སྙིང་གར་ཟླ་བ་ཉ་གང་བ་བསྒོམས་ཏེ་རྟོགས་པ་དབུལ་ལོ། །རྡོ་རྗེ་རྩེ་མོ་ལས། གང་འདི་ཟླ་བ་རྫོགས་པ་ནི། །དག་ཅིང་གསལ་ལ་རྙོག་པ་མེད། །དེ་བཞིན་ཚོགས་ནི་རྫོགས་པའི་ཕྱིར། །སེམས་ནི་ཟླ་བ་རྒྱས་པ་འདྲ། །ཞེས་གསུངས་སོ། །གཉིས་པའང་ལུང་འབོགས་པ་དང༌། རིན་བྱུང་གི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ལུང་གི་དོན་བསྒོམ་པ་དང༌། ཟླ་བའི་སྟེང་དུ་གསལ་བྱེད་ཀྵ་མེད་པ་ལས་ཟླ་བ་གཉིས་པ་བསྒོམ། རྟོགས་པ་དབུལ་ལོ། །ཟླ་བ་གཉིས་སུ་འོང་བའང་རྩེ་མོ་ལས་གསུངས་པ། ཟླ་བའི་དབུས་སུ་ཡང་ཟླ་བའི། །དཀྱིལ་འཁོར་གཉིས་པའང་མཐོང་བ་ཡིན། །ཞེས་སོ། །གསུམ་པའང་ལུང་འབོགས་སྣང་མཐའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་ལུང་གི་དོན་བསྒོམས་པས་ཟླ་བ་གཉིས་པའི་སྟེང་ན་སྟོང་ཉིད་མཚོན་པའི་རྡོ་རྗེ་རྩེ་ལྔ་པ་བསྒོམ། རྟོགས་པ་དབུལ་ལོ། །དེ་ཡང་རྩེ་མོ་ལས། དཀྱིལ་འཁོར་གཉིས་པའི་དབུས་སུ་ནི། །རྡོ་རྗེ་ཆེན་པོ་རྣམ་བསམ་པ། །ཡུད་ཙམ་སོ་སོར་རྟོག་པ་ནི། །ཐེག་པ་ཆེན་པོ་བསྟན་པ་ཡིན། །ཞེས་སོ། །བཞི་པའང་ལུང་ཕོག དོན་གྲུབ་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ལུང་གི་དོན་བསྒོམས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཕྲ་རབ། གསུང་ལྗགས་ཀྱི་ཕྲ་རབ། ཐུགས་རྡོ་རྗེའི་ཕྲ་རབ་ཞུགས་པར་བསམས་ཏེ། མིང་ཡང་རྣམ་སྣང་གྲུབ་པའི་རྒྱུ་ཡིན་པས་རྡོ་རྗེ་དབྱིངས་ཞེས་བྱ་བར་མིང་དབང་བསྐུར་བར་བསམ། རྗེས་རྟོགས་པ་དབུལ་ལོ། །རྟོགས་པ་དབུལ་བ་ཐམས་ཅད་བྱང་ཆུབ་སེམས་དཔའ་དོན་གྲུབ་པའི་ང་རྒྱལ་གྱིས་བྱ་གསུང་ངོ༌། །དེ་ལྟར་བཞི་པོས་སྦྱང་གཞི་ཀུན་གཞི། ཉོན་ཡིད། ཡིད་ཀྱི་རྣམ་ཤེས། སྒོ་ལྔ་རྣམས། སྦྱོང་བྱེད་བྱང་ཆུབ་ཀྱི་སེམས། སྦྱིན་པ། ཤེས་རབ། བརྩོན་འགྲུས་ཀྱིས་སྦྱངས་པས་གཞན་གྱུར་མེ་ལོང་ལྟ་བུ། མཉམ་པ་ཉིད། སོ་སོར་རྟོག་པ་བྱ་གྲུབ་ཐོབ་སྟེ་རྣམ་པ་མི་བསྐྱོད་པ་རིན་འབྱུང༌། འོད་དཔག་མེད། དོན་གྲུབ་ཀྱི་གཟུགས་སྐུ་དང་གཞི་དང་སྦྱར་རོ། །ལྔ་པ་ནི་གཉེན་པོ་བཞིས་སྤང་བྱ་བཞི་གནས་གྱུར་པའི་ཡེ་ཤེས་བཞི་སྐུ་བཞི་པོ་ཕྱི་མ་ཕྱེ་བ་སངས་རྒྱས་ཐམས་ཅད་གཅིག་བསྡུས་པ་རྣམ་པར་སྣང་མཛད་དོ། །དེ་བསྒོམ་པ་དང༌། ལུང་ཕོག རྣམ་སྣང་གི་ཕྱག་རྒྱ་ཆེན་པོ་བཅིང༌། དེའི་དོན་བསྒོམས་པས་ཟླ་བ་ལ་སོགས་པ་ཐམས་ཅད་དང་བཅས་ཏེ་རང་རྣམ་སྣང་དུ་གྱུར་པར་བསམ་མོ། །རྗེས་ལ་བྱ་བ་ལ་གསུམ་སྟེ། བྱིན་གྱིས་བརླབ་པ་དང༌། དབང་བསྐུར་བ་དང༌། སྤྲུལ་པའི་གནས་སུ་གཤེགས་པའོ། །དང་པོ་ནི་གསོལ་བ་གདབ་པ་དང༌། ཐུགས་ཀར་སེམས་དཔའི་རྡོ་རྗེ་བསམས་ཏེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཞུགས་པར་བསམ། དེ་ནས་སེམས་མ་བཞིའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་བོ། །འགྲེལ་བ་ན་དབྱིངས་ཀྱི་དབང་ཕྱུག་མའི་བྱིན་གྱིས་བརླབ་པ་དང༌། ཡི་གེ་བརྒྱ་པས་བརྟན་པར་བྱ་བ་ཡོད་དེ་ཆོ་ག་མི་བསྲེ་བར་ཉམས་སུ་བླང་ངོ༌། །དེ་ལྟར་བྱས་པས་སངས་རྒྱས་པ་བརྟན་པར་བྱས་པའོ། །དེ་ནས་དབང་བསྐུར་བ་ནི་འགྲེལ་པ་ནས་སྔར་ཐུགས་ཀར་ཞུགས་པ་རྣམས་འཐོན་ཏེ་དབང་བསྐུར་བ་ཡོད་དེ། འདིར་འཐོན་མི་དགོས། སངས་རྒྱས་ལ་འཕེལ་བ་དང་བྲི་བ་མེད་པ་དེ་རྣམས་ཅོད་པན་དང་དར་དཔྱངས་ཀྱིས་དབང་བསྐུར་བར་བྱའོ། །ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོའི་རྐང་པའི་བར་དུ་འཁོར་ལོ་བྱིན། ལག་པར་དུང་བྱིན་ཏེ། མདོར་ན་འཇིག་རྟེན་ཁམས་རྣམས་སུ། །ལ་སོགས་པས་འདོད་ཁམས་སུ་སེམས་ཅན་གྱི་དོན་གྱིས་ཤིག་པར་རྗེས་སུ་གནང་བ་བྱིན་པར་བསམ་མོ། །དེ་ནས་ཡིད་ཀྱིས་ལུས་དེ་སྔར་སྤྲུལ་པའི་གནས་ཀུན་ཏུ་ཞལ་བསྟན་ཞིང་བཞུགས་པར་བསམ་ཞིང༌། མི་བསྐྱོད་པ་ལ་སོགས་པ་ཕྱོགས་བཞིར་བཞུགས་པར་བསམ་མོ། །གནས་ཀྱི་ངེས་པའང་རྡོ་རྗེ་རྩེ་མོ་ལས། གདུག་པ་ཅན་གྱི་དབང་ཕྱུག་རྒྱལ། །ཐུབ་པ་སྐྱེས་བུ་མི་བསྐྱོད་པ། །སངས་རྒྱས་ཐམས་ཅད་སྲ་མཛད་ནས། །ཤར་ཕྱོགས་སུ་ནི་ཡང་དག་བཞུགས། །དབང་བསྐུར་བ་ནི་རྒྱལ་པོ་ཆེ། །ཐུབ་པ་སྐྱེས་བུ་ནམ་མཁའ་ནི། །སངས་རྒྱས་ཐམས་ཅད་སྲ་མཛད་པ། །ལྷོ་ཕྱོགས་སུ་ནི་ཡང་དག་བཞུགས། །དག་པའི་ཆོས་ནི་འཛིན་པ་རྒྱལ། །ཁྱབ་བདག་པདྨ་ཆེ་བསྣམས་པ། །སངས་རྒྱས་ཐམས་ཅད་སྲ་མཛད་པ། །ནུབ་ཕྱོགས་སུ་ནི་ཡང་དག་བཞུགས། །སངས་རྒྱས་མཛད་པའི་འཛིན་པ་རྒྱལ། །དོན་ཡོད་གྲུབ་པ་བླ་ན་མེད། །སངས་རྒྱས་ཐམས་ཅད་སྲ་མཛད་པ། །བྱང་ཕྱོགས་སུ་ནི་ཡང་དག་བཞུགས། །ཆོས་ཀྱི་མཁྲེགས་པ་གང་ཡིན་པ། །གང་ཡང་གསང་བ་ཤིན་ཏུ་མཁྲེགས། །དེ་ཉིད་མགོན་པོ་རྣམ་སྣང་མཛད། །སངས་རྒྱས་ཀུན་བདག་ཡིན་པར་བཤད། །ཅེས་གསུངས་སོ། །དང་པོ་སྦྱོར་བའོ། །དཀྱིལ་འཁོར་རྒྱལ་མཆོག་ལ་གཉིས་ཏེ། བྱིན་གྱིས་བརླབ་པ་དང༌། ལྷ་སྤྲུལ་པའོ། །དེ་ལ་ལྔ་སྟེ། རྣམ་སྣང་གི་ང་རྒྱལ་གྱིས་སེམས་དཔའ་བཅུ་དྲུག་སྤྲུལ་པ་དང༌། མི་བསྐྱོད་སོགས་ཀྱིས་སེམས་མ་བཞི་སྤྲུལ་པ་དང༌། ཡང་རྣམ་སྣང་གིས་སྒེག་མོ་ལ་སོགས་པ་བཞི་སྤྲུལ་པ་དང༌། ཡང་མི་བསྐྱོད་སོགས་ཀྱི་ང་རྒྱལ་གྱིས་བདུག་སྤོས་མ་ལ་སོགས་ཞིང་སྤྲུལ་པ་དང༌། རྣམ་སྣང་གི་ང་རྒྱལ་གྱིས་སྒོ་བ་བཞི་སྤྲུལ་པའོ། །དང་པོ་ལ་གཉིས་ཏེ། རྡོ་རྗེ་སེམས་དཔའ་སྤྲུལ་པ་དང༌། སེམས་དཔའ་གཞན་དེས་བསྒྲེ་བའོ། །དང་པོ་ལ་དགུ་སྟེ། རྣམ་སྣང་གི་ང་རྒྱལ་གྱིས་སྙིང་པོ་བསྐུལ་བ་དང༌། ཟླ་བའི་གདན་བསྐྱེད་པ་དང༌། ཡེ་ཤེས་ཀྱི་རྡོ་རྗེ་བསྐྱེད་པ་དང༌། དེ་ལས་སྐུ་སྤྲོས་ཏེ་སེམས་ཅན་གྱི་དོན་བྱ་བ་དང༌། ཀུན་ཏུ་བཟང་པོའི་སྐུར་གྱུར་པ་དང༌། ཐུགས་ཀར་གནས་ཏེ་ཆེད་དུ་བརྗོད་པ་དང༌། ཐུགས་ལས་ཐོན་ཏེ་བཀའ་ནོད་པ་དང༌། དབང་བསྐུར་བ་དང༌། ཆེད་དུ་བརྗོད་པའོ། །དང་པོ་ནི་རང་རྣམ་སྣང་གི་ང་རྒྱལ་གྱིས་རྡོ་རྗེ་སེམས་དཔའ་བསྐྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གཉིས་པ་རང་གི་ཐུགས་ཀ་ན་གནས་པའི་ཟླ་བའི་རྡོ་རྗེ་ལ་བཛྲ་སཏྭ་བརྗོད་དེ་བསྐུལ་བས་དེ་བཞིན་གཤེགས་པ་ལྔ་ཆར་གྱི་ཐུགས་ཀ་ནས་ཟླ་བ་དཔག་ཏུ་མེད་པར་གྱུར། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་སྤྲོས། སེམས་ཅན་ཐམས་ཅད་བདག་མེད་པ་རྟོགས་པར་བྱས་ནས། ཟླ་བ་རྣམས་སླར་ལོག་ནས་ཕྱི་སྒོ་ནང་སྒོ་ཕྱེ་བས་ལྷ་སུམ་ཅུ་རྩ་དྲུག་བསྐལ་བཟང་དང་བཅས་པའི་གནས་སུ་ཟླ་བའི་གདན་རེ་རེར་གྱུར་པར་བསམ་མོ། །སྐལ་བཟང་ལ་འདིར་གདན་མི་བསྒོམ་པར་འོག་ཏུ་དུས་གཅིག་ལ་བསྒོམ་པའང་ལུགས་གཅིག་གོ །གསུམ་པ་ནི་ཟླ་བ་དེ་རྣམས་ལས་ཡེ་ཤེས་ཀྱི་འོད་ཟེར་བྱུང་ནས་རྣམ་སྣང་གི་ཐུགས་ཀའི་རྡོ་རྗེ་དང་གཅིག་ཏུ་འདྲེས་པར་གྱུར་ཏེ་ཇེ་ཆེ་ལ་ནམ་མཁའི་གཏོས་ཐམས་ཅད་ཁྱབ་པའི་རྡོ་རྗེ་རྩེ་ལྔ་པ་ཆེན་པོར་གྱུར། ཡང་ཇེ་ཆུང་ལ་ཚད་གཞལ་དུ་རུང་བ་རྣམ་སྣང་རང་གི་སོར་བཅུ་གཉིས་པ་ཞིག་ཏུ་གྱུར་ཏེ། ཐུགས་ཀ་ལས་འཐོན་ཏེ་བྱང་ཆུབ་མཆོག་གི་ཕྱག་རྒྱའི་སྟེང་དུ་གནས་སོ། །བཞི་པ་ནི་དེ་ལས་རྡོ་རྗེ་ལྟ་བུའི་འོད་ཟེར་གཟུགས་དང་ཁ་དོག་སྣ་ཚོགས་བྱུང་སྟེ་དེས་ནམ་མཁའ་ཁྱབ་སྟེ། འོད་ཟེར་གྱི་རྩེ་མོ་ལས་རྡོ་རྗེ་སེམས་དཔའི་སྐུ་དཔག་ཏུ་མེད་པ་བྱུང་སྟེ། དེ་རྣམས་ཀྱིས་ཀྱང་སེམས་ཅན་གྱི་ཁམས་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་བསྐྱེད་པ་དང༌། ཀུན་ཏུ་བཟང་པོའི་སྤྱོད་པ་སྣ་ཚོགས་འགྲུབ་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་མཉེས་པར་མཛད་པ་དང༌། བྱང་ཆུབ་ཆེན་པོར་གཤེགས་པ་དང༌། བདུད་ཐམས་ཅད་འདུལ་བ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོར་མངོན་པར་བྱང་ཆུབ་པ་དང༌། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ནས་ཇི་སྲིད་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཡོངས་སུ་སྐྱོབ་ཅིང་ཐམས་ཅད་ལ་ཕན་པ་དང༌། བདེ་བ་མཛད་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དང༌། མངོན་པར་ཤེས་པ་དམ་པའི་དོན་གྲུབ་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་གྱིས་སེམས་ཅན་གྱི་དོན་བྱས་ཏེ། ལྔ་པ་ནི་རྡོ་རྗེ་སེམས་དཔའི་སྐུ་དེ་རྣམས་གཅིག་ཏུ་གྱུར་ཏེ། ཕྱག་གི་རྡོ་རྗེ་ལ་ཐིམ་སྟེ་རྡོ་རྗེ་སེམས་དཔའི་སྐུར་བསྒོམ། དྲུག་པ་ནི་རྣམ་སྣང་གི་ཐུགས་ཀའི་རྡོ་རྗེར་ཞུགས་ཏེ་ཆེད་དུ་བརྗོད། བདུན་པ་ནི་དེ་ཐུགས་ཀ་ལས་འཐོན་ཏེ་མི་བསྐྱོད་པའི་མདུན་དུ་གནས་ནས་རྣམ་སྣང་ལས་བཀའ་ནོད་པར་བསམ། བརྒྱད་པ་རྣམ་སྣང་གིས་སངས་རྒྱས་ལྔའི་ཅོད་པན་དང༌། ཕྱག་མཚན་དང༌། མིང་གི་དབང་བསྐུར། དགུ་པའང་རྡོ་རྗེ་སེམས་དཔའ་རྫོགས་པའི་ཆེད་དུ་བརྗོད་པ་བརྗོད་པར་བྱའོ། །རྒྱལ་པོ་ལ་སོགས་པ་དེས་བསྒྲེས་ཏེ་བསྟན་པ་ལ་གཉིས་ཏེ། བསྒྲེ་བའི་ཆོ་ག་དང༌། ཆེད་དུ་བརྗོད་པའོ། །དང་པོ་ནི་རྡོ་རྗེ་ཁུ་ཚུར་གྱི་མཐར་ཐུག་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་གཞུང་དུམ་བུ་དྲུག་གམ་བདུན་དུ་གནས་ཏེ། དེ་རྣམས་རེ་ཞིག་རྒྱལ་པོ་ལ་སྦྱར་ན་བསྐྱེད་པ་ཞེས་བྱ་བ་ནི་རྣམ་སྣང་གི་ང་རྒྱལ་གྱིས་དེའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རྒྱལ་པོ་དེ་བསྐྱེད་དོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་གི་སྙིང་གའི་ཟླ་བ་རྡོ་རྗེ་ལ་དམིགས་ཏེ། བཛྲ་རཱ་ཛ་ཞེས་བརྗོད་པས་བསྐུལ་བའོ། །སྤྲོ་བ་དང་བསྡུ་བ་དང་གནས་པ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་སྐབས་སུ་དང་པོའི་ཟླ་བའི་གདན་ལའང་དེ་རྣམས་དགོས་པས་ལན་བཞིར་སྦྱོར་ལ། ལྷག་མ་རྣམས་ལ་དེ་མེད་པས་ལན་གསུམ་དུ་སྦྱར་ཏེ་ལྟར་བསྐུལ་བས་དེ་བཞིན་གཤེགས་པ་ལྔ་ཀའི་ཐུགས་ཀ་ནས་རྡོ་རྗེ་ལྕགས་སྐྱུ་དཔག་ཏུ་མེད་པ་སྤྲོ་བའོ། །དེ་རྣམས་རྣམ་སྣང་གི་ཐུགས་ཀར་བསྡུ་བའོ། །དེ་རྣམས་གཅིག་ཏུ་འདྲེས་ཏེ་ལྕགས་ཀྱུའི་རྣམ་པས་ཐུགས་ཀར་གནས་སོ། །ཡང་ཇེ་ཆེ་ཇེ་ཆེ་ནམ་མཁའ་རབ་འབྱམ་གྱི་ཚད་དུ་གྱུར་པར་སྤྲོ་བའོ། །ཇེ་ཆུང་ལ་ཚད་གཞལ་དུ་རུང་བར་གྱུར་པར་བསྡུ་བའོ། །དེ་ཐུགས་ཀ་ནས་བྱུང་ནས་རྣམ་སྣང་གི་ཕྱག་ཏུ་གནས་པའོ། །ལྕགས་ཀྱུ་དེ་ལས་འོད་ཟེར་སྣ་ཚོགས་པ་ཕྱུང་སྟེ་ནམ་མཁའ་ཐམས་ཅད་ཁྱབ་ནས་འོད་ཟེར་གྱི་རྩེ་མོ་ལས་རྒྱལ་བའི་སྐུ་དཔག་ཏུ་མེད་པ་བྱུང་སྟེ། དེ་རྣམས་ཀྱི་སེམས་ཅན་གྱི་ཁམས་ཐམས་ཅད་ལ་སྔར་རྡོ་རྗེ་སེམས་དཔའི་སྐབས་སུ་བཤད་པ་བཞིན་དོན་བྱས་པས་སྤྲོ་བའོ། །དེ་ཐམས་ཅད་རྡོ་རྗེ་རྒྱལ་པོའི་སྐུ་གཅིག་ཏུ་བསྡུ་བའོ། །དེ་རྣམ་སྣང་གི་ཐུགས་ཀར་གནས་ཏེ་ཆེད་དུ་བརྗོད་པ་དང་པོ་བྱ། དེ་ནས་ཐུགས་ཀ་ནས་འཐོན་ཏེ་དཀྱིལ་འཁོར་དུ་གནས་པའོ། །དེ་ནས་ཅོད་པན། ཕྱག་མཚན། མིང་གསུམ་གྱི་དབང་བསྐུར། དེ་ནས་རྫོགས་པའི་ཆེད་དུ་བརྗོད་པ་བརྗོད་དོ། །ཁུ་ཚུར་གྱི་བར་དེས་བསྒྲེས་ཏེ་ཤེས་པར་བྱའོ། །བཞི་པ་སེམས་མ་བསྐྱེད་པ་ནི། མི་བསྐྱོད་ཅེས་བྱ་བ་ལ་སོགས་པ་སྟེ། མི་བསྐྱོད་པའི་ང་རྒྱལ་གྱིས་དེའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། རྡོ་རྗེ་སེམས་མ་བསྐྱེད་དོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ལ། ཐུགས་ཟླ་བ་རྡོ་རྗེ་སཏྭ་བཛྲི་བརྗོད་དེ་བསྐུལ་བས་དེ་བཞིན་གཤེགས་པ་ལྔའི་ཐུགས་ཀ་ནས་རྡོ་རྗེ་ལྟ་བུའི་འོད་ཟེར་ཚད་མེད་པ་བྱུང་སྟེ། དེའི་རྩེ་མོ་ལ་རྡོ་རྗེ་རྩེ་ལྔ་པའི་ནང་དུ་རྡོ་རྗེ་སེམས་མའི་སྐུ་བཞུགས་པ་གྲངས་མེད་པ་བྱུང༌། དེས་འཇིག་རྟེན་གྱི་ཁམས་ཀྱི་རྣམ་པར་སྣང་མཛད་ལ་སོགས་པའི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་པ་བསྐྱེད་ནས། རྡོ་རྗེ་སེམས་མའི་སྐུ་གྲངས་མེད་པ་གཅིག་ཏུ་བསྡུས་པ་ལས་རྡོ་རྗེ་དབྱིངས་ཆེན་པོ་གཅིག་གི་ནང་ན་རྡོ་རྗེ་སེམས་མའི་སྐུ་ཚུད་པ་ཞིག་ཏུ་གྱུར་ཏེ། ཇེ་ཆེ་ལ་ནམ་མཁའི་ཚད་ཙམ། ཇེ་ཆུང་ལ་ཚད་གཞལ་དུ་རུང་བར་གྱུར་ཏེ་རྣམ་སྣང་གི་མདུན་ན་གནས་ནས་ཆེད་དུ་བརྗོད་དོ། །གསུམ་པོ་དེས་བསྒྲེའོ། །ཡང་རྣམ་སྣང་གི་ང་རྒྱལ་གྱིས་སྒེག་མོ་ལ་སོགས་པ་བཞི་བསྐྱེད་པ་ནི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་སྒེག་མོ་བསྐྱེད་དོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐུགས་ཀའི་ཟླ་བ་རྡོ་རྗེ་ལ་བཛྲ་ལཱ་སྱ་ཞེས་བསྐུལ་བས་དེ་བཞིན་གཤེགས་པ་ལྔའི་ཐུགས་ཀ་ནས་རྡོ་རྗེ་རྩེ་ལྔ་པ་དཔག་ཏུ་མེད་པ་བྱུང་སྟེ། དེའི་འོད་ཟེར་གྱི་རྩེ་མོ་ལས་སྒེག་མོའི་སྐུ་དཔག་ཏུ་མེད་པ་བྱུང༌། ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བྱས་ཏེ་སྒེག་མོའི་སྐུ་ཞིག་ཏུ་གྱུར་ནས། རང་གི་གནས་སུ་གནས་ཏེ་ཆེད་དུ་བརྗོད་པ་བྱའི། སེམས་དཔའ་བཅུ་དྲུག་ལྟར་སེམས་ཅན་གྱི་དོན་བྱ་བ་ལ་སོགས་པ་མེད་དོ། །གསུམ་པོ་དེས་བསྒྲེའོ། །མི་བསྐྱོད་སོགས་ཀྱིས་བསྐྱེད་པའང་འདྲ་སྟེ། ཁྱད་པར་ནི་བསྡུ་བའི་ཚེ་གཉིས་སུ་བྱས་ལ་ཕྱི་སྒོ་ནང་སྒོར་གནས་པར་བྱའོ། །བསྐལ་བཟང་ལ་འདིར་བསྐྱེད་པ་མེད་དོ། །ལྷ་སྤྲུལ་ལ་རྒྱས་པར་འདོད་ན་རྒྱུད་དང་འགྲེལ་པར་བལྟ་བར་བྱས་ན་རྟོགས་པར་ནུས་སོ། །རྒྱུད་འགྲེལ་ལས་ཕྱག་མཚན་ལས་དེ་བཞིན་གཤེགས་པའི་སྐུ་སྤྲོ་ལ་འདིར་གང་བསྐྱེད་པའི་སྐུ་སྤྲོ་བ་ནི་རྡོ་རྗེ་རྩེ་མོའི་དགོངས་པ་ཡིན་ནོ་གསུང་ངོ༌། །དཀྱིལ་འཁོར་རྒྱལ་མཆོག་གོ །ལས་རྒྱལ་མཆོག་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ལ་གཉིས་ཏེ། བསྡུ་བ་བྱིན་གྱིས་བརླབ་པ་དང༌། འཁོར་ལོས་སྒྱུར་བའི་དབང་བླང་བ་ལ་སོགས་པའོ། །དང་པོ་ནི། བདག་ཉིད་རྣམ་པར་སྣང་མཛད་དང༌། །ཞེས་བྱ་བ་སྟེ། འབེབས་པའི་ང་རྒྱལ་གྱིས་ཆེད་དུ་བརྗོད་པའི་རྗེས་ལ་རྣམ་སྣང་གི་ང་རྒྱལ་དུ་འཕོ་བའོ། །བསྡུ་བར་བྱ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། མཛུབ་གཉིས་ལྕགས་ཀྱུར་བྱས་ནས་ཀྱང༌། །ལག་ངར་གཉིས་སུ་བསྣོལ་ནས་སུ། །རྡོ་རྗེ་སེ་གོལ་གདབ་པར་བྱ། །བཛྲ་ས་མཱ་ཛཿཞེས་བརྗོད་པས་སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམ་སྣང་ནས་བསྐལ་བཟང་གི་སེམས་དཔའི་བར་དཀྱིལ་འཁོར་གྱི་ལྷ་རེ་རེའང་དཔག་ཏུ་མེད་པར་བྱོན་པར་བསམ་མོ། །དེ་ནས་བྱོན་པ་རྣམས་ཀྱིས་བཞུགས་པ་ལ་ཕྱག་དང་ཆེད་དུ་བརྗོད་པ་བྱེད་པར་བསམ་མོ། །ཅི་ཡེ་ཤེས་པས་དམ་ཚིག་པ་ལ་ཕྱག་ཇི་ལྟར་བྱེད་སྙམ་ན། བྱོན་པ་རྣམས་སེམས་ཅན་གྱི་དོན་ལ་བྱོན་པས་སྤྲུལ་པའི་དཀྱིལ་འཁོར་སངས་རྒྱས་པར་སེམས་ཅན་གྱི་དོན་བྱེད་པ་ངོ་མཚར་ནས་བྱེད་པའོ། །ཐུགས་ཀར་ཞུགས་ཏེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་རིགས་ལྔར་བསྡུ། སེམས་མ་བཞི་རྣམ་སྣང་གི་ཐུགས་ཀར་བསྡུ། ཤར་ཕྱོགས་ཀྱི་ལྷ་ཐམས་ཅད་མི་བསྐྱོད་པའི་ཐུགས་ཀར་བསྡུ། དེ་བཞིན་དུ་གསུམ་པོའི་ཐུགས་ཀར་ཕྱོགས་ཕྱོགས་ཀྱི་ལྷ་རྣམས་བསྡུ། རིགས་ལྔ་པོའང་སྤྲུལ་པའི་དབུས་ན་བཞུགས་པའི་རྣམ་སྣང་གི་ཐུགས་ཀར་བསྡུ་ཏེ། གཙོ་བོ་བྱིན་གྱིས་བརླབ་པ་ཡིན་གསུང་ངོ༌། །སླར་བྱུང་ནས་རྡོ་རྗེ་སེམས་མ་ལ་སོགས་པ་དང་ཞེས་བྱ་བ་ལ། ཁ་ཅིག་ན་རེ་རྣམ་སྣང་ཐུགས་ཀའི་རིགས་བཞི་འཐོན་ཏེ་སེམས་མ་བཞི་ལ་ཐིམ། དེ་ནས་བཞི་པོ་ལས་ཕྱོགས་ཕྱོགས་ཀྱི་ལྷ་རྣམས་འབྱིན་ཟེར་ཏེ། དེ་ནི་མ་ཡིན་ཏེ། ལྔ་པོ་ནི་གཙོ་བོ་བྱིན་གྱིས་བརླབ་པ་དང༌། འཁོར་ལོས་སྒྱུར་བའི་དབང་བླང་བ་དང༌། བསྒྲུབ་པར་བྱ་བའི་ཡན་ལག་ཚང་བར་བྱ་བའི་དགུག་གཞུག་ལ་སོགས་པ་བྱེད་པའི་ཕྱིར་མི་འཐོན་ནོ། །དེས་ན་རྣམ་སྣང་གི་ཐུགས་ཀའི་རིགས་ལྔ་པོའི་རྣམ་སྣང་ལས་སེམས་མ་བཞི་འཐོན་ཏེ་སེམས་མ་བཞི་ལ་ཐིམ། མི་བསྐྱོད་པའི་ཐུགས་ཀ་ནས་མི་བསྐྱོད་པ་ཉིད་ནས་བསྐལ་བཟང་གི་སེམས་དཔའི་བར་འཐོན་ཏེ་མི་བསྐྱོད་པ་ལ་སོགས་པ་ལ་ཐིམ་སྟེ། གཞན་ཡང་དེ་བཞིན་དུ་གོ་བར་བྱའོ། །དེ་ལྟར་དེ་ཉིད་སྣང་བ་ལས་གསུངས་སོ། །དེ་བས་ན་གཙོ་བོ་སངས་རྒྱས་ཐམས་ཅད་བསྡུས་པ་ཡིན་པའི་ཕྱིར་དེ་ལྷ་ཐམས་ཅད་བསྡུས་སོ། །ཡང་ལྷ་ཐམས་ཅད་རྣམ་སྣང་གི་ཡན་ལག་ཡིན་པའི་ཕྱིར་དེའི་ཐུགས་ལས་བྱུང་ངོ༌། །དེ་ནས་གཙོ་བོ་ནི་ཐུགས་ཀར་གནས་པ་དང་གཉིས་ཡིན། རིགས་བཞི་ནི་རང་དམ་ཚིག་པ་དང༌། ཐིམ་པ་དང༌། ཐུགས་ཀའི་དང་གསུམ་ཡིན། གཞན་སོ་གཉིས་པོ་དམ་ཚིག་དང༌། ཡེ་ཤེས་གཉིས་ཡིན། བསྐལ་བཟང་ལ་དམ་ཚིག་པ་མེད་དེ་བཀོད་པ་ཙམ་རེ་རེའོ། །དང་པོ་གཉིས་ཏེ་བཞི་ནི་གསུམ། །སུམ་ཅུ་རྩ་གཉིས་གཉིས་སུ་འགྱུར། །གཞན་དག་གཅིག་ཉིད་ཁོ་ནའོ། །ལོག་རྟོག་བཀག་སྟེ་རང་གཞུང་གྲུབ། །ཊཱི་ཀ་ལས་བསྡུས་པའི་ཚིགས་བཅད་དོ། །ཡང་ཆེད་དུ་བརྗོད་པ་ནི་སྤྱན་དྲང་བ་དང་སྤྲུལ་པ་རྣམས་ཀྱིས་སོ་གསུངས། ཊཱི་ཀ་ལས་རྣམ་སྣང་ཐུགས་ཀའི་སྤྱན་དྲངས། བསྡུས་པའི་དེ་བཞིན་གཤེགས་པ་ལྔ་པོས་བརྗོད་པར་གསལ་ལོ་གསུངས། འཁོར་ལོས་སྒྱུར་བའི་དབང་བླང་བ་ལ་སོགས་པ་ལ་བཞི་སྟེ། དབང་བླང་བ་དང༌། དགུག་གཞུག་བྱ་བ་དང༌། རྒྱས་གདབ་པ་དང༌། ལས་ལ་སྦྱར་བའོ། །དང་པོ་ནི། དེ་ནས་དཔལ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་བཞི་སྟེ། གང་ཟག་གང་གིས་བླང་བ་དང༌། ཡུལ་གང་ལས་བླང་བ་དང༌། དབང་གང་བླང་བ་དང༌། དབང་ཇི་ཙམ་ཞིག་བླང་བའོ། །དང་པོ་ནི་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། མི་བསྐྱོད་པའི་མདུན་གྱི་དེར་ང་རྒྱལ་འཕོས་ནས་བླང་བའོ། །གཉིས་པ་ནི་རྣམ་སྣང་གི་ཐུགས་ཀ་ན་བཞུགས་པའི་དེ་བཞིན་གཤེགས་པ་ལྔ་ལས་བླང་བའོ། །ཁ་ཅིག་དེ་བཞིན་གཤེགས་པ་ནི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱི་ལས་ལེན་ནོ་ཟེར་ཏེ། དེ་ལྟར་ན་ཕྱག་རྒྱ་བཅིང་བ་ལ་སོགས་པ་ལྷ་ཚང་བ་མེད་དོ། །ཡང་རྣམ་སྣང་དེ་དཀྱིལ་འཁོར་ཐམས་ཅད་ཀྱི་ངོ་བོ་ཡིན་པས་དེ་ལས་ལེན་ནོ་ཞེས་ཟེར་ཏེ། དེ་ལྟར་ན་ཡང་རྣམ་སྣང་གིས་གཙོ་བོ་མ་བྱས་པ་རྣམས་ལ་བླང་དུ་མེད་པ་ལས་སློབ་དཔོན་གྱིས་དེ་བསྡུས་ཀྱི་དཀྱིལ་འཁོར་ཉིས་བརྒྱ་བཅུ་གསུམ་པོ་ཐམས་ཅད་ལ་དབང་འདི་བཤད་པས་ན། དེ་བཞིན་གཤེགས་པ་ལྔ་ནི་དཀྱིལ་འཁོར་དེ་ཐམས་ཅད་ཀྱི་གཙོ་བོའི་ཐུགས་ཀ་ན་གནས་པས་སྔ་མ་ཁོ་ནའོ། །གསུམ་པ་དབང་གང་བླང་ན་འཁོར་ལོས་སྒྱུར་བའི་དབང་བླང་ངོ༌། །ཅིའི་ཕྱིར་འཁོར་ལོས་སྒྱུར་བའི་དབང་ཞེས་བྱ་ཞེ་ན། འཁོར་ལོས་སྒྱུར་བ་ལ་དབང་བསྐུར་བའི་ཕྱིར་དང༌། འཁོར་ལོས་སྒྱུར་བར་དབང་བསྐུར་བའི་ཕྱིར་རོ། །དང་པོ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་འཁོར་ལོས་སྒྱུར་བ་ཞེས་བྱ་སྟེ། སྔོན་བྱུང་དུ་རྡོ་རྗེ་དབྱིངས་གྱི་དཀྱིལ་འཁོར་སྤྲུལ་པའི་ཚེ་ཡང་དཔལ་རྡོ་རྗེ་སེམས་དཔའ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རིགས་ཀྱི་འཁོར་ལོས་སྒྱུར་བ་ཉིད་དུ་དབང་བསྐུར་ཞེས་གསུངས་པའི་ཕྱིར་དང༌། རྗེས་འཇུག་གི་ལའང་སྔོན་དུ་བསྙེན་པ་དང༌། དཀྱིལ་འཁོར་གྱི་ལས་རིམ་ལ་མེ་ལྟར་འབར་བ་ལ་སོགས་པ་གནས་སྐབས་ཀྱི་ལྷའི་རྣལ་འབྱོར་བསྒོམ་པའི་ཚེ་གང་གི་རྣལ་འབྱོར་ལ་གནས། གནས་གང་ན་གནས། བསྒོམ་པར་བྱ་བ་ཅི་ཞིག་བསྒོམ་ཞེས་བྱ་བས་ཤེས་པར་བྱ་སྟེ། དེ་ལྟ་བུ་འགའ་ཞིག་མ་གཏོགས་པ་ཕལ་ཆེར་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་བྱེད་པས་རྡོ་རྗེ་སེམས་དཔའ་ལ་འཁོར་ལོས་སྒྱུར་བ་ཞེས་བྱའོ། །དེས་ན་དབང་འདི་ལའང་འཁོར་ལོས་སྒྱུར་བའི་དབང་ཞེས་བྱའོ། །གཞན་མེ་ལྟར་འབར་བའི་དབང་དང༌། ལྷག་པའི་ལྷ་དང༌། རྣལ་འབྱོར་ཆེན་པོའོ། །དང་པོ་སྦྱོར་བ་ནི་སེམས་དཔའ་བཅུ་དྲུག་གོ །དཀྱིལ་འཁོར་གྱི་ལྷ་ཚང་བའི་དབང་ལ་འཁོར་ལོས་སྒྱུར་བའི་དབང་ཞེས་མི་བྱའོ། །ཡང་གཉིས་པ་འཁོར་ལོས་སྒྱུར་བར་དབང་བསྐུར་བའི་ཕྱིར། འཁོར་ལོས་སྒྱུར་བའི་དབང་ཞེས་བྱ་སྟེ། དཔེར་ན་རྒྱལ་ཚབ་ཏུ་དབང་མ་བསྐུར་ཡན་ཆད་ལས་ལ་ངེས་པ་མེད་ལ་རྒྱལ་ཚབ་ཏུ་དབང་བསྐུར་ནས་ཅི་བྱས་ཐམས་ཅད་རྒྱལ་པོའི་སྤྱོད་པ་བཞིན། དབང་འདི་མ་བསྐུར་ཡན་ཆད་ལས་བྱེད་པའི་རྣལ་འབྱོར་མ་ངེས་པར་བྱེད་ལ། འདིར་དབང་བསྐུར་ནས་ཐུན་མཚམས་ཀྱི་རྣལ་འབྱོར་ཡན་ཆད་ལ་སྒོ་དབྱེ་བ་དང༌། ཕྱག་རྒྱ་ཆེན་པོའི་རྒྱས་གདབ་པ་དང༌། ལས་ལ་སྦྱར་བ་དང༌། མཆོད་པ་མ་གཏོགས་པ་ཐམས་ཅད་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་བྱེད་པའི་ཕྱིར་འཁོར་ལོས་སྒྱུར་བའི་དབང་ཞེས་བྱའོ། །བཞི་པ་ནི་དབང་ཇི་ཙམ་ཞིག་བླང་ན། ཅོད་པན་ཕྱག་མཚན་མིང་གསུམ་གྱི་དབང་བླང་སྟེ། སྔོན་བྱུང་གི་འཁོར་ལོས་སྒྱུར་བ་རྡོ་རྗེ་སེམས་དཔའ། རིན་ཆེན་ཆོས། ལས་རྣམས་ལའང་དབང་དེ་གསུམ་ལས་མེད་ལ། རྗེས་འཇུག་ལ་སློབ་དཔོན་གྱིས་དུམ་བུ་བཞི་ཀར་དེ་ལས་མ་བཤད་དེ། དཔེར་ན་འཇིག་རྟེན་པའི་ཁ་ལོ་སྒྱུར་བ་བཞིན་ནོ། །དེ་ལྟར་དབང་བླང་བའི་སེམས་དཔའི་ང་རྒྱལ་གྱིས་དགུག་གཞུག་ལ་སོགས་པ་བྱའོ། །འདི་ལ་ཁ་ཅིག་ན་རེ། སྤྱིར་དེ་བཞིན་གཤེགས་པ་ཚད་མེད་གྲངས་མེད་པ་བཞུགས་པ་ལས། འདིར་ཚད་ཅན་ཅིག་སྤྱན་དྲངས་ཏེ་དགུག་གཞུག་བྱེད་ཟེར་ཡང་མ་ཡིན་ཏེ་འགྲེལ་པ་ལས། དེ་བཞིན་གཤེགས་པ་དེ་ཐམས་ཅད་ཅེས་གསུངས་པའི་ཕྱིར་གསལ་པ་སྤྱན་མི་འདྲེན་ནོ། །ཡང་སྤྱན་དྲངས་བ་གཅིག་ཏུ་མ་གྱུར་སྙམ་པའི་རྟོག་པ་བསལ་བའི་ཕྱིར་ཏེ། སངས་རྒྱས་རྣམས་ནི་གཅིག་ཏུ་གྱུར། །ཞེས་པ་དང་འགལ་ལོ། །དེས་ན་རྣམ་སྣང་ཐུགས་ཀའི་ལྔ་པོ་དང༌། དཀྱིལ་འཁོར་གྱི་ལྷ་དང་བཅས་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་དགུག སྦྱིན་པ་ལ་གཞུག ཤེས་རབ་ལ་བཅིངས། བརྩོན་འགྲུས་སུ་དབང་དུ་བྱ་ཞེས་བྱ་བར་འགྲེལ་བ་ལས་བཤད་པས་གཞན་ནས་དགུག་པ་ལ་སོགས་པ་མ་ཡིན་ནོ། །དེ་ནས་རྒྱས་གདབ་པ་ནི། ཡང་འཁོར་ལོས་སྒྱུར་བའི་ང་རྒྱལ་གྱིས་རྒྱས་གདབ་པ་སྟེ། ཕྱག་རྒྱ་ཆེན་པོ་ནི་མ་གཏོགས་སོ། །གོ་རིམ་ནི་དཀྱིལ་འཁོར་སྤྲུལ་པ་ལྟར་སེམས་དཔའ་བཅུ་དྲུག་གི་རྗེས་ལ་སེམས་མ་ལ་འདེབས་སོ། །བསྐལ་བཟང་ལ་བསྒོམ་པའི་དཀྱིལ་འཁོར་ལ་རྒྱས་མི་འདེབས་སོ། །དེའི་རྗེས་ལ་འགྲེལ་པ་ན་དབང་བསྐུར་ཡོད་དེ་ཁ་མི་བསྐང་གསུང༌། ལས་ལ་སྦྱར་བ་ནི་སོ་སོའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དེར་བསྒོམས་ལ་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུ་བ་མཛོད་ཅིག་ཅེས་བྱ་བ་ལ་སོགས་པ་བརྗོད་པའོ། །འདིར་དེ་བཞིན་གཤེགས་པ་ལྔ་ལ་ལས་གཅིག་ཕྱག་རྒྱ་སོ་སོར་བཅིངས། འགྲེལ་པ་དང་མི་མཐུན། སེམས་མ་བཞིའང་དེ་བཞིན་ཏེ་འགྲེལ་པ་དང་མི་འདྲ། སེམས་དཔའ་ཉེར་བརྒྱད་པོ་ཐམས་ཅད་ལ་རེ་རེ་ཡོད་པ་དེའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་ལྟར་མཛོད་ཅིག་ཅེས་ལས་ལ་སྦྱར་རོ། །བསྐལ་བཟང་ལ་ལས་གཅིག་ལས་མེད་ཀྱང་ཕྱག་མཚན་དང་སྐུ་བསྒོམ་པ་མི་གཅིག་པས་ལན་བཞི་བྱའོ་གསུང་ངོ༌། །ཁ་ཅིག་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་ལྷ་གང་དང་གང་གི་ཕྱག་རྒྱ་ཆེན་པོ་ལྷའི་མདུན་དུ་དམིགས་ནས་སྦྱོར་ཞེས་ཟེར་རོ། །ལས་རྒྱལ་མཆོག་གོ །ཏིང་ངེ་འཛིན་གསུམ་པོ་འདི་ལ་ཁ་ཅིག་ན་རེ། འོག་མིན་དུ་བྱང་ཆུབ་པ་ལ་དང་པོའི་སྦྱོར་བ། འཁོར་སྤྲུལ་པ་ལ་དཀྱིལ་འཁོར་རྒྱལ་མཆོག ཡེ་ཤེས་པ་སྤྱན་དྲང་བ་ལས་རྒྱལ་མཆོག་ཟེར་ཏེ། དང་པོ་དེ་བཞིན་གཤེགས་པའི་ཟློས་པ་པོ་ལ་ཁྱབ་ཆེས་ལ། གཉིས་པ་ཚོགས་རྟེན་སྤྲུལ་པ་ལ་སོགས་པ་ལ་ཐལ་ལ། བསྡུ་བ་གཉིས་པའང་ལས་རྒྱལ་དུ་འགྱུར་ལ། འོག་མིན་དུ་བྱང་ཆུབ་པ་ལ་སོགས་པ་མེད་པ་ལའང་ཏིང་ངེ་འཛིན་གསུམ་བཏགས་པ་ཡོད་པས་ཏིང་ངེ་འཛིན་གསུམ་གྱི་དང་པོ་དང་སྦྱར་རོ། །དེ་དང་འབྲེལ་པ་ལས་དཀྱིལ་འཁོར་རྒྱལ་མཆོག་དེ་དང༌། ལས་རྒྱལ་དེ་འབྲེལ་བ་ཅན་གྱི་མིང་ཡིན་གསུངས་ཏེ་ཆ་མེད་དོ། །ཏིང་ངེ་འཛིན་གསུམ་དུ་སྤྱིར་རྩེ་མོ་ལས་བཤད་དེ། དང་པོ་སྦྱོར་བའི་ཏིང་འཛིན་མཆོག །རྣལ་འབྱོར་པས་ནི་སྙོམས་འཇུག་བྱ། །དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག །དེ་ནས་ཡང་ནི་ལས་རྒྱལ་པོ། །ཞེས་པ་དང༌། དགོས་པ་ཡང༌། ཏིང་འཛིན་སྦྱོར་བ་མེད་པ་ནི། །དཀྱིལ་འཁོར་བརྟེན་པར་མི་འགྱུར་རོ། །དཀྱིལ་འཁོར་སྦྱོར་བ་མེད་པར་ནི། །དངོས་གྲུབ་ཉིད་ནི་འབྱུང་མི་འགྱུར། །དེ་བས་རྟག་ཏུ་འབད་པ་ཡིས། །ཏིང་འཛིན་དངོས་གྲུབ་དཀྱིལ་འཁོར་བྱ། །ཞེས་གསུངས་སོ། །ཏིང་ངེ་འཛིན་གསུམ་རྫོགས་པར་བྱེད་པའི་ཡན་ལག་ལ་བདུན་ཏེ། མཆོད་པ་བསང་ཞིང་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་པ་སྤྱན་དྲང་ཞིང་བསྒྲུབ་པ་དང༌། མཆོད་པ་རྒྱས་པ་དབུལ་བ་དང༌། ཆེད་དུ་གཏད་པའི་བཟླས་བསྒོམ་དང༌། ཐུན་མཚམས་ཐམས་ཅད་དུ་བྱ་བའི་ཆོ་ག་དང༌། ཐུན་ཐ་མ་ཁོ་ན་ལ་བྱ་བའི་ཆོ་ག་དང༌། སྤྱོད་ལམ་གྱི་རྣལ་འབྱོར་རོ། །དང་པོ་ནི་དེ་ནས་རྡོ་རྗེ་གནོད་སྦྱིན་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་མཆོད་པ་བསང་ཞིང་བྱིན་གྱིས་བརླབ་པ་བྱའོ། །ཅིའི་ཕྱིར་བསང་ཞེ་ན། དཔེར་ན་མི་གཙང་བའི་དྲི་ལ་སྦྲང་བུ་འདུ་བ་བཞིན་ཟས་སུ་མེ་ཏོག་ཟ་བ་ལ་སོགས་པ་དེ་སྐྲོད་པའོ། །རྡོ་རྗེ་མེས་ནི་ཕྱིས་མི་ཚུགས་པར་བྱ་བའི་ཕྱིར་གཟི་བྱིན་བསྐྱེད་པའོ། །བྱིན་གྱིས་བརླབ་པ་ནི་རྒྱ་ཆེ་སྟེ་ནམ་མཁའ་ཁྱབ་པ་ཟབ་སྟེ་དྭངས་ཤིང་ཐོགས་པ་མེད་པར་བསྒོམ་པའོ། །མེ་ཏོག་གི་ཕྱག་རྒྱ་ནི་རྡོ་རྗེ་བསྡམས་པའམ་རྡོ་རྗེ་ཁུ་ཚུར་གྱིས་སོ། །ཚིག་གི་དོན་ནི་གོ་བར་ཟད་དོ། །གཉིས་པ་ནི། རྡོ་རྗེ་སེམས་དཔའི་སྦྱོར་བ་དག །ཅེས་བྱ་བ་སྟེ། སྔར་ལས་རྒྱལ་མཆོག་གི་སྐབས་སུ་ནི་བསྡུ་བ་དང་པོ་ཡིན་ལ། འདི་ལ་བསྡུ་པ་གཉིས་པ་ཞེས་མིང་འདོགས་སོ། །ཁྱད་པར་ནི། སྔ་མ་གཙོ་བོའི་ང་རྒྱལ་གྱིས་བསྡུས་ཏེ་དེ་བཞིན་གཤེགས་པ་ལྔའི་རྣམ་པས་རྣམ་སྣང་ཐུགས་ཀར་བསྡུས་ལ། །འདིར་སེམས་དཔའི་ང་རྒྱལ་གྱིས་དཀྱིལ་འཁོར་གྱི་ལྷའི་རྣམ་པ་རང་རང་གི་དམ་ཚིག་ང་ལ་གཞུག་པའོ། །སྔ་མ་ནི་སྒྲུབ་པ་ཆེན་པོའི་ཚུལ་ཡིན་ལ། འདི་བསྒྲུབ་པའི་ཚུལ་ཡིན་ཏེ་བསྒོམ་པའི་སྔགས་དང་ཕྱག་རྒྱས་སོ། །དང་པོ་ནི་ཡེ་ཤེས་སེམས་དཔའ་དང་བདག་ཐ་མི་དད་པར་དཀྱིལ་འཁོར་བྱིན་གྱིས་བརླབས་ལ་མཆོད་པ་འབུལ་བའི་ཕྱིར་ཡིན་ནོ། །ཡང་སྔ་མ་སྔོན་བྱུང་གི་ཚུལ་ཡིན་ལ། འདིར་རྗེས་འཇུག་གི་ཚུལ་ཏེ་དེ་གཉིས་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་རྒྱུད་ནས་སོ། །དེ་ལྟར་སྤྱན་དྲངས་ཏེ་མཆོད་པ་ཕུལ་ལ་དམ་རྒྱས་དགུག་གཞུག་བྱས་ལ། སྙིང་པོའི་སྔགས་བཟླས་ཏེ་རྒྱ་གསུམ་པོས་ཀྱང་གདབ་པར་བྱའོ། །དབང་བསྐུར་བའི་ཕྱག་རྒྱ་རིན་པོ་ཆེ་ཕྱག་རྒྱ་དང༌། དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་སྔགས་དང་ཕྱག་རྒྱའོ། །དེ་ཡང་དེ་བཞིན་གཤེགས་པ་རིན་པོ་ཆེས་དབུ་བརྒྱན་ཏེ། མི་སློབ་པའི་སངས་རྒྱས་མཐར་ཐུག་པ་སེམས་ཅན་གྱི་བསམ་པ་རྫོགས་པར་བྱེད་པའི་རྟགས་སོ། །བསྐལ་བཟང་ལ་ཡང་སྟེ། ལམ་གྱི་ས་བསོད་ནམས་དང་ཡེ་ཤེས་ཀྱིས་སེམས་ཅན་གྱི་བསམ་པ་རྫོགས་པར་བྱེད་པའི་རྟགས་སོ། །དཀྱིལ་འཁོར་འདི་ན་མེད་ཀྱང་སྤྱིར་འཇིག་རྟེན་པའང་རིན་པོ་ཆེ་སྟེ་མོས་སྤྱོད་ཀྱི་སའི་རཏྣ་དང༌། རྡོ་རྗེ་རིགས་ཀྱིས་འདུལ་བའི་རྟགས་ཕྲེང་བས་དབང་བསྐུར་བའོ། །དེའང་བསོད་ནམས་དང་ཡེ་ཤེས་ཀྱིས་རང་གི་བསམ་པ་རྫོགས་པར་བྱེད་པའི་ཕྱིར་རོ། །སེམས་དཔའ་རྣམས་ལ་སངས་རྒྱས་ལྔའི་ཅོད་པན་ཏེ། དེ་བཞིན་གཤེགས་པའི་རིགས་ལས་སྐྱེས་པའི་རྟགས་སོ། །ཊཱི་ཀ་ལས། མོས་པ་སྤྱོད་པ་རྒྱུ་ཡི་ས། །བྱང་ཆུབ་སེམས་དཔའ་ལམ་གྱི་ས། །བདེ་གཤེགས་མི་སློབ་ས་ཡིན་ཏེ། །ས་གསུམ་རྡོ་རྗེ་རིན་ཆེན་དབང༌། །རིགས་བཞི་སྐྱེས་ཕྱིར་དབང་བསྐུར་བ། །བདེ་གཤེགས་རིགས་སོགས་མཚོན་ཕྱིར་རོ། །ཞེས་སོ། །གསུམ་པ་མཆོད་པ་རྒྱས་པ་གོ་སླའོ། །དེ་ལྟར་ཕྱག་བཞི་ཡན་ཆད་ནི་སྔོན་དུ་འགྲོ་བ་ལྷའི་རྣལ་འབྱོར་ཞེས་ཀྱང་བྱའོ། །བཞི་པ་ཆེད་དུ་གཏད་པའི་བསྒོམ་པ་དང་བཟླས་པ་ནི་མཉམ་གཞག་དངོས་སོ། །ཡང་ན་སྔོན་འགྲོ་ནི་བསྐྱེད་པ་ཡིན་ལ། མཉམ་པར་གཞག་པ་ནི་རྫོགས་པར་ཡང་འགྲོའོ། །དེ་བཞིན་དུ་ཐབས་ཤེས་རབ་དང༌། ཞི་གནས་དང་ལྷག་མཐོང་དང་སྣང་སྟོང་དུའང་སྦྱར་དུ་རུང་ངོ༌། །སྔགས་གསུམ་གྱི་དོན་ནི། དང་པོ་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དེ་ཐམས་ཅད་སྒྱུ་མ་ལྟ་བུར་སྣང་ལ་རང་བཞིན་མེད་པར་བསྒོམ་སྟེ་སྒྱུ་མ་རྣམ་དག་སྟེ་ཀུན་རྫོབ་བོ། །གཉིས་པ་བརྗོད་པ་སྒྱུ་མ་དེ་རང་ཡང་མ་གྲུབ་སྟེ་སྟོང་པར་བསྒོམ་པ་རང་བཞིན་རྣམ་དག་དོན་དམ་པའོ། །གསུམ་པ་བརྗོད་པས་སྣང་བ་དང་སྟོང་པ་དེ་གཉིས་ཀའང་ཡེ་ཤེས་གཅིག་གི་རྒྱུ་མཐུན་པ་དཀྱིལ་འཁོར་གྱི་ལྷའི་རྣམ་པར་སྣང་བ། རང་གི་སེམས་ཀྱི་རང་བཞིན་འོད་གསལ་གྱི་ངོ་བོ་དབྱེར་མེད་དུ་མོས་པ་བྱའོ། །གསུམ་པོ་འདི་ནི་བསྐྱེད་པ་དང༌། རྫོགས་པ་དང༌། ཟུང་དུ་ཆུད་པའོ། །ཡང་ཐབས་དང༌། ཤེས་རབ་དང༌། གཉིས་མེད་དོ། །སྣང་བ་དང༌། སྟོང་པ་དང༌། ཟུང་དུ་ཆུད་པའོ། །ཞི་གནས་དང༌། ལྷག་མཐོང་དང༌། ཟུང་དུ་ཆུད་པའོ། །ཀུན་རྫོབ་དང་དོན་དམ་དང་དབྱེར་མེད་དོ། །སློབ་དཔོན་འདིས་བསྐྱེད་རིམ་སྣང་བ་ཐབས་རྒྱ་ཆེ་བ་ལ་རྫོགས་རིམ་སྟོང་པ་ཤེས་རབ་ཟབ་མོའི་རྒྱས་བཏབ་སྟེ་སྟན་གཅིག་ལ་བསྒོམ་པའི་ལུགས་སོ། །དེ་ལྟར་བསྒོམས་ནས་བཟླས་པ་ནི་རྡོ་རྗེ་འཆང་གི་སྙིང་པོ་རིགས་ཐམས་ཅད་ཀྱི་རྩ་བའི་སྔགས་རྡོ་རྗེའི་ཚིག་གིས་བཟླས་ཏེ། ལྕེ་རྩེ་ཤིན་ཏུ་མི་འགུལ་ཞིང༌། །སོ་དང་མཆུ་གཉིས་མཉམ་སྦྱར་ལ། །རྟོག་པ་ཐམས་ཅད་བསྒྲུབ་བྱ་ཞིང༌། །སྒྲ་བྲལ་རྡོ་རྗེའི་ཚིག་གིས་བཟླས། །ཞེས་སོ། །ཐམས་ཅད་ཀྱིས་བཟླས་པར་འགྱུར་རོ། །ཞེས་བྱ་བ་ནི་ཐམས་ཅད་ཀྱིས་བཟླས་པར་བསྒོམ་པས་སོ། །སྐྱོ་བར་འགྱུར་བ་ནི་བྱེད་པར་མི་འདོད་ནའོ། །འདིར་ཡང་ཡི་གེ་བརྒྱ་པ་ལན་གསུམ་བཟླས་ལ། བསྒོམ་བཟླས་ཀྱི་ནུས་པ་བདག་གི་རྒྱུད་ལ་བརྟན་པར་བྱ་ཞེས་རྩ་རྒྱུད་འགྲེལ་པ་གསུམ་ཀ་ནས་བཤད་པས་ཁ་བསྐང་ངོ༌། །ལྔ་པ་ཐུན་མཚམས་ཀྱི་བྱ་བ་ནི། ཡི་གེ་བརྒྱ་པ་དང༌། བསྟོད་པ་དང༌། དངོས་སུ་འབྱོར་བ་དང༌། སྒེག་སོགས་ཀྱི་མཆོད་པ་དང་ཕྱག་རྒྱ་བཞི་བྱའོ། །འདི་ནི་ཐུན་བཞི་ཀའི་མཇུག་ཏུ་བྱའོ། །དེའང་ཐུན་དང་པོ་ནི་སྔོན་འགྲོ། མཉམ་གཞག་མཇུག་མཆོད་པ་ཡན་ཆད་དོ། །གཉིས་པ་ནི་ཕྱག་རྒྱ་བཞི་ཡན་ཆད་སྔོན་འགྲོ་མི་དགོས། མཉམ་གཞག་དང་མཆོད་པའོ། །ཐུན་ཐ་མ་ནི་མཉམ་གཞག་དང༌། མཆོད་པ་བྱས་པའི་རྗེས་ལ། ཁྱད་པར་གཤེགས་སུ་གསོལ་བ་དང་བཅས་པའོ། །འོག་ནས་འབྱུང་བའི་སྤྱོད་ལམ་ནི་ཐུན་བཞི་ཀ་ལ་ཤེས་པར་བྱའོ། །དྲུག་པ་ཐུན་ཐ་མ་ཁོ་ན་ལ་བྱ་བའི་ཆོ་ག་ནི། ཕྱག་རྒྱ་གང་དང་གང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་དྲུག ཉེ་བར་བསྡུ་བ། དགེ་བ་བསྔོ་བ། བཟོད་པར་གསོལ་བ། ཡེ་ཤེས་པ་གཤེགས་པ། སྤྲུལ་བ་བསྡུ་བ། བསྲུང་བ་བྱ་བའོ། །དང་པོ་ལ་ལྔ་སྟེ། ཕྱག་རྒྱ་དགྲོལ་བ་དང༌། ཕྱག་རྒྱ་ལ་དབང་བསྐུར་བ་དང༌། གོ་བགོ་བ་དང༌། མཉེས་པར་བྱ་བ་དང༌། ཡི་གེ་བརྒྱ་པ་བཟླས་པའོ། །དང་པོ་རྣམ་སྣང་གི་དམ་རྒྱ་ས་མ་ཡ་སྟྭཾ་གྱིས་བཅིངས་ལ། དེའི་སྤྱི་གཙུག་ཏུ་བཞག་ལ་སྙིང་པོ་ལན་གསུམ་བཟླས་ལ། བཛྲ་མུཿབརྗོད་དེ་ཕྱག་རྒྱ་བཀྲོལ་སེ་གོལ་གཏོགས། སེམས་ཀྱིས་དཀྱིལ་འཁོར་དང་ལུས་ཀྱི་རྣམ་སྣང་ཐམས་ཅད་ཀྱི་ཕྱག་རྒྱ་བཀྲོལ་བར་བསམ། དེ་བཞིན་དུ་འབེབས་པའི་དམ་རྒྱ་སུ་ར་ཏི་སྟྭཾ་གྱིས་བཅིངས་པ་བྱིན་པ་གཡོན་པར་བཞག་སྟེ། དེའི་སྙིང་པོ་ལན་གསུམ་དང་བཛྲ་མུཿབརྗོད་ལ་ཕྱག་རྒྱ་བཀྲོལ་ཏེ། དཀྱིལ་འཁོར་གྱི་བྱང་སྒོ་དང༌། བྱིན་པའི་འབེབས་པ་དང་བཅས་པ་བཀྲོལ་པར་བསམ་མོ། །སེམས་མ་བཞིའི་གནས་སེམས་དཔའ་བཞི་དང་མཐུན། རིགས་ལྔའི་བཀྲོལ་གནས་འདི་ཡིན་ཡང་བཞུགས་པའི་གནས་མ་ཡིན་ནོ། །དེ་ལྟར་ན་སྔར་ལུས་དང༌། ལས་རྒྱལ་མཆོག་དང༌། བསྡུ་བ་གཉིས་པ་ཕྱག་རྒྱ་བཞིས་བཏབ་ཀྱང་འདིར་དམ་ཚིག་གི་ཕྱག་རྒྱ་གཅིག་ཏུ་འགྲོལ་བར་འགྱུར་རོ། །དེ་ཡང་རྒྱས་བཏབ་ཅེས་བྱ་བ་ནི་ཡེ་ཤེས་པ་དང་དམ་ཚིག་པ། དམ་ཚིག་གི་བཅིང་བས་བཅིངས་ཏེ། གཤེགས་སུ་མི་རུང་བ་དེ་གཤེགས་སུ་རུང་བར་བྱས་ཏེ། དམ་ཚིག་འཆིང་བ་དང་དབྲལ་བ་ནི་དགྲོལ་བའོ། །ཞེས་སོ། །ཁ་ཅིག་ན་རེ་འདི་ལུས་ཀྱི་ཕྱག་རྒྱ་དགྲོལ་བ་ཡིན་ལ། དཀྱིལ་འཁོར་གྱི་མ་ཡིན་ཏེ། འབེབས་པ་བྱང་སྒོ་ན་བཞུགས་པས་བྱིན་པར་བཀྲོལ་བས་མི་ཕན་ཏེ། དེས་ན་འོག་ནས་རྡོ་རྗེ་སེམས་མའི་ཕྱག་རྒྱ་གྱེན་དུ་དགྲོལ་ལོ་ཞེས་ཟེར་བ་དེའོ་ཞེས་སྨྲའོ། །དེ་ནི་མ་ཡིན་ཏེ། དེ་ལྟར་ན་འབེབས་པ་ལའང་སྒྲུབ་པ་ཆེན་པོ་བྱས་པས་ན། དེའི་སྤྱི་གཙུག་ནའང་རྣམ་སྣང་བཞུགས་པས་བདག་གི་སྤྱི་བོར་བཀྲོལ་བས་མི་ཕན་ནོ། །གལ་ཏེ་དེའིའང་དགྲོལ་བར་བསམ་པས་ཆོག་གོ་ཞེ་ན། འདིར་ཡང་མཚུངས་སོ། །གལ་ཏེ་འདིར་ཕྱག་རྒྱ་བཀྲོལ་བ་འདི་གཤེགས་སུ་གསོལ་བ་ཡིན་ནམ་ཞེ་ན་མ་ཡིན་ཏེ། འདི་ནི་དེ་ཁོ་ན་ཉིད་བཅུ་ལས་རྒྱས་བཏབ་པ་བཀྲོལ་བ་ཉེར་བར་བསྡུ་བའི་དེ་ཁོ་ན་ཉིད་ཡིན་ལ། འདིར་ལྷ་ཐམས་ཅད་ཀྱི་ལྷ་བཀྲོལ་དགོས་སོ། །འོག་ཏུ་རྡོ་རྗེ་སེམས་མ་གཅིག་པུའི་དགྲོལ་བས་ལྷ་ཐམས་ཅད་གཤེགས་པ་ནི་མཆོད་པས་གཤེགས་སུ་གསོལ་བའི་དེ་ཁོ་ན་ཉིད་དེ་ཐ་དད་དོ། །གཉིས་པ་ཕྱག་རྒྱ་ལ་དབང་བསྐུར་བ་ནི་ལྷ་ཐམས་ཅད་ལ་རཏྣའི་ཅོད་པན་གྱིས་དབང་བསྐུར་བ་སྟེ། ཕྱག་རྒྱ་བཞི་པོ་བསྒོམ་པས་སྒྲུབ་པ་པོའི་བསམ་པ་རྫོགས་པར་བྱ་བའི་རྟགས་སོ། །གསུམ་པ་གོ་བགོ་བ་ནི་ཕྱག་རྒྱ་བརྟན་པར་བྱ་བའི་ཕྱིར་དང༌། སྐུ་གསུང་ཐུགས་རྡོ་རྗེར་བྱེད་པའིའང་དོན་ཏོ། །མཉེས་པར་བྱེད་པ་ནི་མཉམ་པའི་ཐལ་མོ་ཕེག་བརྡབ་པས་ཆགས་ཅན་དགའ་བ་བཞིན་དུ་ལྷའི་ཕྱག་རྒྱ་ཐམས་ཅད་དགྱེས་པར་འགྱུར་བའོ། །ཡི་གེ་བརྒྱ་པས་ནི་སྐུ་གསུང་ཐུགས་རྡོ་རྗེར་བྱེད་པའོ། །བཞི་པ་བསྔོ་བ་ནི་སྔར་བཞིན་ནོ། །བཟོད་པར་གསོལ་བ་གོ་སླའོ། །གཤེགས་སུ་གསོལ་བ་ནི་སྔར་གནས་སྐབས་ཐ་དད་པར་ཡེ་ཤེས་པ་ལན་བཞི་བཅུག་ཀྱང་དུས་གཅིག་ཏུ་གཤེགས་སུ་གསོལ་བའོ། །དེའང་བདག་ཉིད་རྫོགས་པར་བྱེད་པའི་དུས་སུ་མདུན་དུ་སེམས་དཔའ་ཉེར་བརྒྱད་ལ་སྒོ་བ་བཞིས་བཅུག་པ་དང༌། དཀྱིལ་འཁོར་གྱི་འཁོར་ལོ་ལ་ལས་རྒྱལ་མཆོག་གི་་ཚུལ་དུ་སྒྲུབ་ཆེན་གྱི་ཚུལ་དུ་བཅུག་པ་དང༌། བསྡུ་བ་གཉིས་པར་བསྒྲུབ་པའི་ཚུལ་དུ་བཅུག་པའོ། །ལྔ་པ་སྤྲུལ་པ་ལུས་ལ་བསྡུ་བ་ལ་གཉིས། བདག་ཉིད་རྫོགས་པའི་དུས་སུ་སྤྲུལ་པ་རྣམས་གནས་རྣམས་སུ་ཐིམ་པར་བསྡུ། དཀྱིལ་འཁོར་གྱི་སྤྲུལ་པ་ལུས་ལ་བསྡུ་བའོ། །དྲུག་པ་བསྲུང་བ་ནི། འཁོར་ལོས་སྒྱུར་བའི་ང་རྒྱལ་དང་ལྡན་པས་སེམས་དཔའ་བཞིའི་སྔགས་དང་ཕྱག་རྒྱས་བསྲུང་བ་སྟེ། ཐེག་པ་ཆེན་པོ་ལ་སྤྲོ་བ་རྩོམ་པ། ཡོངས་སུ་སྦྱོང་བ་སོ་སོར་རྟོག་པ། སྒྲུབ་པ་ལྷུར་ལེན་པའི་བརྩོན་འགྲུས་ཀྱིས་བསྒོམ་པ་ཐམས་ཅད་ཉེ་བར་དམིགས་པ་དང༌། སྐུ་གསུང་ཐུགས་རྡོ་རྗེ་མི་ཕྱེད་པ་བསྒོམ་པའོ། །རྗེས་སྤྱོད་ནི། ལངས་ཏེ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ལས་ནི། འོག་ཏུ་དཀྱིལ་འཁོར་གྱི་ལས་ལ་དགོས་པའི་ཡོ་བྱད་དོ། །བཀླག་པ་ནི་རྩེ་མོ་ལས། ཡིད་གཞུངས་མཁས་ཤིང་གསལ་བ་དང༌། །ཐེག་པ་ཆེན་པོའི་དོན་སེམས་པ། །བྱང་ཆུབ་སེམས་དཔའི་ཚུལ་རྒྱ་ཆེ། །ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །བཀླག་པ་དང་ནི་བསམ་པ་དང༌། །ཡང་ནས་ཡང་དུ་གསོལ་བ་གདབ། །ཅེས་པའི་དོན་ཏོ། །དེ་ལ་ལོ་ཙཱ་བ་ཆེན་པོའི་ཞལ་གདམས། བྱང་ཆུབ་ཐོབ་པར་བྱེད་པའི་སྔ་ལྟས་རྨི་ལམ་ཡིན་པས་དེ་དང་སྦྱར་ནས་ཀློག་སྟེ། བདུད་ཀྱི་ཆོ་འཕྲུལ་རྨི་ན་ཏོག་བཀླག བུད་མེད་ཀྱི་གདོན་ལ་གཙུག་ཏོར་དཀར་མོ། ཀླུའི་ལ་རྨ་བྱ་ཆེན་མོ། སྒྲིབ་པ་ཤས་ཆེན་ཏོག་ཆེན། ལྷའི་རྣམ་པ་མི་གསལ་ན་མཚན་བརྗོད་སོགས་བསྟོད་པ་དང་སྐུ་བཞེངས། ཚེ་ཐུང་བའི་ལྟས་ལ་ཚེ་དཔག་མེད། རྫོགས་རིམ་སྐྱེ་བར་འདོད་ན་ཤེར་ཕྱིན། དགེ་མི་དགེའི་ལྟས་གང་ཡང་མེད་ན་མ་གྲུབ་པ་གྲུབ་པར་བྱེད་པ་རྣམ་འཇོམས། གྲུབ་པའི་ལྟས་བྱུང་ན་གྲུབ་པ་ཆུད་མི་ཟ་བར་བྱེད་པ་རྡོ་རྗེ་རྣམ་འཇོམས་བཀླག་གོ །སོགས་པ་ནི་མཆོད་རྟེན་དང༌། བསྐོར་བ་དང༌། མཆོད་པ་དང༌། གཏོར་མ་ལ་སོགས་པའོ། །ཟས་ཀྱི་བྱ་བའང༌། བསོད་ནམས་ཚོགས་ནི་བསྐྱེད་པའི་ཕྱིར། །སངས་རྒྱས་མཆོད་པ་ཡང་དག་བྱེད། །དེ་ནས་ཟས་ཀྱི་དུས་སུ་ནི། །རྣམ་པ་ཀུན་ཏུ་ཆང་བུ་སྦྱིན། །སངས་རྒྱས་རིག་པས་མངོན་བསྲུངས་ལ། །བཟའ་བ་དག་པ་དབུལ་བར་བྱ། །སངས་རྒྱས་བདག་ཉིད་བཟའ་བ་དབུལ། །ལེགས་པར་བགོས་ནས་བཟའ་བ་དབུལ། །ཞེས་སོ། །ཡང་རྩེ་མོ་སོ་སོ་བ་ལས། གང་ལ་ཁ་ན་མ་ཐོ་མེད། །ཐམས་ཅད་བཟའ་ཞིང་བསྟེན་པར་བྱ། །ཤ་དང་ཆང་དང་སྒོག་པ་སོགས། །བཟའ་བ་མིན་པ་རྣམ་པ་སྤང༌། །དྲི་ང་བ་དང་མི་གཙང་ཉིད། །བཟའ་དང་བཏུང་བ་རྣམ་པར་སྤང༌། །ཞེས་སོ། །ཐུན་བཞི་ནི། སྔ་དྲོ། ཕྱི་དྲོ། ཉིན་ཕྱེད། མཚན་ཕྱེད་དོ། །དེ་ཡང༌། རྟོག་པ་འདི་ནི་ཐུན་བཞི་རུ། །ཞེས་སོ། །ཟླ་བ་གཅིག་ཅེས་བྱ་བ་ལ་སོགས་པ་ནི་བསྙེན་པའི་དུས་ཏེ་འདིར་མཚན་མ་ལ་འདོད་དོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་ནི་བསྡུས་པ་སྙིང་གའི་དཀྱིལ་འཁོར་བསྒོམ་པའི་བསྙེན་པའོ། །དེའི་དོན་ནི་སྔ་མ་བཞིན་དུ་ཞེས་བྱ་བ་ནི་སྔོན་དུ་འགྲོ་བ་དང༌། རྣལ་འབྱོར་ཆེན་པོ་དང༌། མཆོད་པ་བྱ་སྟེ། དམ་ཚིག་གསུམ་གྱི་གླུའི་མཆོད་པ་ནི་མ་སྨོས་སོ། །དེ་གཞི་ལུས་ཀྱི་ང་རྒྱལ་གྱིས་སྔགས་གསུམ་བརྗོད། དོན་དྲན་པར་བྱ། སྙིང་གར་དཀྱིལ་འཁོར་སྤྲུལ་ལ་སྔགས་བརྗོད་པས་གསལ་གདབ་བོ། །ནམ་མཁའ་དང་མཉམ་པའི་སྦྱོར་བས་ཞུགས་པ་ཞེས་བྱ་བ་ནི་རང་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་བཞུགས་པའི་སྙིང་གའི་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པར་བསམ་མོ། །དེའི་ང་རྒྱལ་གྱིས་སྔགས་གསུམ་པོའང་བརྗོད། དེ་ནས་ཨོཾ་བཛྲ་དྷཱ་ཏུ་ར་ཧཾ་སྭ་མཱཾ་ཞེས་བྱ་བ་བརྗོད་པས། རང་གི་སེམས་རང་བཞིན་གྱིས་འོད་གསལ་བ་ཡེ་ཤེས་གཅིག་གི་རྒྱུ་མཐུན་པ། དཀྱིལ་འཁོར་གྱི་ལྷ་ཚོགས་དང་ཐ་མི་དད་པར་བསམས་ལ། སྔགས་གཞུང་བཞིན་བཟླ། ངལ་ཞིང་དུབ་ན་ཞེས་བྱ་བ་ནི་ཐུན་མཚམས་ཀྱི་བྱ་བ་སྟེ། ཡི་གེ་བརྒྱ་པ་ལ་སོགས་པ་སྔར་བཞིན་བྱའོ། །དེ་ནས་སྙིང་གའི་རྡོ་རྗེ་སེམས་དཔའ་ལས་མར་མེ་གཅིག་ལས་གཉིས་སུ་མཆེད་པ་བཞིན་བྱ་ལ། རྗེས་སྤྱོད་སྔར་བཞིན་བྱ། ཐུན་འོག་མ་རྣམས་ལ་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་སྙིང་གར་ཞུགས་ལ་བསྒོམ་བཟླས་མན་ངག་སྔར་བཞིན་བྱ། ཐུན་ཐ་མ་ལ་ཕྱག་རྒྱ་བཀྲོལ་བ་ལ་སོགས་པ་རྒྱས་པ་བཞིན་བྱ། ཁྱད་པར་དུ་སྤྲུལ་པ་བསྡུས་ལ་སྙིང་གའི་དཀྱིལ་འཁོར་ཟླ་བ་ལ་ཐིམ་པར་བྱ། ལུས་ཀྱི་སྔར་བཞིན་བསྲུང་བ་དང་རྗེས་སྤྱོད་ལ་ཁྱད་པར་མེད། བསྙེན་པའི་ཚད་ཀྱང་སྔར་བཞིན་ནོ། །འཇིག་རྟེན་དང་ཞེས་བྱ་བ་ལ་སོགས་པ་ནི་རང་གི་ལྷ་སྒྲུབ་པ་རྣལ་འབྱོར་ཆེན་པོའི་བསྙེན་པ་སྟེ། ཁྲུས་བྱ་བ་ནས་དམ་ཚིག་གསུམ་གྱི་གླུའི་མཆོད་པའི་བར་དུ་བྱས་ལ། གཞི་ལུས་ཀྱི་ང་རྒྱལ་གྱིས་སྔགས་ཀྱི་དོན་བསྒོམ་པ་ལ་བཟླས་པ་བྱའོ། །སྐྱོ་ན་ཡི་གེ་བརྒྱ་པ་ལ་སོགས་པ་ཐུན་མཚམས་སྔ་མ་བཞིན་བྱས་ལ། གཞི་ལུས་གཉིས་སུ་ཕྱེ་སྟེ་རྗེས་སྤྱོད་བྱ། ཐུན་འོག་མ་རྣམས་ལ་གཞི་ལུས་གཉིས་སུ་མེད་པར་བསྒོམས་ཏེ་བསྒོམ་བཟླས་བྱ། ཐུན་ཐ་མ་ལ་ཕྱག་རྒྱ་དགྲོལ་བ་ལ་སོགས་པ་སྔར་དང་འདྲ། བསྡུ་བ་སྙིང་གའི་བསྡུ་བ་མེད་པས་ལུས་ཀྱི་ཐིམ་པ་བྱ། སྔགས་འབུམ་འབུམ་བཟླས་པ་ནི་རྐང་ཐོན་དུ་བཟླས་པ་བྱ། ཞེས་བླ་མའི་གསུང་ངོ༌། །དེ་ནས་བཛྲཽ་ཏིཥྛ་འབུམ་བཟླས་ཏེ་ལྷའི་རྣལ་འབྱོར་སྔ་མ་བཞིན་བྱས་ཏེ། ཐུན་མཚམས་སྔ་མ་བཞིན་ནོ། །དེ་ནས་རྡོ་རྗེ་སློང་བ་བཅིངས་ཏེ། སྔགས་མཚན་ཐོག་ཐག་བཟླས་པས་འགྲུབ་པར་འགྱུར་རོ། །དེ་གྲུབ་ན་སྔགས་འོག་མའི་སྒྲུབ་པ་མི་དགོས་སོ། །དེས་མ་གྲུབ་ན་ཡང་བཟླས་སྔགས་མ་གཏོགས་པ་རྣལ་འབྱོར་སོགས་ཐམས་ཅད་སྔ་མ་དང་འདྲའོ། །དེ་ནས་ཞི་བའི་ཐབ་བམ་ལས་ཐམས་ཅད་པའི་ཐབ་ཏུ། ལྷ་རྡོ་རྗེ་འབེབས་པ་ལ། སྔགས་བཛྲ་ཨཱ་བེ་ཤས་རྫས་མར་གྱི་དགང་བླུགས་ཀྱིས་རྡོ་རྗེ་དྲིལ་བུ་ལ་བསྐོར་ཏེ། གྲངས་སྲེག་བླུགས་སྟོང་ཕུལ་ཏེ། དེ་ནས་རྡོ་རྗེ་འབེབས་པའི་དམ་རྒྱས་རྡོ་རྗེ་དྲིལ་བུ་བཟུང་སྟེ། རྣལ་འབྱོར་ཆེན་པོ་བྱས་ཏེ་མཚན་ཐོག་ཐག་བཟླས་ན་འགྲུབ་པར་འགྱུར་རོ། །ཁ་ཅིག་བཛྲོ་ཏིཥྛ་དང༌། བཛྲ་ཨཱ་བེ་ཤ་གཉིས་ལ། དཀྱིལ་འཁོར་སློང་བའི་བསྙེན་པ་དང༌། ཡེ་ཤེས་འབེབས་པའི་བསྙེན་པ་ཞེས་བཏགས་ཏེ། བསྙེན་པ་གསུམ་ཀ་ལ་འདི་དགོས་ཏེ་མན་ངག་གོ །ཞེས་ཟེར་ཏེ། བསྙེན་པ་རྫོགས་པས་ཡེ་ཤེས་འབེབས་པ་ཡིན་པས། དེ་ལ་བསྙེན་པ་ལོགས་པ་མི་དགོས་ཞེས་བཤད་དོ། །སྤྱིའི་སློབ་དཔོན་གྱིས། གྲངས། དུས། མཚན་མ། དཀྱིལ་འཁོར་གཅིག་ལ་བསྙེན་པ་གཉིས་སྦྱོར་བ་དང་བཞིར་བཤད་པ་ལས་འདིར་གཞུང་གི་ཚིག་མཚན་མའི་བསྙེན་པ་གཙོ་ཆེའོ། །དེ་ལ་བཛྲོ་ཏིཥྛ་ལ་སོགས་པ་ནི། རང་གི་ལྷ་བསྒྲུབ་པ་ཁོ་ནའི་མ་གྲུབ་པ་གྲུབ་པར་བྱེད་པའོ་ཞེས་གསུང་ངོ༌། །རྣམ་པར་རྟོག་པ་ནི་མཚན་མའི་བསྙེན་པ་ཐོབ་པར་འདོད་པས། དུས་དང་གྲངས་ཀྱིས་མ་གྲུབ་ན་སྤོགས་པ་ཡིན་པས་ཐམས་ཅད་ལ་སྦྱར་དུ་རུང་ལ། ཡང་འབུམ་འབུམ་བྱས་ལ། ཞེས་བྱ་བ་ནི་ཁམས་གསུམ་རྣམ་རྒྱལ་ལས། བསྙེན་པ་གསུམ་སོང་ནས་འདི་ལྟར་བུ་མི་ནུས་པས་ནི་རྣལ་འབྱོར་ཆེན་པོ་ཉིན་རེ་ལ་ལན་རེ་བྱས། ལྷ་ཐམས་ཅད་ཀྱི་འབུམ་འབུམ་བཟླས་སོ་ཞེས་གྲངས་བཤད་དོ། །བསྙེན་པ་དེས་ཡན་ལག་ཏུ་བྱར་རུང་ཞེས་ཀྱང་རྟོག་གོ །སྒྲུབ་པའི་ཐབས་ཏེ་སྔོན་དུ་བསྙེན་པའི་ཆོ་གའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནས་དཀྱིལ་འཁོར་དང་འབྲེལ་བའི་བྱ་བ་སྟོན་ཏོ། །དེ་ལ་གཉིས་ཏེ། དཀྱིལ་འཁོར་དུ་བྲི་བའི་གནས་པའི་ཆོ་ག་དང༌། དཀྱིལ་འཁོར་གྱི་ལས་རིམ་དངོས་སོ། །དང་པོ་ལ་ལྔ་སྟེ། ཕྱོགས་ལ་སོགས་པ་བརྟག་པ་དང༌། དཀྱིལ་འཁོར་གྱི་ཚད་དང༌། སྦྱིན་སྲེག་གིས་སྦྱང་བ་དང༌། ལས་སུ་བྱ་བས་སྦྱང་བ་དང༌། ས་གཟུང་བའོ། །དང་པོ་ལ་གྲོང་ཁྱེར་གྱི་ཤར་རམ། བྱང་ཤར་ཏེ། ཇི་སྐད་དུ། དཔལ་མཆོག་དང་པོ་ལས། དེའང་དཀྱིལ་འཁོར་ཤར་ཕྱོགས་སུ་བྲིས་ན་རྒྱལ་པོ་དང༌། རྣམ་པར་རྒྱལ་བ་དང༌། ཡུལ་གྱི་སྐྱེ་བོ་རྣམས་ལ་འཚེ་བ་འབྱུང་ངོ༌། །གྲོང་གང་གི་ལྷོར་བྲིས་ན་དེ་སྟོངས་པར་འགྱུར་རོ། །གང་ལ་དམིགས་པ་འཆིའོ། །ནུབ་ཏུ་བྲིས་ན་དཀྱིལ་འཁོར་གྱི་སློབ་དཔོན་འཆིའོ། །བྱང་དུ་བྲིས་ན་དེར་གང་བཞུགས་པ་འཆིའོ། །མེར་བྲིས་ན་ཆར་མི་འབབས་པ་དང༌། མེའི་འཇིག་པ་འབྱུང་ངོ༌། །བདེན་བྲལ་དུ་མུ་གེ་འབྱུང་ངོ༌། །རླུང་དུ་བྲིས་ན་ཆུ་ཆེན་པོ་འབབ་བོ། །དེས་ན་གྲོང་ཁྱེར་གྱི་དབང་ལྡན་གྱི་ཕྱོགས་ཀྱི་ཆར་བརྟེན་ནས་བརྟག་པར་བྱའོ། །མཆོད་རྟེན་དང་ཉེ་བར་མ་ཡིན། ཀླུའི་གནས་སུ་མ་ཡིན། མཆོད་རྟེན་གྱི་གནས་སུ་འཆིའོ། །ཤིང་གི་གནས་སུ་འཆིའོ། །ཀླུའི་གནས་སུའང་འཆི་བ་དང༌། དམུ་རྫིང་དུ་འགྱུར་རོ་ཞེས་སོ། །དེ་དག་ནི་ཁྲོ་བོའི་དཀྱིལ་འཁོར་གཙོ་ཆེ་བའི་དབང་དུ་བྱས་ལ། ཞི་བའི་དཀྱིལ་འཁོར་ཡང་དེ་དང་ཕྱོགས་མཐུན་པའམ། ཡང་ན་ཡིད་དང་མཐུན་པར་བྱའོ། །ཞེས་གསུངས་སོ། །ཁ་ཅིག་ན་རེ། བྱང་ཤར་ནི་དཀྱིལ་འཁོར་གྱི་དབང་ལྡན་མནན་པའོ་ཞེས་འདོད་དོ། །གཉིས་པ་ཚད་ནི། རྒྱལ་པོས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། རྩེ་མོ་ལས། དཔག་ཚད་ལས་ལྷག་མི་བྱ་ཞིང༌། །ཁྲུ་དྲུག་ལས་ནི་ཆུང་བ་མིན། །སྒྲུབ་པ་བཅུ་གཉིས་ཞེས་བྱ་སྟེ། །བཅུ་པ་ལས་ནི་ཉུང་མི་བྱ། །ཟུར་བཞི་དང་ནི་ཡང་དག་ལྡན། །རྒྱ་ཆེ་བར་ཡང་མི་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྦྱིན་སྲེག་གིས་སྦྱང་བ་ནི། དེ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། དྲག་པོའི་སྦྱིན་སྲེག་གིས་བགེགས་བཟློག ཞི་བའི་སྦྱིན་སྲེག་གིས་བདག་དང་སློབ་མའི་མི་མ་ཡིན་པའི་གནོད་པ་ཞི་བར་བྱེད་པ་སྟེ། ཆོ་ག་ནི་རབ་འབྱོར་བསྐྱོངས་ཀྱི་བཞིན་ཤེས་པར་བྱའོ། །བཞི་པ་ལས་སུ་བྱ་བས་སྦྱང་བ་ནི། བརྐོས་པ་ཞེས་བྱ་བ་སྟེ། དཔལ་མཆོག་ནི་ཇི་སྐད་བཤད་པའི་གནས་སུ། རྡོ་དང༌། རུས་པ་དང༌། གྱོ་མོ་དང༌། ཕུབ་མ་དང༌། སོལ་བ་ལ་སོགས་པ་བསལ་ཏེ་བྲི་བར་བྱའོ། །གང་ཕྱིར་རྡོ་དང་བཅས་པར་རླུང་འབྱུང་ངོ༌། །རུས་པས་གཟེར་འབེབས་སོ། །གསེག་མས་ལྐུགས་པར་འགྱུར་རོ། །ཕུབ་མ་དང་སོལ་བའི་གནས་སུ་རིམས་འབྱུང་བར་འགྱུར་རོ། །ཞེས་གསུངས་སོ། །ལྐོག་མ་ནུབ་སོགས་བརྐོ་བ་ནི། དང་པོ་སྲིད་པ་ཆགས་པའི་ས་གཤའ་མ་དང་ཕྲད་ཕྲད་དུ་བརྐོ་བ་སྟེ། དེ་མ་རྙེད་ནའང་ས་བརྙན་པས་དགང་ཞེས་གསུངས་སོ། །ཤིན་ཏུ་མཉམ་པར་བྱས་ལ་ཡན་ཆད་ས་སྦྱོང་བའོ། །ས་གཟུང་བ་ལ་ལྔ་སྟེ། ཁང་པས་ས་གཟུང་བ་དང༌། རྒྱན་གྱིས་དང༌། སྐུ་གཟུགས་ཀྱིས་དང༌། མཆོད་པས་དང༌། བསང་ཆུ་དང་ཡི་གེ་བརྒྱ་པས་གཟུང་པའོ། །དང་པོ་ནི་དཀྱིལ་འཁོར་གྱི་ཁང་པ་དཀྱིལ་འཁོར་གྱི་བཞི་འགྱུར་དུ་བརྩིགས་པ་ཌཱ་ཀི་ལས་བཤད་དོ། །ཁང་པ་བརྩེགས་མའི་དགོས་པ་ནི། སྔོན་འབྱུང་རི་རབ་ཏུ་སྤྲུལ་པ་དང་མཚུངས་པར་བྱ་བའི་ཕྱིར་རོ། །གཉིས་པ་དེ་ལས་རྒྱན་བྱ་བ་ནི། དཔལ་དང་བསོད་ནམས་འཕེལ་བར་བྱ་བའི་དོན་དུའོ། །གསུམ་པ་དེར་སྐུ་གཟུགས་གཞུག་པ་ནི་བཀྲ་ཤིས་པ་དང་ཡེ་ཤེས་བསྐྱེད་པར་བྱ་བའི་དོན་དུའོ། །བཞི་པ་མཆོད་པ་བྱ་བ་ནི། སངས་རྒྱས་རྣམས་བྱོན་པའི་དོན་དུ་སྟེ། དཀྱིལ་འཁོར་ཕྱི་རོལ་ངས་དག་གི །གྲྭ་ནི་བཞི་པོ་ཐམས་ཅད་དུ། །ཤེས་རབ་ཅན་གྱིས་བདུག་སྤོས་བསྲེག །གང་ཕྱིར་རྡོ་རྗེ་ཅན་དག་གཤེགས། །ཞེས་སོ། །དྲིས་བྱུགས་ཏེ་གསང་བ་ནི་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱ་བའི་ཕྱིར་རོ། །ཡི་གེ་བརྒྱ་པ་བཟླས་པའི་ཚེ་ལག་པ་ས་ལ་བཞག་པ་འགྲེལ་པ་ལས་བཤད་པ་འདིར་ཡང་བྱ་སྟེ། དོན་གཟུང་འཛིན་གྱིས་བྱང་ཆུབ་སེམས་མི་བསྐྱོད་པའི་ཕྱིར་མི་བསྐྱོད་པའི་བདུད་འདུལ་བྱ་བའོ། །ཡི་གེ་བརྒྱ་པ་བརྗོད་པས་ནང་གིས་སྦྱང་བ་བྱང་སེམས་རྣམ་པར་དག་པ་བསྒོམ་པ་དང༌། མི་ཕྱེད་པའི་ཕྱིར། རྡོ་རྗེ་བསམ་པར་བྱའོ། །ས་བཟུང་བའོ། །དཀྱིལ་འཁོར་གྱི་ལས་རིམ་ལ་ལྔ་སྟེ། ཀུན་ཏུ་སྤྱོད་པའི་དམ་ཚིག་དང༌། ལྷག་པར་གནས་པ་དང༌། དཀྱིལ་འཁོར་བྲི་བ་དང༌། བསྒྲུབ་སྟེ་མཆོད་པ་དང༌། སློབ་མ་གཞུག་པ་དང༌། དབང་བསྐུར་བའོ། །དང་པོ་ལ་གཉིས་ཏེ། སྔོན་འགྲོ་དང༌། དངོས་གཞིའོ། །སྔོན་འགྲོ་ལ་བཞི་སྟེ། ལུས་ཀྱི་ཀུན་ཏུ་སྤྱོད་པ་དང༌། དུས་ཀྱི་དང༌། གནས་ཀྱི་དང༌། ཁ་ཟས་ཀྱི་ཀུན་དུ་སྤྱོད་པའོ། །དང་པོ་ནི། ཁྲུས་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཁྲུས་བཞིར་བཤད་དེ། ནང་གི་ཁྲུས་དང༌། གསང་བའི་ཁྲུས་དང༌། ཕྱིའི་ཁྲུས་སོ། །དེའང་རྡོ་རྗེ་རྩེ་མོ་ལས་བཤད་དེ། མི་དགེ་བཅུ་ནི་སྤངས་ནས་སུ། །དགེ་བ་བཅུ་ནི་བརྟེན་བྱེད་ཅིང༌། །འབྱུང་པོ་རྣམས་ལ་ཕན་འདོགས་པས། །ནང་གི་བདག་ཉིད་ཁྲུས་སུ་འདོད། །ཅེས་པ་དང༌། སྡོམ་པ་གསུམ་ལ་ཡང་དག་གནས། །དང་པོ་ཁྲུས་སུ་བརྗོད་པ་ཡིན། །ཞེས་དེས་ལུས་ངག་ཡིད་གསུམ་གྱི་དྲི་མ་འཁྲུད་པས་ཁྲུས་སོ། །ཁྲུས་གཉིས་པའང༌། གཉིས་པའི་རྒྱུད་ལས་གསུངས་པ་ཡི། །བཤགས་དང་གསོལ་བ་འདེབས་པ་སོགས། །ཞེས་པ་དང༌། འགྲེལ་པ་ལས་བཞིས་སྡིག་པ་མི་དགེ་བའི་དྲི་མ་འཁྲུད་པས་གསང་བའི་ཁྲུས་སོ། །གསུམ་ནི་ཕྱག་རྒྱ་དགྲོལ་བ་གསུམ་པ་སྟེ། ཞེས་པ་དང༌། ཡང༌། བདག་ཉིད་རབ་ཏུ་དགའ་བའི་ཕྱིར། །བདག་ཉིད་ཕྱག་རྒྱས་རྒྱས་གདབ་ཅིང༌། །ཕྱག་རྒྱ་ཐམས་ཅད་ཡང་དག་བཅིངས། །རྣལ་འབྱོར་པ་ཡི་ཁྲུས་སུ་བརྗོད། །ཅེས་པ་ལ་དགྲོལ་བར་ཕྱག་རྒྱ་བཀྲོལ་བས་ལྷའི་རྣལ་འབྱོར་གྱིས་དྲི་མ་འཁྲུད་པས་རྣལ་འབྱོར་པའི་ཁྲུས་སོ། །བཞི་པ་ཆུ་སྟེ་ཐ་མ་ཡིན། །ཞེས་པ་དང༌། ཆུ་ཡི་ཁྲུས་ནི་བྱ་བ་སྟེ། །ལས་ནི་རྣམ་པར་རྟོག་པའི་ཁྲུས། །ཞེས་པ་དང༌། དེ་བཞིན་དུ་ཆོ་གའང༌། དང་པོ་བདག་ཉིད་གོ་བགོ་ཞིང༌། །ཁྲོ་བོ་ཡང་ནི་དྲན་པར་བྱ། །ཞེས་བྱ་བ་ལ་སོགས་པའི་དོན། སློབ་དཔོན་གྱིས་འགྲོ་འདུལ་དང༌། ཁམས་གསུམ་རྣམ་རྒྱལ་ལས་བཤད་པའི་དོན་ནི་འདི་ཡིན་ཏེ། དེ་ལ་རེ་ཞིག་རྣམ་པར་རྟོག་པ་ལ་གནས་པའི་ཁྲུས་ཀྱི་ཆོ་ག་ནི། རང་ཧཱུྃ་ལས་མེ་ལྟར་འབར་བར་བསྐྱེད་ལ་ཁྲོ་བོ་ཏི་རིནྟི་རིའི་ཕྱག་རྒྱ་བཅིངས་པ་སྙིང་གར་བཞག་སྟེ། ཨོཾ་དྷུ་པི་དྷུ་པི་ཀཱ་ཡ་དྷུ་པི་པྲ་ཛྭ་ལཱ་ཡ་སྭཱ་ཧཱ། ཞེས་ཟློས་ཤིང་བདག་ཉིད་འབར་བར་བྱའོ། །དེ་ནས་ཨོཾ་ཏྲུཾ་ཞེས་བྱ་བ་ལ་སོགས་པས་གོ་བགོས་པས་བཛྲ་ཏུ་ཥྱ་ཧོཿས་མཉེས་པར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང་ཧཱུྃ་ཞེས་བརྗོད་པས་ཆུ་ལ་གནས་པའི་བགེགས་ཐམས་ཅད་བཟའ་བར་བྱའོ། །ཡང་ཕྱག་རྒྱ་དེ་དང་ཨ་ཞེས་བྱ་བས་བདུད་རྩི་ཐབ་སྦྱོར་གྱིས་ཆུ་དང་ཆུའི་བགེགས་བཟའ་བར་བྱའོ། །ཁ་ཅིག་ན་རེ། ཆུ་བདུད་རྩིར་བསམས་ཟེར་ཏེ། མ་ཡིན་ཏེ། དེ་ནས་ཨོཾ་བྷུ་རྫ་ལ་སྭཱ་ཧཱ། ཞེས་ཟློས་ཤིང་ཆུ་སྙིམ་པ་གསུམ་གྱིས་སྟེང་བཅིང་བར་བྱ་བའི་ཕྱིར་སྤྱི་བོར་གཏོར་བར་བྱའོ། །རིག་པ་འདི་ཉིད་བཟླས་ཤིང་ས་གཙང་མ་ཆག་གསུམ་དུ་བྱས་ལ། གཅིག་བླངས་ལ་རྐེད་པ་མན་ཆད་བཀྲུ། གཉིས་པས་ལུས་ཐམས་ཅད་བཀྲུ། གསུམ་པས་ལག་པ་བཀྲུས་ལ་ཉེ་རེག་བྱའོ། །དེ་ནས་སྟེང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་དང༌། སྔགས་ཀྱི་ཆུ་བླུགས་པར་བྱའོ། །དེ་ཉིད་ཀྱིས་བདག་རང་བྱིན་གྱིས་བརླབས་ཏེ་ལངས་ལ། རྡོ་རྗེ་རྩེ་མོ་བཟླས་པའི་ཆུས་གོས་ལ་སོགས་པ་བསངས་ཏེ། བཛྲ་སཏྭ་ཞེས་བརྗོད་ཅིང་ཇི་ལྟ་བ་བཞིན་དུ་བགོས་ལ། ཡིད་ཀྱིས་ཆུའི་གནས་ཀྱི་སྲུང་བ་བཀྲོལ་ལ། རང་གི་ལྷའི་ང་རྒྱལ་གྱིས་དེའི་སྔགས་བརྗོད་ཅིང༌། ལྷའི་ཁང་པ་དང་ཉེ་བར་རྐང་པ་བཀྲུས་ཏེ། རུས་པ་འདི་ཉིད་ཀྱིས་ཉེ་རེག་བྱ་བ་དང༌། གཡོན་པའི་ཁྲོ་བོ་ཁུ་ཚུར་དང་ཧཱུྃ་ཕཊ་ཅེས་བྱ་བས་ལྷའི་ཁང་པའི་བགེགས་ཐམས་ཅད་བསྐྲད་པ་དང༌། གཡས་པའི་ཁྲོ་བོ་ཁུ་ཚུར་གྱིས་ལྷའི་ཁང་པ་བསྲུང་བ་བྱས་ཏེ་འཇུག་པར་བྱའོ། །ཡང་རྡོ་རྗེ་རྩེ་མོ་བཟླས་པའི་དྲི་ཆུ་དང་རྡོ་རྗེ་གནོད་སྦྱིན་བཟླས་པས་སྟན་དང་ལྷའི་ཁང་པ་བསངས་ཏེ། ས་མ་ཡ་སྟྭཾ་ཞེས་བྱ་བས་འདུག་པར་བྱའོ། །ཞེས་གསུང་ངོ༌། །དྲིས་བྱུག་པ་ལ་གཉིས་ཏེ། རང་ཉིད་ཁྲུས་བྱས་ཡན་ལག་བྱུག །ཅེས་ཙནྡན་ལ་སོགས་ཕྱིའི་བྱུག་པ་དང༌། ཚུལ་ཁྲིམས་བརྟུལ་ཞུགས་ཡང་དག་བྱུག །ཅེས་ནང་གིའོ། །གོས་ལ་གཉིས་ཏེ། སྡོམ་པ་ལ་ནི་ལེགས་གནས་པའི། །གོས་ནི་དང་པོར་བརྗོད་པར་བྱ། །གཉིས་པ་ཆོ་ག་བསྒྲུབ་པ་དང༌། །གསུམ་པ་ངོ་ཚ་ཁྲེལ་ཡོད་པ། །ཞེས་ཏེ་དེ་ནི་ནང་གི་གོས་ཏེ། དང་པོས་ངན་འགྲོ་ལས་སྐྱོབ། འོག་མས་འཆལ་ཚུལ་ལས་སྐྱོབ་པས་སོ། །ཕྱི་གོས་གཙང་མ་ཞེས་འགྲེལ་པ་ལས་བཤད་དོ། །རྒྱན་ལ་གཉིས་ཏེ། བྱང་ཆུབ་སེམས་ཀྱིས་ཡང་དག་བརྒྱན། །ཞེས་ནང་གིའོ། །དཔུང་རྒྱན་གདུ་བུ་ཉིད་དང་ནི། །དེ་བཞིན་སོར་གདུབ་དཔུང་རྒྱན་བཅས། །མུ་ཏིག་ཕྲེང་དང་རྣ་རྒྱན་བཅས། །གསེར་སྐུད་མུ་ཏིག་དང་ལྡན་པ། །ལག་པ་རྐང་པ་དེ་ནས་རྐེད། །ལུས་ཀུན་ལ་ནི་བརྒྱན་གྱུར་པ། །ཞེས་ཕྱིའི་འོ། །ལུས་ཀུན་དུ་སྤྱོད་པ་ཕྱིའི་འདི་རྣམས་འཁོར་ལོས་སྒྱུར་བའི་ཆས་སུ་འཇུག་པའོ། །དེ་ལ་ཁྱིམ་པས་དེ་ལྟར་བྱས་ན། རབ་ཏུ་བྱུང་བས་ཇི་ལྟར་བྱ་སྙམ་ན། ཡང་རྩེ་མོ་ལས། ཡང་ན་ཆོས་གོས་འཛིན་པ་སྟེ། །སངས་རྒྱས་རྒྱལ་མཚན་ཕྱག་རྒྱ་བཞིན། །ཞེའོ། །ཡང་ན། གལ་ཏེ་སྐྲ་བྲེགས་དགེ་སློང་དེ། །རིང་ཞིང་འཁྱིལ་ལ་མདོག་སྔོ་བའི། །སྐྲ་ནི་སྔོན་པོ་བཅིང་བར་བྱ། །ཡང་ན་རང་གི་མགོ་ལས་སྐྱེས། །ཞེས་སོ། །དུས་ཀྱི་ཀུན་ཏུ་སྤྱོད་པའང་རྩེ་མོ་ལས། བཅོ་ལྔ་ནས་ནི་བརྩམས་ནས་ནི། །གཉིས་པའི་ཉ་ལ་རྫོགས་པར་བྱ། །ཡང་ན་ཡར་གྱི་ངོ་ལ་ནི། །བཅུ་བཞི་པ་ནས་ཡང་དག་བརྩམས། །བཅོ་ལྔ་ལ་ནི་ཐུག་པར་དུ། །ལེགས་པ་རུ་ནི་རྫོགས་པར་བྱ། །ཡང་ན་ཚེས་བརྒྱད་ནས་བརྩམས་ནས། །ཐ་མ་ཉ་ལ་ཀུན་དུ་བྲི། །ཡང་ན་བཅུ་བཞི་ནས་བརྩམས་ཏེ། །ཉིན་ཞག་གཉིས་པར་ཡང་དག་བྲི། །ཡང་ན་བཅོ་ལྔ་དེ་ཡི་ནི། །སྔ་དྲིའོ་དུས་སུ་ཡང་དག་བརྩམས། །ཞེས་པ་དང༌། ཡང༌། བཅོ་ལྔ་ནས་ནི་ཡང་དག་བརྩམས། །གཉིས་པའམ་ནི་གསུམ་པ་ཡི། །ཉ་ལ་ངེས་པར་མི་འགྱུར་རོ། །ཅི་སྟེ་འབྱོར་པ་མེད་ན་ནི། །ཟ་གཅིག་ཙམ་དུ་རབ་ཏུ་བྱ། །ཅི་སྟེ་ཟླ་བ་ཕྱེད་ཙམ་དུ། །བཅོ་ལྔ་ལ་ནི་རབ་ཏུ་སྦྱར། །ཅི་སྟེ་རིང་ན་ཚེས་བརྒྱད་ནས། །བཅོ་ལྔ་ལ་ནི་རྫོགས་པར་བྱ། །ཚེས་དགུ་དང་ནི་བཅུ་དང་ནི། །བཅུ་གསུམ་པ་དང་བཅུ་བཞི་པ། །བདུན་པ་ལྔ་པ་ཉིད་ནས་ནི། །ཉ་ལ་ངེས་པར་མི་འགྱུར་རོ། །ཅི་སྟེ་ཉིན་ཞག་དེ་བརྩམས་ནས། །དེ་ཉིད་ལ་ནི་རྫོགས་པར་བྱ། །ཞེས་སོ། །དེ་ལྟར་ན་དུས་རིང་བ་དང་ཐུང་བ་ནི། དཀྱིལ་འཁོར་ཆེ་ཆུང་ལ་སོགས་པ་རིམ་གྱིས་བྱ་བ་ཆེ་ཆུང་ལ་བརྩིས་པ་ཡིན་གསུང་ངོ༌། །གནས་ནི་གཉུག་མར་གནས་པའི་ས་ནི། སྤྱིར་ས་མ་སྦྱངས་པ་དང༌། སྦྱོང་དུ་མི་རུང་བ་གཉིས་བོར་ནས། སྦྱངས་པ་དང་སྦྱང་མི་དགོས་པའི་ས་བསྟན་ཏེ། དྲང་སྲོང་གནས་དང་བ་ལང་ལྷས། །ཕུག་དང་རི་ཡི་རྩེ་མོ་དང༌། །ཁང་ཐོག་དང་ནི་རྡོ་ལེབ་དང༌། །མཆོད་རྟེན་དྲུང་དང་འབབ་ཆུའི་གླིང༌། །མཚོ་རྣམས་ཀྱི་ནི་འགྲམ་དག་ཏུ། །ས་གཞི་སྦྱང་དག་བརྟག་བ་དག །ནན་ཏན་དུ་ནི་བྱ་མི་དགོས། །མཐོ་དམན་ལ་སོགས་སྐྱོན་རྣམས་ནི། །དེར་ནི་དོགས་པ་བསྐྱེད་མི་དགོས། །ཞེས་པ་དང༌། གཙུག་དགུ་ལས། ཡང་ན་སྔར་ནི་བརྟགས་ཟིན་པའི། །གནས་དེར་སྦྱང་བ་བྱ་མི་དགོས། །ཞེས་པ་དེ་ལྟ་བུ་བཟུང་ལ། དེར་སྐྱང་ནུལ་བྱ་སྟེ། དྲི་ཡི་ཆུ་ཡིས་ལེགས་བཀྲུ་བའི། །དེ་ནས་དཀྱིལ་འཁོར་གནས་དེར་ནི། །དྲི་དང་ལྡན་པའི་ཆུ་དག་གིས། །ཕྱོགས་རྣམས་ཀུན་དུ་ཆག་ཆག་གདབ། །བ་ཡི་ལྕི་བས་ལེགས་སྦྱང་ཏེ། །དེ་ནས་གུར་གུམ་ལ་སོགས་པའི། །དྲི་དག་གཙང་མར་སྦྱར་བར་བྱ། །ཞེས་རྩེ་མོ་ལས་སོ། །ཁ་ཟས་ཀྱི་ཀུན་ཏུ་སྤྱོད་པ་ནི། ཉིན་ཞག་དྲུག་གམ་བདུན་བརྒྱད་དུ། །མར་དང་འོ་མ་འབྲས་ཆན་ཉིད། །སློབ་དཔོན་ཟས་ནི་དཀར་གསུམ་བཟའ། །ཡང་ན་ཐུན་མོང་གྱུར་པའི་ཟས། །དེ་སྟེ་བཟོད་ལྡན་ཉིན་མཚན་དུ། །མི་བཟའ་བར་ནི་བསྒྲུབ་པར་བྱ། །གང་ཕྱིར་ཆོས་ཀྱི་རང་བཞིན་ཟས། །སྟོབས་ལྡན་འགྱུར་བར་ཐེ་ཚོམ་མེད། །ཅེས་སོ། །ཡང༌། གང་གི་ཚེས་ནས་བརྩམས་ནས་ནི། །ཇི་སྲིད་རྫོགས་པར་མ་གྱུར་བར། །གལ་ཏེ་ཀུན་ལས་མི་བཟའ་བར། །བརྩོན་འགྲུས་ཆེན་པོ་བརྩམ་པར་བྱ། །དྲི་དང་བཅས་ཤིང་ལེགས་པར་བྱ། །ཡང་ན་དཀར་གསུམ་བཟའ་བར་བྱ། །གང་ཕྱིར་རྒྱལ་པོ་རྡོ་རྗེ་འཛིན། །བྱིན་གྱིས་བརླབ་པ་མཛད་པར་འགྱུར། །དགོས་པ་གང་ཞིག་བསྒྲུབ་པའི་ཕྱིར། །གང་ཞིག་མཆོད་པ་ཡང་དག་བརྩམ། །གལ་ཏེ་མི་ནུས་སྐལ་ཆེན་གྱིས། །བཟའ་བ་དག་ནི་རབ་ཏུ་བྱ། །དྲི་དང་བཅས་པ་དང་སྦྱར་བའི། །ཡང་ན་དཀར་གསུམ་བཟའ་བར་བྱ། །འདི་ལྟར་རྒྱལ་པོ་རྡོ་རྗེ་འཛིན། །བྱིན་གྱིས་རློབ་པ་མཛད་པར་འགྱུར། །ཞེས་སོ། །ཀུན་དུ་སྤྱོད་པའི་དམ་ཚིག་གོ །དེ་ལྟ་བུའི་ཀུན་དུ་སྤྱོད་པའི་དམ་ཚིག་གི་དཀྱིལ་འཁོར་གྱི་དུས་ཐམས་ཅད་དུ་འབྲེལ་པས་སྤྱིར་བསྟན་པའོ། །ལྷ་ལྷག་པར་གནས་པ་ལ་གཉིས་ཏེ། སྔོན་དུ་འགྲོ་བ་དང༌། ལྷག་གནས་དངོས་སོ། །སྔ་མ་ལ་གསུམ། སློབ་དཔོན་གྱིས་རྣལ་འབྱོར་བྱ་བ་དང༌། དེ་ལ་སློབ་མས་གསོལ་བ་གདབ་པ་དང༌། དཀྱིལ་འཁོར་བྱིན་གྱིས་བརླབ་ཅིང་བསྲུང་བའོ། །དང་པོ་ལ་གཉིས། བདག་ཉིད་རྫོགས་པར་བྱ་བ་དང༌། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་སྟེ་བཟླས་པ་བྱ་བའོ། །དང་པོ་ལ་གཉིས་ཏེ། སྔོན་དུ་འགྲོ་བ་དང༌། རྣལ་འབྱོར་ཆེན་པོ་སྟེ། དེ་ནི་དེ་ལ་རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ་སྔར་བསྟན་པས་གོ་སླའོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་ལ་གཉིས་ཏེ། སྔོན་དུ་འགྲོ་བ་ཏིང་ངེ་འཛིན་གསུམ་བསྒོམ་པ་དངོས་དང༌། རྫོགས་པར་བྱེད་པའི་ཡན་ལག་གོ །དང་པོ་ལ་གསུམ་སྟེ། གནས་བསྐྱེད་པ་ནི། ཁང་པ་ཞེས་བྱ་བ་སྟེ་སྔར་དང་འདྲའོ། །དེར་བདག་ཉིད་བསམ་པ་ནི། སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྟེ། སྤྲོ་བ་བསྐྱེད་པ་ནི་སྔར་བས་ཁྱད་པར་རོ། །གསུམ་པ་སྟོན་པ་དེ་བཞིན་གཤེགས་པ་རྣམས་བྱོན་པ་ནི། སྔར་བསམས་པ་ཙམ་ཡིན་ལ། འདིར་ཡན་ལག་ཐམས་ཅད་ཀྱི་ཕྱག་བྱ་བ་ལ་སོགས་པ་ནི་ཁྱད་པར་རོ། །གཉིས་པ་ཏིང་ངེ་འཛིན་བསྒོམ་པ་ནི། སྔར་དང་འདྲའོ། །རྫོགས་པར་བྱེད་པའི་ཡན་ལག་ལ། སྔར་བདུན་བྱས་པ་ལས། འདིར་མཆོད་པ་བྱིན་གྱིས་བརླབ་པ། ཡེ་ཤེས་པ་གཞུག་པ། མཆོད་པ་དབུལ་བ། ཆེད་དུ་གཏད་པའི་བསྒོམ་བཟླས་ཀྱི་བར་དུ་བྱ་བ་སྔར་དང་འདྲའོ། །དེ་ནི་ཡང་སྒོ་དབྱེ་བ་ཞེས་བྱ་བའི་གཞུང་ངོ༌། །གཉིས་པ་སློབ་མས་གསོལ་བ་གདབ་པ་གོ་སླའོ། །གསུམ་པ་བྱིན་གྱིས་བརླབ་ཅིང་བསྲུང་བ་ལ་གཉིས་ཏེ། བྱིན་གྱིས་བརླབ་པ་དང་བསྲུང་བའོ། །དང་པོ་ལ་གཉིས་ཏེ། སངས་རྒྱས་ལ་ཕྱག་བྱས་ཏེ་ང་རྒྱལ་བསྐྱེད་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །མིག་དང་རྐང་པ་བྱིན་གྱིས་བརླབ་པ་ནི། བཛྲོ་ཏིཥྛ་ཞེས་བྱ་བ་ལ་སོགས་པའོ། །དཀྱིལ་འཁོར་བཏེག་སྟེ། རང་བྱིན་གྱིས་བརླབ་པ་ནི། རང་དམ་ཚིག་ཅེས་བྱ་བ་ལ་སོགས་པ་སྟེ་བདག་བྱིན་གྱིས་བརླབ་པའོ། །དེ་ནས་ས་གཞི་རྡོ་རྗེར་བྱིན་གྱིས་བརླབ་པ་ནི། ཡང་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་དུ་བལྟ་བ་ནི་དབང་ལྡན་ནས་བརྩམས་ཏེ་གཡོན་ནས་གཡས་སུ། གཡས་ནས་གཡོན་དུ་འཁོར་བ་བལྟ་བ་སྟེ། གཡས་སྐོར་གྱིས་བགེགས་ཐམས་ཅད་བསྐྲད། གཡོན་སྐོར་གྱིས་སྲུང་འཁོར་གྱི་སྐབས་བཞིན་རྭ་བ་དྲ་བར་བྱའོ། །བལྟས་ཕྱོགས་ཐམས་ཅད་དབང་དུ་འགྱུར་ཏེ། རྡོ་རྗེ་ལྟ་བ་ཆགས་པ་ནི། །དགའ་བས་མིག་ནི་རབ་ཏུ་བགྲད། །དེ་ཡིས་བུད་མེད་བལྟས་པ་ཡིས། །རྟག་ཏུ་དབང་དུ་འགྱུར་བ་ཡིན། །ཞེས་སོ། །ཡང་བགེགས་གཞོམ་པ་ཞེས་བྱ་བ་ལ་སོགས་པ་སྲུང་བའི་འཁོར་ལོ་བྱིན་གྱིས་བརླབ་པ་སྟེ། ཧཱུྃ་ལས་མེ་ལྟར་འབར་བ་བསྐྱེད་ནས། སྲུང་འཁོར་རྫོགས་པར་བསྒོམ་པ་སྟེ། ཁམས་གསུམ་རྣམ་རྒྱལ་གྱི་དཀྱིལ་ཆོག་བཞིན་ནོ། །གསང་བའི་དཀྱིལ་འཁོར་དགུག་པས་བྱིན་གྱིས་བརླབ་པ་ནི། སྔགས་དང་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་སྟེ། མཛུབ་མོ་གཉིས་དང་མཐེ་བོང་གཉིས་པོ་སྦྱར་ཏེ་བརྐྱང་བ་ནི། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱའོ། །སྔགས་བརྗོད་དེ། སེམས་ཀྱིས་གཞལ་ཡས་ཁང་གི་ཡེ་ཤེས་སེམས་དཔའི་རྣམ་པ་མིའུ་ཐུང་ཞལ་བཞི་པ་གསུས་ཁྱིམ་ཆེ་བ། རལ་པ་ཅན། ངོ་བོ་དཀྱིལ་འཁོར་གྱི་བདག་པོ། རྣམ་སྣང་ཆེན་པོའི་ཡོན་ཏན་ཀྱི་ཚོགས་དང་ལྡན་པ་དེ་ལྟ་བུ་བཀུག་ལ། དཀྱིལ་འཁོར་གྱི་ས་དེ་བྱིན་གྱིས་བརླབ་བོ། །དེ་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་དང༌། སྔགས་བརྗོད་པས་དཀྱིལ་འཁོར་གྱི་ས་ལ་ཐིམ་སྟེ། ཞལ་བཞི་སྒོ་བཞིར་གྱུར། རལ་པ་དང་རྐང་ལག་རྒྱན་དུ་གྱུར། གསུས་ཁྱིམ་ཆེ་བ་ཕོ་བྲང་དུ་གྱུར་པར་བསམ་སྟེ་བྱིན་གྱིས་བརླབ་བོ། །དེ་ཡང་རྩེ་མོ་ལས། རྡོ་རྗེ་དཀྱིལ་འཁོར་ཕྱག་རྒྱ་ཡིས། །དཀྱིལ་འཁོར་ཡང་དག་བྱིན་གྱིས་བརླབ། །ཅེས་སོ། །དཀྱིལ་འཁོར་ལ་ཡེ་ཤེས་པ་དེ་ལྟར་གཞུག་པར་མཛད་པའི་དགོས་པ་ཡང༌། དཀྱིལ་འཁོར་དུ་འཇུག་འདོད་པའི་གདུལ་བྱ་རྣམས། དཀྱིལ་འཁོར་གྱི་སྒོ་བཞི་ནས་ཕོ་བྲང་དུ་ཞུགས་པས། རྣམ་སྣང་ཆེན་པོའི་ཞལ་བཞི་ནས་ཞུགས་ཏེ། གསུས་ཁྱིམ་ཆེན་པོ་དེར་ཞུགས་པས་སྡིག་པ་སེལ་ཞིང་ཡོན་ཏན་སྐྱེད་པར་བྱེད་བའོ། །བྱིན་གྱིས་བརླབ་པའོ། །བསྲུང་བ་ལ་གསུམ། ཕུར་བུས་བསྲུང་བ་དང༌། བུམ་ཆུས་བསྲུང་བ་དང༌། སྔགས་དང་ཕྱག་རྒྱས་བསྲུང་བའོ། །དང་པོ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། རྩེ་མོ་ལས། དབུས་སུ་ཕུར་བུ་གཟུགས་པར་བྱ། །རྡོ་རྗེ་ཕུར་བུའི་སྔགས་དང་ནི། །རྡོ་རྗེ་ཕུར་བུའི་ཕྱག་རྒྱ་ཡིས། །མཆོད་པའི་ས་གཞི་མཛེས་པར་སྦྱང༌། །ཞེས་པའི་དགོངས་པའོ། །དེ་ལ་ལུགས་གཉིས་ཏེ། ཕུར་བུ་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། དབུས་དང་གྲྭ་བཞིར་གདབ་པའམ། གཞན་གྱིས་ཁུང་བུ་བཏོད་དེ། དེའི་ཤུལ་དུ་ཕུར་བུ་ལྔ་མཐའ་ཡས་དང༌། རྣམ་པར་རྒྱལ་བ་དང༌། སྤྲིན་སྒྲ་དང༌། གསུས་པོ་ཆེ་དང༌། རྒྱལ་བ་ཞེས་བྱ་བ་ལྔ་སྟོད་ཁྲོ་བོ། །སྨད་རྡོ་རྗེ་རྩེ་གཅིག་པར་བསྐྱེད་ལ་བཙུགས་ཏེ། གཡོན་རྡོ་རྗེ་བཟུང༌། གཡས་རྡོ་རྗེ་རྩེ་གསུམ་པས་རྡུང་བར་བྱེད་ཅིང་སྔགས་བཟླའོ་གསུངས་ཏེ། གོང་མ་དངོས་སུ་ལ། འོག་མ་ཏིང་ངེ་འཛིན་གྱིས་བྱ་བར་གསལ་ལོ། །བསང་ཆུས་བསྲུང་བ་ནི་བུམ་པ་མཚན་ལྡན་ལ་མཆེ་བས་མཚན་ཏེ། མགུལ་རྒྱན་ལ་སོགས་པ་ཆོ་ག་བཞིན་བྱས་ཏེ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་གཏུགས་ཏེ། དེའི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ་སྒྲུབ་པ་པོའི་མདུན་དུ་གཞག་གོ །དེ་ནས་བྱུག་པའང་བྱ་སྟེ། དཔལ་མཆོག་ལས། རྡོ་རྗེ་གནོད་སྦྱིན་བཟླས་པའི་བུམ་པ་བསང་གཏོར་གྱི་དོན་དུ་བཞག་ལ། རྡོ་རྗེ་སྲུང་བ་བཟླས་པའི་ཆུས་རྡོ་རྗེ་གནོད་སྦྱིན་ཟློས་བཞིན་དུ་དཀྱིལ་འཁོར་གྱི་དབང་ལྡན་ནས་གཡས་སྐོར་དུ་བྱུག་པའམ། བྱུག་ཏུ་གཞུག་པར་བྱའོ། །ཞེས་སོ། །སྔགས་དང་ཕྱག་རྒྱས་བསྲུང་བ་ནི་རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་སྔགས་དང་ཕྱག་རྒྱས་སྟོང་པའི་རང་བཞིན་དུ་སྦས་ནས་བགེགས་ཀྱིས་མི་མངོན་པར་བྱས་ཏེ། རྡོ་རྗེ་གོ་ཆའི་སྔགས་དང་ཕྱག་རྒྱས་རང་གི་གནས་དགུར་བསྲུང་བར་བྱའོ། །སྔོན་འགྲོའོ། །ལྷག་པར་གནས་པ་ལ་བཞི་སྟེ། ལྷ་དང༌། བུམ་པ་དང༌། ལྷག་པར་གནས་པའི་སྦྱིན་སྲེག་དང༌། སློབ་མའོ། །དང་པོ་ནི། ཡང་ཞེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་འཁོར་བརྟག་ཅེས་བྱ་བ་ནི་ལྷའི་གནས་སུ་འོང་ཞེས་བརྟགས་ཏེ། ས་མི་འཁྲུལ་བར་བྱ་བའི་ཕྱིར་སྐྱ་ཐིག་གདབ་བོ། །དེའི་ཕོ་བྲང་དྲིས་བྱུགས་ཏེ། སྔགས་བཟླས་ཤིང་དྲིའི་ཐིག་ལེ་བྱས་ཏེ། གོ་རིམ་ནི་དཀྱིལ་འཁོར་རྒྱལ་མཆོག་བཞིན་ནོ། །གྲངས་བསྐལ་བཟང་བཅུ་དྲུག་ཏུ་བྱས་ན་ལྔ་བཅུ་བདུན་ནོ། །དེ་ནས་སྔོན་འགྲོ་ལ་བསྒོམས་པའི་དཀྱིལ་འཁོར་ནམ་མཁའ་ལ་བཏེག་སྟེ། །སྒོ་བ་བཞིའི་སྔགས་དང་ཕྱག་རྒྱས་བསྒོམ་པ་ལ་རི་རབ་སྟེང་གི་གཞལ་ཡས་ཁང༌། ལག་ལེན་ལ་དྲིའི་ཐིག་ལེའི་སྟེང་དུ་བཞུགས་སུ་གསོལ་ལ། རང་རང་གི་སྙིང་པོས་གསལ་བར་བཀོད་ལ། ལྷ་རེ་རེ་ལ་མཆོད་པ་ལྔ་ལྔས་མཆོད་དེ་དྲིའི་ཐིག་ལེ་ཡང་ནུབ་པར་བྱའོ། །བུམ་པ་ལྷག་པར་གནས་པ་ནི། གཅིག་ཁོ་ན་ལ་བྱ་སྟེ། མགུལ་ཆིངས་ལ་སོགས་ཆོ་ག་བཞིན་བཅས་ལ། སྟེང་དུ་མཆོད་ཡོན་བཞག་སྟེ། རྡོ་རྗེ་སེམས་དཔའི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ་བུམ་པ་དབུལ། ཡང་རྡོ་རྗེ་གནོད་སྦྱིན་བརྒྱ་རྩ་བརྒྱད་ཀྱིས་ཀྱང་དབུལ། ཡང་མེ་ལྟར་འབར་བ་བརྒྱ་རྩ་བརྒྱད་ཀྱིས་ཀྱང་དབུལ་ཏེ་ལན་གསུམ་མོ། །དེ་ནས་རྡོ་རྗེ་སེམས་མའི་ཕྱག་རྒྱས་བུམ་པའི་ཁ་རྒྱན་གྱི་ལྕུག་མ་ནས་བཟུང་སྟེ་སྔར་གྱི་སྔགས་གསུམ་པོ་བརྒྱ་རྩ་བརྒྱད་བཟླས་ཏེ། དེ་ལྟར་བཟླས་པ་ལན་གཉིས་བྱ་བ་ཙམ་ལས་ལྷ་བསྐྱེད་པ་མེད་དེ། ཆོ་ག་བཞིན་ལྷག་པར་གནས་ཞེས་བྱ་བའི་དོན་ཏོ། །དེའང་དཔལ་མཆོག་འབྲེལ་པ་ལས། རྣམ་པར་རྒྱལ་བའི་བུམ་པ་ལ་རྡོ་རྗེ་གནོད་སྦྱིན་དང༌། མེ་དང༌། སེམས་མ་ཇི་བཞིན་དུ་བཟླས་ལ། རྡོ་རྗེ་སེམས་དཔའི་སྤྱན་སྔར་བཞག་ལ་བསྙེན་པར་བྱའོ། །ཞེས་སོ། །ཉིན་ཞག་གཉིས་པར་ནི། དཀྱིལ་འཁོར་གྱི་ཞག་སྟེ་དཀྱིལ་འཁོར་བྲི་བའི་ཚེའོ། །བུམ་པ་དབུལ་བའི་དུས་སུའང༌། བུམ་པ་འདི་ཉིད་ལ་བཛྲ་སཏྭ་དང༌། བཛྲོ་ད་ཀ་ཋ་བཟླའོ། །ལྷག་པར་གནས་པའི་སྦྱིན་སྲེག་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། བུམ་པ་ལ་བཟླས་པ་རྫོགས་པའི་རྗེས་ལ། ཐབ་དང་རྫས་བཤམ་པ་ལ་སོགས་པ་ཇི་ལྟ་བ་བཞིན་བྱས་པའི་དྲུང་དུ། འཁོར་ལོས་སྒྱུར་བའི་ང་རྒྱལ་གྱིས་གནས་ལ། རྡོ་རྗེ་གཙུག་ཏོར་གྱི་སྔགས་དང་ཕྱག་རྒྱས་བསྲུངས་ཏེ། པདྨའི་འདུག་སྟངས་ཀྱིས་འདུག་ལ། མེ་བསང་བ་ནས་འཇིག་རྟེན་པའི་མེ་མཆོད་པའི་བར་ཇི་ལྟ་བ་བཞིན་བྱས་ལ། ཡང་ཐབ་དང་ཡོ་བྱད་བསངས་ཏེ། རྣམ་སྣང་ལ་སོགས་པའི་སྔགས་ཟློས་ཤིང་ཐབ་ཏུ་མེ་ཏོག་རེ་གཏོར་བས། དྲིའི་ཐིག་ལེ་ལྷ་དང་ཁང་པར་བཅས་པ་ཐབ་ཏུ་བྱོན་པར་བསམས་ལ། མཆོད་ཡོན། གདན། ཞབས་བསིལ་མཆོད་པ་ལྔ། སྒེག་མོ་ལ་སོགས་པ་བརྒྱད། དེ་ནས་མཆོད་ཡོན། བསང་གཏོར། འཐོར་འཐུང་བྱས་ལ། ལྷའི་ལྕེ་དང༌། དགང་གཟར་དང༌། བླུགས་གཟར་ལ་ཧཱུྃ་བཀོད་ལ། རྣམ་སྣང་གི་སྔགས་ཀྱིས་དགང་བླུགས་གསུམ་མམ་བདུན་དབུལ། དེ་ནས་ཞི་བའི་སྦྱིན་སྲེག་རྫས་རྣམས་ལྷ་ཐམས་ཅད་ལ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་དབུལ། དེ་བཞིན་དུ་རྡོ་རྗེ་སེམས་དཔས་ཀྱང་བརྒྱ་རྩ་བརྒྱད། སྤྱན་གྱིས་ཀྱང་བརྒྱ་རྩ་བརྒྱད་ཕུལ་ལ། རིགས་ཀྱི་སྙིང་པོ་ལན་གསུམ་ལ་སོགས་པའི་མར་གྱི་སྦྱིན་སྲེག་གིས་གཟི་བརྗིད་བསྐྱེད་ལ། རིགས་ཀྱི་བདག་པོ་བཟླས་པའི་དགང་བླུགས་དབུལ་ལོ། །དེ་ནས་མཆོད་ཡོན། བསང་གཏོར། འཐོར་འཐུང་ལན་གསུམ་ཕུལ་ལ། མཚན་བརྒྱ་རྩ་བརྒྱད་པས་བསྟོད། ལྷ་མོ་བརྒྱད་ཀྱིས་མཆོད། མཆོད་ཡོན་ཕུལ་ཏེ། འདོད་པའི་སིདྡྷིའི་ཕྱིར་གསོལ་བ་བཏབ་སྟེ། བཛྲ་སཏྭ་དང༌། ཡི་གེ་བརྒྱ་པ་བཟླས། ཡང་རྣམ་སྣང་ལ་སོགས་པ་བཟླས་ཏེ་དཀྱིལ་འཁོར་དུ་མེ་ཏོག་གཏོར་བས། ཐབ་ཀྱི་ལྷ་དང་ཁང་པ་དཀྱིལ་འཁོར་དུ་གཤེགས་སུ་གསོལ་བའོ། །ཡང་འཇིག་རྟེན་པའི་མེ་ལྷ་མཆོད་པ་ཆོ་ག་བཞིན་བྱའོ། །ཁ་ཅིག་སྤྱན་ལ་ཞེས་སྨོས་པས་དབུལ་བར་བྱ་བའི་ཡུལ་ཡིན་ནོ་ཟེར་ཏེ། དེ་ལྟར་གཙོ་བོ་ཡིན་པ་ལ་སོགས་པས་རྣམ་སྣང་ལ་སོགས་པ་ལ་ཅིའི་ཕྱིར་མི་དབུལ། དེས་ན་རྒྱུ་མཚན་མེད་དོ། །དེས་ན་ལ་ཞེས་བྱ་བ་ནི་གྱིས་ཞེས་བྱ་བ་སྟེ། དཔལ་མཆོག་དུམ་བུ་དང་པོ་ལས་ཀྱང༌། རྡོ་རྗེ་སེམས་དཔའ་གནོད་སྦྱིན་དང༌། །སྤྱན་གྱིས་མར་ལ་སོགས་པ་བསྲེག །ཅེས་ཟེར་བ་དང༌། དུམ་བུ་གཉིས་པ་ལས་ཀྱང་དེ་བཞིན་བཤད་དོ། །འོ་ན་འདི་རྣམས་ཁོ་ནས་འབུལ་བ་ཅི་ཞེ་ན། སློབ་དཔོན་གྱིས་རབ་གནས་ཀྱི་ཆོ་ག་ལས་གསུངས་པ། དང་པོ་བགེགས་ཞི་བར་བྱ་བའི་ཕྱིར་རྡོ་རྗེ་མེས་སྦྱིན་སྲེག་བྱའོ། །ཚིམ་པར་བྱ་བའི་ཕྱིར་རང་རང་གི་སྔགས་ཀྱིས་སོ། །དགོངས་པར་བྱ་བའི་ཕྱིར་ནི་རིགས་ཀྱི་རིགས་པས་སོ། །འབྱོང་བར་བྱ་བའི་ཕྱིར་ནི་རིགས་ཀྱི་བདག་པོའི་སྙིང་པོས་སོ། །སྒྲིབ་པ་ཟད་པར་བྱ་བའི་ཕྱིར། རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཀྱིས་སོ། །རྡོ་རྗེ་སེམས་དཔས་ལྷ་རྣམས་དགོངས་པར་འགྱུར་རོ། །སྤྱན་གྱིས་ཕུལ་བས་སྡིག་པ་ཞི་བར་འགྱུར་རོ། །ཞེས་བཤད་པས་སོ་གསུང་ངོ༌། །འདིར་ལྷ་གསུམ་ནི་སྒྱུ་འཕྲུལ་དྲྭ་བའི་དགོངས་པ་སྟེ། རྒྱུད་དེ་ནི་རིགས་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་དང༌། ཁྲོ་བོ་བདུད་རྩི་འཁྱིལ་པ། ཡུམ་སངས་རྒྱས་སྤྱན་གྱི་སྔགས་ཀྱིས་སྦྱིན་སྲེག་བྱས། དེའི་དགོངས་པའོ། །དེ་ལ་བདག་པོ་འདྲ། །ཁྲོ་བོ་གནོད་སྦྱིན་ལ་བྱས། ཡུམ་སེམས་མ་རྡོ་རྗེ་འོང་ཐང་བ་ལ། སྤྱན་དུ་བྱས་པས་ནི་ཐམས་ཅད་གསང་རྒྱུད་ཀྱི་རྡོར་དབྱིངས་ན་སྤྱན་ཡོད་པས་དེའི་དགོངས་པའོ་གསུང་ངོ༌། །དེ་ནས་འོག་ཏུ་འབྱུང་བ་བཞིན་ཕྱི་རོལ་ཏུ་གཏོར་མ་སྦྱིན་ནོ། །ཉེ་རེག་ནི་བདག་ཉིད་ཕྱི་ནས་འོངས་པ་ལ། ནང་གི་སྒྲུབ་པའི་གྲོགས་ཀྱིས་བསང་ཆུའི་བུམ་པས་བྱེད་པའོ། །གསུང་ངོ༌། །བསྟོད་པ་ལ་སོགས་པ་ནི་དཀྱིལ་འཁོར་གྱི་ལྷ་ལ་སྟེ་གོ་བར་ཟད་དོ། །སློབ་མ་ལྷག་གནས་ལ་གཉིས་ཏེ། སྔོན་འགྲོ་དང་དངོས་གཞིའོ། །དང་པོ་ནི་ཁྲུས་ལ་སོགས་པ་བྱ་བ་སྟེ་གོ་བར་ཟད་དོ། །དངོས་གཞི་ལ་བརྒྱད་དེ་གསོལ་བ་གདབ་པ་དང༌། སློབ་དཔོན་གྱིས་རྣ་བ་གཏད་པར་བསྐུལ་བ་དང༌། སྡིག་པ་བཤགས་པ་ལ་སོགས་པ་རྒྱུན་བཤགས་བྱ་བ་དང༌། སེམས་བསྐྱེད་དེ་བྱིན་གྱིས་བརླབ་པ་དང༌། མཆོད་པའི་རྗེས་གནང་དང༌། སོ་ཤིང་དང༌། ཀུ་ཤ་དང༌། སྲུང་སྐུད་དང༌། ཆོས་ཟབ་མོ་བཤད་ཅིང་གཟེངས་བསྟོད་པའོ། །རྒྱུན་བཤགས་བྱ་བའི་རྗེས་ལ། ཁམས་གསུམ་རྣམ་རྒྱལ་ནས་སྡོམ་པ་དོན་དུ་གཉེར་བ་ལ་བསླབ་པའི་གཞི་ལྔ་འཛིན་དུ་གཞུག་གོ །ཞེས་གསུངས་པས་དེ་བཞིན་བདེའོ། །ལྷག་མ་ནི་གོ་བར་ཟད་དོ། །ཆོས་ཟབ་མོ་བཤད་པ་ནི་སྒྱུ་འཕྲུལ་དྲྭ་བ་བཞིན་བྱའོ། །དཀྱིལ་འཁོར་ཆེན་པོ་ཐར་པ་ཆེན་པོ་སྟེ། སྲིད་པའི་སྡུག་བསྔལ་ལས་ཐར་བའོ། །དེ་ནས་དཀྱིལ་འཁོར་ཉིད་ཀྱི་མཐའ་ལོགས་སུ་སློབ་དཔོན་དང་སློབ་མ་ཉལ་ཏེ་ནང་པར་རྨི་ལམ་གུད་དུ་བརྟགས་ཏེ། བཟང་ན་སྐྱབས་འགྲོ་སེམས་བསྐྱེད་ཚོགས་བསགས། ངན་ན་སྦྱིན་སྲེག་གིས་ཞི་བར་བྱའོ། །ཞེས་སློབ་དཔོན་གྱིས་འདིར་མ་བསྟན་ཀྱང༌། དཔལ་མཆོག་དུམ་བུ་གཉིས་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང༌། མེ་ལྟར་འབར་བའི་དཀྱིལ་འཁོར་ནས་བཤད་པས་དེ་བཞིན་དུ་བྱའོ་ཞེས་མན་ངག་གོ །ལྷག་གནས་སོ། །དཀྱིལ་འཁོར་བྲི་ཞིང་དགོད་པ་ལ་གསུམ་སྟེ། ཐིག་གིས་བྲི་བ་དང༌། ཚོན་གྱིས་བྲི་བ་དང༌། རྫས་དགོད་པའོ། །དང་པོ་ལ་གསུམ་སྟེ། ཐིག་གདབ་པ་དངོས་དང༌། ཞར་ལས་བྱུང་བ་བགེགས་བཟློག་པ་དང༌། ཕུར་བུ་དབྱུང་ཞིང་སྒོ་དབྱེ་བའོ། །དང་པོ་ལ་གཉིས་ཏེ། ཐིག་གི་ཆོ་ག་མན་ངག་གིས་རྒྱས་པར་བསྟན་པ་དང༌། དེ་ལུང་དང་སྦྱར་བའོ། །དང་པོ་ལ་ལྔ་སྟེ། གདབ་པའི་དུས་དང༌། དཀྱིལ་འཁོར་སྟེང་དུ་འདེགས་པ་དང༌། སྲད་བུ་བྱིན་གྱིས་བརླབ་པ་དང༌། དཀྱིལ་འཁོར་བྱུགས་ཏེ་བརྟག་པ་དང༌། གདབ་པའི་ཐབས་དང༌། ཆའི་དབྱེ་བའོ། །དང་པོ་ནི་ཉི་མ་འཆར་ཀར་ཞེས་བྱ་སྟེ། དུས་ངེས་པ་ཕལ་ཆེ་བ་ལ་དགོངས་པའོ། །ནམ་མཁའ་ལ་བཞག་པ་ནི། རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་དང༌། བཛྲོཏྟིཥྛའོ། །གཉིས་པ་གོ་བར་ཟད་དོ། །གསུམ་པ་ནི་དྲིས་བྱུག་པ་དང་མཆོད་པ་གོ་སླའོ། །བརྟག་པ་ནི། ཚད་ཤིང་གིས་ཆ་དབྱེ་བ་ཐམས་ཅད་ཀྱང་ངེས་པ་བྱ། སྐྱ་ཐིག་ཀྱང་གདབ་བོ་ཞེས་གསུང་ནའོ། །ཚད་འཇལ་བ་ནི་སྨྱུག་མའམ། ཀོ་རློན་བརྐྱང་བའམ། སྦ་ལ་སོགས་པས་གཞལ་ཏེ། ཇི་སྐད་དུ། སྲད་བུ་ཐིག་གདབ་བྱ་བ་ནི། །སྲད་བུས་གཞལ་བར་མི་བྱ་སྟེ། །འཕེལ་འགྲིབ་གཉིས་ཀྱི་ཉེན་ཡོད་པས། །སྲ་བས་རབ་ཏུ་གཞལ་བར་བྱ། །ཞེས་གསུངས་པ་ལྟ་བུའོ། །བཞི་པ་གདབ་པའི་ཐབས་ལ་དྲུག་ཏེ། སྲད་བུ་སྤང་བ་དང༌། སྒྲུབ་པའི་གྲོགས་སྤྲུལ་པ་དང༌། སྲད་བུ་བརྐྱང་བ་དང༌། སེམས་ཀྱིས་དམིགས་པ་དང༌། གདབ་པའི་གོ་རིམ་དང༌། སྔགས་སོ། །དང་པོ་ནི། སྲད་བུ་ཚོན་དཀར་པོ་ལ་སྦངས་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །གདབ་པ་སྟེ་གོ་རིམ་ལ། ཁ་ཁྱེར་གྱི་ཐིག་ཅེས་བྱ་བ་ནི་ངོས་ཀྱི་རྩིག་པ་དང༌། འདོད་ཡོན་དང༌། དྲྭ་ཕྱེད་ཀྱང་སྔ་མ་བཞིན་དུ་གདབ་སྟེ། དུམ་བུ་གཉིས་པ་ལས། དེ་ནས་སྒོ་བཞི་དང་རྟ་བབས་ཀྱི་ཐིག་གདབ་བོ་ཞེས་སོ། །བསྐོར་ཕྱོགས་སུ་འགྲོ་ཞེས་བྱ་བ་ནི། གཡས་སྐོར་དུ་འགྲོ་བ་སྟེ། གསང་བ་སྤྱི་རྒྱུད་ལས། སྲད་བུ་ཆད་ན་བླ་མ་འཆི། །རིང་ཐུང་ཁྱེར་ན་ནད་ཀྱིས་འདེབས། །ཕྱོགས་འཁྲུལ་སློབ་མ་མྱོས་པར་འགྱུར། །ཞེས་པའོ། །དབང་ལྡན་གྱི་མཚམས་སུ་སློབ་མ་འགྲོ་བ་ལ་ཁ་ཅིག་ན་རེ་གཉན་པའི་ཕྱིར་སློབ་དཔོན་མི་འགྲོའོ་ཞེས་ཟེར་བ་དེ་ནི་མ་ཡིན་ཏེ། དེ་ལྟར་ན་སློབ་མའང་མི་འགྲོ་ལ། སློབ་དཔོན་ཡང་རྒྱུན་དུ་མི་འགྲོ་བར་འགྱུར་བས་མ་ཡིན་ཏེ། དེ་ནི་ཤིས་པའི་གནས་ཡིན་པར་གོང་དུ་བཤད་པས་དེར་སློབ་མ་གཏང་བའོ། །ཞེས་གསུང་ངོ༌། །དེས་ན་དཀྱིལ་འཁོར་བྱུག་པ་ལ་སོགས་པ་ཐམས་ཅད་དབང་ལྡན་ནས་བྱའོ། །ཆའི་དབྱེ་བ་ལ་ནང་གི་དཀྱིལ་འཁོར་དང༌། ཕྱིའི་རྡོ་རྗེ་ཕྲེང་བ་དབང་ལྡན་ནས་བསྐོར་ཞེས་བྱ་བ་ལ། ཁ་ཅིག་ཕྱི་ནང་གཉིས་ཀ་ལ་རྡོ་རྗེ་བསྐོར། ནང་གི་ནང་ནས་བསྐོར་བ་མ་ཡིན་ཏེ། འགྲེལ་པ་ལས། ནང་གི་དཀྱིལ་འཁོར་གྱི་ཕྱི་རོལ་དུ། །རྡོ་རྗེ་བསྐོར་ཞེས་འབྱུང་བས་སོ། །བགེགས་འབྱུང་བ་ནི་བར་ཆད་ཀྱི་ཆོས་ཏེ། སྔར་བརྗོད་པའི་དུས་ལས་འདས་ཀྱང་མ་གཏོགས་སོ། །ལོགས་ནས་དཀྱིལ་འཁོར་ཞིག་ཀྱང་སྔ་མ་བཞིན་འགྱུར་ཏེ། སློབ་དཔོན་གཅིག་ལ་དཀྱིལ་འཁོར་གྱི་དབུས་ནས་ཆུ་བྱུང་བ་ལས། སྦྱིན་སྲེག་བྱས་པས་སྔ་མ་ཁོ་བཞིན་གྱུར་ཏོ་ཞེས་གྲག་གོ །གཤིན་རྗེ་གཤེད་དང༌། རྣམ་སྣང་དང༌། མངོན་སྤྱོད་སྦྱིན་སྲེག་བསྙེན་པ་མ་བཤད་ཀྱང་འོད་གསུང་ངོ༌། །འོད་ཀྱི་དཀྱིལ་འཁོར་གྱི་ཐིག་ཅེས་བྱ་བ་ནི། རྟ་བབས་ཀྱི་ཕྱི་རོལ་ནས་དཀྱིལ་འཁོར་ཟླུམ་པོར་བསྐོར་ཏེ། དེའི་ཕྱི་ཆ་ཕྱེད་པའི་འཕར་མ་བསྐོར་བ་ནི་འོད་ཀྱི་དཀྱིལ་འཁོར་རོ། །དེའི་ཕྱིར་ཡང་དེ་ཙམ་བསྐོར་བ་ནི་ཁོར་ཡུག་ཆེན་པོའོ། །འདི་ནི་ཁམས་གསུམ་རྣམ་རྒྱལ་གྱི་ཆོ་ག་ལས་གསལ་བར་གསུངས་སོ། །ཕུར་བུ་གདོན་པ་ནི་ཧཱུྃ་བཞི་པ་བརྗོད་པས། ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱ་རིམ་པ་བཞིན་བཅས་ལ། ཡང་ཧཱུྃ་བཞི་བརྗོད་ཅིང་ཕུར་བུ་རིམ་པ་བཞིན་དབྱུང་ངོ༌། །སྒོ་དབྱེ་བ་ལ། ཁ་ཅིག་དབྱེ་ཞེས་སྒོའི་རི་མོ་བསལ་བ་ལ་འདོད་དེ། འདིར་ཡིད་ཀྱིས་དབྱེ་བར་བསྒོམ་པའོ། །ཚོན་གྱིས་བྲི་བ་ལ་གསུམ་སྟེ། ཚོན་བྱིན་གྱིས་བརླབ་པ་དང༌། བྲི་བའི་ཆོ་ག་དངོས་དང༌། ལྷ་དགོད་པའི་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི་གོ་སླའོ། །གཉིས་པ་ལ་ཟླ་བའི་དཀྱིལ་ཁོར་ལྔས་བརྒྱན་པ། ཞེས་བྱ་བ་ལ་སོགས་པ་སྤྱིར། ལེ་ཚེ་བཞི། ཤེལ་ལྟར་སྣང་བ་བླ་ན་མེད་པ་ལ་སོགས་པ་ཡིན་པས། དབུས་ཀྱི་དཀར་པོ་གྲུ་བཞི་ལ། རྡོ་རྗེ་རྭ་བའི་གཞི་སྔོན་པོ་ལ་རྡོ་རྗེ་དཀར་པོར་བྱས་པས་བསྐོར་བས་གྲུ་ཆད་བཞི་འོང༌། དེའི་ནང་ནའང་གཞིའི་ཚོན་དཀར་པོ་ཟླུམ་པོ། །དེའི་དབུས་སུའང་ཉི་མའི་དཀྱིལ་འཁོར་ཟླུམ་པོ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལྔས་བརྒྱན་པའོ། །ཕྱོགས་བཞིའི་ཁ་དོག་འགྱུར་བ་ལས་དབྱིབས་དེ་དང་འདྲའོ། །དེ་སྐད་དུའང་འགྲེལ་པར། རིགས་ལྔའི་གནས་སུ་ཉི་མའི་དཀྱིལ་འཁོར་ཟླུམ་པོའི་ཐིག་བཏབ་ལ། རེ་རེ་ཞིང་ཟླ་བའི་དཀྱིལ་འཁོར་ལྔ་ཡོད་པ། རྡོ་རྗེའི་རི་མོས་ཡོངས་སུ་བསྐོར་བར་ཐིག་གདབ། ཅེས་སོ། །དེ་ལྟར་ཡང་བདེན་མོད། གཞི་ཚོན་ཟླུམ་པོར་གང་ནས་བཤད་ཅེ་ན། དེ་ཁོ་ན་ཉིད་ནས། རྣམ་སྣང་ལ་སོགས་པའི་དཀྱིལ་འཁོར་ནི་ཐབས་རྣམ་པ་ལྔས་བསྟན་པའི་ཕྱིར། ཤེལ་དང༌། བཻ་ཌཱུརྻ་དང༌། གསེར་དང༌། པདྨ་རཱ་ག་དང༌། མརྒད་ཀྱི་མདོག་ཅན་ཏེ་ཟླུམ་པོའོ། །ཞེས་སོ། །དོན་ཟླ་བས་ཉི་མ་མ་ནོན། ཉི་མས་གཞི་ཚོན་མ་ནོན། དེ་ལ་རྡོ་རྗེ་མ་ནོན་ཏེ། དཔེར་ན་མརྒད་ཀྱི་ལྷ་སྐུ་ཤེལ་གྱི་མཆོད་རྟེན་གྱི་ནང་ན་ཡོད་པ་བཞིན་ནོ། །མཚམས་རྣམས་ཟུར་ཐིག་གིས་བཅད་དེ་ཕྱོགས་ཚོན་ནོ། །ཀ་གདུང་གི་གཞི་སྔོན་པོ་ལ་རྡོ་རྗེ་དཀར་པོས་མཚན་པའོ། །ནང་གི་རྡོ་རྗེ་རྭ་བའང་རྡོ་རྗེ་དཀར་པོ་ལ་གཞི་སྔོན་པོའོ། །རྟ་བབས་ཀྱི་ཀ་བ་འདོད་ཡོན་ལ་གཏད་པའོ། །འོད་ཀྱི་དཀྱིལ་འཁོར་ནི་གཞི་ཚོན་ལ་ཁ་དོག་ལྔའི་འོད་མདའ་ལྟར་འཕྲོ་བའོ། །ཁོར་ཡུག་ཆེན་པོའང་ཚོན་དཀར་པོའི་སྟེང་དུ་ཚོན་སྣ་ལྔའམ། ཡང་ན་དམར་པོའི་རི་མོའོ། །ཚད་ནི་སྒོ་ཚད་ཙམ་སྟེ་ནང་སྒོ་གསུང༌། འགྲེལ་པ་ན་གདན་པདྨ་ཡོད་དེ། དེ་རང་གི་ཁྱད་པར་གསུང་ངོ༌། །ལྷ་དགོད་པ་ལ་དཔལ་མཆོག་ལ་སོགས་པ་ནས་མཚན་མ་དགོད་པའང་བཤད་དེ། འདིར་སྐུ་ཡོངས་སུ་རྫོགས་པར་དགོད་དེ། ཚིག་གི་དོན་ལ་རྣམ་སྣང་ལ་སོགས་པ་ནི་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་སྟེ། སྒྱུ་འཕྲུལ་དྲྭ་བ་ལས། གཡས་པའི་བྱིན་པ་དང་ནི་བརླ་དབུས་སུ། །རྐང་པ་གཡོན་པ་རྣམ་པར་བཞག་ནས་ཀྱང༌། །དེ་ཡི་སྟེང་དུ་གཡས་པ་བཞག་པ་ན། །དེ་ནི་རྡོ་རྗེ་སྐྱིལ་ཀྲུང་ཡིན་ཞེས་བྱ། །ཞེའོ། རྡོ་རྗེ་སེམས་དཔའ་ནས་བསྐལ་བཟང་གི་བར་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་སྟེ། རྐང་པ་གཡོན་པ་བརླ་ཡི་སྟེང་དུ་ནི། །རྐང་པ་གཡས་པ་ཅུང་ཟད་ཙམ་སྦྱར་ལ། །གཡོན་དང་དེ་ཡི་སྟེང་དུ་བཞག་པ་ནི། །སེམས་དཔའི་སྐྱིལ་མོ་ཀྲུང་དུ་རབ་ཏུ་གྲགས། །ཤེའོ། །སྒྱུ་དྲྭ་ལས། བསྐལ་བཟང་བཅུ་དྲུག་ཏུ་བྱེད་པའི་སྐུ་མདོག་ཕྱག་མཚན་ཇི་ལྟར་མངོན་པར་དགའ་བ་ཞེས་བྱ་བ་ཡིན་པས། ཤར་ཕྱོགས་པ་རྡོ་རྗེ་སེམས་དཔའ་དང་འདྲ་བ་ཞེས་བྱ་བའམ། ཡང་ན་ངན་སོང་སྦྱོང་བའི་ཆོ་ག་ལྟར་བྱའོ། །ལྷག་མ་ནི་གོ་བར་ཟད་དོ། །ཚོན་གྱིས་བྲི་བའོ། །རྫས་དགོད་པ་ལ་གསུམ་སྟེ། དཀྱིལ་འཁོར་གྱི་རྫས་དང༌། བསྒྲུབ་པའི་རྫས་དང༌། མཆོད་པའི་རྫས་སོ། །དང་པོ་ནི། རྟ་བབས་མཛེས་པ་སྟེ། འདིར་བཤམ་གྱི་དབུལ་བ་འོག་ནས་འབྱུང་ངོ༌། །སྒྲུབ་པའི་གླེགས་བམ་བཀླག་པ་སྟེ། ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལས། ཡི་གེ་ཀློག་པ་བཞི་ཞིག་ཀྱང༌། །ཕྱོགས་བཞི་དག་ཏུ་གཞག་པར་བྱ། །དེ་ལ་ཤར་ཕྱོགས་བཞག་པ་ནི། །འཕགས་པ་ཤེས་རབ་ཕ་རོལ་ཕྱིན། །བྱང་ཕྱོགས་སུ་ནི་མདོ་བཞག་པ། །གསེར་འོད་དམ་པ་དམ་པས་བཞེད། །ནུབ་ཕྱོགས་སུ་ནི་གཞག་བྱ་བ། །དེ་བཞིན་གཤེགས་པ་གསང་བ་ཡིན། །སྡོང་པོ་བཀོད་པའི་ཚུལ་ཆེན་ནི། །ལྷོ་ཡི་ཕྱོགས་སུ་ཤེས་པར་བྱ། །དཀྱིལ་འཁོར་ལྷ་རྣམས་ཇི་ལྟ་བར། །དེ་དག་ལ་ཡང་གུས་པས་མཆོད། །དམ་པའི་ཆོས་འདིར་བཀླག་པ་འདི། །སྲུང་བ་རྣམས་ཀྱི་དམ་པ་ཡིན། །ཞེས་སོ། །དེའང་རྟག་ཏུ་ངུ་དང༌། རྒྱལ་པོ་སྙིང་སྟོབས་ཆེན་པོ་དང༌། མཽའུ་འགལ་དང༌། ནོར་བཟང་གི་ཕྱོགས་དང༌། དེ་ཐར་པ་ཐོབ་པའི་ཕྱིར་རོ་ཞེས་གསུང་ངོ༌། །མཆོད་པའི་རྫས་ནི་སྤོས་ལ་སོགས་པ་སྟེ། མཆོད་པ་ཐམས་ཅད་གྲུ་བཞིར་དགོད་དོ་ཞེས་ཕྱག་ལེན་ནོ། །མཆོད་པའི་ནང་ཁོངས་སུ་བུམ་པ་དབུལ་བ་འོག་ནས་འབྱུང་བ་དང༌། ཉེ་འཁོར་དྲིས་བྱུག་པ་ཡང་དཀྱིལ་འཁོར་ལེགས་པར་དགོད། དབང་གི་གོང་དུ་ཉམས་སུ་ལེན་པ་ཡིན་ནོ། །ནང་དུ་བསྡུས་ལ་ལག་ལེན་དུ་བྱའོ། །དཀྱིལ་འཁོར་བྲི་བའོ། །དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་ལ་བཞི་སྟེ། སློབ་དཔོན་བདག་འཇུག་པ་དང༌། རྡོ་རྗེ་བསྒྲུབ་པ་དང༌། ཡེ་ཤེས་སེམས་དཔའ་སྤྱན་དྲང་ཞིང་བསྒྲུབ་པ་དང༌། མཆོད་པ་རྒྱས་པས་མཆོད་པའོ། །དང་པོ་ལ་གཉིས་ཏེ། སྔོན་དུ་འགྲོ་བ་དང༌། དངོས་གཞིའོ། །དང་པོ་ལ་ལྔ་སྟེ། དཀྱིལ་འཁོར་བཀོད་དེ་བྱུག་པ་ལ་སོགས་པ་བྱས་ལ། འཇུག་པར་མཚམས་སྦྱར་བ་དང༌། དཀྱིལ་འཁོར་ཁང་པར་འཇུག་པའི་ཚུལ་དང༌། ལྷག་ཆད་ཁ་བསྐང་ཞིང་གནང་བ་ཉེ་བར་ནོད་པ་དང༌། སྒོ་དབྱེ་བ་དང༌། བུམ་པ་དབུལ་བའོ། །དང་པོ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །གཉིས་པ་ནི་དགོངས་ཀའི་དུས་སུ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའ་མ་གཏོགས་པ་དཀྱིལ་འཁོར་དུ་འཇུག་པ་ཡོད་པ་མ་ཡིན་ཏེ། ཞེས་བཤད་པས་གཞི་ལུས་གང་ཡིན་ཡང༌། རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་དེའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་འཇུག་པའོ། །གསུམ་པ་ནི་ཡང་དཀྱིལ་འཁོར་ཐམས་ཅད་ཀྱི་ལྷག་པ་དང༌། །ཞེས་བྱ་བ་ལ་སོགས་པ་སྟེ། ཨོཾ་བཛྲ་སཏྭ་ཧཱུྃ། ཞེས་བྱ་བའམ། ཡི་གེ་བརྒྱ་པ་ཟློས་ཤིང་ལན་བདུན་བསྐོར་ཏེ། ལྷག་པ་བྲི་ཞིང་མ་ཚང་བ་ཁ་བསྐངས་ལ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྲེང་བ་ཕུལ་ལ། དེ་རྡོ་རྗེ་གར་གྱིས་བླངས་ལ། རང་གི་མགོ་ལ་བཅིང་བ་ནི་གནང་བ་ཉེ་བར་ནོད་པ་ཞེས་བྱ། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྙིང་པོ་ཟློས་པ་ཉིད་ཀྱང་མ་ཚང་བ་ཁ་བསྐང་བ་དང༌། ལྷག་པ་དོར་བའི་ཆོ་གའོ། །བཞི་པ་སྒོ་དབྱེ་བའི་ཆོ་ག་ནི། དེའི་རྗེས་ལ་ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་ཧཱུྃ་ལས་བདག་ཉིད་ཧཱུྃ་མཛད་ཀྱི་ང་རྒྱལ་གྱིས་དབུས་སུ་འདུག་པ་ནི། རྣམ་པར་སྣང་མཛད་དང་གོ་ས་གཅིག་པར་བསྒོམས་ལ། སྔར་ལྷག་གནས་ཀྱི་དུས་སུ་སྒོ་དབྱེ་བ་བཞིན་འདིར་ཡང་བཅད་པ་ལ་དམིགས་ཏེ་སྒོ་དབྱེ་བར་བྱའོ། །ལྔ་པ་བུམ་པ་དབུལ་བ་ནི། དེ་ནས་རིན་པོ་ཆེའམ་ཞེས་བྱ་བ་ལ་སོགས་པ་སྟེ། དེའང་སྤྱིར་བུམ་པས་ནི་ས་བཅུ་གཅིག་པ་གཉིས་སུ་མེད་པའི་ཡེ་ཤེས་མཚོན། རྩ་བ་མི་གནག་པས་ནི། ཡེ་ཤེས་དེ་རང་བཞིན་གྱིས་རྣམ་པར་དག་པ་མཚོན། གསུས་པ་ཆེ་བས་ནི་ཡེ་ཤེས་དེ་ཟབ་པ་དང་རྒྱ་ཆེ་བ་མཚོན། མགྲིན་པ་རིང་བས་ཡེ་ཤེས་དེ་གཏིང་དཔག་དཀའ་བ་མཚོན། རིན་པོ་ཆེ་ལྔ་བཅུག་པས་ནི་ཡེ་ཤེས་དེས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྫོགས་པར་བྱེད་པའི་རྟགས། སྨན་ལྔས་ཡེ་ཤེས་དེས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་གསོ་བའི་རྟགས། འབྲུ་ལྔས་ནི་ཡེ་ཤེས་དེས་སེམས་ཅན་གྱི་རྒྱུད་ལ་དགེ་བའི་ལོ་ཏོག་རྒྱས་པར་བྱེད་པའི་རྟགས། ཡང་ན་ནང་གི་བཅུད་དེ་དག་ཐམས་ཅད་ཀྱིས་ཆུའང་བྱིན་གྱིས་བརླབ་པ་ཡིན། རྒྱུ་དགེ་བ་སྤྱད་པས་འབྲས་བུ་ཐར་པ་ཐོབ་པས་ཁ་རྒྱན། འགྲོ་བའི་དོན་ལ་ཕྱོགས་པས་མགུལ་ཆིངས། ཆོས་ཀྱི་དབྱིངས་མཚོན་པས་དྲི་དང་སྤོས་ཆུ་དང་མེ་ཏོག་གིས་བཀང་བ། ཡང་གོང་གི་ལྔ་ཚན་གསུམ་པོ་དེ་དག་གིས་རིགས་ལྔའང་མཚོན་ནོ། །སྔར་བསྙེན་པ་བྱས་པས་ཞེས་བྱ་བ་ནི། རྣམ་པར་རྒྱལ་པའི་བུམ་པ་ལྷག་གནས་ཀྱི་དུས་སུ་བཟླས་པ་བྱས་པ་ཉིད་ལ་ཟེར་བ་ཡིན་ནོ། །འདི་ལ་ཁ་ཅིག་རྣམ་རྒྱལ་བསྙེན་པའི་དུས་ཉིད་ནས་ཡོད་ཟེར་བ་དེ་ནི་མ་ཡིན་ཏེ། དཔལ་མཆོག་ནག་འབྱམ་ནས་དེ་ལྷག་པ་གནས་པས་བུམ་པའི་བསྙེན་པ་བྱས་ནས་ཞེས་གསུང་པས་སོ། །མཆོད་ཡོན་དབུལ་བ་དང༌། བཟླས་པ་བྱ་བ་ནི། ཉིན་ཞག་གཉིས་པ་ལ་བྱའོ། །གཉིས་པ་ལ་ཡང་ཞེས་བྱ་བ་རྡོ་རྗེ་སེམས་དཔའི་བུམ་པ་གཉིས་པ་བཅས་ལ་འཇུག་པའི་སྒོའི་ཤར་ཕྱོགས་སུ་དབང་བསྐུར་བར་བྱ་བ། ཞེས་བྱ་བ་སློབ་དཔོན་དང་སློབ་མ་འཇུག་པའི་དུས་སུ། བཛྲ་སཏྭ་ཟློས་ཤིང་འཐོར་བ་ཡིན་ནོ། །འདི་ལ་ཁ་ཅིག་ལས་ཐམས་ཅད་པའི་བུམ་པ་ཡིན་ཟེར་བ་ནི་མི་འཐད་དེ། རྣམ་རྒྱལ་གྱི་བུམ་པ་དང་ཁྱད་པར་མེད་པའི་ཕྱིར་རོ། །དཔལ་རྣམ་པར་སྣང་མཛད་ལ་སོགས་པ་ཞེས་བྱ་བའི་བུམ་པ་ནི་སོ་བདུན་ནོ། །དེ་རྣམས་ཀྱི་ཕྱི་རོལ་ཏུ་བུམ་པ་གང་བ་ཞེས་བྱ་བའང་སོ་བདུན་ནོ། །དེའི་སྟེང་དུ་རྣམ་རྒྱལ་གྱི་བུམ་པ་དང༌། ལས་ཐམས་ཅད་པའི་བུམ་པ་གཉིས་བསང་ཆུའི་བུམ་པ་དང་གསུམ་བསྣན་པས་བདུན་ཅུ་རྩ་བདུན་ནོ། །མ་རྙེད་པར་གྱུར་ན་བཅུ་ལས་ཉུང་བར་མི་བྱའོ། །ཞེས་བྱ་བ་ནི། མ་རྙེད་ན་དེ་བཞིན་གཤེགས་པའི་བུམ་པ་ལྔ། རྡོ་རྗེ་སེམས་དཔའ་དང་དྲུག གང་བ་ཡང་དབུལ་བར་བྱ་སྟེ་ཞེས་བྱ་བ་དང༌། གང་བ་བཞི་དབུལ་བར་བྱའོ། །ཞེས་འབྱུང་བས་དྲུག་སྟེ་བཅུ་གཉིས། རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞི་སྟེ་བཅུ་དྲུག བུམ་པ་གང་བ་བཞི་ཞེས་བྱ་བ་དང་ཉི་ཤུ་ཐམ་པ། ཡང་སྔར་གྱི་གསུམ་པོ་བསྣན་པས་ཉི་ཤུ་རྩ་གསུམ་མོ། །བུམ་པ་འདི་གསུམ་མེད་ན་ཆོ་ག་བཀའ་ཉམས་ནས་འགྲོ་སྟེ། འདིའི་དོན་ནི་སྟོད་འགྲེལ་ལས་ཀྱང་ཤེས་པར་བྱའོ། །སྦྱོར་བའི་ཆོས་ལྔའོ། །དངོས་གཞི་ལ་བདུན། དཀྱིལ་འཁོར་གྱི་ལྷ་ལ་མེ་ཏོག་ལ་སོགས་པས་མཆོད་པ་དང༌། ཕྱག་བཞི་དང་སྡོམ་པ་བཟུང་བའི་བར་དུ་བྱ་བ་དང༌། དཀྱིལ་འཁོར་དུ་གཞུག་པ་དང༌། བདག་ཉིད་དབབ་པ་དང༌། སྔར་གྱི་ཆོ་ག་རྫོགས་པར་བྱ་བ་དང༌། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱ་བ་དང༌། མིང་བརྗོད་པའོ། །དེ་ལ་དང་པོས་ནི་མཆོད་པ་བསྟན་ནོ། །གཉིས་པས་ནི་ཕྱག་བཞི་སྔོན་དུ་འགྲོ་བས་སྡིག་པ་བཤགས་པ་ལ་སོགས་པ་བཞི་བྱས་ལ། ཇི་ལྟར་དུས་གསུམ་མགོན་པོ་ཞེས་བྱ་བ་ལ་སོགས་པས་སྡོམ་པ་གཟུང་ངོ༌། །གསུམ་པ་ནི་ས་མ་ཡ་སྟྭཾ་གྱི་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ལ། ས་མ་ཡ་ཧཱུྃ་གིས་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་ཤར་ཕྱོགས་ནས་ཞུགས། ས་མ་ཡ་ཧཱུྃ་གིས་ཡེ་ཤེས་པ་བཅུག་ལ། བཛྲ་ཨཾ་ཀུ་ཤ་ཛཿཞེས་བརྗོད་དོ། །དེ་བཞིན་དུ་སྒོ་གསུམ་དུའང་འཇུག སླར་ཡང་ཤར་སྒོར་འཇུག དེ་ནས་བཞི་པ་རྡོ་རྗེ་སེམས་དཔས་བྱས་པར་བསྒོམ་ཞིང་མནའ་ཆུ་བཏུང༌། ཡེ་ཤེས་ཕབ་ལ་བརྟན་པར་བྱའོ། །ལྔ་པ་ནི། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང༌། །ཞེས་བྱ་བ་ལ་སོགས་པ་སྟེ། སྔར་བཤད་པ་བཞིན་མེ་ཏོག་གི་ཕྲེང་བ་དོར། མགོ་ལ་བཅིངས། གདོང་གཡོག་དགྲོལ། དཀྱིལ་འཁོར་བསྟན། དབབ་པ་ཉེར་བསྡུ། ཆུ། ཅོད་པཎ། ཕྱག་མཚན། མིང༌། བརྟུལ་ཞུགས་སྦྱིན། དེ་ནས་འོག་ནས་འབྱུང་བ་བཞིན། རྗེས་གནང༌། གཟེངས་བསྟོད། ལུང་བསྟན། སྔགས་ཀྱི་ལུང་བླང་བ་རྣམས་སྦྱིན་ནོ། །དེའང་སྔར་བཤད་པ་ཞེས་བྱ་བ་ནི་སྙིང་གའི་བདག་འཇུག་གི་སྐབས་ལྟར་ཡིན་ལ། འོག་ནས་བཤད་པ་ཞེས་བྱ་བ་ནི་སློབ་མའི་སྐབས་ནས་འབྱུང་བ་ཡིན་ནོ། །སྔགས་ཀྱི་ལུང་བླང་བ་ནི། རྡོ་རྗེ་སེམས་དཔས་གསུངས་པའི་ལད་མོ་ཟློས་པར་བསམ་སྟེ། དེའང་འགྲེལ་པ་ནས། དེ་ནས་བཅོམ་ལྡན་འདས་ལ་སྔགས་ཟློས་ལ་ཞེས་ཟེར་བའི་དོན་དང་མཐུན་ནོ། །གཟེངས་བསྟོད་པ་ལ་སོགས་པ་འགྲེལ་པ་བས་འདི་བག་རྒྱས་པས་ཡོད་དོ། །དྲུག་པ་བྱིན་གྱིས་བརླབ་པ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞི་དང༌། ཅོད་པཎ་དང༌། ཕྱག་མཚན་དང༌། མིང་གི་དབང་བླངས་ལ། བདག་ཉིད་ལ་ལྷ་མོ་བརྒྱད་ཀྱིས་མཆོད་ནས་བསྒོམ་པར་བྱ་བ་སྟེ། འདི་ནི་སྨད་འགྲེལ་གྱི་འགྲོ་བ་འདུལ་བའི་སྐབས་ནས་བཤད་པས་ན། དེས་དཔང་པོར་བྱས་ལ་ཤེས་པར་བྱའོ། །བདུན་པ་མིང་བརྗོད་པ་ནི། བདག་རྡོ་རྗེ་སེམས་དཔའ་དེ་ལ་ལག་ན་རྡོ་རྗེ་རབ་ཏུ་དགའ་བའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་མིང་གདགས་པར་བསམ། སློབ་དཔོན་བདག་འཇུག་གོ །དེ་ནས་གཉིས་པ་རྡོ་རྗེ་བསྒྲུབ་པ་ནི། རང་ཉིད་རྡོ་རྗེ་སེམས་དཔའི་ང་རྒྱལ་ལས་ཤར་ཕྱོགས་ཀྱི་སྒོ་ཁང་དུ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེའི་ཐུགས་ཀ་ནས་བཛྲ་དྷཱ་ཏུ་ཨ། ཞེས་སྤྲོས་པས་རྡོ་རྗེ་གྱུར་ནས་དབུས་ཀྱི་རྣམ་པར་སྣང་མཛད་ཀྱི་གོ་སར་དབབ། བཛྲ་ཧཾ་ཞེས་བརྗོད་ལ། ཕྱག་མཚན་གྱི་ང་རྒྱལ་བསྒོམ། བཛྲ་དྷཱ་ཏུ་ར་ཧཾ། ཞེས་བརྗོད་པས་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་བྱ། དེ་བཞིན་དུ་རྡོ་རྗེ་འབེབས་པའི་བར་ལའང་དབབ་པ་དང༌། ང་རྒྱལ་བྱ་བ་དང༌། སྐུ་བསྐྱེད་པ་གསུམ་གསུམ་མོ། །འདི་ལ་ཅིའི་ཕྱིར་རྡོ་རྗེ་སྒྲུབ་པ་ཞེས་བྱ་ཞེ་ན། གཟུངས་ཀྱི་དཀྱིལ་འཁོར་གྱི་མཚན་མའི་ཕྱག་རྒྱ་ཐམས་ཅད་ལ་རྡོ་རྗེའི་དཀྱིལ་འཁོར་དུ་བཤད་པས་ན། འདིར་མཚན་མ་ལས་ལྷ་བསྐྱེད་པའི་ཕྱིར་ཡིན་ནོ། །གསུམ་པ་ཡེ་ཤེས་སེམས་དཔའ་སྤྱན་དྲང་ཞིང་བསྒྲུབ་པ་ལ་བདུན་ལས། དང་པོ་རྡོ་རྗེ་བསྡུ་བ་ནི། རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་སྔགས་ཀྱིས་སྤྱན་དྲང་ངོ༌། །གཉིས་པ་བསྟོད་པ་ནི། མཚན་བརྒྱ་རྩ་བརྒྱད་པས་སོ། །གསུམ་པ་དགུག་གཞུག་ནི། ལྕགས་ཀྱུ་ལ་སོགས་པས་སོ། །བཞི་པ་བགེགས་བསྐྲད་ཅིང་བསྲུང་བ་ནི། རྡོ་རྗེ་གནོད་སྦྱིན་གྱིས་སྔགས་ཀྱིས་རྭ་བ་དང༌། དྲྭ་བ་དང༌། ཨོཾ་ཏྲུཾ་གིས་གནས་དགུར་བཅིངས་ལ། བཛྲ་དུཥྱས་མཉེས་པར་བྱས་ལ། བཛྲ་རཀྵས་བསྲུང་ངོ༌། །ལྔ་པ་རྒྱས་གདབ་པ་ནི། རྣལ་འབྱོར་ཆེན་པོར་བཤད་པ་དང་ཡང་མཐུན། ཡང་རྒྱུད་དང་མཐུན་པར་བྱས་ནས་དུམ་བུ་གཉིས་པ་ན་ཕྱག་རྒྱ་ཆེན་པོས་རྒྱས་གདབ། དུམ་བུ་གསུམ་པ་དང་བཞི་པ་ན་དམ་ཚིག་གི་ཕྱག་རྒྱའི་རྒྱས་གདབ་པར་བཤད་པས། འདིར་དམ་ཚིག་གིས་ཕྱག་རྒྱའི་རྒྱས་གདབ་ལ། ཡང་ཕྱག་རྒྱ་བཞིས་གདབ་པར་བྱའོ། །དྲུག་པ་དབང་བསྐུར་བ་ནི། བསྐལ་བཟང་ལ་རྡོ་རྗེ་རིན་ཆེན་གྱི་སྔགས་དང་ཕྱག་རྒྱས། སེམས་དཔའ་རྣམས་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་ཕྱག་རྒྱས་དེ་བཞིན་གཤེགས་པའི་དབུ་རྒྱན་བྱའོ། །སེམས་མ་བཞི་དང་བསྐལ་བཟང་གི་ཕྱག་རྒྱ་དང༌། རྣལ་འབྱོར་ཆེན་པོར་མ་བཤད་པ་ནི། ལས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོ་བུད་མེད་ཀྱི་གཟུགས་འཛིན་པ། ཞེས་བྱ་བ་ལ་སོགས་པ་ནི། ལས་ཀྱི་ཕྱག་རྒྱའི་དུས་སུ་སྙིང་གར་སྣ་ཚོགས་རྡོ་རྗེ་བསྒོམས་ལ། ཕྱག་རྒྱ་ཆེན་པོའི་དུས་སུ་རྡོ་རྗེ་རྩེ་ལྔ་པ་བསྒོམ་ཞིང་བཟླས་སོ། །སྤྱི་དོན་བཞི་པ་མཆོད་པ་རྒྱས་པ་ལ་གསུམ། དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་དང༌། ཕྱི་རོལ་པ་ལ་གཏོར་མ་སྦྱིན་པ་དང༌། དཀྱིལ་འཁོར་གྱི་ལྷ་ལ་སྦྱིན་སྲེག་བྱ་བའོ། །དང་པོ་ལ་གསུམ་ལས། དངོས་སུ་འབྱོར་བའི་མཆོད་པ་ནི། དེ་ནས་མཆོད་ཡོན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཨེཾ་ནི་ནམ་མཁའ་མཛོད་ཀྱི་སྙིང་པོ་སྔ་མ་བཞིན་དུ་མངོན་པར་བཟླ་བར་བྱ་ཞེས་པ་ནི། རྡོ་རྗེ་གནོད་སྦྱིན་དང༌། རྡོ་རྗེ་མེ་དང༌། རང་རང་གི་སྔགས་ཀྱི་བྱིན་གྱིས་བརླབས་ལ། རང་རང་གི་སྔགས་དང་སྥ་རཎ་ཁཾ་གིས་དབུལ་བའོ། །རོལ་མོའི་ཆ་བྱད་སྟོང་ཕྲག་བཅུ། །ཞེས་བྱ་བ་ནི། འོག་གི་རོལ་མོའི་ཆ་བྱད་བཅུ་པོ་རེ་རེ་ལའང་སྟོང་སྟོང་དུ་བྱས་པའོ། །རོལ་མོ་ཐམས་ཅད་ལ་ཨོཾ་ཧཱུྃ་བརྗོད་ཅིང་དབུལ་ལོ། །ཕྱི་རོལ་དུ་གར་མཁན་ཞེས་བྱ་བ་ནི། འདི་དག་རིགས་ངན་དུ་གྱུར་པས་ཁང་པའི་ཕྱི་རོལ་ཏུ་བཞག་པ་ཡིན་གྱི། ལྷ་ཆེན་པོ་ལ་སོགས་པ་འདྲ་འབག་ཏུ་གཞུག་པས་བྱའོ། །ཅོད་པཎ་ཞེས་བྱ་བ་ལ་སོགས་པས་ནི་རོལ་མོ་མཁན་གྱི་མ་ཡིན་ཏེ། དཀྱིལ་འཁོར་གྱི་ལྷ་ཉིད་ལ་དབུལ་བར་བྱ་བ་ཡིན་ནོ། །དར་དཔྱངས་ལ་སོགས་པ་ནི་གཞལ་ཡས་ཁང་གི་རྒྱན་རྣམས་ཡིན་ནོ། །ཤིན་ཏུ་བརྟགས་པས་བྱ་བ་ནི་མི་དམིགས་པས་ཟིན་པ་ཡིན་ནོ། །ཞེས་གསུངས་ན་ཚད་མེད་པ་ལ་ཟེར་བར་མངོན་ནོ། །གཏོར་མའི་ཆོ་ག་ནི་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