ངན་སོང་སྦྱོང་རྒྱུད་ཀྱི་ས་བཅད།

༼ཉ༽

༄༅། །ངན་སོང་སྦྱོང་རྒྱུད་ཀྱི་ས་བཅད་བཞུགས།།

༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་འདི་ལ་དོན་བཞི་སྟེ གླེང་གཞི་དང༌། གླེང་བསླང་དང༌། རྒྱུད་ཀྱི་གཞུང་དངོས་དང༌། རྗེས་སུ་ཡི་རང་བའོ། །གླེང་གཞི་ལ་དྲུག་སྟེ། ཆོས་དང༌། སྡུད་པ་པོ་དང༌། དུས་དང༌། སྟོན་པ་པོ་དང༌། གནས་དང༌། འཁོར་དང༌། སྟོན་པའི་ཆེ་བས་བཞུགས་པའོ། །དེ་ལ་གཉིས་ཏེ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའོ། །གླེང་བསླང་བ་ལ་གཉིས། སྟོན་པས་བསླང་བ་དང༌། འཁོར་གྱིས་བསླང་བའོ། །སྟོན་པས་བསླང་བ་ལ་དྲུག རྒྱུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང༌། ཐབས་འོད་ཟེར་གྱི་སྤྲོ་བསྡུ་དང༌། འབྲས་བུ་ངན་སོང་ལས་གྲོལ་བར་བསྟན་པ་དང༌། མཆོད་པ་སྔོན་དུ་སོང་བས་ཆེད་དུ་བརྗོད་པ་དང༌། བརྒྱ་བྱིན་ལ་སོགས་པས་ངོ་མཚར་བསྟན་པ་དང༌། བཅོམ་ལྡན་འདས་ཀྱིས་ངོ་མི་མཚར་བར་བསྟན་པའོ། །འཁོར་གྱིས་གླེང་བསླང་བ་ལ་བརྒྱད་དེ། བརྒྱ་བྱིན་གྱིས་སྟོན་པ་ལ་སྤོབས་པ་སྐྱེད་ཅིག་པར་གསོལ་བ་བཏབ་པ་དང༌། ནོར་བུ་དྲི་མ་མེད་པ་གང་དུ་སྐྱེས་ལུང་བསྟན་དུ་གསོལ་ཞེས་ཞུས་པ་དང༌། བྷ་ག་ཝཱན་གྱིས་དུས་ལ་བབ་ན་ཉོན་ཅིག་པར་གདམས་པ་བསྟན་པས། བརྒྱ་བྱིན་གྱིས་དུས་ལ་བབ་པར་ཁས་བླངས་པ་དང༌། དྲི་མ་མེད་པའི་སྐྱེ་རྒྱུད་བསྟན་པ་དང༌། བརྒྱ་བྱིན་ལ་སོགས་པ་སྐྱོ་བ་སྐྱེས་ཏེ་འགྱེལ་བ་དང༌། བཅོམ་ལྡན་འདས་ལ་ནོར་བུ་དྲི་མ་མེད་པ་སྡུག་བསྔལ་ལས་ཐར་བའི་ཐབས་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་ཉོན་ཅིག་པར་གདམས་པ་དང༌། ཞུ་བ་དངོས་སོ། །དེ་ལ་གཉིས། བརྒྱ་བྱིན་བྱིས་ཞུས་པ་དང༌། ཚངས་པ་ལ་སོགས་པས་ཞུས་པའོ། །རྒྱུད་ཀྱི་གཞུང་དངོས་ལ་གཉིས་ཏེ། སྟོན་པས་འཁོར་བྱིན་གྱིས་བརླབ་པ་དང༌། རྒྱུད་དངོས་སོ། །དེ་ལ་གཉིས་ཏེ། ཤཱཀྱ་ཐུབ་པས་གསུངས་པ་ཀུན་རིག་རྩ་བའི་དཀྱིལ་འཁོར་གཉིས་དང༌། ཕྱག་ན་རྡོ་རྗེ་ཞལ་ནས་གསུངས་པ་བརྟག་པ་ཕྱི་མའོ། །ཀུན་རིག་གི་དཀྱིལ་འཁོར་དྲུག་སྟེ། སྔགས་ཀྱི་ཕྲེང་བ་ཕན་ཡོན་བསྟན་པ་དང༌། ནང་གི་དཀྱིལ་འཁོར་དུ་འགྲོ་བས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བ་དང༌། རས་རིས་ལ་བརྟེན་པའི་དངོས་གྲུབ་དང༌། ཚེ་འདས་ཀྱི་ཕྱིར་ངན་སོང་གི་སྡིག་པ་སྦྱོང་བའི་ཐབས་ཀྱི་བྲེ་བྲག་རྣམས་བསྟན་པ་དང༌། ནོར་བུ་དྲི་མ་མེད་པ་ངན་སོང་ལས་ཐོན་པ་ཕན་ཡོད་དང་བཅས་པ་བསྟན་པ་དང༌། རྒྱུད་ཀྱི་ཆེ་བ་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྔགས་ཀྱི་ཕྲེང་བ་དངོས་དང༌། ཕན་ཡོན་ནོ། །དེ་ལ་གཉིས་ཏེ། སྔགས་ཐོས་པ་ལ་སོགས་པའི་ཕན་ཡོན་དང༌། སྔགས་དེ་དང་འབྲེལ་བའི་དཀྱིལ་འཁོར་དུ་ཞུགས་པའི་ཕན་ཡོན་ནོ། །ནང་གི་དཀྱིལ་འཁོར་དུ་སོང་བའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་གསུམ་སྟེ། བརྒྱ་བྱིན་གྱིས་བཤད་པར་གསོལ་བ་བཏབ་པ་དང༌། བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་ཏུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང༌། བཤད་པ་དངོས་སོ། །དེ་ལ་གཉིས་ཏེ། ནང་གི་དཀྱིལ་འཁོར་དང༌། ཕྱིའི་དཀྱིལ་འཁོར་རོ། །ཕྱི་མ་ལ་གཉིས་ཏེ། སྡུད་པ་པོས་མཚམས་སྦྱོར་དང༌། གཞུང་དངོས་སོ། །དེ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བའོ། །དང་པོ་ལ་དྲུག་སྟེ། དཀྱིལ་འཁོར་བྲི་བའི་གནས་དང༌། སའི་ཆོ་ག་དང༌། ཐིག་བཏབ་སྟེ་བྲི་བ་དང༌། ལྷ་དགོད་པ་དང༌། མཆོད་པའི་རྫས་དགོད་པ་དང༌། ཞུགས་ཏེ་བསྒྲུབ་པའོ། །ཐིག་བཏབ་སྟེ་བྲི་བ་ལ་གཉིས། མདོ་དང་རྒྱས་པའོ། །ཞུགས་ཏེ་བསྒྲུབ་པ་ལ་བཞི་སྟེ། སློབ་དཔོན་བདག་དཀྱིལ་འཁོར་གྱི་སྒོ་དྲུང་དུ་འདུག་པ་དང༌། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་བསྒྲུབ་པ་དང༌། མཆོད་ཅིང་བསྟོད་པ་དང༌། གཏོར་མ་གཏང་བའོ། །སློབ་མ་གཞུག་ཅིང་དབང་བསྐུར་བ་ལ་གཉིས་ཏེ། མདོ་དང༌། རྒྱས་པའོ། །དེ་ལ་གཉིས་ཏེ། འཇུག་པ་དང༌། དབང་ངོ༌། །དང་པོ་ལ་གསུམ་སྟེ། སློབ་མ་ལྷག་པར་གནས་པ་སེམས་བསྐྱེད་པ་དང༌། སློབ་མ་འཇུག་པ་དང༌། དམ་ཚིག་བསྒྲགས་པ་སྔོན་དུ་འགྲོ་བས་སྡོམ་པ་འབོགས་པའོ། །དབང་ལ་གཉིས་ཏེ། དབང་བསྐུར་བ་དང༌། རྗེས་བླ་མ་ལ་མཆོད་པ་ཕན་ཡོན་དང་བཅས་ཏེ་བསྟན་པའོ། །རས་རིས་ལ་བརྟེན་པའི་དངོས་གྲུབ་ལ་གཉིས་ཏེ། སྡུད་པ་པོའི་མཚམས་སྦྱོར་དང༌། གཞུང་དངོས་སོ། །དེ་ལ་གསུམ་སྟེ། རྟེན་རས་རིས་བྲི་བ་དང༌། རྟེན་རྫོགས་པ་ལ་རབ་ཏུ་གནས་པ་བྱ་བ་དང༌། རྟེན་བསྒྲུབ་པའོ། །དེ་ལ་བཞི་སྟེ། བསྙེན་པ་དང༌། ཉེ་བསྙེན་དང༌། སྒྲུབ་པ་དང༌། སྒྲུབ་པ་ཆེན་པོའོ། །ཚེ་འདས་ཀྱི་ཕྱིར་ངན་སོང་གི་སྡིག་པ་སྦྱོང་བའི་ཐབས་ཀྱི་བྱེ་བྲག་བསྟན་པ་ལ་བཞི་སྟེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་གནང་བ་དང༌། ངན་སོང་གི་སྡིག་པ་སྦྱོང་བའི་ཐབས་བཤད་པའི་གཞུང་དངོས་དང༌། དེའི་ཕན་ཡོན་བསྟན་པའོ། །གསུམ་པ་ལ་དགུ་སྟེ། ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ་སྡིག་པ་སྦྱང་བ་དང༌། ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ་མཆོད་རྟེན་དབུས་སུ་བཞག་སྟེ་སྡིག་པ་སྦྱང་བ་དང༌། དབང་བསྐུར་ཏེ་དྲིའི་གཙང་ཁང་དུ་བཞག་པས་སྡིག་པ་སྦྱང་བ་དང༌། མཆོད་རྟེན་བྱ་བས་སྦྱང་བ་དང༌། བཟླས་པ་བྱ་བས་སྦྱང་བ་དང༌། སྦྱིན་སྲེག་བྱ་བས་སྦྱང་བ་དང༌། རོ་བསྲེགས་ཏེ་སྡིག་པ་སྦྱང་བ་དང༌། རྟེན་མེད་པ་ལ་སྡིག་པ་སྦྱང་བ་དང༌། ཕྱིར་བཟློག་གིས་སྡིག་པ་སྦྱང་བའོ། །དང་པོ་ལ་གཉིས་ཏེ། རྟེན་རོ་ཡོད་པ་ལ་སྦྱང་བ་དང༌། རྟེན་མེད་པ་གཟུགས་བརྙན་ལ་དབང་བསྐུར་ཏེ་སྡིག་པ་སྦྱང་བའོ། །རོ་བསྲེགས་ཏེ་སྡིག་པ་སྦྱང་བ་ལ་བརྒྱད་དེ། ཐབ་ཁུང་གི་དཀྱིལ་འཁོར་བྲི་བ་དང༌། མཆོད་པའི་རྫས་དགོད་པ་དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ་མཆོད་པ་དང༌། རང་ལྷའི་རྣལ་འབྱོར་དང་ལྡན་པས་བསྲེག་རྫས་བྱིན་གྱིས་བརླབ་པ་དང༌། རོ་བྱིན་གྱིས་བརླབ་ཏེ་ཆས་སུ་གཞུག་པ་དང༌། སྦྱིན་སྲེག་བྱ་བའི་རིམ་པ་དངོས་དང༌། མཆོད་རྟེན་གདབ་པ་དང༌། རྟགས་དང་ཕན་ཡོན་འབྱུང་བར་བསྟན་པའོ། །དེ་ལ་གསུམ་སྟེ། རྟགས་དངོས་དང༌། རྟགས་མ་བྱུང་ན་བསྐྱར་བའི་ཆོ་ག་དང༌། བསྐྱར་ཆོག་བྱས་པས་རྟགས་འབྱུང་བར་བསྟན་པའོ། །སྡིག་པ་སྦྱང་བའི་ཕན་ཡོན་ལ་གཉིས་ཏེ། ཕན་ཡོན་དངོས་དང༌། དགེ་བའི་རྩ་བ་མ་བསྐྱེད་པ་ལ་སོགས་པའི་རྟེན་ལ་ཐབས་སྔགས་ཕྱག་རྒྱ་མེད་ན་མི་འབྱོངས་པར་བསྟན་པའོ། །ནོར་བུའི་དྲི་མ་མེད་པའི་འོད་ངན་སོང་ནས་ཐོན་པའི་ཐབས་ཕན་ཡོན་དང་བཅས་པ་ལ་བདུན་ཏེ། བརྒྱ་བྱིན་ལ་སོགས་པས་ཆོ་ག་ཇི་ལྟ་བ་བཞིན་བྱས་པས་དྲི་མ་མེད་པ་སྡུག་བསྔལ་ལས་ཐར་ཏེ་དགའ་ལྡན་གནས་སུ་སྐྱེས་པ་དང༌། ནོར་བུ་དྲི་མ་མེད་པ་ལ་སོགས་པས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ་ངོ་མཚར་བར་བསྟན་པ་དང༌། བརྒྱ་བྱིན་ལ་སོགས་པས་ཆེད་དུ་བརྗོད་པར་བསྟན་པ་དང༌། དགའ་ལྡན་པས་ངོ་མཚར་ཏེ་ཆེད་དུ་བརྗོད་པ་དང༌། སུམ་ཅུ་རྩ་གསུམ་པ་རྣམས་ཀྱིས་ཡ་མཚན་སྐྱེས་ཏེ་ཆེད་དུ་བརྗོད་པ་དང༌། ཡང་དགའ་ལྡན་པས་ངོ་མཚར་སྐྱེས་ཏེ་ཆེད་དུ་བརྗོད་པ་དང༌། ནོར་བུ་དྲི་མ་མེད་པ་ལ་སོགས་པས་མཆོད་པ་བྱས་ཏེ་སླར་འདོང་པར་བསྟན་པའོ། །རྒྱུད་ཀྱི་ཆེ་བ་བསྟན་པ་ལ་བཞི་སྟེ། བརྒྱ་བྱིན་ལ་སོགས་པས་བཤད་པར་གསོལ་བ་གདབ་པ་དང༌། བཅོམ་ལྡན་འདས་ཀྱིས་ཉོན་ཅིག་པར་གདམས་པར་བསྟན་པ་དང༌། བཤད་པ་དངོས་དང༌། བྷ་ག་ཝཱན་གྱིས་བརྒྱ་བྱིན་ལ་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་རྒྱུད་དེ་འཛམ་བུའི་གླིང་པ་རྣམས་ཀྱི་དོན་དུ་བག་ཡོད་པར་སྒྲུབས་ཤིག་པར་བཀས་གནང་བའོ། །གསུམ་པ་ལ་ལྔ་སྟེ་ཆོས་དང་ལྡན་པར་ཐོས་པར་བསྟན་པ་དང༌། ལྷ་རྣམས་ཀྱིས་སྣོད་དང་ལྡན་པར་ཁས་བླངས་པ་དང༌། གཞན་གྱི་དོན་བྱས་པའི་ཕན་ཡོན་དང༌། བརྒྱ་བྱིན་ལ་སོགས་པས་བསྟན་པ་བསྲུང་བར་དམ་བཅས་པ་དང༌། རྒྱུད་བཅང་བ་ལ་སོགས་པའི་ཕན་ཡོན་བསྟན་པའོ། །གསུམ་པ་ལ་གཉིས་ཏེ། དྲིས་པ་དང༌། ལན་ནོ། །ཕྱག་ན་རྡོ་རྗེའི་ཞལ་ནས་གསུངས་པའི་བརྟག་པ་ཕྱི་མ་ལ་གཉིས་ཏེ། སྡུད་པ་པོའི་མཚམས་སྦྱོང་སྔོན་དུ་སོང་བས་སྟོན་པ་གདན་ལས་བཞེངས་ཏེ་ཕྱག་བྱས་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང༌། རྒྱུད་ཀྱི་གཞུང་ངོ༌། །དེ་ལ་ལྔ་སྟེ། ཤཱཀྱ་ཐུབ་པ་སྐུའི་དཀྱིལ་འཁོར་དང༌། ཕྱག་ན་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་དང༌། ཚེ་དཔག་ཏུ་མེད་པ་གསུང་གི་དཀྱིལ་འཁོར་དང༌། འཁོར་ལོས་སྒྱུར་བ་ཡོན་ཏན་གྱི་དཀྱིལ་འཁོར་དང༌། མེ་ལྟར་འབར་བ་ཕྲིན་ལས་ཀྱི་དཀྱིལ་འཁོར་རོ། །དང་པོ་ལ་ལྔ་སྟེ་སྔགས་ཀྱི་ཕྲེང་བ་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མ་ལ་དབང་བསྐུར་བ་ཕན་ཡོན་དང་བཅས་ཏེ་བསྟན་པ་དང༌། ཕྱག་རྒྱའི་ཡེ་ཤེས་དང༌། དངོས་གྲུབ་ཀྱི་ཡེ་ཤེས་དང༌། ནོར་བུ་དྲི་མ་མེད་པའི་འོད་ཀྱི་སྐྱེས་རྒྱུད་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང༌། སློབ་མ་དབང་བསྐུར་བ་ཕན་ཡོན་དང་བཅས་པའོ། །སློབ་དཔོན་གྱི་ལས་ལ་གཉིས་ཏེ། བྲི་ཞིང་དགོད་པ་དང༌། དཀྱིལ་འཁོར་དུ་ཞུགས་ཏེ། བདག་བསྐྱེད་ལ་མདུན་བསྐྱེད་བསྒྲུབ་པའོ། །དྲི་མ་མེད་པའི་སྐྱེ་རྒྱུད་བསྟན་པ་ལ་གཉིས་ཏེ། དྲིས་པ་དང༌། ལན་ནོ། །ཕྱག་ན་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་ལ་གཉིས་ཏེ། ཕྱག་ན་རྡོ་རྗེ་ལ་འཁོར་དེ་བཞིན་གཤེགས་པས་བསྐོར་བའི་དཀྱིལ་འཁོར་དང༌། འཇིག་རྟེན་པས་བསྐོར་བའི་དཀྱིལ་འཁོར་རོ། །དང་པོ་ལ་གཉིས་ཏེ། གླེང་བསླང་བ་དང༌། གཞུང་ངོ༌། །སྔ་མ་ལ་གཉིས་ཏེ། འཁོར་གྱིས་གླེང་བསླང་བ་དང༌། སྟོན་པས་གླེང་བསླང་བའོ། །གཞུང་ལ་གསུམ། སྔགས་ཀྱི་ཕྲེང་བ་ཕན་ཡོན་དང་བཅས་ཏེ་བསྟན་པ་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