པྲ་སེན་དབབ་པ།

༼ཉ༽

༄༅། །པྲ་སེན་དབབ་པ་བཞུགས།།

༄༅། །ན་མོ་གུ་རུ་བྷ་དྲཱ་ཡ། ལམ་གྱི་ཡན་ལག་པྲ་སེན་དབབ་པའི་གདམས་ངག་ནི། རིན་ཆེན་བཞི་ལས་ཉེ་བའི་སྙིང་པོའི་ཡི་གེ་བདུན་པ་ལ་སྔོན་དུ་བསྙེན་པ་འབུམ་ཕྲག་བདུན་ཅུ་སོང་བའི་རྣལ་འབྱོར་པ་གཅིག་གིས་བྱ། དུས་ནི། མར་ངོའི་ཚེས་བཅུ་ཤིས་མོད་ཀྱི། ཡར་ངོས་ཀྱང་འགྲུབ་སྟེ། མཚན་མོར་བྱ། གནས་ནི། ཁང་པ་གཙང་མ་བགེགས་ལ་སོགས་པ་མེད་པ་སྟེ། མི་མ་ཤི་བ་ཡིན་ན་ཁྱད་པར་དགའ། གྲོགས་ནི་བསམ་པ་མཐུན་པ་གསུམ་ནས་ལྔ་ཚུན་ཆད་པྲ་སེན་དབབ་པའི་རྟེན་གཅིག་དང་དྲུག་ཙམ་ལས་མི་མང་བ་ལས་མི་བྱ། དེ་ནས་གནས་ཁང་ཕྱག་དར་བྱ། མར་མེ་སྦར། བུ་ག་ཐམས་ཅད་བཀག་ལ་བཞག་གོ །དེར་མཎྜལ་གཅིག་བཅའ། དེ་ལ་དྲིའི་ཐིག་ལེ་དང༌། མེ་ཏོག་གི་ཚོམ་བུ་ནང་དུ་ལྔ། ཕྱི་རོལ་དུ་བརྒྱད། དེ་ལྷའི་གྲངས་དང་མཐུན་པར་དགོད། ཚོམ་བུ་དབུ་མའི་སྟེང་དུ། བུམ་པ་གཙང་མ་གཅིག་གི་ནང་དུ་རང་གི་མི་བསྐྱོད་པ་འབའ་ཞིག་བླུགས་ལ་བཞག དེའི་སྟེང་དུ་མར་ནག་ལ་རོ་རས་ཀྱི་སྡོང་བུ་བཙུགས་པའི་མར་མེ་གཅིག་བཞག གཡོན་དུ་མཆོད་ཡོན། ཞབས་བསིལ། སྔོན་དུ་འགྲོ་བའི་མཆོད་པ་ལྔ་བཤམ། གཡས་སུ་དཀར་གཏོར་གཅིག་དང༌། དམར་གཏོར་གཅིག་དང་གཉིས་བཞག མདུན་དུ་ཆང་ལ་བདུད་རྩི་བཏབ་ལ་བཤམ། ཡང་མཐེ་བོང་ལ་བསྐུ་བའི་རྫས་བདུད་རྩི་རིལ་བུ་དང༌། མར་མེའི་དུད་པ་དང༌། རྒྱ་སྐགས་དང༌། མར་ནག་རྣམས་ལེགས་པར་བསྲེས་པ་གཅིག་བཞག བདག་གི་མདུན་དུ་མཎྜལ་གྱི་ཕ་གར། ཁྱེའུའམ། བུ་མོ་གཙང་མ་གྲོང་པའི་ཆོས་ཀྱིས་མ་གོས་པ་གཅིག་བཞག དེ་ནས་སྔར་གྱི་གཉིས་པོ་མ་ཡིན་པའི་གཏོར་མ་གཅིག་བཤམས་ལ། ཡུལ་ཕྱོགས་དེའི་ལྷ་འདྲེ་ལ་སྦྱིན། བར་ཕུད་གཏོར་ལ། པྲའི་གེགས་མ་བྱེད་བྱས་ལ་གསོལ་བ་བཏབ་བོ། །འབྱུང་པོ་སྤྱི་ལ་གཏོར་མ་ཅིག་སྦྱིན། བར་ཕུད་གཏོར་ལ་གསོལ་བ་གདབ་བོ། །དེ་ནས་བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