ཡིན་ཏེ། དེ་ཡང་དེ་ནས་སྒྲུབ་པའི་གྲོགས་མཆོག་ཅེས་བྱ་བ་ནི་ལྟ་བ་དང་སྤྱོད་པ་གཙང་བ་སློབ་དཔོན་དང་ཡོན་ཏན་མཉམ་པའོ། །སྣུམ་ཁུར་ལ་སོགས་པ་ཞེས་བྱ་བ་ནི་འབྱུང་པོ་ཐམས་ཅད་ལ་གཏོར་མ་སྦྱིན་པ་ཡིན་པས་དཀུ་བག་ཅན་གྱི་རྫས་མ་གཏོགས་པ་བསྡུ་གསུང༌། གཏོར་མ་འདིའི་དོན་ཡང་ཕྱོགས་མཚམས་བརྒྱད། བྱང་ཤར་མཚམས་སུ་ཚངས་པ་དང་སའི་ལྷ་མོ་གཉིས་ཀྱི་མཎྜལ་བྱས་ལ། གཏོར་མ་གྲུབ་ན་རེ་རེ་ལ་གསུམ་གསུམ། མ་གྲུབ་ན་སྤྱི་གཏོར་ནས་གསུམ་གསུམ་བཏང་ངོ༌། །དེ་ཡང་དང་པོ་བརྒྱ་བྱིན་སྤྱན་དྲངས་ལ། དམ་ཚིག་གི་ཕྱག་རྒྱ་བསྟན། དེ་ནས་མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དབུལ། དེ་ནས་རང་མིང་སྔོན་དུ་བཅུག་པས་གཏོར་མ་ཕུལ། དེ་ནས་ཡང་མཆོད་པས་མཆོད། འཐོར་འཐུང་དབུལ། འདོད་པའི་དོན་ལ་གསོལ་བ་བཏབ་ནས། གཤེགས་སུ་གསོལ་བའི་ཕྱག་རྒྱས་གཤེགས་སུ་གསོལ་བ་སྟེ། འདི་བཞིན་དུ་ཐམས་ཅད་ལ་རྐང་ཐོན་དུ་རྫོགས་པར་བྱའོ། །ཞེས་གསུང༌། མདོར་ན་གཏོར་མ་འདི་རྣམས་ལ་དོན་དགུ་སྟེ། དང་པོ་མཎྜལ་བྱ་བ་དང༌། སྤྱན་དྲང་བ་དང༌། དམ་ཚིག་ཕྱག་རྒྱ་བསྟན་པ་དང༌། མཆོད་པ་དང་གཏོར་མ་དབུལ་བ་དང༌། ཡང་མཆོད་པ་དང༌། འཐོར་འཐུང་དབུལ་བ་དང༌། འདོད་པའི་དོན་ལ་གསོལ་བ་གདབ་པ་དང༌། གཤེགས་སུ་གསོལ་བའོ། །ད་ནི་དཔུང་བཟང་གི་གཏོར་མ་ལས། ནམ་མཁའ་ལྡིང་དང་འདབ་བཟང་ཞེས་པ། ནམ་མཁའ་ལྡིང་གཤོག་པ་ཅན་འབའ་ཞིག་ཏུ་བྱ་གསུང༌། ལུས་སྲུལ་པོ་རོ་ལ་སྲིན་པོའམ་འབྱུང་པོ་ཞུགས་པ་ལ་གསུང༌། གང་དག་ས་ལ་གནས་པ། །ཞེས་པ་ནི། ལྷ་སྲིན་དེ་དག་ལས་ལ་ལ་ས་དང་པོ་ལ་སོགས་པ་ཐོབ་པ་ལ་གསུང༌། ཡང་ན་ས་གཞི་ཉིད་ལ་རྒྱུ་བ་གསུང༌། ལྷུན་པོ་དུར་ཁྲོད་ཅེས་པ་ནི། །རི་རབ་རང་ན། ལྷ་དང་ལྷ་མ་ཡིན་ལ་སོགས་པ་འཐབ་པའི་དུས་ལྷ་བསད་པ་ལ་སོགས་པ་བསྐྱུར་བའི་དུར་ཁྲོད་ཡོད་གསུང་ངོ༌། །གསུམ་པ་སྦྱིན་སྲེག་བཛྲ་སཏྭས་བརྒྱ་རྩ་བརྒྱད་དབུལ་བ་ནི། དཀྱིལ་འཁོར་པའི་ལྷ་སྤྱི་རུའོ། །ཡང་རང་རང་གི་སྙིང་པོའང་སོ་སོ་ལ་སྲེག་བླུགས་བདུན་བདུན་ཏེ་བསྲེག་རྫས་ཐམས་ཅད་དོ། །དེ་ཡང་དང་པོར་མེ་ལྷ་ལ་ཇི་ལྟར་དབུལ་བ་དང༌། དེ་ནས་མེ་ལྷ་མེ་ལ་ཐིམ་པའམ། ཤར་ལྷོར་ཇི་ལྟར་བཞུགས་པར་བྱ་བ་དང༌། མེ་ཏོག་ཐབ་ཏུ་བསྐྱུར་བས་དཀྱིལ་འཁོར་གྱི་ལྷ་ཇི་ལྟར་སྤྱན་དྲང་བ་དང༌། མཐར་དཀྱིལ་འཁོར་དུ་གཤེགས་པའམ་རང་བཞིན་གྱི་གནས་སུ་གཤེགས་པར་བྱ་བ་ལ་སོགས་བ་གཞུང་རྒྱས་པ་ལས་ཤེས་པར་བྱའོ། །འདི་ཡང་སྟོད་འགྲེལ་དང་མི་མཐུན་ཏེ་སྟོད་འགྲེལ་ལས་ནི། སྦྱིན་སྲེག་ཟིན་ནས་ཡང་མཚན་མ་བྱུང་གི་བར་དུ་བཟླས་བསྒོམ་བྱ་བ་ཡིན་ལ་འདིར་ནི་མེད་དོ། །དེ་ལྟར་ན་དེ་ཡན་ཆད་ཀྱིས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་བསྟན་པ་ཡིན་ནོ། །སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་ལ་གཉིས་ཏེ། གཞུག་པའི་ཆོ་ག་རྒྱས་པ་དང༌། སྤོགས་པའི་ཆོ་ག་རྒྱས་པའོ། །དང་པོ་ལ་གཉིས། གཞུག་པར་གསོལ་བ་གདབ་པ་དང༌། གཞུག་པ་དངོས་སོ། །དང་པོ་ལ་བཞི། སྤྱིར་གསོལ་བ་གདབ་པ་དང༌། སྣོད་དུ་གྱུར་པ་དང་མ་གྱུར་པ་བརྟག་མི་དགོས་པར་བསྟན་པ་དང༌། དེའི་རྒྱུ་མཚན་དྲི་བ་དང༌། ལན་ནོ། །དེ་ལ་གསོལ་བ་གདབ་པ་འདི་སྟོད་འགྲེལ་ན་གང་ཟག་བཞིའི་གཞུག་པར་གསོལ་བ་གདབ་པའི་རྗེས་ལ་ཡོད། འདི་ནི་དང་པོར་བྱས་ནས་གནང་བ་ཉེ་བར་ནོད་པའི་མིང་འདོགས་སོ། །གཉིས་པ་བརྟག་མི་འཚལ་ལོ། །ཞེས་པ་ཐམས་ཅད་གཞུག་པར་བསྟན་པ་ཡིན་ནོ། །གསུམ་པ་ཅིའི་ཕྱིར་ཞེས་དྲིས་ནས། བཞི་པ་དེའི་ལན་ལ་བཞི་སྟེ། སྡིག་ཅན་དང༌། ཆགས་ཅན་དང༌། ལམ་ལོག་དང༌། ཆོས་ཅན་གྱི་གང་ཟག་གཞུག་པར་བསྟན་པའོ། །དེ་ལ་དང་པོའི་སྐབས་ནས་ཞུགས་ཏེ་མཐོང་ན། ཞེས་བྱ་བ་ལ་ཕྱིའི་ཞུགས་པ་ནི། དཀྱིལ་འཁོར་དུ་ས་མ་ཡ་ཧཱུྃ་གིས་འཇུག་པ་ཡིན་ལ། ཕྱིའི་མཐོང་བ་ནི་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ་ལྷ་ཐམས་ཅད་ཀྱི་སྐུ་མཐོང་བ་ཡིན་ནོ། །གསང་བའི་ཞུགས་པ་ནི་ཡེ་ཤེས་ཕབ་པས་དོན་དམ་གྱི་དཀྱིལ་འཁོར་དུ་ཞུགས་ལ་མཐོང་བ་ནི་ཡེ་ཤེས་ཕབ་པས་ཆོས་ཀྱི་དབྱིངས་མཐོང་བ་ཡིན་ནོ། །ཞེས་དུམ་བུ་དང་པོ་ནས་བཤད་ལ། དུམ་བུ་གཉིས་པ་ནས་ནི་ཕྱག་རྒྱ་བཅིངས་ནས་སྔགས་བརྗོད་ཅིང་དཀྱིལ་འཁོར་དུ་ལུས་ཀྱི་འཇུག་པ་ནི་ཕྱིའི་འཇུག་པ་ཡིན་ལ། རྡོ་རྗེ་རིགས་ཀྱི་ལྷ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེར་མོས་པ་དང༌། དེའི་རང་བཞིན་དུ་མོས་པས་སྤྱོད་པའི་ས་ནས་བཟུང་སྟེ་རྣམ་པར་སྣང་མཛད་ཆེན་པོའི་རང་བཞིན་རྟོགས་པ་ནི་གསང་བའི་འཇུག་པའོ། །ཞེས་བཤད་དོ། །ངན་སོང་ཐམས་ཅད་དང་བྲལ་བ་ནི་ངན་སོང་དུ་སྐྱེ་བའི་ལས་ཟད་པར་བྱས་པའོ། །ཆགས་ཅན་གྱི་སྐབས་ནས་ཇི་ལྟར་འཚལ་བཞིན་དུ་ཞེས་པ་ནི། དཀྱིལ་འཁོར་འདོད་པའི་ཡོན་ཏན་ལ་སོགས་པར་བཀག་པ་མེད་པར་རོ། །བསམ་པ་རྫོགས་པར་འགྱུར་ཞེས་པ་ནི་བག་ཆགས་བཞག་པས་མ་འོངས་པ་ན་བསམ་པ་རྫོགས་པར་འགྱུར་བའོ། །སྡིག་ཅན་གྱི་སྐབས་ནས་ངན་སོང་གི་ལམ་ནས་བཟློག་པའི་སླད་དུ་ཞེས་པ་ནི། འདི་ཡང་གླུ་གར་ལ་སོགས་པས་ཁ་དྲངས་ནས་འདིར་བཅུག་པས་མི་དགེ་བའི་ལས་རིམ་གྱིས་ལྡོག་ཏུ་རུང་བས་འཇུག་ཏུ་རུང་བའོ། །ཡང་ན་ཁ་མ་དྲངས་ན་འདིར་རིམ་གྱིས་ལྡོག་ཏུ་རུང་བ་ལ་དགོངས་ནས་འཇུག་པ་ཙམ་བསྟན་པའོ། །བཞི་པ་ཆོས་ཅན་གྱི་གང་ཟག་ནི། སོ་སོར་ཐར་པ་རིགས་བདུན་ལས་གང་རུང་ལ་སློབ་པའོ། །འཇུག་པར་གསོལ་བ་གདབ་པ་ཡིན་ནོ། །འཇུག་པ་དངོས་ལ་བདུན་ཏེ། སྡོམ་པ་དང་ལྡན་པས་སློབ་དཔོན་དུ་དབང་བསྐུར་བ་འོས་པ། ཕྱག་བྱས་ལ་གསོལ་བ་གདབ་པ་དང༌། སློབ་དཔོན་གྱིས་སློབ་མ་ཆས་སུ་བཅུག་ལ་ཕྱག་ལ་སོགས་པས་རྒྱུད་སྦྱང་བ་དང༌། སྡོམ་པ་འཛིན་པར་ནུས་པ་ལ་བྱ་བའི་ཆོ་ག་དང༌། སྡོམ་པ་མི་འཛིན་པ་ལ་བྱ་བའི་ཆོ་ག་དང༌། སྡོམ་པ་བཟུང་བ་དང་མ་བཟུང་བ་ཐུན་མོང་དུ་བྱ་བའི་ཆོ་ག་དང༌། སྡོམ་པ་བཟུང་བ་ལ་དབབ་པའི་དམ་ཚིག་བསྒྲགས་པ་སྔོན་དུ་སོང་བས་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་དང༌། མེ་ཏོག་གི་ཕྲེང་བ་དོར་ཏེ་ཡི་དམ་གྱི་ལྷ་ངོས་གཟུང་བའོ། །གསུམ་པ་སྡོམ་པ་འཛིན་པ་ལ་བྱ་བའི་ཆོ་གའང་དོན་རྣམ་པ་བདུན་ཏེ། སློབ་མས་སློབ་དཔོན་ལ་གསོལ་བ་གདབ་པ་དང༌། སློབ་དཔོན་གྱིས་རིགས་ཐམས་ཅད་ལ་གསོལ་བ་གདབ་པ་དང༌། སློབ་མ་ལ་འདོད་པ་དྲི་བ་དང༌། སློབ་མས་ཁས་བླངས་པ་དང༌། སློབ་དཔོན་གྱིས་དམ་ཚིག་བསྒྲག་པ་དང༌། སློབ་མས་སྡོམ་པ་ཁས་བླངས་པ་དང༌། ཁས་ལེན་པ་དེ་ལ་སློབ་དཔོན་གྱིས་སྡོམ་པ་འབོགས་པའོ། །དེ་ཉིད་ཀྱི་ལྔ་པ་དམ་ཚིག་བསྒྲག་པ་ལ་གཉིས། རིགས་ལྔའི་སྡོམ་པ་དང༌། ཕས་ཕམ་བཅུ་བཞིའོ། །སྤྱི་དོན་ལྔ་པ་སྡོམ་པ་བཟུང་བ་དང༌། མ་བཟུང་བ་ཐུན་མོང་དུ་བྱ་བའི་ཆོ་ག་ལ་ལྔ། སེམས་བསྐྱེད་པ་དང༌། རྡོ་རྗེ་སེམས་དཔར་བསྐྱེད་དེ་མཆོད་པ་དང༌། ཆས་སུ་བཅུག་སྟེ་ཡོན་བླང་བ་དང༌། ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་བ་དང༌། རྡོ་རྗེ་སེམས་མ་དང་སྒོ་བ་བཞིའི་སྔགས་དང་ཕྱག་རྒྱས་འཇུག་པའོ། །དེ་དག་གིས་ནི་འདི་སྐད་བསྟན་པར་འགྱུར་ཏེ། མཚན་ཉིད་དང་མི་ལྡན་པའི་གང་ཟག་ལ་སློབ་མ་ཆས་སུ་བཅུག་སྟེ། ཕྱག་ལ་སོགས་པས་རྒྱུད་སྦྱངས་ནས། དམ་ལ་མི་བཞག་པར་ཐུན་མོང་དུ་བྱ་བའི་ཆོ་ག་ལྔས་དཀྱིལ་འཁོར་དུ་འཇུག་པ་བྱས་ལ། འོག་ནས་འབྱུང་བའི་མེ་ཏོག་དོར་ནས་མགོ་ལ་བཅིངས་ཏེ། གདོང་གཡོགས་ཕྱེ་ནས་དཀྱིལ་ཁོར་བསྟན་ཏེ། ལྷའི་མིང་དང༌། དེའི་སྔགས་ཙམ་བྱིན་ཏེ། ཡོན་བླངས་ལ་གཞན་དུ་གཏང་བར་བྱ་བ་ཉིད་ཡིན་ནོ། །ཆོས་ལྡན་གྱི་གང་ཟག་ལ་ནི་ཐམས་ཅད་བྱ་བ་ཡིན་ནོ། །ཞེས་བྱ་བར་ཤེས་པར་བྱའོ། །དེ་ནས་སྤྱི་དོན་དྲུག་པ་དབབ་པའི་དམ་ཚིག་བསྒྲགས་པ་སྔོན་དུ་སོང་བས། ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་ལ་གསུམ། དམ་ཚིག་བསྒྲག་པ། ཡེ་ཤེས་དབབ་པ། བརྟན་པར་བྱ་བའོ། །དང་པོ་ལ་གསུམ། དཀྱིལ་འཁོར་མ་མཐོང་བ་ལ་མི་སྨྲ་བ་དང༌། ཡེ་ཤེས་དབབ་པ་མི་སྨྲ་བ་དང༌། སློབ་དཔོན་མི་བརྙས་པའོ། །ཡེ་ཤེས་དབབ་པ་ལ་བཞི། དང་པོ་ཡི་གེ་ཨ་དང༌། རྡོ་རྗེ་སེམས་པའི་ཏིང་ངེ་འཛིན་གྱིས་དབབ་པ་དང༌། བདག་གི་སྙིང་གའི་རྡོ་རྗེ་ཨ་ལས་ཨ་འཕྲོས་ཤིང་སློབ་མའི་སྙིང་གར་བཞུགས་ཤིང་ཨ་བཛྲ་ཨཱ་བེ་ཤ་བཟླས་སོ། །གཉིས་པ་ཁྲོ་བོའི་ཁུ་ཚུར་དང༌། སེམས་མ་རྡོ་རྗེ་དབབ་པ་ནི་གཡས་པ་རྡོ་རྗེ་ཁུ་ཚུར་གྱི་གུང་མོ་བསྒྲེང་ལ་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱི་གུང་མོ་བྲད་ཅིང་བཟླས་སོ། །གསུམ་པ་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱས་དེ་བཞིན་གཤེགས་པ་ལྔའི་ཏིང་ངེ་འཛིན་གྱིས་དབབ་པ་ནི། རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱས་རྡོ་རྗེ་དྲིལ་བུ་བཅངས་ལ། ནམ་མཁར་དེ་བཞིན་གཤེགས་པ་རིགས་ལྔ་རང་རང་གི་གནས་ན་བཞུགས་པའི། རང་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་བྱུང་བས་སློབ་མའི་ལུས་ལ་ཞུགས་པར་བསམ་ཞིང་ངོ༌། །བཞི་པ་སྦྱིན་སྲེག་གིས་དབབ་པ་ནི། སྡིག་པ་ཆེས་པས་དེ་དག་གིས་ཕེབས་པར་མ་གྱུར་ན། སྡིག་པ་དྲལ་བའི་ཕྱག་རྒྱས་སྡིག་པ་དྲལ་ལ། ཞི་བའི་སྦྱིན་སྲེག་བྱ་བ་ནི་གཞུང་རྒྱས་པ་བཞིན་དུ་བྱས་ལ། རྒྱས་པ་རྫོགས་པའི་རྗེས་སམ། ཡང་ན་རྒྱས་པ་མ་གྲུབ་ཀྱང་རུང་སྟེ། ཏིལ་ལ་སྡིག་པའི་གཟུགས་བྱས་ལ་ཐབ་ཏུ་བསྲེག་པར་བྱའོ། །དེའི་ཚེ་ཐབས་ལས་འོད་ཟེར་བྱུང་ནས་འོད་ཟེར་དེ་རྣམས་ཁ་དོག་དམར་པོའི་ཚུལ་གྱིས་སློབ་མའི་ལུས་ལ་འཇུག་པར་བསམ་མོ། །གལ་ཏེ་ཡེ་ཤེས་མ་བབས་ན་དེའི་ཚེ་དབང་བསྐུར་མི་བྱ་ལ། སློབ་མ་སྡིག་པ་སྦྱོང་དུ་བཅུག་སྟེ། སློབ་དཔོན་གྱིས་བསྙེན་པ་ནས་བརྩམས་ནས་སླར་ཡང་དབང་བསྐུར་ལྡབས་ལ་རྫོགས་པར་བྱའོ། །ཞེས་འགྲེལ་པ་ནས་འབྱུང་བ་ཡིན་ནོ། །དེ་ནས་བརྟན་པར་བྱ་བ་ནི། ཐུགས་བབས་ན་མངོན་པར་ཤེས་པ་ལ་སོགས་པ་འཆར་བར་འགྱུར་ལ། སྐུ་བབས་ན་ནི། ནིར་ཏྱ་བཛྲ། ཞེས་བྱ་བ་ནི། རྡོ་རྗེ་གར་གྱིས་ཤིག་ཅེས་བྱ་བ་སྟེ། བབས་ཚབས་ཆེ་ན་རང་བཞིན་གྱིས་གར་བྱེད་པར་འགྱུར་ལ། བབས་ཚབས་ཆུང་ན་བརྟན་པར་བྱ་ཞེས། གར་དང་གར་གྱི་ལན་བྱ་སྟེ། སློབ་དཔོན་གྱིས་ཀྱེ་རྡོ་རྗེ་སེམས་དཔའ་ཞེས་བརྗོད་པ་ན། སློབ་མས་ཤེས་སམ། མི་ཤེས་ནའང་སློབ་མས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཅིངས་བའི་ལན་དུ། སློབ་དཔོན་གྱིས་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ། །དེ་བཞིན་སློབ་མས་ཤར་དང༌། ལྷོའི་བཞི་བཅིངས་པ་ན། སློབ་དཔོན་གྱིས་བྱང་དང་ནུབ་ཀྱི་རྡོ་རྗེ་ཆོས་ཀྱི་བར་དུ་མས་ལོགས་སུ་བཅིང་བར་བྱའོ། །དེའི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པར་འགྱུར་པས། གསུང་བབས་ན་ཧཱུྃ་ཧྲཱིཿབཛྲ་ཞེས་བྱ་བ་བརྗོད་ལ་གང་འདོད་པའི་དོན་དྲི་བར་བྱའོ། །དོན་བདུན་པ་མེ་ཏོག་ཕྲེང་བ་དོར་བས་ཡིད་དམ་གྱི་ལྷ་གཟུང་བ་ལ་གསུམ། དང་པོ་ཕྲེང་བ་དོར་ཞིང་མགོ་ལ་བཅིང་བ་ནི། དཀྱིལ་འཁོར་གྱི་དྲུང་དུ་བསྙེན་ལ། ནམ་མཁའི་ཁ་དོག་དྲི་སྟེ། དེས་གལ་ཏེ་དཀར་པོ་མཐོང་ན་ནི། དེའི་ཚེ་དངོས་གྲུབ་དམ་པའི་ཡེ་ཤེས་ལ་བསླབ་པའོ། །སེར་པོ་མཐོང་ན་ནི་སྒྲུབ་པའི་ཡེ་ཤེས་ལ་བསླབ་པའོ། །དམར་པོ་མཐོང་ན་ནི་རྗེས་སུ་དགའ་བར་འགྱུར་བའི་ཡེ་ཤེས་ལ་བསླབ་པའོ། །ནག་པོ་མཐོང་ན་ནི་མངོན་སྤྱོད་ཀྱི་ཡེ་ཤེས་ལ་བསླབ་པའོ། །སྣ་ཚོགས་སུ་མཐོང་ན་ནི་དངོས་གྲུབ་ཐམས་ཅད་ཀྱི་ཡེ་ཤེས་ལ་བསླབ་པར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་གདོང་གཡོགས་བཀྲོལ་ལ། སྣོད་ཇི་ལྟ་བ་བཞིན་དུ་ཡེ་ཤེས་བསྐྱེད་དེ་ཕྱག་རྒྱའི་ཡེ་ཤེས་ལ་བསླབ་པར་བྱའོ། །དེ་ལྟར་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་དུ་ཕྱག་རྒྱའི་ཡེ་ཤེས་ལ་བསླང་བ་ནི། འདི་བཞིན་དུ་བརྟག་པར་བྱའོ། །དུམ་བུ་གསུམ་པའི་གཟུངས་ཀྱི་དཀྱིལ་འཁོར་གྱི་སྐབས་ནས་འབྱུང་བས་ན་དེས་དབང་པོ་བྱའོ། །དེ་ནས་གཉིས་པ་གདོང་གཡོགས་ཕྱི་ལ་དཀྱིལ་འཁོར་བསྟན་པ་ནི་རྡོ་རྗེ་ལྕགས་ཀྱུ་ནས་རྣམ་པར་སྣང་མཛད་ཀྱི་བར་དུ་བསྟན་ནོ། །དེའི་ཚེ་དཀྱིལ་འཁོར་མཐོང་བའི་སྟོབས་ཀྱིས་སེམས་ཕུལ་དུ་ཕྱུང་བར་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་མཐུས་ཕུལ་དུ་བྱུང་བའི་ཡེ་ཤེས་སློབ་མའི་རྒྱུད་ལ་སྐྱེས་པས། ཡེ་ཤེས་ཕབ་ན་ཏིཥྛ་བཛྲ་ཞེས་འབྱུང་བ་ནི། ཡེ་ཤེས་དེ་བརྟན་པར་བྱས་ལ་དབབ་པའི་ཕྱག་རྒྱ་སློབ་མའི་སྙིང་གར་འགྲོལ་དུ་གཞུག ཅེས་བྱ་བ་ནི། སེམས་མ་རྡོ་རྗེའི་ཕྱག་རྒྱ་དང༌། དེ་ཉིད་ཁྲོ་བོའི་ཁུ་ཚུར་གྱིས་བྲད་པ་དང་གཉིས་བཅིངས་པ་བཀྲོལ་ཏེ་སེ་གོལ་གདབ་པར་བྱ་བ་ཡིན་ནོ། །དེ་ལ་ནི་དབབ་པ་ཉེ་བར་བསྡུ་བ་ཞེས་མིང་འདོགས་སོ། །སློབ་མ་འཇུག་པའི་ཆོ་གའོ། །སྤོགས་པའི་ཆོ་ག་ལ་བཞི། དབང་བསྐུར་བའི་ཆོ་ག་དང༌། དཀྱིལ་འཁོར་གྱི་མཇུག་གི་ཆོ་ག་རྣམས་དང༌། ཕུར་བུ་དབྱུང་བ་དང༌། སློབ་དཔོན་གྱིས་སློབ་མ་ལ་བསྲུང་བའི་ཆོ་གའོ། །དབང་བསྐུར་བ་ལ་གསུམ། སྡོམ་པ་བཟུང་བ་དང༌། མ་བཟུང་བ་ཐུན་མོང་དུ་རང་གི་ལྷ་འི་རྟེན་ལ་དབང་བསྐུར་བ་དང༌། སློབ་དཔོན་དུ་དབང་བསྐུར་བ་དང༌། སློབ་དཔོན་སློབ་མ་ཐུན་མོང་དུ་ཕྱག་རྒྱའི་ཡེ་ཤེས་ལ་བསླབ་པའོ། །དང་པོ་ནི། དེ་ནས་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ནང་ངམ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཟླ་བའི་དཀྱིལ་འཁོར་བྲིས་ལ་ཞེས་བྱ་བ་ནས། སློབ་མ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་སུ་བསམ། ཞེས་སྦྲེལ་ཏེ་གསུངས་ཏེ་གང་ལ་མེ་ཏོག་བབ་པར་བསམ་མོ། །དེ་ནས་གཟོད་རྡོ་རྗེ་སེམས་མ་ཞེས་བྱ་བ་ལ་སོགས་པ་སེམས་མ་བཞིའི་དམ་ཚིག་གི་ཕྱག་རྒྱས་གནས་བཞིར་བྱིན་གྱིས་བརླབ་པའོ། །རང་གི་ཞེས་པ་གང་ལ་མེ་ཏོག་ཕོག་པའི་དམ་ཚིག་གི་ཕྱག་རྒྱས་གནས་བཞིར་བྱིན་གྱིས་བརླབ་གསུང༌། དེས་ནི་དམ་ཚིག་གི་ཕྱག་རྒྱས་ལྷ་དེར་བསྐྱེད་གསུང༌། དབང་བསྐུར་ནས་ཡོན་མཆོག་བསྟབས་ནས་ཞེས་པ་ནི། ད་དུང་དབང་མ་བསྐུར་ཏེ་དབང་བསྐུར་བྱ་རྒྱུའོ། །ཆུའི་དབང་ཞེས་པ་ནི་བུམ་པ་ཐམས་ཅད་དམ། ཡང་ན་རྣམ་རྒྱལ་ལམ། ཡང་ན་མེ་ཏོག་ཕོག་པའི་བུམ་པས་གསུངས། ཕྱག་རྒྱའི་དབང་བསྐུར་ཞེས་པ་ནི། དེ་བཞིན་གཤེགས་པ་ལ་མེ་ཏོག་ཕོག་ན། རྡོ་རྗེ་རིན་ཆེན་གྱི་སྔགས་དང་ཕྱག་རྒྱ་བྱ་བའམ། སེམས་དཔའ་ལ་ཕོག་ན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པས་བྱའོ། །ཅོད་པཎ་དང་དར་དཔྱངས་ཞེས་པ་དངོས་སུ་ཅོད་པཎ་དང་དར་དཔྱངས་བསྐོན་པའོ། །མེ་ཏོག་ལ་སོགས་པའི་དབང་བསྐུར་བ་བླང་བར་བྱའོ། །ཞེས་པ་ནི་སྡིག་པ་ཅན་ལ་སོགས་པ་གསུམ་པོ་ཡིན་ན་ཡང་ཕྱིས་ཉམས་སུ་ལེན་པ་ཙམ་བྱེད་ལ། ཆོས་ཅན་གྱི་གང་ཟག་ཡིན་ན་སྒྲུབ་པར་བྱེད་པ་ལ་མེ་ཏོག་ལ་སོགས་པའི་དབང་བསྐུར་བ་བླང་གསུང༌། འདི་ནི་སྔར་གྱི་རྣམས་སམ་རང་གི་མཇུག་སྡུད་དུ་ཁ་ཅིག་ཟེར་སྐད། དེ་ལེགས་པར་སེམས་སོ། །མེ་ཏོག་ལ་སོགས་པའི་དབང་དེ་ཡང་ལག་ལེན་ལ་ནི་དཀྱིལ་འཁོར་གྱི་ལྷ་ལ་མེ་ཏོག་དབུལ་བ་ཙམ་ལས་མེད་དོ། །སྔར་གྱི་དབང་བསྐུར་བ་དེ་ཉིད་དང་ལྡན་པར་བྱེད། མི་འབྲལ་བར་བྱེད་པ་ཙམ་གྱི་དོན་ཡིན་ནོ་ཞེས་གསུང་ངོ༌། །གཉིས་པ་སློབ་དཔོན་དུ་དབང་བསྐུར་བ་ནི། འདི་ནས་བཤད་པའི་རྒྱས་བསྡུས་གསུམ་དང༌། སྟོད་འགྲེལ་ནས་བཤད་པའི་ཤིན་དུ་རྒྱས་པ་རྣམས་ལ་བྱིན་རླབས་ཆེ་ཆུང་ནི་ཡོད་ལ། དབང་གི་ངོ་བོ་ལ་ནི་ཁྱད་པར་མེད་དོ་གསུང་ངོ༌། །འོ་ན་འདིར་མདོར་བསྡུས་ལྟ་བུ་ཐོབ་པས་ཤིན་དུ་རྒྱས་པར་དབང་བསྐུར་དུ་རུང་ངམ། མི་རུང་སྙམ་ན་བསྐུར་དུ་རུང་སྟེ། བར་མ་ལ་སོགས་པ་གང་ཐོབ་ཀྱང་ཤིན་དུ་རྒྱས་པ་དེ་ཡང་བསྐུར་དུ་རུང་ངོ༌། །ཞེས་གསུང་པ་ན། ཁོ་བོས་ལུང་རྒྱས་པར་ནི་མ་མཐོང་ངོ༌། །དབང་འདི་གསུམ་ནི་གང་ཡང་རུང་བ་གཅིག་གིས་ཆོག་པ་ཡིན་ཏེ། གསུམ་ཀའང་སློབ་མའི་དབང་གི་སྟེང་དུ་འདི་རྣམས་གང་རུང་ཞིག་བསྐུར་བ་ཡིན་ནོ། །དེ་ལ་གསུམ། མདོར་བསྟན་པ་དང༌། བར་མ་དང༌། རྒྱས་པའོ། །དང་པོ་ནི་སྔར་བསྟན་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞག་ལ། ལྷ་གང་ལ་མེ་ཏོག་ཕོག་ཀྱང་རྡོ་རྗེ་སེམས་དཔར་བསྐྱེད་ལ། དེ་བཞིན་གཤེགས་པ་ལྔའང་སྙིང་པོ་ཆིག་ཙམ་དང༌། དམ་ཚིག་གི་ཕྱག་རྒྱས་དགྲོལ་བའི་གནས་ལྔར་གཏུགས་པས་ལུས་ཐམས་ཅད་ལ་ཁྱབ་པར་བསམ། དེ་ནས་རྡོ་རྗེ་སེམས་དཔའ་ནས་རྡོ་རྗེ་འབེབས་པའི་བར་གྱི་ཕྱག་རྒྱ་དང༌། རང་རང་གི་སྔགས་ཀྱིས་སྙིང་ག་ནས་བྱིན་པ་གཡོན་བའི་བར་དུ་སེམས་དཔའ་ཉེར་བརྒྱད་བསྐྱེད། དེའི་རྗེས་སུ་དུམ་བུ་གསུམ་པ་དང་བཞི་པ་ནས་ཡུམ་གྱི་བྱིན་གྱིས་བརླབ་པ་ཡང་གསུངས་ནས་ཡོད་པས། མདོར་ན་སེམས་དཔའ་ཉེར་བརྒྱད་ལུས་ལ་བཀོད་པ་རྣལ་འབྱོར་ཆེན་པོ་བཞིན་དུ་བྱས་ལ། སྒྲུབ་པ་ཆེན་པོ་དེ་བཞིན་གཤེགས་པའི་ཁམས་གཞུག་པར་བྱའོ། །འདི་ནི་རྣལ་འབྱོར་ཆེན་པོའི་རྟེན་ལ་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བར་བྱ་བ་སྟེ། རྣལ་འབྱོར་ཆེན་པོ་ཡོད་པ་ལ་སྙིང་གའི་དཀྱིལ་འཁོར་མེད་པའང་འདི་ཡིན་ནོ། །རྟེན་དེ་ལ་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བའི་དངོས་གཞི་ནི་རྡོ་རྗེ་སེམས་དཔའི་སྐུ་སྤྱི་བོར་བཞག་ལ། ཨོཾ་མ་ཧཱ་སུ་ཁ་ལ་སོགས་པ་བརྒྱ་རྩ་བརྒྱད་བཟླས་ཤིང༌། བུམ་པ་ཐམས་ཅད་ཀྱི་དབང་བསྐུར་བ་ཡིན་ནོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ཅེས་པ་ནི་དབང་གསུམ་པོ་སློབ་མའི་སྐབས་དང་མཐུན་པ་ལས། འོན་ཀྱང་དེར་ནི་ལྷ་གང་ལ་མེ་ཏོག་ཕོག་པའམ་ཅོད་པཎ་ལ་སོགས་པ་ཡིན་ལ། འདིར་ནི་ལྷ་གང་ལ་མེ་ཏོག་ཕོག་ཀྱང༌། རྡོ་རྗེ་སེམས་དཔའི་ཅོད་པཎ་ཕྱག་མཚན་དང་མིང་གི་དབང་བསྐུར་བ་ཡིན་ནོ། །རྗེས་གནང་དང་གཟེངས་བསྟོད་དང་ལུང་བསྟན་གསུམ་ནི་རིམ་པ་རྒྱས་པ་ལྟར་འདིར་ཡང་བྱའོ། །དེ་ནས་གསང་བའི་དབང་བསྐུར་བར་བྱ་སྟེ། ས་མ་ཡ་ཧཱུྃ་གིས་སྒོ་བཞི་ནས་བཅུག་ལ། སླར་ཡང་ཤར་སྒོ་ནས་གཞུག ཅེས་གསུངས་ན། སྐབས་འདིར་གཞུག་པ་ནི་གཞུང་གཞན་ན་མི་སྣང་བས་དང་པོ་བཅུག་པ་ཉིད་ལ་དགོངས་པ་ཡིན་ནོ་སྙམ་དུ་ཡང་སེམས་སོ། །དེ་ལ་གསང་བའི་དབང་གི་དངོས་གཞི་ནི། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། ལྷའི་དེ་ཁོ་ན་ཉིད་དང༌། རྡོ་རྗེ་སློབ་དཔོན་གྱི་ལས་ཞེས་བྱ་བ་ཡང་ཁྲུས་དང་བྱིན་གྱིས་བརླབས་པ་ནས། ཐ་མ་གནང་བ་ཉེ་བར་ནོད་པའི་བར་དུ་བསླབ་པ་སྟེ། གསུམ་པོ་འདི་ནི་སྟོད་འགྲེལ་ལས་ཞིབ་ཏུ་ཤེས་པར་བྱའོ། །མདོར་བསྡུས་པའི་རིམ་པའོ། །བར་མ་ལ་བདུན་ཏེ། དབང་སྟེགས་ཀྱི་དཀྱིལ་འཁོར་བྲིས་ཏེ་མཆོད་པ་དང༌། ཡོ་བྱད་ཀྱིས་གནས་བརྒྱན་པ་དང༌། སློབ་མ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ཏེ་དབང་སྟེགས་ལ་གཞག་པ་དང༌། མཆོད་པ་བྱས་ཏེ་ཡོན་མཆོག་བླང་བ་དང༌། རྡོ་རྗེ་སེམས་དཔའི་སྐུ་གཟུགས་སྤྱི་བོར་བཞག་སྟེ་སྔགས་འདོན་པ་དང༌། མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ་ཆུས་དབང་བསྐུར་བ་དང༌། ཆོ་ག་ལྷག་མ་གོང་མ་ལ་ཁ་འཕངས་པའོ། །དེ་ལ་རིམ་པ་བར་མ་འདི་ཡང་སློབ་མའི་དབང་གི་སྟེང་དུ་འདི་དག་བསྐུར་བ་སྟེ། དེའང་དབང་སྟེགས་བརྩིགས་པ་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པའི་བར་ནི། རིམ་པ་མདོར་བསྡུས་པ་ལ་མེད་པའི་ཁྱད་པར་གྱི་ཆོས་ཡིན་གསུང༌། ཟླ་བའི་དཀྱིལ་འཁོར་དང་ཞེས་པ་བྲི་བའོ། །སློབ་མ་སྔ་མ་བཞིན་དུ་ཞེས་པ་ནི་རྣལ་འབྱོར་ཆེན་པོ་སྔ་མ་བཞིན་བྱ་བ་སྟེ་འདི་འདྲའོ་གསུང༌། ཡོན་གྱི་མཆོག་བླངས་ལ་ཞེས་པས་བར་མ་འདི་ལ་ནི་ཡོན་གསུམ་མོ། །སློབ་མའི་དབང་དང༌། རིམ་པ་མདོར་བསྡུས་པ་གཉིས་ཀ་ལ་འཇུག་པའི་སྒོའི་བུམ་པས་དབང་བསྐུར་བའི་རྗེས་ཀྱི་ཡོན་དང༌། དབང་བསྐུར་ཟིན་པའམ་རྗེས་ཀྱི་ཡོན་གཉིས་ལས་མེད་གསུང༌། ད་ནི་ཆུ་དང་མན་ཆད་འདྲ་སྟེ། བུམ་པ་གང་བ་སོ་གཅིག་པ་ནི། དང་པོར་ཤར་ཕྱོགས་པའི་བུམ་པ་གང་བ་བརྒྱད་ཀྱིས་བྱ་སྟེ། ལྕགས་ཀྱུ་ནས་མ་ལ་སོགས་པ་བྱའོ། །དེའི་བུམ་པས་སོ་ཞེས་པ་ནི་ཡང་ལྕགས་ཀྱུ་ལ་སོགས་པའི་བུམ་པ་བརྒྱད་ཀྱིས་སོ། །བུམ་པ་ལྷག་མ་རྣམས་ཀྱིས་ཞེས་པ་ནི། མཐར་དེ་བཞིན་གཤེགས་པའི་བུམ་པ་གང་བ་དང༌། ལྷའི་བུམ་པས་བྱ། ཡང་རྣམ་རྒྱལ་གྱིས་ཀྱང་བྱ་སྟེ། རྣམ་རྒྱལ་གྱིས་ལན་ལྔ་བྱའོ། །སྔ་མ་བཞིན་བཟླས་ཞེས་པ་ནི། ལན་བརྒྱ་རྩ་བརྒྱད་བཟླས་ལ་ཡང་ཆུས་དབང་བསྐུར་བའོ། །སྔ་མ་དང་འདྲ་ཞེས་པ་ནི། རྡོ་རྗེ་སེམས་དཔའི་ཅོད་པཎ་ནས་མིང་གི་བར་དང༌། བསྟོད་པ་དང་ལུང་བསྟན་པའི་བར་དུ་བྱའོ། །རིམ་པ་རྒྱས་པ་ལ་དོན་བཅུ་སྟེ། ཆོ་ག་སྔ་མ་ལ་ཁ་འཕངས་པ་དང༌། མཆོད་པ་བྱ་བ་དང༌། ཐུར་མའི་དང༌། མེ་ལོང་གི་དང༌། དྲིལ་བུའི་དང༌། མདའ་གཞུའི་དང༌། མེ་ལོང་གཉིས་པའི་དང༌། རྗེས་གནང་དང༌། ལུང་བསྟན་ཕན་ཡོན་དང་བཅས་པ་དང༌། དབུགས་དབྱུང་ལྷག་མ་དཔལ་མཆོག་དང་པོར་ཁ་འཕངས་པའོ། །དེའང་དབང་སྟེགས་བརྩིགས་པ་ནས་གསང་བའི་དབང་གསུམ་བསྐུར་བའི་བར་དུ་ནི་རིམ་པ་བར་མ་བཞིན་རྫོགས་པར་བྱས་ལ། སྒེག་མོ་ལ་སོགས་པའི་མཆོད་པ་བྱ་བ་ནི་འདིའི་ཁྱད་པར་དུ་བྱ་བའི་ཆོས་སོ། །དེ་ནས་ཐམས་ཅད་ཀྱི་ཐུན་མོང་རྗེས་གནང་ལ་སོགས་པ་ནི། ཐུར་མ་བྱིན་པས་ནི་ཆོས་ཐམས་ཅད་གཟུགས་བརྙན་ལྟར་རྟོགས་པའི་ཤེས་རབ་ཀྱི་མིག་བསྐྱེད་པར་བྱ་བའི་ཆེད་དུའོ། །དྲིལ་བུ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྟོན་པའི་སྒྲའོ། །མདའ་གཞུ་ནི་ཆོས་ཐམས་ཅད་གཟུགས་བརྙན་ལྟར་སྟོན་པ་ལ་དགྱེས་པ་བསྐྱེད་ནས་སེམས་ཅན་ལ་ཕོག་པས་ནི་ཉོན་མོངས་པ་གཅོད་ལ། སངས་རྒྱས་ལ་ཕོག་པས་ནི་གཉིས་སུ་མེད་པའི་ཡེ་ཤེས་བསྐྱེད་པའི་དགོས་པའོ། །མེ་ལོང་གཉིས་པ་བྱིན་པས་ནི་གཟུགས་བརྙན་ལྟར་རྟོགས་པ་དེའང་རང་གི་བྱང་ཆུབ་ཀྱི་སེམས་ཉིད་ཡིན་པར་སྟོན། དེ་ནས་རྗེས་གནང་ལས་འཕགས་པའི་ལམ་ཡན་ལག་བརྒྱད་དག་པའི་འཁོར་ལོ་རྩིབས་བརྒྱད་པ་རྐང་པའི་བར་དུ་བྱིན་པ་ནི། སེམས་ཅན་གྱི་དོན་དུ་སྤྲུལ་པ་དང་བཤད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་བརྡ་ཡིན་ནོ། །བཛྲ་བྷ་ཥ་རཾ་གྱིས་ལག་པ་གཡས་པར་དུང་སྦྱིན་པ་ནི། དོན་དམ་པར་བརྗོད་དུ་མེད་ཀྱང་ཀུན་རྫོབ་ཏུ་ཆོས་ཀྱི་སྒྲ་འབྱུང་བའི་བརྡ་ཡིན་ནོ། །ཡང་རྡོ་རྗེ་སྨྲ་བའི་ཆོས་ཀྱི་ཡི་གེ་དང་བཅས་པ་སྦྱིན་ཞེས་འབྱུང་བས་ན་ཡང་བཛྲ་བྷ་ཥ་རཾ་གྱིས་པུ་སྟི་དང་དྲིལ་བུ་སྦྱིན་པ་ནི། དོན་དམ་པར་བརྗོད་དུ་མེད་ཀྱང་ཀུན་རྫོབ་ཏུ་ཆོས་ཀྱི་སྒྲ་འབྱུང་བའི་བརྡ་ཡིན་ནོ། །དེ་ནས་འཁོར་ལོས་སྒྱུར་བ་ལྔའི་ང་རྒྱལ་གྱིས་ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་སྦྱིན་ནོ། །དེ་ནས་དབུགས་དབྱུང་བ་དང༌། ལུང་བསྟན་པ་དང༌། གཟེངས་བསྟོད་པ་གསུམ་ནི་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པར་བྱས་པ་ཡིན་ཏེ། གཟེངས་བསྟོད་པ་ནི་དེའི་དུས་སུ་དགའ་བར་བྱེད་ལ། དབུགས་དབྱུང་བ་ནི་སྲིད་པའི་སྡུག་བསྔལ་དང་བྲལ་བའི་ཕྱོགས་ནས་བཞག་ལ། ལུང་བསྟན་པ་ནི་མ་འོངས་པའི་དུས་སུ་འབྱུང་བར་འགྱུར་བ་ལ་དགོངས་པ་སྟེ། དེའང་དཔལ་མཆོག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་དང་པོ་ལས། དབུགས་དབྱུང་བ་དང་ལུང་བསྟན་པ་དང་གཟེངས་བསྟོད་པ་གསུམ་ཆོ་ག་གཅིག་ལ་ལྡོག་པ་ཐ་དད་པར་བྱ་བ་ཡིན་ཏེ། དབུགས་དབྱུང་བ་ནི་འདས་པའི་ཡོན་ཏན་ཡིན་ལ། གཟེངས་བསྟོད་པ་ནི་ད་ལྟར་གྱི་ཡོན་ཏན་ཡིན་ཞིང༌། ལུང་བསྟན་པ་ནི་མ་འོངས་པའི་ཡོན་ཏན་ཡིན་ནོ། །ཞེས་འབྱུང་བ་ཡིན་ནོ། །དེ་ལྟར་ལུང་བསྟན་པ་དེ་སློབ་དཔོན་གྱིས་བརྫུན་མ་ཡིན་ནམ་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་ཀྱི་ལུང་བསྟན་པ་ཡིན་ནོ། །ཞེས་བྱ་བར་ཤེས་པར་བྱའོ། །རྗེས་གནང་དང་གཟེངས་བསྟོད་གཉིས་འདིར་བསྟན་ཀྱང༌། མདོར་བསྟན་པའི་གཤམ་ན་ཡོད་པས་ན་གསང་བའི་སློབ་དཔོན་དུ་དབང་བསྐུར་བའི་ཆོ་ག་རྣམས་བསྟན་ཏོ། །སློབ་དཔོན་དང་སློབ་མ་ཐུན་མོང་དུ་གསང་བ་དང་ཕྱག་རྒྱའི་ཡེ་ཤེས་ལ་བསླབ་པ་ལ་གསུམ། དཀྱིལ་འཁོར་གྱི་གསང་བ་ཡེ་ཤེས་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སེམས་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་འདོད་པ་དང་བྲལ་བས་མ་ཧཱ་ས་མ་ཡ་ཧ་ན་ཕཊ། སློབ་དཔོན་དང་སློབ་མ་གཉིས་ཀས་དར་ཅིག་ཟློས་པ་ཡིན་ནོ། །དེ་ནས་གཉིས་པ་རང་གི་ལྷའི་སྙིང་པོ་བྱིན་ནས་ཕྱག་རྒྱའི་ཡེ་ཤེས་ལ་བསླབ་པ་ནི། ལྷ་ཐམས་ཅད་ཀྱི་སྙིང་པོ་དང་ཕྱག་རྒྱ་བཞི་བསླབ་པའམ། རང་གི་མེ་ཏོག་ཕོག་པའི་ལྷའི་སྙིང་པོ་དང་ཕྱག་རྒྱ་བསླབ་པ་ཡིན་ནོ། །གསུམ་པ་ཕྱག་རྒྱ་གཞན་ལ་བསྟན་པའི་ཉེས་དམིགས་ནི། དབང་མ་ཐོབ་པའམ་ཐོབ་ཀྱང་མི་ཤེས་པ་རྣམས་ལ་མི་བསྟན་པ་ཡིན་ནོ། །དབང་གིས་བྱ་བ་རྣམས་སོ། །དཀྱིལ་འཁོར་གྱི་མཇུག་གི་ཆོ་ག་ལ་གསུམ་ལས། དང་པོ་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་ནི། དཀྱིལ་འཁོར་ལ་བདག་གིས་མཆོད་པ་དང༌། སློབ་མ་རྣམས་ལ་མཆོད་པར་བསྒོ་བ་དང༌། བདག་གིས་ཇི་ལྟར་འདོད་པའི་དངོས་གྲུབ་བླང་ཞིང་མཆོད་པ་བྱ་བ་དང༌། མཆོད་པ་དམན་པ་རྣམས་ཡོན་བདག་དང༌། སློབ་མ་ལ་ཟར་གཞུག་པ་སྟེ། དེའང་རབ་གནས་དང་དབང་བསྐུར་གྱི་མཆོད་པ་དམན་པ་རྣམས་ཟོས་ན་བཀྲ་ཤིས་ཤིང་བྱིན་རླབས་འབྱུང་ལ། དཀྱིལ་འཁོར་གཞན་གྱི་དམན་པ་རྣམས་ཟོས་ན་མི་རུང་ངོ་ཟེར་རོ། །གཉིས་པ་ལ་བརྟུལ་ཞུགས་སྦྱིན་པ་ནི། ཐ་མལ་པའི་ལུས་ངག་ཡིད་གསུམ་དང་བྲལ་ནས་ལྷའི་སྐུ་གསུང་ཐུགས་ལ་ཞུགས་ཏེ། འདི་དེ་སངས་རྒྱས་ཐམས་ཅད་དེ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་རྡོ་རྗེ་སྦྱིན་པར་བྱ་བ་ཡིན་ནོ། །གསུམ་པ་གཤེགས་སུ་གསོལ་བ་ལ་སོགས་པའི་ཆོ་ག་ལའང་གསུམ། སློབ་མ་མནའ་བསྒགས་ཏེ་བཏང་བ་དང༌། གཤེགས་སུ་གསོལ་བ་དང༌། དཀྱིལ་འཁོར་ལ་ཕྱག་བྱ་བའོ། །དང་པོ་ནི་དཀྱིལ་འཁོར་གྱི་བྱ་བ་རྣམས་སུ་ལ་ཡང་མ་སྨྲ་ཤིག ཅེས་བསྒོ་ལ་བཛྲ་ཨུ་ད་ཀ་ཋ། ཞེས་བརྗོད་དེ། སྔར་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ནི་སླར་བཏང་ལ། སྔར་དཀྱིལ་འཁོར་དུ་ཞུགས་པ་རྣམས་ནི་དེར་བཞག་ཅིང་གྲོགས་བཅོལ་ཡང་ཉེས་པ་མེད་དོ། །གཉིས་པ་ནི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། སྒེག་མོ་ལ་སོགས་པས་མཆོད་ལ། ཕྱག་བྱས་ནས་མཆོད་ཡོན་ཕུལ་ཏེ། རྣལ་འབྱོར་ཆེན་པོའི་མཇུག་ཏུ་བསྟན་པ་ལྟར་དགེ་བའི་རྩ་བ་བསྔོས་ལ། གནས་སུམ་ཅུ་སོ་བདུན་དུ་ཕྱག་རྒྱ་བཀྲོལ་ལ་དབང་བསྐུར་ཏེ་ཆོ་ག་བཅིངས་ནས་མཉེས་པར་བྱས་ལ། སེམས་མ་རྡོ་རྗེའི་ཕྱག་རྒྱ་བཅས་པའམ། བཛྲ་སཏྭ་ཟློས་ཤིང་བསྐོར་བ་ལན་གསུམ་མམ་བདུན་བྱས་ནས། བཟོད་པར་གསོལ་ཏེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་པ་ལ་སོགས་པ་བསྙེན་པའི་སྐབས་ནས་འབྱུང་བ་བཞིན་གཤེགས་སུ་གསོལ་བར་བྱའོ། །དཀྱིལ་འཁོར་ཕྱགས་པ་ནི་གསང་སྔགས་ཟློས་ཤིང་ཕྱགས་ལ་ཆུ་བོ་ལ་སོགས་པར་དོར་བར་བྱའོ། །སྤྱི་དོན་གསུམ་པ་ཕུར་བུ་དབྱུང་བ་ནི། གསང་སྔགས་ཟློས་ཤིང་ཕྱུང་ལ། འོ་མ་དང་སྨན་བསྲེས་པས་བཀྲུ་བར་བྱའོ། །བཞི་པ་བསྲུང་བ་ལ་གསུམ། ཐུན་མོང་དུ་ཞི་བའི་སྦྱིན་སྲེག་བྱ་བ་དང༌། སློབ་དཔོན་དུ་དབང་བསྐུར་བ་ཐོབ་པ་ལ་སྦྱིན་སྲེག་ལ་སོགས་པས་བསྲུང་བ་དང༌། སློབ་མའི་དབང་ཐོབ་པ་ལ་སྦྱིན་སྲེག་ལ་སོགས་པས་བསྲུང་བའོ། །བར་པ་ལ་ནི་སློབ་མའི་གཙོ་བོ་གཡོན་ལོགས་སུ་བཞག ཅེས་འབྱུང་བ་ནི། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས། དེ་ནས་སྔགས་པའི་གཡས་ལོགས་སུ། །སྦྱིན་སྲེག་གི་ནི་ཡོ་བྱད་གཞག གཡོན་གྱི་ལོགས་སུ་སློབ་མ་རྣམས། །ཙོག་ཙོག་པོར་ནི་འཁོད་དུ་གཞུག སྡོམ་བརྩོན་བདག་ཉིད་ས་སྟེང་དུ། །ཀུ་ཤ་ཡི་ནི་སྟན་ལ་འདུག ཅེས་པས་སོ། །ལྷག་མ་ནི་གོ་སླའོ། །སློབ་མའི་དབང་ཐོབ་པ་ལ་སྦྱིན་སྲེག་གིས་བསྲུང་བ་ནི། གཞན་དག་ལ་ཇི་སྐད་བཤད་པའི་སྦྱིན་སྲེག་ལན་བདུན་བདུན་དུ་བྱའོ། །ཞེས་འབྱུང་བས། རྡོ་རྗེ་སེམས་དཔའ་འམ་སངས་རྒྱས་སྤྱན་གྱི་མར་དང༌། ཞོ་དང་ཏིལ་གྱི་སྦྱིན་སྲེག་བདུན་ནམ་ཉི་ཤུ་རྩ་གཅིག་བྱ་བ་སྟེ། དེ་ཡང་རྣམ་སྣང་མངོན་བྱང་ལས། དེ་ནས་སློབ་མ་རེ་རེ་ནས། །མཁས་པའི་ལག་པ་གཡོན་པ་ཡིས། །གཡོན་པའི་མཐེ་བོང་བཟུང་ནས་སུ། །མཉམ་པར་གཞག་པས་སྦྱིན་སྲེག་བྱ། །ཡིད་ནི་མཉམ་པར་བཞག་ནས་སུ། །སྲེག་བླུགས་རེ་རེ་ལས་ཀྱི་ནི། །གསང་སྔགས་ཆོ་ག་བཞིན་ཟློས་ཤིང༌། །ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱ། །ཞེས་འབྱུང་བ་ཡིན་ནོ། །གཞུང་དོན་བསྟན་ཟིན་ཏོ། །མཇུག་གི་དོན་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐམས་ཅད་ཀྱི་དངོས་གྲུབ་འབྱུང་བའི་ཐབས་ཡིན་པས་ན་རྡོ་རྗེ་འབྱུང་བ་ཞེས་བྱ་བ་ཡིན་ལ། དེ་བྱས་པ་ལས་བྱུང་བའི་དགེ་བའི་རྩ་བས་འཇིག་རྟེན་པ་ཐམས་ཅད་དང༌། ཀུན་དགའ་སྙིང་པོ་བདག་རིག་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་སེམས་ཅན་ཐམས་ཅད་ཀྱི་གཉེན་དུ་གྱུར་པ་གང་ཡིན་པ་དེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དེ་ཐོབ་པར་གྱུར་ཅིག ཅེས་བྱ་བའི་དོན་ཏོ། །རྡོ་རྗེ་ཐམས་ཅད་འབྱུང་བ་ཞེས་བྱ་བའི། །རྣམ་འགྲེལ་དཔལ་ལྡན་བླ་མས་མ་རྫོགས་པ། །ཁོ་བོས་འབད་དེ་རྫོགས་པར་བགྱིས་པ་ཡི། །དགེ་བ་འདིས་ནི་འགྲོ་ཀུན་སངས་རྒྱས་ཤོག །དཔལ་ལྡན་བླ་མ་བསོད་ནམས་ཀྱི་ཞལ་སྔ་ནས་མཛད་པའི་གཞུང་དོན་འདི་མ་རྫོགས་པ། དཀྱིལ་འཁོར་སྒྲུབ་པ་མན་ཆད་ཀྱི་ཡི་གེ་འདི། དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བའོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*