སྦྱིན་སྲེག་དང༌། མར་མེའི་སྦྱིན་སྲེག

༼ཉ༽

༄། །སྦྱིན་སྲེག་བཞུགས།།

༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། རྣལ་འབྱོར་མའི་སྦྱིན་སྲེག་བྱེད་པར་འདོད་པས། ཐབ་ཆོས་འབྱུང་གི་དབྱིབས་གྲུ་གསུམ་གྱི་རྣམ་པར་བྱས་ལ་དེར་ཤིང་བརྩིག་གོ །དེ་ནས་ལས་ཐམས་ཅད་པའི་ཐབ་དེར་ཤིང་བརྩིགས་ལ། འབྱོར་ན་མཆོད་པ་རྣམ་ལྔ་གཡོན་དུ་བཤམ། བསྲེག་རྫས་གཡས་སུ་བཤམ། མ་འབྱོར་ན་མཆོད་པ་མ་བཤམ་ཡང་བཏུབ། བསྲེག་རྫས་ལ་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་ཕྱིར་ན་མར་དང༌། ཏིལ་ནག་པོ་འབའ་ཞིག་བཤམ། ཁྱད་པར་དུ་སྡིག་པ་ཞི་བ་ལ་ཏིལ་ནག འབྱོར་པ་རྒྱས་པ་ལ་ཞོ། ཚེ་རྒྱས་པ་ལ་དཱུརྦ། ནོར་གྱི་འབྱོར་པ་རྒྱས་པ་ལ་འབྲུ་སྣ་ཚོགས། དབང་དུ་བྱེད་པ་ལ་མངར་གསུམ་གྱི་རིལ་བུ། དྲག་པོའི་ལས་གང་ཡང་རུང་བ་གཅིག་གིས་དུག་སྣ། ཁྲག་སྣ། སྐེ་ཚེ། ལན་ཚྭ་ལ་སོགས་པ་བསྲེས་པའམ། ཡང་ན་དྲག་པོའི་རྫས་གང་ཡང་རུང་བ་གཅིག་གིས་ཀྱང་ཚར་གཅོད་ནུས་སོ། །ཐབ་དང་ཡོ་བྱད་བཤམ་པའོ། །དེ་ནས་རྫས་བཤམ་པའང་གཡོན་དུ་མཆོད་པ་བཤམ། གཡས་སུ་བསྲེག་རྫས་བཤམ། དྲག་པོའི་ལས་ལྟ་བུ་ཡིན་ན་གོ་བཟློག་སྟེ་བཤམ་མོ། །དེ་ནས་དངོས་གཞི་ལ་འཇུག་པ་ན། རང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་བསྐྱེད། ཅུང་ཟད་སྤྲོས་པ་ལ་དགའ་ན། མེ་སྦར་ལ་ཐབ་ཏུ་མེ་ལྷ་ཕྱག་བཞི་པ་གཞུང་བཞིན་བསྐྱེད། དེ་ལ་མཆོད་པ་རྣམ་པ་ལྔ་དང༌། བསྲེག་རྫས་རྣམས་ཀྱང༌། ཨོཾ་ཨགྣ་ཡེ་སརྦ་པཱ་པཾ་ཤཱནྟྀཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་གསུམ་མམ་ལྔའམ་བདུན་གྱི་བར་དུ་དབུལ། ཡང་མཆོད་དེ་འདོད་པའི་དོན་ལ་གསོལ་བ་གདབ། དེ་ནས་འབར་བའི་རྣམ་པས་ཐིམ་པར་བྱ། སྤྲོས་པ་ལ་མི་དགའ་ན་རྗེ་བཙུན་མ་ཉིད་མཆོད་པ་ནས་བཟུང་སྟེ། ལྷ་མཉེས་པ་ཉིད་ཀྱིས་ཆོ་ག་མ་ཚང་བ་མེད་པ་ཡིན་ནོ། །སྔར་མེ་ལྷ་མཆོད་ན་རྗེ་བཙུན་མ་མཆོད་པའི་རྗེས་ལ། སྐབས་འདིར་མེ་ལྷ་ལ་བསྲེག་རྫས་ལྷག་མ་གསུམ་མམ་ལྔ་ལ་སོགས་པས་མཉེས་པར་བྱའོ། །སྔར་མ་མཆོད་ན་མི་དགོས་སོ། །དེ་ནས་སྐབས་འདིར་དུར་ཁྲོད་བརྒྱད་ལ་ཤ་ཁྲག་དང་བཅས་པའི་གཏོར་མ་གཅིག་དབུལ། བར་ཆད་སྲུང་བ་བཅོལ། དེ་ནས་མེ་ལྷའམ་རྗེ་བཙུན་མའི་ཞབས་ཀྱི་དྲུང་ནས་བླང་བར་དམིགས་ཤིང༌། ལག་པ་གཡོན་པའི་སྲིན་ལག་གིས་སྦྱིན་སྲེག་གི་ཐལ་བ་ཅིག་བླངས་ལ། རང་གི་མཛོད་སྤུར་བསྐུ། ཡང་ན་དཔྲལ་བ། མགྲིན་པ། སྙིང་ག་གསུམ་དུ་བསྐུའོ། །འདི་ནི་སྲུང་བའི་མཆོག་ཡིན་ནོ། དེ་ནས་རྗེ་བཙུན་མའང་གཤེགས་སུ་གསོལ་བའམ་བདག་ཉིད་ལ་བསྡུའོ།། 

«༄། །མར་མེའི་སྦྱིན་སྲེག་བཞུགས།།»

༄༅། །རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པ་གང་ཞིག་མར་མེའི་སྦྱིན་སྲེག་བྱེད་པར་འདོད་ན། མར་མེའི་ཀོང་བུ་ཡངས་པ་ལ་རས་དམར་པོའི་སྡོང་བུ་སྦོམ་པོ་བཙུགས་ལ་མེ་སྦར། འབྱོར་ན་མཆོད་པ་ལྔ་དང་གཏོར་མ་བཤམ། མར་མེ་ལ་རྗེ་བཙུན་མར་བསྐྱེད། མདུན་དུ་ཏིལ་བཞག་ལ་བདག་གི་ཚེ་ཐོག་མ་མེད་པ་ནས་བསགས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་སྙིང་ག་ནས་ཡི་གེ་ཀྃ་གི་རྣམ་པར་བྱུང་ནས་སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ནས་མདུན་གྱི་ཏིལ་ལ་ཐིམ་པར་བསམས་ལ། ངག་ཏུ་ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་ཏིལ་བསྲེག སྡིག་པ་ཐམས་ཅད་འདག་བའི་ཐབས་ཡིན་གསུང༌། རྗེ་བཙུན་གྱི་ཞལ་གདམས་གཞན་ལ་ཕན་པའི་བློས་བཀོད་པའོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*