ལྷར་དྲན་པ་ཤིན་ཏུ་གལ་ཆེ་བས། དེ་སྔོན་དུ་སོང་བར་བྱས་ལ། བདག་གི་རྣལ་འབྱོར་བསྐྱེད་པར་བྱ་སྟེ། ལྷ་མོ་བཅུ་གསུམ་གྱི་རྣལ་འབྱོར་རམ། ལཱུ་ཧི་པའི་རྒྱས་འབྲིང་གང་རུང་ངམ། རྡོ་རྗེ་དྲིལ་བུ་པའི་གང་རུང་གི་རྣལ་འབྱོར་བསྒོམ། མཆོད་པ་རྒྱས་པས་མཆོད་ལ། ཡི་གེ་བདུན་པ་བརྒྱ་རྩ་བརྒྱད་བཟླའོ། །དེ་ནས་མདུན་གྱི་མཎྜལ་སྟོང་པའི་ངང་ལས་གཞལ་ཡས་ཁང་དུ་བསམ། དབུས་ཀྱི་མེ་ཏོག་ཚོམ་བུ་དང༌། བུམ་པ་དང༌། མར་མེ་དང་བཅས་ཧྃ་ངྃ་བྃ་ལས་རྡོ་རྗེ་རྣལ་འབྱོར་མ་ཞལ་གཅིག་ཕྱག་གཉིས་མ་རྡོ་རྗེ་དང༌། ཐོད་པ་དང༌། ཁ་ཊྭཱཾ་ག་འཛིན་པ་སྟེ། མཁའ་སྤྱོད་མ་བཞིན་དུ་བསྐྱེད། ཕྱོགས་བཞིའི་ཚོམ་བུ་ལ། ལྃ་མྃ་པྃ་ཏཱྃ་ལས་སྙིང་པོའི་རྣལ་འབྱོར་མ་བཞི་བསྐྱེད། ཕྱི་རོལ་གྱི་ཚོམ་བུ་བརྒྱད་ལ་ཧཱུྃ་རིང་པོ་བརྒྱད་ལས་སྒོ་མཚམས་མ་བརྒྱད་དུ་བསྐྱེད། གོ་ཆ་བཅིང་བ་དང༌། ཡེ་ཤེས་པ་གཞུག་པ་དང༌། དབང་བསྐུར་ཞིང་རིགས་ཀྱི་བདག་པོའི་རྒྱས་གདབ་པ་དང༌། མཆོད་བསྟོད་རྒྱས་པར་བྱ་བ་རྣམས་ལཱུ་ཧི་པ་ལ་སོགས་པ་བཞིན་དང་འདྲ། གཏོར་མ་གཉིས་སྦྱངས་ལ། བསྐྱེད་པ་དང་དབུལ་ཐབས་གཞན་དང་འདྲ། འབུལ་བའི་ཡུལ་ནི། དཀར་གཏོར་གོང་གི་རྣལ་འབྱོར་མ་ལྔ་ལ་དབུལ། དམར་གཏོར་སྒོ་མཚམས་མ་བརྒྱད་ལ་དབུལ་ཞིང༌། གསོལ་བ་དྲག་ཏུ་གདབ་བོ། །དེ་ནས་ཚོགས་ཀྱི་ཡོ་བྱད་བྱིན་གྱིས་བརླབས་པ་དང་འབུལ་བ་དང༌། ལོངས་སྤྱོད་པ་དང༌། ལྷག་མའི་གཏོར་མའི་བར་གཞན་དང་འདྲ་བར་བྱའོ། །དེ་ལ་པྲ་རྟེན་དེ་དབང་མ་ཐོབ་པ་ཅིག་ཡིན་ན། ལྷག་གཏོར་མ་ཐོངས་ཀྱི་བར་ལ་ཡོལ་བས་བར་བཅད་པའི་ཕག་ཏུ་བཞག་གོ །དབང་ཐོབ་ན་ལྷན་ཅིག་ཏུ་བསྡད་པས་བཏུབ་བོ། །སྒྲུབ་པ་པོ་གཉིས་ཀྱིས་བདག་ཉིད་སངས་རྒྱས་སུ་བསྐྱེད་ཅིང་མཆོད་པ་ནས་བཟུང་སྟེ། ཆོ་ག་རྫོགས་ཀྱི་བར་དུ་གཉིས་ཀའམ། རེ་མོས་ཀྱིས་ཀྱང་རུང་སྟེ། སྒྲ་མ་ཆག་པར་སུམྦྷ་ནི་བཟླས་པ་གལ་ཆེའོ། །དེ་ནས་པྲ་རྟེན་དེ་ཁྱེའུ་ཡིན་ན་ཡུམ་དང་བཅས་པའི་ཧེ་རུ་ཀ བུ་མོ་ཡིན་ན་ཡབ་དང་བཅས་པའི་རྡོ་རྗེ་ཕག་མོ་དམ་ཚིག་པ་བསྐྱེད། གོ་ཆ་བཅིང༌། དཔྲལ་བར་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་ཨཱཿས་མཚན་པ། སྙིང་གར་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པར་བསྒོམ། ཡེ་ཤེས་པ་གཞུག དབང་བསྐུར་ཞིང་རིགས་ཀྱི་བདག་པོའི་རྒྱས་གདབ། མཆོད་ཡོན་ཞབས་བསིལ་སྔོན་དུ་འགྲོ་བའི་མཆོད་པ་དང༌། ནང་བདུད་རྩིའི་མཆོད་པས་མཆོད་བསྟོད་པས་བསྟོད། ཡི་གེ་བདུན་པ་ཡང་མང་དུ་བཟླས་ཤིང༌། རྟེན་གྱི་མིག་ལ་བྱུག མཐེ་བོང་ལ་བསྐུ་བའི་རྫས་ལ་ཡི་གེ་བདུན་པ་མང་དུ་བཟླས་ལ། མཐེ་བོང་ལ་བསྐུས་ནས་ཨུར་ཏེ་འོད་ལྷག་པ་བྱ། མཐེ་བོང་གི་འཕར་རྩའི་སྟེང་དུ་དྲིའི་ཐིག་ལེ་ལྔ་བྱས་ལ། བྃ་ལྃ་མྃ་པྃ་ཏཱྃ་ལྔ་ལས། ནང་གི་རྣལ་འབྱོར་མ་ལྔར་བསྐྱེད། གོ་ཆ་བཅིང༌། ཡེ་ཤེས་པ་གཞུག དབང་བསྐུར་ཞིང་རིགས་ཀྱི་བདག་པོའི་རྒྱས་གདབ་ཅིང༌། ཅི་འབྱོར་གྱི་མཆོད་པ་དབུལ། དེ་ནས་མར་མེ་དང་དཀྱིལ་འཁོར་བར་དུ་བཅུག་ལ། པྲ་རྟེན་ལ་མཐེ་བོང་བསྟན་ཅིང་ཅི་མཐོང་བ་སྨྲོས་ཤིག གང་ལ་ཡང་སྐྲག་པར་མ་བྱེད་ཅིག ཅེས་ཐོག་མར་བསྒོས་ལ། དེ་ནས་སློབ་དཔོན་སྨྲ་བཅད་བྱས་ལ། གང་དང་གང་འདོད་པའི་དོན་ཡིད་ཀྱིས་དྲི་བར་བྱའོ། །དེ་ལྟར་ན་འདོད་པའི་དོན་མི་འགྲུབ་མི་སྲིད་གསུང༌། རྗེ་མལ་ལོ་ཙཱ་བས་གཉལ་དུ་མཛད་པའི་ལོ་རྒྱུས་ཀྱང་གསུང་ངོ༌། །དོན་གྲུབ་པ་དང༌། དཀྱིལ་འཁོར་དང༌། མཎྜལ་དང༌། མཐེ་བོང་གི་ལྷ་ལ་མཆོད་པས་མཆོད། བཟོད་པར་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུ། པྲ་རྟེན་དང་བླ་མ་ལ་ཁ་ཟས་དང་ནོར་གྱིས་མཉེས་པར་བྱ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །པྲ་སེན་དབབ་པའི་མན་ངག་གོ། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*