བ་དང༌། དངོས་གྲུབ་ཀྱི་ཡེ་ཤེས་བསྟན་པའོ། །བར་པ་ལ་གཉིས་ཏེ། སློབ་དཔོན་ཀྱི་ལས་དང༌། སློབ་མ་དབང་བསྐུར་བའོ། །སློབ་དཔོན་གྱི་ལས་ལ་གཉིས་ཏེ། བྲི་ཞིང་ལྷ་དགོད་པ་དང༌། དཀྱིལ་འཁོར་བསྒྲུབ་པ་བསྟན་པའོ། །ཕྱག་ན་རྡོ་རྗེ་ལ་འཇིག་རྟེན་པས་བསྐོར་བ་ལ་དྲུག་སྟེ། རྒྱལ་པོ་ཆེན་པོ་བཞིའི་དཀྱིལ་འཁོར་དང༌། ཕྱོགས་སྐྱོང་བཅུའི་དཀྱིལ་འཁོར་དང༌། གཟའ་ཆེན་པོ་བརྒྱད་རྒྱུ་སྐར་དང་བཅས་པའི་དཀྱིལ་འཁོར་དང༌། ཀླུ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དང༌། འཇིགས་བྱེད་བརྒྱད་ཆུང་མ་དང་བཅས་པའི་དཀྱིལ་འཁོར་དང༌། ལྷ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་བསྟན་པའོ། །ཕྱག་ན་རྡོ་རྗེ་ལ་འཁོར་རྒྱལ་པོ་ཆེན་པོ་བཞིས་བསྐོར་བའི་དཀྱིལ་འཁོར་ལ་གསུམ་སྟེ། སྔགས་ཀྱི་ཕྲེང་བ་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མ་ལ་དབང་བསྐུར་བ་དང༌། དབང་བསྐུར་བའི་ཕན་ཡོན་བསྟན་པའོ། །བར་པ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང༌། སློབ་མ་འཇུག་ཅིང་དབང་བསྐུར་བའི་ཆོ་གའོ། །སློབ་དཔོན་གྱིས་ལས་ལ་གཉིས་ཏེ། བྲི་ཞིང་ལྷ་དགོད་པ་དང༌། སློབ་དཔོན་ཞུགས་ཏེ་བསྒྲུབ་པའོ། །ཕྱག་ན་རྡོ་རྗེ་ལ་ཕྱོགས་སྐྱོང་བཅུས་བསྐོར་བའི་དཀྱིལ་འཁོར་ལ་བཞི་སྟེ། སྔགས་ཀྱི་ཕྲེང་བ་དང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བ་དང༌། སྙིང་པོའི་རྗེས་སུ་གནང་བ་བྱིན་ཏེ་བསྒྲུབ་པ་བསྟན་པ་དང༌། ཕྱོགས་སྐྱོང་རྣམས་ཀྱིས་བསྟན་པ་བསྲུང་བར་ཁས་བླངས་པའོ། །གཉིས་པ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང༌། སློབ་མ་འཇུག་ཅིང་དབང་བསྐུར་བའི་ཆོ་གའོ། །དང་པོ་ལ་གཉིས་ཏེ། བྲི་ཞིང་ལྷ་དགོད་པ་དང༌། ཞུགས་ཏེ་བསྒྲུབ་པའོ། །བསྟན་པ་བསྲུང་བར་ཁས་བླངས་པ་ལ་གཉིས་ཏེ། སྤྱིར་ཁས་བླངས་པ་དང༌། བྱེ་བྲག་ཏུ་ཁས་བླངས་པའོ། །གཟའ་ཆེན་བརྒྱད་འཁོར་རྒྱུ་སྐར་དང་བཅས་པའི་དཀྱིལ་འཁོར་ལ་གཉིས་ཏེ། སྔགས་ཀྱི་ཕྲེང་བ་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བ་དང༌། བསྒྲུབ་པ་དང༌། བསྟན་པ་བསྲུང་བར་ཁས་བླངས་པའོ། །གཉིས་པ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང༌། སློབ་མ་འཇུག་ཅིང་དབང་བསྐུར་བའོ། །སློབ་དཔོན་གྱི་ལས་ལ་གཉིས་ཏེ། བྲི་ཞིང་ལྷ་དགོད་པ་དང༌། ཞུགས་ཏེ་ལྷ་བསྒྲུབ་པའོ། །ཀླུ་ཆེན་བརྒྱད་ཀྱི་དཀྱིལ་འཁོར་ལ་གསུམ་སྟེ། སྔགས་ཀྱི་ཕྲེང་བ་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བ་ཕན་ཡོན་དང་བཅས་ཏེ་བསྟན་པ་དང༌། དངོས་གྲུབ་ཀྱི་ཡེ་ཤེས་བསྟན་པའོ། །བར་པ་ལ་གཉིས་ཏེ། དབང་བསྐུར་བ་དང་ཕན་ཡོན་ནོ། །དང་པོ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་ཆོག་དང༌། སློབ་མ་འཇུག་ཅིང་དབང་བསྐུར་བའོ། །སློབ་དཔོན་གྱི་ལས་ལ་གཉིས་ཏེ། བྲི་ཞིང་ལྷ་དགོད་པ་ལ་སོགས་པ་དང༌། ཞུགས་ཏེ་བསྒྲུབ་པའོ། །འཇིགས་བྱེད་བརྒྱད་ཀྱི་དཀྱིལ་འཁོར་ལ་གསུམ་ཏེ། སྔགས་ཀྱི་ཕྲེང་བ་དང༌། རྡུལ་ཚོན་གྱི་དཀྱིལ་ཁོར་དུ་སློབ་མ་དབང་བསྐུར་བ་དང༌། དངོས་གྲུབ་ཀྱི་ཡེ་ཤེས་བསྟན་པའོ། །བར་པ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང༌། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་བསྟན་པའོ། །དང་པོ་ལ་གཉིས་ཏེ། བྲི་ཞིང་ལྷ་དགོད་པ་དང༌། ཞུགས་ཏེ་བསྒྲུབ་པའོ། །ལྷ་ཆེན་བརྒྱད་ཀྱི་དཀྱིལ་འཁོར་ལ་བཞི་སྟེ། སྔགས་ཀྱི་ཕྲེང་བ་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བ་དང༌། དངོས་གྲུབ་ཀྱི་ཡེ་ཤེས་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དུ་ཞུགས་པ་ལ་དངོས་གྲུབ་སྩོལ་བར་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང༌། སློབ་མ་འཇུག་ཅིང་དབང་བསྐུར་བའོ། །སློབ་དཔོན་གྱི་ལས་ལ་གཉིས་ཏེ། བྲི་ཞིང་ལྷ་དགོད་པ་དང༌། ཞུགས་ཏེ་བསྒྲུབ་པའོ། །ཚེ་དཔག་ཏུ་མེད་པ་གསུང་གི་དཀྱིལ་འཁོར་ལ་གཉིས་ཏེ། གླེང་བསླང་བ་དང༌། རྒྱུད་ཀྱི་གཞུང་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྟོན་པས་གླེང་བསླང་བ་དང༌། འཁོར་གྱིས་གླེང་བསླང་བའོ། །རྒྱུད་ཀྱི་གཞུང་ལ་བཞི་སྟེ། སྔགས་ཀྱི་ཕྲེང་བ་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བ་དང༌། ངན་སོང་དུ་སྐྱེ་བ་དང༌། སྐྱེས་ཟིན་པའི་སྡིག་པ་སྦྱང་བ་དང༌། རྒྱུད་ཀྱི་ཆེ་བ་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང༌། སློབ་མ་འཇུག་ཅིང་དབང་བསྐུར་བ་ཡན་ལག་དང་བཅས་པའོ། །སློབ་དཔོན་གྱི་ལས་ལ་གཉིས་ཏེ། བྲི་ཞིང་ལྷ་དགོད་པ་ལ་སོགས་པ་དང༌། ཞུགས་ཏེ་བསྒྲུབ་པ་ལ་སོགས་པའོ། །སློབ་མ་འཇུག་ཅིང་དབང་བསྐུར་བ་ཡན་ལག་དང་བཅས་པ་ལ་བཞི་སྟེ། སློབ་མ་འཇུག་ཅིང་དབང་བསྐུར་བ་དང༌། བླ་མ་ལ་ཡོན་དབུལ་བ་དང༌། དངོས་གྲུབ་ཀྱི་ཡེ་ཤེས་དང༌། དབང་བསྐུར་བའི་ཕན་ཡོན་བསྟན་པའོ། །ངན་སོང་གི་སྡིག་པ་སྦྱང་བ་ལ་གཉིས་ཏེ། ལྷ་རྣམས་ཀྱིས་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་གསུངས་པའོ། །དེ་ལ་གཉིས་ཏེ། ཚེ་འདས་ལ་སྦྱར་བ་དང༌། ཚེ་དང་ལྡན་པ་ལ་སྦྱར་བའོ། །དང་པོ་ལ་གསུམ་སྟེ། དབང་བསྐུར་བས་སྡིག་པ་སྦྱང་བ་དང༌། བཟླས་པས་སྦྱང་བ་དང༌། སྦྱིན་སྲེག་གིས་སྦྱང་བ་བསྟན་པའོ། །དང་པོ་ལ་གཉིས་ཏེ། མདོ་དང༌། རྒྱས་པའོ། །སྦྱིན་སྲེག་གིས་སྦྱང་བ་ལ་བཞི་སྟེ། ཞི་བ་དང༌། རྒྱས་པ་དང༌། དབང་དང༌། མངོན་སྤྱོད་དོ། །རྒྱུད་ཀྱི་ཆེ་བ་བསྟན་པ་ལ་བཞི་སྟེ། རྒྱུད་བྲིས་པའི་ཕན་ཡོན་དང༌། རྒྱུད་མངའ་གསོལ་བའི་ཕན་ཡོན་དང༌། རྒྱུད་བཤད་པའི་ཕན་ཡོན་དང༌། དཀྱིལ་འཁོར་དུ་ཞུགས་པའི་ཕན་ཡོན་ནོ། །འཁོར་ལོས་སྒྱུར་བ་ཡོན་ཏན་གྱི་དཀྱིལ་འཁོར་ལ་བཞི་སྟེ། སྔགས་ཀྱི་ཕྲེང་བ་དང༌། རྡུལ་ཚོན་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བ་དང༌། དངོས་གྲུབ་ཀྱི་ཡེ་ཤེས་དང༌། ཕྱག་རྒྱའི་ཡེ་ཤེས་སོ། །གཉིས་པ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང་སློབ་མ་འཇུག་ཅིང་དབང་བསྐུར་བའོ། །སློབ་དཔོན་གྱི་ལས་ལ་གཉིས་ཏེ། བྲི་ཞིང་ལྷ་དགོད་པ་དང༌། ཞུགས་ཏེ་བསྒྲུབ་པའོ། །སློབ་མ་འཇུག་ཅིང་དབང་བསྐུར་བ་ལ་གསུམ་སྟེ། སློབ་མའི་མཚན་ཉིད་དང༌། ཞུགས་ཤིང་དབང་བསྐུར་བ་དངོས་དང༌། བླ་མ་ལ་ཡོན་དབུལ་ཞིང་བཀའ་ནོད་པའོ། །དངོས་གྲུབ་ཀྱི་ཡེ་ཤེས་ལ་གཉིས། མདོ་དང༌། རྒྱས་པའོ། །དེ་ལ་གཉིས་ཏེ་རང་དོན་དང༌། གཞན་དོན་བསྟན་པའོ། །དེ་ལ་ལྔ་སྟེ། ཕྲིན་ལས་བཞི་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། སེམས་དཔའ་བཅུ་དྲུག་གི་ལས་ཚོགས་དང༌། ཕྲིན་ལས་བཞིའི་མཇུག་སྡུད་བསྟན་པ་དང༌། འཁོར་གྱིས་ལེགས་སོ་བྱ་བ་བྱིན་པའོ། །ཕྱག་རྒྱའི་ཡེ་ཤེས་ལ་གཉིས་ཏེ། མདོ་དང༌། རྒྱས་པའོ། །དེ་ལ་གསུམ་སྟེ། ལག་པ་བྱིན་གྱིས་བརླབ་པ་དང༌། ཕྱག་རྒྱ་བཅིང་ཐབས་དངོས་དང༌། ཞར་ལས་འབྱུང་བ་སྔགས་བསྟན་པའོ། །མེ་ལྟར་འབར་བ་ཕྲིན་ལས་ཀྱི་དཀྱིལ་འཁོར་ལ་གཉིས་ཏེ། ལྷ་རྣམས་ཀྱིས་ཞུས་པ་དང༌། ཕྱག་ན་རྡོ་རྗེ་བཤད་པའོ། །དེ་ལ་བཞི་སྟེ། སྔགས་ཀྱི་ཕྲེང་བ་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བ་དང༌། བསྒྲུབ་པ་དང༌། ཕྲིན་ལས་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང༌། སློབ་མ་འཇུག་ཅིང་དབང་བསྐུར་བའོ། །དང་པོ་ལ་གཉིས་ཏེ། །བྲི་ཞིང་ལྷ་དགོད་པ་ལ་སོགས་པ་དང༌། ཞུགས་ཏེ་བསྒྲུབ་པའོ། །ཕྲིན་ལས་ལ་གསུམ་སྟེ། ཞི་བ་དང༌། རྒྱས་པ་དང༌། དབང་ངོ༌། །དང་པོ་ལ་བཅུ་སྟེ། ཐབ་ཁུང་དང་བཅས་པའི་དཀྱིལ་འཁོར་བྲི་བ་དང༌། མཆོད་པའི་རྫས་དགོད་པ་དང༌། ཕྱོགས་ཀྱིས་ཤིས་པ་སྔོན་དུ་སོང་བའི་རྣལ་འབྱོར་དང༌། སྒྲུབ་པའི་ཆས་དང༌། བསྲེག་རྫས་ཀྱི་ཁྱད་པར་དང༌། ཡམ་ཤིང་བུད་ཤིང་གི་ཁྱད་པར་དང༌། བུད་ཤིང་ལ་མེ་སྦར་བ་སྔོན་དུ་སོང་བས་མེ་ལྷའི་ཁྱད་པར་བསྟན་པ་དང༌། མེ་ལྷ་དང་ཡེ་ཤེས་ཀྱི་ལྷ་ལ་སྦྱིན་སྲེག་བྱ་བ་དངོས་དང༌། བསྒྲུབ་བྱ་ལ་བསྲུང་བ་དང༌། གཤེགས་སུ་གསོལ་བའི་ཆོ་ག་དང༌། མ་གྲུབ་ན་བསྐྱར་བའི་ཆོ་ག་བསྟན་པའོ། །རྒྱས་པ་ལ་བཅུ་གཅིག་སྟེ། སྦྱིན་སྲེག་གི་གནས་དང༌། ཐབ་དང་དཀྱིལ་འཁོར་བྲི་བ་དང༌། མཆོད་པའི་རྫས་དགོད་པ་དང༌། སྒྲུབ་པ་པོའི་ཆས་དང༌། ཕྱོགས་ཀྱིས་ཤིས་པ་སྔོན་དུ་སོང་བས་བདག་ཉིད་ལྷའི་རྣལ་འབྱོར་བྱ་བ་དང༌། ཏིང་ངེ་འཛིན་དང་བཟླས་བརྗོད་ཀྱི་ཁྱད་པར་དང༌། མཆོད་པ་དང་ཡམ་ཤིང་དང་བུད་ཤིང་གི་ཁྱད་པར་དང༌། བསྲེག་རྫས་ཀྱི་ཁྱད་པར་དང༌། མེ་ལྷ་ལ་སྦྱིན་སྲེག་བྱ་བ་དང༌། ཡེ་ཤེས་ཀྱི་ལྷ་ལ་སྦྱིན་སྲེག་བྱ་བ་དང༌། དབང་བསྐུར་བ་དང་བསྲུང་བའོ། །དབང་ལ་བཅུ་གསུམ་སྟེ། ལྷ་དང་བསམ་པ་བསྟན་པ་དང༌། གནས་དང་ཐབ་ཁུང་གི་ཁྱད་པར་དང༌། ཡམ་ཤིང་དང་བུད་ཤིང་བསྟན་པ་དང༌། བསྲེག་པའི་རྫས་དང༌། ཐབ་ཁུང་ལ་བྱུག་པ་བྱ་ཞིང་མཚན་མ་བྲི་བ་དང༌། མཆོད་པ་དང༌། སྒྲུབ་པའི་ཆས་དང༌། སྔོན་དུ་སོང་བས་ཕྱོགས་དང་དུས་ཀྱི་ཤིས་པ་དང༌། ཏིང་ངེ་འཛིན་གྱི་ཁྱད་པར་དང༌། སྦྱིན་སྲེག་གི་མེ་ལྷའི་ཁྱད་པར་དང༌། སྦྱིན་སྲེག་གི་ཕན་ཡོན་དང༌། བསྲུང་བ་དང༌། གཤེགས་སུ་གསོལ་ཞིང་རང་ལ་བསྲུང་བའོ། །རྗེས་སུ་ཡི་རང་བ་ལ་བདུན་ཏེ། གང་གིས་བསྟོད་པ་དང༌། མཆོད་པ་དང༌། བསྟོད་པའི་ཡུལ་དང༌། བསམ་པ་དང༌། བསྟོད་པའི་ཚིག་དང༌། བསྟོད་པའི་ཕན་ཡོན་དང༌། རྗེས་སུ་ཡི་རང་བ་དངོས་སོ། །གང་གིས་བསྟོད་ཅིང་མཆོད་པ་དང༌། བསྟོད་པའི་ཡུལ་དང༌། བསམ་པ་དང༌། ཚིག་དང༌། ཕན་ཡན་ནོ། །ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པའི་དབུ་ནས་ཞབས་ཀྱི་བར་བསྡུས་པའི་དོན་རྫོགས་སོ།།  །།བཤད་སྲོལ་སོ་སོ་མི་འདྲ་བ། །རིན་ཆེན་བཟང་པོའི་ལུགས་བཞིན་དུ། །བླ་མའི་གསུང་ལ་བརྟེན་བྱས་ནས། །འདི་ནི་དཔལ་ལྡན་ས་སྐྱར་བྲིས། །ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*