རྩ་བའི་ལྟུང་བ་བཅུ་བཞི་པའི་འགྲེལ་པ་གསལ་བྱེད་འཁྲུལ་སྤོང༌།

༼ཇ༽

༄༅། །རྩ་བའི་ལྟུང་བ་བཅུ་བཞི་པའི་འགྲེལ་པ་གསལ་བྱེད་འཁྲུལ་སྤོང་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །དེ་ཉིད་དོན་སྟོན་བླ་མའི་མཆོག་རྣམས་དང༌། །གང་ཞིག་མཚུངས་མེད་བདེ་ཆེན་ཞབས་པད་མོར། །ཚངས་དབང་འཇུག་སེལ་དྲག་པོའི་སྤྱི་བོས་མཆོད། །སྲིད་ཞིའི་དགྲར་གྱུར་དེ་ལ་ཕྱག་འཚལ་ལོ། །ལམ་གྱི་རྩ་བ་དམ་ཚིག་དག་གི་ཚོགས། །ཕལ་ཆེར་མི་བསྟེན་བསྟེན་པས་ལོག་པར་བཤད། །དེ་འདྲའི་ཚོགས་ལ་བརྩེ་བའི་བསམ་པ་ཡིས། །མཐུ་སྟོབས་དབང་ཕྱུག་ལུང་བཞིན་གསལ་བར་བཤད། །འདི་ན་རྡོ་རྗེ་ཐེག་པ་ལ་ཞུགས་པའི་སྐྱེ་བོ་ཕལ་ཆེར་ནི། མ་སྨིན་པར་ཟབ་མོ་བསྒོམ་པ་དང༌། སྨིན་ཀྱང་དམ་ཚིག་གི་ཚོགས་མི་བསྟེན་པ་དང༌། བསྟེན་པར་འདོད་པ་དག་གིས་ཀྱང་དམ་ཚིག་གི་ཚོགས་ནོར་ཞིང་འཆོལ་བར་བཀྲལ་བ་དག་བསྟེན་པ་དང༌། མ་འཁྲུལ་བར་སྟོན་པའི་དགེ་བའི་བཤེས་གཉེན་དང་ཕྲད་ཀྱང་ཡུན་རིང་དུ་ཉན་ཞིང་བསྟེན་པར་མི་ནུས་པ་དང༌། ནུས་ཀྱང་བློ་གྲོས་དང་བྲལ་བས་བླ་མའི་གསུང་ལ་གསལ་བར་འཛིན་མི་ནུས་པ་དག་གིས་གང་བར་མཐོང་ནས། དེ་དག་ལ་བརྩེ་བའི་ཕྱིར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ལྡན་བིརྺ་པའི་མན་ངག་བརྒྱུད་དེ་འོངས་པ་གང་ཡིན་པ་དེ་བདག་གིས་བླ་མ་ལས་ཐོས་ཤིང༌། རྒྱུད་ཀྱི་ལུང་གིས་བསྟན་པར་བྱ་བ་འདི་འདྲི་བ་ལ་སྐྱོན་མེད་དོ། །འདིར་བསམ་པ་རྣམ་པར་དག་པས་རྡོ་རྗེ་ཐེག་པ་ལ་ཞུགས་ཤིང་ལམ་བསྒྲུབ་པ་དང༌། དམ་ཚིག་བསྲུང་བར་ནུས་པའི་གང་ཟག་གིས་རྡོ་རྗེ་འཛིན་པའི་ས་དུས་ཇི་ཙམ་ཞིག་གིས་མངོན་དུ་འགྱུར་ཞེ་ན། བརྩོན་འགྲུས་དང་བསྟུན་པའི་བྱེ་བྲག་གིས་གང་ཟག་ནི་བཞི་སྟེ། ཡང་རབ་ཚེ་འདི་ལ་འགྲུབ་པར་འགྱུར་བ་དང༌། རབ་འཆི་ཁར་འགྲུབ་པར་འགྱུར་བ་དང༌། འབྲིང་བར་དོར་འགྲུབ་པར་འགྱུར་བ་དང༌། ཐ་མ་སྐྱེ་བ་བརྒྱུད་དེ་འགྲུབ་པར་འགྱུར་བའོ། །དང་པོའང་ཡང་དག་པར་སྦྱོར་བ་ལས། གཞན་དུ་བསྐལ་པ་གྲངས་མེད་པ། །བྱེ་བས་སངས་རྒྱས་གང་ཐོབ་པ། །གང་གིས་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རབ་ཀྱི་དབང་དུ་བྱས་པ་ཡང༌། ཁ་སྦྱོར་དེ་ཉིད་ལས། ཉིན་ཞིང་བྲམ་ཟེ་གསོད་པ་དང༌། །ཆོམ་རྐུན་ལས་ཀྱི་ལོངས་སྤྱོད་པའང༌། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཕོ་བའི་ལམ་གྱིས་གྲོལ་བར་བཤད་དོ། །འབྲིང་གི་དབང་དུ་བྱས་ནས་ཀྱང་ཡེ་ཤེས་ཐིག་ལེའི་ལེའུ་དྲུག་པ་ལས། ཡང་ན་ལུས་འདི་སྤངས་མ་ཐག བླ་ན་མེད་པའི་ཡེ་ཤེས་སྐུ། །བརྩོན་པར་མི་ལྡན་པས་ཀྱང་འགྲུབ། །བརྩོན་འགྲུས་ལྡན་པས་སྨོད་ཅི་དགོས། །ཞེས་གསུངས་སོ། །སློབ་དཔོན་ཨཱརྻ་དེ་བས་སྤྱོད་པ་བསྡུས་པའི་སྒྲོན་མ་ལས་ཀྱང༌། དེ་བཞིན་དུ་རྣམ་པར་ཤེས་པ་འདིའང༌། ཐོག་མར་འཆི་བའི་ལུས་ཀྱིས་བཞིན་ཡོངས་སུ་སྤངས་ནས། དེས་བྱས་པའི་གཟུགས་སུ་འགྱུར་བས་སོ། །དེ་ལྟར་བྱིས་པ་སོ་སོའི་སྐྱེ་བོའི་སྲིད་པ་བར་མ་ཞེས་བྱ་བ་ནི་འཁོར་བའི་རྒྱུར་འགྱུར་རོ། །དེ་ཉིད་བླ་མ་བརྒྱུད་པའི་རིམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་ཐོབ་པ་རྣམས་ནི་བདག་ལ་བྱིན་གྱིས་རློབ་པ་ཞེས་བྱ་བ་སྟེ། འདི་ལྟར་རྩིག་པའམ་རས་བྲིས་མེ་ལོང་གི་ནང་དུ་ཉེ་བར་སྣང་བ་དེ་བཞིན་དུ། རྡོ་རྗེའི་སྐུའི་ངོ་བོ་ཉིད་ཀྱིས་བདག་ཉིད་སྤྲུལ་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། སྐུ་བལྟ་བས་ཆོག་མི་ཤེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པས་ལུས་བརྒྱན་པ་སྟེ། མདོར་ན་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱིས་བརྒྱན་པ་ཞེས་བྱ་བའི་བར་དུའོ། །ཞེས་གསུངས་སོ། །ཐ་མ་སྐྱེ་བ་བརྒྱུད་དེ་གྲོལ་བ་ལ་གསུམ་སྟེ། སྐྱེ་བ་ནས་འགྲུབ་པར་འགྱུར་བ་དང༌། སྐྱེ་བ་བདུན་ན་འགྲུབ་པར་འགྱུར་བ་དང༌། སྐྱེ་བ་བཅུ་དྲུག་ན་འགྲུབ་པར་འགྱུར་བའོ། །བདུན་ན་འགྲུབ་པར་འགྱུར་བ་ནི། གསང་བའི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ན་ནི། །མ་བསྒོམས་པར་ཡང་དངོས་གྲུབ་འཐོབ། །ཅེས་གསུངས་སོ། །བཅུ་དྲུག་ན་འགྲུབ་པ་ནི། དམ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ནས་འགྲུབ། །ཅེས་གསུངས་སོ། །དེ་ལ་གང་ཟག་གོང་མ་ཐམས་ཅད་ཀྱིའང་ལམ་གྱི་གཞི་ལྟ་བུ་དམ་ཚིག་ཡིན་ལ། གང་ཟག་ཐ་མ་ནི་ལམ་འདི་ཉིད་ཁོ་ནས་གྲོལ་བར་འགྱུར་བ་ཡིན་པའི་ཕྱིར་དབང་གི་རྗེས་ལ་ཐོག་མར་དམ་ཚིག་བསྟན་པར་བྱ་སྟེ། འདི་སྐད་དུ་ཤློ་ཀ་ལྔ་བཅུ་པ་ལས། བསམ་པ་དག་པའི་སློབ་མས་ནི། །དཀོན་མཆོག་གསུམ་ལ་སྐྱབས་སོང་ནས། །བླ་མའི་རྗེས་སུ་འཇུག་པ་ནི། ཁ་ཏོན་བྱ་བར་སྦྱིན་པར་བྱ། །དེ་ནས་དབང་སོགས་བྱིན་ནས་ནི། །དམ་ཆོས་སྣོད་དུ་བྱས་ནས་སུ། །རྩ་བའི་ལྟུང་བ་བཅུ་བཞི་ནི། །བཀླག་དང་འཛིན་པ་ཉིད་དུ་བྱ། །ཞེས་གསུངས་སོ། །མཛོད་ལས་ཀྱང༌། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་བྱ་བ་དང་ཡང་ཚུལ་མཚུངས་པ་ཡིན་ནོ། །དེ་ལ་རྩ་བ་དང་ཡན་ལག་གི་དམ་ཚིག་གི་གཞུང་འདི་རྩོམ་པར་བྱེད་པའི་གང་ཟག་གང་ཞིག་ཡིན། རང་དགའ་སྤང་བར་བྱ་བའི་ཕྱིར་རྒྱུད་ཀྱི་གཞུང་ནི་གང་ལ་བརྟེན། ཟློས་སྐྱོན་སྤང་བར་བྱ་བའི་ཕྱིར་བརྩམས་པ་ལ་དགོས་པ་ཅི་ཡོད། དགོས་པ་དང་ལྡན་པ་འདི་ལ་དོན་ནི་དུ་ཞིག་གིས་རྟོགས་པར་ནུས། ཞེས་བྱ་བ་བཞིས་ཁོང་དུ་ཆུད་པར་བྱའོ། །ཚུལ་བཞིའི་དང་པོ་རྩོམ་པར་བྱེད་པ་ནི། རང་རང་གི་བརྒྱུད་པའི་བླ་མ་གྲུབ་པ་ཐོབ་པ་དག་གིས་ཕྱུང་སྟེ། དེས་ན་བཅུ་བཞི་པོ་ཚུལ་མཚུངས་ཀྱང་ཚིག་གི་སྡེབ་སྦྱོར་དག་མི་འདྲ་བར་སྣང་བ་ཡིན་ནོ། །གཞུང་འདི་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིརྺ་པ་ཉིད་ཀྱིས་ཕྱུང་བ་ཡིན་ཞིང༌། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཕྱུང་བ་ཡིན་ནོ་ཞེས་ཀྱང་གསུང་མོད། གང་ལྟར་ནའང་འགལ་བ་མ་མཐོང་སྟེ། འདི་ནི་བཀའ་ལས་ཕྱུང་བའི་བསྟན་བཅོས་ཡིན་པའི་ཕྱིར་རོ། །གཉིས་པ་གཞུང་གང་ལ་བརྟེན་ནས་བརྩམས་ཞེ་ན། གཞུང་ཇི་ལྟ་བ་བཞིན་དཔལ་གསང་བ་འདུས་པའི་གཞུང་འབུམ་པ་ན་བཞུགས་སོ། །ཞེས་གསུངས་པ་ཡང་གཞུང་འདི་དང་དོན་མཐུན་ཡང་ཚིག་གི་སྡེབ་སྦྱོར་ཅུང་ཟད་མི་མཐུན་པ་ནི། དམ་པ་དང་པོ་དུས་ཀྱི་འཁོར་ལོའི་ལེའུ་གསུམ་པ་དང༌། རྡོ་རྗེ་གུར་གྱི་ལེའུ་བཅོ་ལྔ་པ་དང༌། གཤིན་རྗེ་གཤེད་དགྲ་ནག་པོའི་རྒྱུད་ཀྱི་ལེའུ་བཅུ་བདུན་པ་ལས་ཀྱང་འབྱུང་སྟེ། དེ་དག་ལའང་བརྟེན་པ་ཡིན་ནོ། །གསུམ་པ་ཟློས་པའི་སྐྱོན་སྤང་བ་ནི། དེ་ལྟ་ན་རྒྱུད་དེ་དག་ན་བཞུགས་པ་ཉིད་ཀྱིས་ཆོག་མོད། འདིར་ཕྱུང་བ་ལ་དོན་མེད་དོ་ཞེ་ན། ལས་དང་པོ་པས་གཞུང་རྒྱས་པ་དག་ནས་ནི་མི་རྙེད་ཅིང༌། གཞུང་ཁ་ཅིག་ནི་ཅུང་ཟད་མི་གསལ་ལ། ཁ་ཅིག་ནི་ཅུང་ཟད་འཁྲུགས་པར་སྣང་བས་ན་འདིར་བདེ་བླག་ཏུ་རྟོགས་ཤིང་འཁྲུགས་བསྡེབས་ནས་གསལ་བར་སྟོན་པ་ཡིན་ནོ། །བཞི་པ་དོན་དུས་རྟོགས་པར་ནུས་ཤེ་ན། རྩ་བའི་ལྟུང་བ་དང༌། ཡན་གལ་གི་ལྟུང་བ་ཞེས་བྱ་བས་རྟོགས་པར་ནུས་ལ། ཞིབ་ཏུ་ནི་འོག་ནས་སྟོན་པར་འགྱུར་རོ། །སྤྱིའི་དོན་ཏོ།།  །།ད་ནི་གཞུང་གི་དོན་བརྗོད་པར་བྱ་སྟེ། དེ་ལ་གཉིས། རྩ་བའི་ལྟུང་བ་དང༌། ཡན་ལག་གི་ལྟུང་བ་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཀླད་ཀྱི་དོན་དང༌། གཞུང་གི་དོན་ཏོ། །དང་པོ་ལ་གཉིས། མཆོད་པར་བརྗོད་པ་དང༌། བཤད་པར་དམ་བཅའ་བའོ། །འདི་དག་ལའང་གཉིས་ཏེ། སྤྱིའི་དོན་དང༌། ཡན་ལག་གི་དོན་ཏོ། །དེ་ལ་མཆོད་པར་བརྗོད་པའི་སྤྱིའི་དོན་ལ་བཞི་སྟེ། ཡུལ་གང་ལ། གང་ཟག་གང་གིས། ཚུལ་ཇི་ལྟར། དགོས་པ་ཅི་ཡོད་པའོ། །དེ་ཡང་ཡུལ་གང་ལ་མཆོད་པར་བརྗོད་ཅེ་ན། བླ་མ་རྡོ་རྗེ་སློབ་དཔོན་ལའོ། །གང་ཟག་གང་གིས་མཆོད་པར་བརྗོད་ཅེ་ན། གཞུང་འདི་རྩོམ་པར་བྱེད་པ་པོས་སོ། །ཚུལ་ཇི་ལྟར་མཆོད་པར་བརྗོད་ཅེ་ན། དང་བའི་དད་པ་རྩེ་གཅིག་པ་སྔོན་དུ་སོང་བས་ངག་གི་ཚིགས་སུ་བཅད་པ་བརྗོད་ཅིང༌། ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་བྱས་པའི་ཚུལ་གྱིས་སོ། །མཆོད་པར་བརྗོད་པ་ལ་དགོས་པ་ཅི་ཡོད་ཅེ་ན། གང་ཟག་དམ་པ་རྣམས་དང་སྤྱོད་པ་བསྟུན་པའོ། །དེའི་དགོས་པ་ཡང་བདག་ཉིད་དམ་པར་རྟོགས་པའོ། །ཉིང་དགོས་ནི་དམ་པས་བྱས་པའི་ཕྱིར་གཞུང་ལུགས་འདི་ལ་གཞན་དག་ཀྱང་འཇུག་པར་འགྱུར་བའོ། །བཤད་པར་དམ་བཅའ་བའི་སྤྱིའི་དོན་ནི་བརྗོད་བྱའི་རང་བཞིན་དང༌། རང་དགའ་སྤང་བ་དང༌། ཟློས་སྐྱོན་སྤང་བ་དང༌། ཞར་ལས་བྱུང་བ་བཤད་པར་དམ་བཅའ་བའི་དགོས་པའི་དོན་དང་བཞིས་རྟོགས་པར་ནུས་ཏེ། ཡན་ལག་གི་དོན་གྱི་སྟེང་དུ་རྟོགས་པར་བྱའོ། །ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། ཀུན་ནས་དང་བས་ཞེས་བྱ་བ་ནི་བཅོས་མ་དང༌། གཞན་གྱི་ལད་མོ་ལྟ་བུ་དང༌། མཉེས་ལ་རེ་ལྟ་བུ་མ་ཡིན་ཏེ། དང་བའི་དད་པ་རྩེ་གཅིག་པ་ཞེས་བྱ་བའི་དོན་ཏོ། །བླ་མ་ནི་བུམ་པའི་དབང་བསྐུར་ནས་དེའི་ལམ་དང་ཡན་ལག་སྟོན་པ་ལ་ནི་རྒྱུ་ལུས་ངག་གི་བླ་མ་རྡོ་རྗེ་སློབ་དཔོན་ཞེས་བྱ་ལ། དབང་གོང་མ་རྣམས་བསྐུར་ནས་དེའི་ལམ་དང་ཡན་ལག་སྟོན་པ་ལ་འབྲས་བུ་སེམས་ཀྱི་བླ་མ་རྡོ་རྗེ་སློབ་དཔོན་ཞེས་བྱ་བའོ། །ཡང་ན་དབང་བསྐུར་བ་དང༌། རྒྱུད་བཤད་པ་དང༌། མན་ངག་ཐོབ་པ་སྟེ། སུམ་ལྡན་ནམ། གང་ཡང་རུང་བ་གཉིས་ཐོབ་པ་སྟེ། ཉིས་ལྡན་ནམ། གང་ཡང་རུང་བ་གཅིག་ལས་མ་ཐོབ་ཀྱང་རུང་སྟེ། རྡོ་རྗེ་ཐེག་པའི་བཀའ་དྲིན་ནོས་པ་ལ་ནི་བླ་མ་ཞེས་ཡོངས་སུ་གྲགས་པ་ཡིན་ནོ། །དེའི་སྐུ་ལ་དམན་པ་ཞབས་ཡིན་ལ། ཞབས་ཀྱི་འོག་ན་ཡང་གདན་ཡོད་པས་དམན་པ་ལ་ཕྱག་བྱས་ན་མཆོག་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་སྟོན་པས་ན་པདྨོ་ལ་ཞེས་སྨོས་སོ། །བཏུད་དེ་ཞེས་པ་ནི་ལུས་ཐམས་ཅད་ས་ལ་ཕབ་པའི་སྤྱི་བོས་གདན་ལ་ཕྱག་བྱས་པའོ། །མཆོད་པར་བརྗོད་པའི་དོན་ཏོ། །བཤད་པར་དམ་བཅའ་བའི་ཡན་ལག་གི་དོན་ལ། དང་པོར་བརྗོད་བྱའི་རང་བཞིན་ནི། རྩ་བའི་ལྟུང་བ་བཅུ་བཞི་ནི་ཞེས་སྨོས་ཏེ། དེ་ལ་རྩ་བ་ཞེས་བྱ་བ་བསྲུངས་ན་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཡིན་ལ། མ་བསྲུངས་ན་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་ན་རྩ་བའི་ལྟུང་བ་ཞེས་སྨོས་ཏེ། བཅུ་བཞི་པ་དག་གི་ནང་ནས་གང་ཡང་རུང་བ་གཅིག་ཉམས་ཀྱང་དམ་ཚིག་ཐམས་ཅད་མཐར་གཏུགས་ནས་འབྲས་བུ་འགྲུབ་པའི་སྐལ་བ་མེད་པ་སྟེ། དཔེར་ན་ཤིང་སྡོང་པོ་ཆེན་པོའི་ལོ་མ་དང༌། ཡལ་ག་ལ་སོགས་པ་ཕྲ་མོ་གང་བཅད་ཀྱང་རྩ་བ་ནས་བསྐམ་པར་མི་ནུས་ལ། རྩ་བ་ནས་བཅད་ན་མ་ལུས་པར་བསྐམས་པ་བཞིན་དུ་ཡན་ལག་གི་ལྟུང་བ་ཕྲ་མོ་དག་ཀུན་ཏུ་སྤྱད་ཀྱང་འབྲས་བུ་ཐམས་ཅད་མི་འགྲུབ་པ་མ་ཡིན་ཞིང༌། རྩ་བའི་ལྟུང་བ་ཀུན་ཏུ་སྤྱད་ན་འབྲས་བུ་ཐམས་ཅད་མི་འགྲུབ་པ་ཡིན་ནོ། །དེའང་གང་གི་རྩ་བའི་ལྟུང་བ་ཡིན་ཞེ་ན། རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པ་དག་གི་རྩ་བའི་ལྟུང་བ་ཡིན་ཏེ་གཞན་གྱི་སྐབས་མ་ཡིན་པའི་ཕྱིར་རོ། །བཅུ་བཞི་ནི་ཞེས་བྱ་བ་ནི་གྲངས་ངེས་པ་སྟེ། དེ་ལས་མང་བ་དང་ཉུང་བར་མི་བཏུབ་སྟེ་རྡོ་རྗེ་འཆང་ཆེན་པོས་ཀུན་ཏུ་བཅས་པ་ཡིན་པའི་ཕྱིར་རོ། །རང་བཟོ་སྤང་བར་བྱ་བའི་ཕྱིར། རྒྱུད་ལས་གསུངས་པ་ཞེས་སྨོས་ཏེ། སྔར་བརྗོད་པ་བཞིན་དུ་གསང་བ་འདུས་པ་རྒྱུད་འབུམ་པ་དང༌། དམ་པ་དང་པོ་དང༌། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་དང༌། གཤིན་རྗེ་གཤེད་དགྲ་ནག་པོའི་རྒྱུད་ལས་གསུངས་པ་བཞིན་དུའོ་ཞེས་བྱ་བའི་དོན་ཏོ། །ཟློས་པའི་སྐྱོན་སྤང་བ་ནི་བཤད་པར་བྱ་ཞེས་སྨོས་ཏེ། དེ་ལྟར་ན་རྒྱུད་དག་ན་བཞུགས་པས་ཆོག་མོད། གཞུང་འདིར་བྲིས་ནས་ཅི་བྱེད་ཅེ་ན། ལས་དང་པོ་པ་དག་གིས་འདུས་པའི་རྒྱུད་རྒྱས་པ་ནི་མི་རྙེད་ཅིང༌། དམ་པ་དང་པོ་ནས་ནི་ཅུང་ཟད་བསྡུས་ལ་གཤིན་རྗེ་གཤེད་དགྲ་ནག་པོ་དང༌། རྡོ་རྗེ་གུར་ནས་ཅུང་ཟད་འཁྲུགས་པར་གནས་པས་འདིར་གུད་དུ་ཕྱུང་ལ། ཅུང་ཟད་ཕྱེ་སྟེ་འཁྲུགས་བསྡེབས་ལ་གསལ་བར་བཤད་པར་བྱ་ཞེས་བྱ་བའི་དོན་ཏོ། །ཞར་ལས་བྱུང་བ་བཤད་པར་དམ་བཅས་པའི་དགོས་པའི་དོན་ནི། གཞུང་ལུགས་རྩོམ་པ་མཐར་ཕྱིན་པར་འགྱུར་བ་སྟེ། གང་ཟག་དམ་པ་རྣམས་ཀྱིས་ནི། །སྲོག་ཀྱང་གཏོང་བར་བྱེད་བླ་ཡི། །གང་ཞིག་དམ་བཅས་ཏེ་ལྟར་མིན། །ཞེས་འབྱུང་བས་ན་གང་ཟག་དམ་པ་རྣམས་ནི་དམ་བཅས་པའི་དོན་ཡལ་བར་མི་འདོར་བ་ཞེས་བྱ་བའི་དོན་ཏོ། །ཀླད་ཀྱི་དོན་བསྟན་ཟིན་ཏོ།།  །།ད་ནི་གཞུང་གི་དོན་བརྗོད་པར་བྱ་སྟེ། དེ་ལ་གཞན་གྱིས་བཀྲལ་བའི་དོན་ལོག་པར་རྟོག་པ་མ་རྟོགས་ན། ལེགས་པར་བཀྲལ་བའི་དོན་མི་རྟོགས་པའི་ཕྱིར་ཐོགས་མར་ལོག་པར་རྟོག་པའི་འདོད་པ་ཅུང་ཟད་སྔོན་དུ་བརྗོད་པར་བྱའོ། །དེ་ལ་གཉིས་ཏེ། ལྟུང་བའི་ངོ་བོའི་ལོག་རྟོག་དང༌། བཤགས་ཚད་ཀྱི་ལོག་རྟོག་གོ །དང་པོ་ནི་འདི་ལྟར་ལྟུང་བ་བཅུ་བཞི་པོ་དག་ལ། ཕམ་པ་དང༌། ལྟུང་བ་དང༌། ལྕི་བ་དང༌། སྦོམ་པོ་དང༌། ཡན་ལག་དང༌། ཉེས་བྱས་དང༌། ཕྲ་མོ་དང༌། ཉེས་པ་མེད་པ་ཞེས་བྱ་བ་རྣམ་པ་བརྒྱད་དུ་ཕྱེ་སྟེ་སྟོན་པ་འདི་ནི་ལོག་པར་རྟོག་པ་དང་པོའོ། །གཉིས་པ་དེ་དག་གི་བཤགས་པའི་ཚད་ཀྱི་དབང་དུ་བྱས་ནས། སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པའི་རྣམ་པར་བསྡུས་པ་ལས་འབྱུང་ངོ་ཞེས་རྒྱ་ཆེར་འགྲེལ་པ་ལས་བྲིས་པ། ཕམ་པ་རྫུ་འཕྲུལ་སོགས་ཀྱིས་འདུལ། །ལྟུང་བ་དབང་གི་རིམ་པས་སོ། །ལྕི་བ་ཚོགས་ཀྱི་འཁོར་ལོ་སྟེ། །སྦོམ་པོ་ཚོགས་ཀྱི་ནང་དུ་མཆོད། །ཡན་ལག་ཚོགས་ལ་བཤགས་པ་སྟེ། །ཉེས་བྱས་ཕྲ་མོ་དཀྱིལ་འཁོར་སོགས། །ཉེས་པ་མེད་པ་མཁས་པས་བརྟག །ཅེས་བྱ་བ་ལ་སོགས་པ་བྲིས་ཏེ། ལོག་པར་རྟོག་པ་གཉིས་པའོ། །ད་ནི་དེ་དག་སུན་དབྱུང་བ་བརྗོད་པར་བྱའོ། །ལོག་པར་རྟོག་པ་དང་པོ་ཅིའི་ཕྱིར་མི་འཐད་ཅེ་ན། རྩ་བ་དང་འགལ་བ་དང༌། གཞུང་གཞན་དང་འགལ་བ་དང༌། ཧ་ཅང་ཐལ་བ་དང༌། འགྲེལ་ཆེན་རང་གི་ཚིག་རྣམས་ནང་འགལ་བ་དང་བཞིས་རྟོགས་པར་བྱའོ། །དང་པོ་ནི་རྩ་བའི་ལྟུང་བ་བཅུ་བཞི་ནི་ཞེས་འབྱུང་ལ། སྦོམ་པོ་དང་ལྕི་བ་ལ་སོགས་པ་མི་སྣང་བའི་ཕྱིར་རོ། །དེ་ལྟར་ན་ལོག་པར་རྟོག་པས་སྨྲས་པ། དེ་ལ་ནི་མི་འཐད་པ་མེད་དེ། དབྱེ་བ་དེ་དག་རྩ་བའི་ལྟུང་བ་ཉིད་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ། །ཞེས་ཟེར་ན། སྤྱི་དོན་གཉིས་པ་གཞན་གྱི་གཞུང་དང་འགལ་བ་བརྗོད་པར་བྱ་སྟེ། སྤྱིར་ཐེག་པ་ཆེན་པོའི་གཞུང་རྣམས་ནས་རྩ་བ་དང་ཡན་ལག་ཅེས་བྱ་བ་གཉིས་ལས་བཤད་པ་མེད་ལ། དེ་ལ་ཕམ་པ་ཞེས་བྱ་བ་དང༌། ཕམ་པ་དང་འདྲ་བ་ཞེས་བྱ་བ་དང༌། རྩ་བའི་ལྟུང་བ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་ཡིན་ཏེ་རྩ་བའི་ལྟུང་བ་གང་སྤྱད་ན་བླངས་པའི་སྡོམ་པ་དེ་ཡོངས་སུ་གཏོང་ལ། གང་རྩ་བ་དེ་མ་སྤྱད་ན་ནི་ཡན་ལག་ཕྲ་མོ་དག་སྤྱད་ཀྱང་སྡོམ་པ་དེ་ཡོངས་སུ་མི་གཏོང་བ་ནི་ཐམས་ཅད་མཐུན་པར་སྨྲ་བ་ཡིན་པས་ན་འདིར་ཡང་རྩ་བར་བཤད་པའི་ཕྱིར་གང་སྤྱད་ན་སྡོམ་པ་དག་ཡོངས་སུ་གཏོང་བ་ཡིན་ནོ། །དེ་ལྟར་ཁོ་བོ་ཅག་ཀྱང་སྨྲའོ་ཞེ་ན་རྩ་བར་ཡང་སྨྲ་ཞིང་ཕམ་པ་གཅིག་ལས་མི་འདོད་པ་ལ་སོགས་པ་རང་གི་ཚིག་དང་འགལ་བར་འགྱུར་བ་དུ་མ་འབྱུང་སྟེ་འོག་ཏུ་བརྗོད་པར་བྱའོ། །སྤྱི་དོན་གསུམ་པ་ཧ་ཅང་ཐལ་བ་ནི། འགྲེལ་ཆེན་ལས། གསུམ་པོ་གཅིག་ལ་ལྡན་པ་ལ་བདུན་གྱི་སྦྱོར་བ་དང་ལྡན་པས་ལྟུང་བར་འགྱུར་ཏེ། ཉོན་མོངས་པས་ཀུན་ནས་བསླང་བའི་བསམ་པ་དང༌། དེ་ལ་དེར་འདུ་ཤེས་པ་དང༌། ལུས་ངག་གི་སྦྱོར་བ་བསྟན་པ་དང༌། མཚོན་ཆ་ལ་སོགས་པས་འཚོ་བ་འཕྲོག་པ་དང༌། ཡོངས་སུ་ཤེས་ཤིང་འགྱོད་པ་མེད་པ་དང༌། རྗེས་སུ་ཡི་རང་བ་དང༌། བདག་ཉིད་མ་འཁྲུལ་བའོ། །གལ་ཏེ་སྦྱོར་བ་དེ་དག་དང་ལྡན་པས་འཚོ་བ་དང་ཕྲལ་ན་ཚད་ལས་འདས་པ་སྟེ་ཕམ་པའོ་ཞེས་འབྱུང་སྟེ། བླ་མ་སུམ་ལྡན་སྦྱོར་བ་བདུན་རྫོགས་ཀྱིས་བཀྲོངས་ཀྱང་ལྟུང་བ་ཙམ་ལས་མ་ཡིན་ཞིང༌། བཤགས་ཚད་ལོ་གསུམ་འདས་ནས་གདོད་ཕམ་པར་འགྱུར་རོ་ཞེས་འབྱུང་བས་འདི་ལྟ་བུ་ནི་ཐེག་པ་ཆེན་པོའི་བཀའ་དང་བསྟན་བཅོས་ཐམས་ཅད་ནས་ཀྱང་གསུངས་པ་མེད་ལ། ཧ་ཅང་ཐལ་ནས་འཇིགས་སུ་རུང་བ་སྟེ། ཐོས་པའི་ཡང་འོས་མ་ཡིན་ན་བསྟེན་པར་ལྟ་ག་ལ་རུང་ཞེས་བྱ་བའི་དོན་ཏོ། །ཡང་དག་པའི་རྒྱུད་རྣམས་ཀྱང་དེ་ལོག་པར་རྟོག་པ་ཡིན་པར་སྟོན་ཏེ། འཕགས་པ་རྡོ་རྗེ་གུར་ལས། སློབ་དཔོན་སྨད་པར་མི་བྱ་ཞིང༌། །ཞེས་བྱ་བ་དང༌། འཕགས་པ་རྡོ་རྗེ་རྩེ་མོ་ལས་ཀྱང༌། སློབ་དཔོན་སྨད་པར་མི་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་སྨད་པ་ཙམ་ལ་ལྟུང་བར་འགྱུར་བར་བཤད་ལ། དམ་པ་དང་པོ་ལས། དེའི་སྟེང་དུ་ཐུགས་སུན་ཕྱུང་བས་ལྟུང་བར་འགྱུར་ཏེ། བུ་ཡི་རྩ་བའི་ལྟུང་བ་ནི། དཔལ་ལྡན་བླ་མའི་ཐུགས་སུན་ཕྱུང༌། །རི་བོང་འཛིན་པ་རུ་ནི་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ཕན་ཆད་ཀྱི་ཉེས་པ་ནི་ཧ་ཅང་ཐལ་བར་འགྱུར་རོ། །བཞི་པ་རང་གི་ཚིག་དང་འགལ་བར་འགྱུར་བ་ནི། འགྲེལ་པ་ཆེན་པོ་ནས་འབྱུང་བའི་ཚིག་ཕལ་ཆེར་གོང་འོག་འགལ་བ་འབའ་ཞིག་སྨྲ་བ་ཡིན་ཏེ། གང་ཞེ་ན་བཅུ་བཞི་པོ་མཐའ་དག་སྨྲ་བ་སྟེ། དེ་ཉིད་ལས། རྩ་བ་ནི་རྒྱུའི་དོན་ཏེ། དེ་ཆད་ན་འབྲས་བུ་ལྟུང་བ་མཚན་ཉིད་དོ། །ཞེས་ཀྱང་སྟོན་ཡང་སྦྱོར་བ་བདུན་རྫོགས་ཀྱི་བཤགས་ཚད་དུས་འདས་ནི་ཕམ་པ་ཡིན་ལ། གཞན་ལ་ནི་ཕམ་པ་མེད་དོ་ཞེས་ཀྱང་སྟོན་ཏོ། །ཡང་འགྲེལ་ཆེན་བྱེད་པས་སྨྲས་པ། རྩ་བ་དང༌། ཕམ་པ་དང༌། ཕམ་པ་དང་འདྲ་བ་གསུམ་ནི་མི་འདྲ་སྟེ། རྩ་བ་ནི་རྡོ་རྗེ་ཐེག་པའི་དམ་ཚིག་གི་རྩ་བ་ཡིན་ལ། ཕམ་པ་ཞེས་བྱ་བ་ནི་ཉན་ཐོས་དང༌། རྡོ་རྗེ་ཐེག་པའི་བྱེ་བྲག་ལས་བྱང་ཆུབ་སེམས་དཔའི་གཞུང་ལ་མེད་ལ། ཕམ་པ་དང་འདྲ་བ་ནི་བྱང་ཆུབ་སེམས་དཔའི་གཞུང་ལས་གཞན་ལ་མེད་དོ་ཞེས་སྨྲ་ན་དེ་ལྟ་མ་ཡིན་ཏེ། ཉན་ཐོས་རྣམས་ཀྱང་ཕམ་པ་བཞི་ལ་རྩ་བར་སྨྲ་ལ། མདོ་ནམ་མཁའི་སྙིང་པོ་ལས། བྱང་ཆུབ་སེམས་དཔའ་ལ་རྩ་བའི་ལྟུང་བ་ཉི་ཤུ་བཤད་ཅིང༌། འདི་ཉིད་ལས་ཀྱང༌། རྩ་བའི་ལྟུང་བ་བཅུ་བཞི་ནི། །ཞེས་རྩ་བའི་ལྟུང་བར་བཤད་པའི་ཕྱིར་རོ། །སྤྱིར་ཡང་གཞུང་ཐམས་ཅད་ལས་ཀྱང་ཕམ་པ་དང་ཕམ་འདྲ་གཉིས་འདྲ་ལ། འགྲེལ་ཆེན་འདི་ཉིད་ལས་ཀྱང་འདྲ་བར་བཤད་ལ། རྩ་བ་དུས་འདས་ཕམ་པ་འདྲ། །ཚད་ལྡན་ལྟུང་བར་བཤད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་བཤད་པའི་ཕྱིར་རོ། །གཞན་ཡང་འདི་ལྟ་བུའི་འགལ་བ་དག་སྨྲ་སྟེ། དེ་ཉིད་ལས་ལྟུང་བ་དང་ཕམ་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། ཕམ་པ་ནི་སྦྱོར་བ་རྫོགས་ནས་མ་བཤགས་པའོ། །ལྟུང་བ་ནི་ཚོ་བ་དང་ཕྲལ་ནས་བཤགས་པའི་ཚད་འོག་ནས་འབྱུང་བ་བྱས་པའོ། །འོ་ན་ཅིའི་ཕྱིར་ལྟུང་བ་ཞེས་བྱ་ཞེ་ན། རྡོ་རྗེ་དམྱལ་བ་མ་ཡིན་པ་མྱོང་བའོ་ཞེས་འབྱུང་སྟེ། ཕམ་པ་མ་ཡིན་པ་ལྟུང་བ་མན་ཆད་ཀྱིས་ནི་རྡོ་རྗེ་དམྱལ་བ་མི་བསྐྱེད་པར་ཡང་བཤད་ལ། ཡང་དེ་ཉིད་ལས་རྩ་བའི་ལྟུང་བ་བཅུ་བཞི་སྟེ། དེ་དག་ཆད་ནས་མ་གསོས་ན་རྡོ་རྗེ་དམྱལ་བར་ལྟུང་ངོ༌། །ཞེས་ཐམས་ཅད་ཀྱིས་ཀྱང་རྡོ་རྗེ་དམྱལ་བར་འདྲེན་པར་ཀྱང་བཤད་ལ། ཡང་དེ་ཉིད་ལས་ཕམ་པར་འགྱུར་བ་ལ་ནི་ལོག་སྲེད་ཅན་མ་བཤགས་པ་སྟེ། དེའི་རྣམ་སྨིན་རྡོ་རྗེ་དམྱལ་བ་ནི་མྱོང་བ་མ་ཡིན་པའོ་ཞེས་ཕམ་པས་ཀྱང་རྡོ་རྗེ་དམྱལ་བ་མི་བསྐྱེད་པར་ཡང་བཤད་པས་ན་འགལ་བ་འབའ་ཞིག་སྨྲ་བ་ཡིན་ནོ། །གཞན་ཡང་སྦྱོར་བ་བདུན་རྫོགས་ནས་བཤགས་ཚད་དུས་འདས་ལས་གཞན་ལ་ཕམ་པ་མེད་པར་ཡང་འདོད་ལ། ཡང་དེ་ཉིད་ཀྱི་ལྟུང་བ་བཞི་པའི་སྐབས་ནས་དྲི་མ་ལས་ལྡང་བར་མི་བྱེད་ན་འདི་ནི་ཕམ་པའི་ཉེས་པར་བསྡུས་ཞེས་བཞི་པ་ལ་ཕམ་པ་ཡོད་པར་ཡང་བཤད་དོ། །དེ་ལ་བཞི་པ་ལ་ཕམ་པ་ཡོད་ལ་གོང་འོག་གཞན་ལ་ཕམ་པ་མེད་པ་འདིའང་མི་རིགས་པ་ཡིན་ནོ། །ཡང་ལྟུང་བ་གཉིས་པའི་སྐབས་ནས་འདི་ལ་ཕམ་པ་ནི་མེད་དེ་མ་བཤགས་ན་ལྟུང་བའོ། །ཞེས་དངོས་སུ་བསྟན་པས་ན་ཤུགས་ལས་གཞན་ཐམས་ཅད་ལ་ཕམ་པ་ཡོད་པར་ཡང་མངོན་ཏེ། དེ་ལ་སོགས་པ་ནང་འགལ་བ་འབའ་ཞིག་སྨྲ་བ་ཡིན་ནོ། །དེ་ལྟར་ལོག་པར་རྟོག་པ་དང་པོ་སུན་དབྱུང་བ་བསྟན་ཟིན་ཏོ།།  །།ད་ནི་ལོག་པར་རྟོག་པ་གཉིས་པ་བཤགས་ཚད་ཀྱི་དབང་དུ་བྱས་པ་སུན་དབྱུང་བ་བརྗོད་པར་བྱ་སྟེ། ཕམ་པ་རྫུ་འཕྲུལ་སོགས་ཀྱིས་འདུལ། །ལྟུང་བ་དབང་གི་རིམ་པས་སོ། །ཞེས་བྱ་བ་ལ་སོགས་པ་སྔར་སྨོས་པ་ཉིད་ཡིན་ཏེ། ལོག་སྲེད་ཅན་ཕམ་པ་བྱུང་བ་ལ་རྫུ་འཕྲུལ་ལ་སོགས་པས་སེམས་ཅན་དམྱལ་བའི་འཇིགས་པ་བསྟན་ནས་བཤགས་པ་བྱེད་དུ་འཇུག་སྟེ། དེ་ཡང་བསྐང་བའི་ཚད་ནི་སྦྱིན་སྲེག་གིས་འབུམ་ཕྲག་བདུན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལོག་སྲེད་ཅན་ནི་ཚེ་དེ་ལ་རེ་ཞིག་འདུལ་བའི་སྐབས་མ་ཡིན་པར་བཀའ་བསྟན་བཅོས་མཐའ་དག་ལས་བཤད་པའི་ཕྱིར་འདི་ལ་རིགས་པ་མ་ཡིན་ནོ། །ཡང༌། ལྟུང་བ་དབང་གི་རིམ་པས་སོ། །ཞེས་ལྟུང་བ་བྱུང་བ་རྣམས་དབང་གིས་གསོ་བར་འདི་ཉིད་ནས་ཀྱང་བཤད་ལ། བཅུ་བཞི་པོ་མཐའ་དག་ལ་ལྟུང་བར་ཀྱང་འདི་ཉིད་ལས་བཤད་ཀྱང་ལྟུང་བ་དང་པོ་དང༌། གཉིས་པ་དང༌། གསུམ་པ་དང༌། བཞི་པ་དང༌། བདུན་པ་རྣམས་ཀྱི་ལྕི་བའི་ཕྱོགས་རྣམས་ནི་དབང་གིས་བསྐང་བར་བཤད་ལ། ལྟུང་བ་དགུ་པོ་རྣམས་ནི་ཚོགས་པ་ལ་བཤགས་པ་དང༌། མཎྜལ་གྱིས་བསྐང་བར་བཤད་པས་ཡན་ལག་གི་ཉེས་པ་དང༌། ཕྲ་མོའི་ཉེས་པར་མངོན་ནོ། །དེ་ལྟར་ན་ལྟུང་བར་ཀྱང་བཤད་ལ། ཡན་ལག་དང་ཕྲ་མོའི་ཉེས་པར་འགྱུར་བ་འདི་གཞུང་གི་དོན་དང་ནང་འགལ་བ་ཡིན་ནོ། །རྩ་བའི་ལྟུང་བ་ཡན་ལག་ཚང་བ་རྣམས་ཀྱི་བཤགས་ཚད་ཚོགས་ཀྱི་འཁོར་ལོ་དང༌། ཚོགས་པ་ལ་བཤགས་པ་དང༌། མཎྜལ་གྱིས་བཤགས་སོ་ཞེས་བཤད་པ་འདི་ཡང་འཁྲུལ་པར་སྨྲ་བ་ཡིན་ཏེ། རྩ་བའི་ཚིག་དང༌། གཞུང་གཞན་དང་འགལ་བའི་ཕྱིར་རོ། །དེ་སྐད་དུ་ཡང་རྩ་བ་ལས། གསུམ་ལ་སྐྱབས་འགྲོ་ནས་བརྩམས་ནས། །བྱང་ཆུབ་སེམས་སོགས་སྡོམ་པ་ནི། །གལ་ཏེ་བདག་ལ་ཕན་འདོད་ན། །སྔགས་པས་འབད་དེ་གཟུང་བར་བྱ། །ཞེས་བཤད་ལ། དམ་པ་དང་པོ་ལས་ཀྱང༌། རྩ་བའི་ལྟུང་བ་བྱུང་བ་གང༌། །སླར་ཡང་དཀྱིལ་འཁོར་འདི་རུ་ནི། །དག་པའི་རྒྱུ་རུ་འཇུག་པར་བྱ། །སླར་ཡང་སྣང་བ་ཐོབ་པ་ནི། །ཚོགས་ཀྱི་ནང་དུ་འགྲོ་བ་ན། །རྒན་པའི་མིང་ནི་གཞོན་པ་ཉིད། །ཅེས་གསུངས་སོ། །དེ་ལ་སོགས་པ་སྐྱོན་མེད་པའི་བཀའ་དང་བསྟན་བཅོས་མཐའ་དག་ལས། ཡན་ལག་ཚང་བའི་རྩ་བའི་ལྟུང་བ་བྱུང་བ་རྣམས་ལ་ནི། སྡོམ་པ་དང་དབང་བསྐུར་བ་བླང་དགོས་ལ། རྩ་བ་ཡན་ལག་མ་ཚང་བ་དང༌། ཡན་ལག་རྐྱང་པ་རྣམས་ལ་ནི་ཚོགས་ཀྱི་ནང་དུ་བཤགས་པ་ལ་སོགས་པས་སོར་ཆུད་པར་འགྱུར་རོ། །དེ་ལྟར་ན་ཐེག་པ་ཆེན་པོའི་གཞུང་མཐའ་དག་ནས་རྩ་བའི་ལྟུང་བ་དང༌། ཡན་ལག་གི་ལྟུང་བ་ཞེས་བྱ་བ་གཉིས་ལས། སྦོམ་པོ་དང༌། ལྕི་བ་ཞེས་བྱ་བ་ལ་སོགས་པའི་ལྟུང་བའི་མིང་གི་རྣམ་གྲངས་བཤད་པ་མེད་དོ། །དེས་ན་འགྲེལ་བ་ཆེན་པོའི་བཤད་པ་ཕལ་ཆེར་ནི་རང་གི་གཞུང་ནང་འགལ་ཞིང་ལོག་པར་སྨྲ་བ་འབའ་ཞིག་སྟོན་པ་ཡིན་ནོ། །གཉིས་པ་བསྐང་བའི་ཚད་ཀྱི་ལོག་པར་རྟོག་པ་གཉིས་པ་བསྟན་ཟིན་ཏོ།།  །།དེ་ལྟར་ན་སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པར་བྱེད་པའི་རྒྱ་ཆེར་འགྲེལ་པ་དང༌། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་དོ་ཞེས་ཟེར་བའི་འགྲེལ་པ་ཆུང་བ་དང༌། ལྕམ་ལེགས་སྨིས་མཛད་དོ་ཞེས་ཟེར་བའི་འགྲེལ་པ་དང༌། ཁ་ཆེ་ལེགས་སྨི་ཞེས་བྱ་བས་མཛད་པར་བྱེད་པའི་དམ་ཚིག་གི་འགྲེལ་པ་ཆུང་ངུ་ཞེས་བྱ་བའི་ཚིག་དང་དོན་གྱི་འགྲེལ་པ་རྣམས་དང༌། དོན་གྱི་འགྲེལ་པ་ཡིན་ནོ་ཞེས་ཟེར་བ་དམ་ཚིག་བསྡུས་པ་ཞེས་བྱ་བ་དང༌། སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་ཅེས་ཟེར་བའི་དམ་ཚིག་ཐམས་ཅད་ཀྱི་གསང་བའི་མཛོད་ཅེས་བྱ་བ་དང༌། སློབ་དཔོན་སྙིང་པོ་ཞབས་ཀྱིས་མཛད་ཟེར་བ་རྡོ་རྗེ་ཐེག་པའི་ལྟུང་བ་རྒྱ་ཆེར་འགྲེལ་པ་ཞེས་བྱ་བར་མིང་བཏགས་པ་དང༌། དོན་གྱི་འགྲེལ་པ་གསུམ་སྟེ། གཞུང་དང་དོན་གྱི་འགྲེལ་པ་བདུན་པོ་དེ་དག་ཁོ་བོས་ཀྱང་བླ་མ་ལས་ཐོས་ཤིང༌། གཞན་ལའང་ཅུང་ཟད་འཆད་མོད་ཀྱི། དེ་དག་ནི་ལོག་པར་སྨྲ་བ་འབའ་ཞིག་ཡིན་ལ། མཛད་དོ་ཞེས་ཟེར་བའི་སློབ་དཔོན་ཆེན་པོ་དེ་དག་གིས་ཀྱང་མ་མཛད་པ་ཉིད་དུ་རིག་པར་བྱའོ། །རྣམ་པར་སྤྲོས་པས་ཆོག་གོ །དེས་ལོག་པར་སྨྲ་བ་སུན་དབྱུང་བ་བསྟན་ཟིན་ཏོ།།  །།ད་ནི་ཡང་དག་པའི་བླ་མ་ལས་རིམ་པར་བརྒྱུད་དེ་འོངས་པའི་སྐྱོན་ཐམས་ཅད་སྤངས་པའི་རང་གི་ལུགས་བརྗོད་པར་བྱའོ། །དེ་ལ་ལྟུང་བ་རྣམས་ཀྱི་རང་བཞིན་སོ་སོར་བཤད་པ་དང༌། བསྲུངས་བའི་ཕན་ཡོན་བསྟན་པ་དང༌། མ་བསྲུངས་བའི་ཉེས་དམིགས་དང༌། མི་འབྱུང་བར་བྱ་བའི་ཕྱིར་བསྐྱང་བའི་ཐབས་དང༌། བྱུང་བ་ཕྱིར་བཅོས་པའི་ཐབས་བསྟན་པ་སྟེ་ལྔས་རྗེས་སུ་རིག་པར་བྱའོ། །དང་པོ་ལ་གཉིས་ཏེ། བཅུ་བཞི་པོ་མཐའ་དག་གི་སྤྱིའི་དོན་དང༌། སོ་སོའི་དོན་ཏོ། །དེ་ལ་དང་པོ་ལྟུང་བ་ཐམས་ཅད་ཀྱི་སྤྱིའི་ངག་གི་དོན་ནི་འདི་ཡིན་ཏེ། ལྟུང་བ་རྣམས་ཀྱི་ངོ་བོ་ཉིད་རྣམ་པར་གཞག་པ་དང༌། ཡན་ལག་དུ་ཞིག་གིས་རྩ་བའི་ལྟུང་བར་འགྱུར་བ་དང༌། ལྟུང་བར་འགྱུར་བའི་རྒྱུ་མཚན་དང༌། རྒྱུ་མཚན་དང་བཅས་པ་དེ་མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་དང༌། གལ་ཏེ་བྱུང་བ་ཕྱིར་བཅོས་པའི་ཐབས་དང༌། རྣམ་པར་སྨིན་པ་རྟོགས་པར་བྱ་བའི་ཕྱིར་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའི་ཁྱད་པར་རྣམ་པར་གཞག་པ་སྟེ་དྲུག་གིས་རྟོགས་པར་བྱའོ། །དེ་ལ་ལྟུང་བའི་ངོ་བོ་ཉིད་ནི་ལུས་ངག་ཡིད་གསུམ་ཀས་ཏེ་ཡིད་གཙོ་བོར་གཞག་གོ །གཉིས་པ་ཡན་ལག་དུ་ཚང་ན་ལྟུང་བར་འགྱུར་ཞེ་ན་ལྔ་སྟེ། རྟེན་གྱི་ཡན་ལག་ནི་དམ་ཚིག་དང༌། སྡོམ་པ་དང་ལྡན་ཞིང་ཤེས་པ་རང་བཞིན་དུ་གནས་པ་སྟེ། དེ་དག་མེད་ན་ལྟུང་བར་མི་འགྱུར་རོ། །ཡུལ་གྱི་ཡན་ལག་ནི་ལྟུང་བ་བཅུ་བཞི་པོ་སོ་སོར་འབྱུང་བའི་ཡུལ་ལོ། །ངོ་བོ་ཉིད་ཀྱི་ཡན་ལག་ནི་ཡིད་གཙོ་བོར་གྱུར་པ་སྟེ། ལུས་ངག་ནི་དེའི་གྲོགས་སུ་གྱུར་པའོ། །རྒྱུའི་ཡན་ལག་ནི་ཀུན་སློང་གི་བསམ་པ་ཡིན་ལ་དེ་ལ་བཞི་སྟེ། དེ་སྐད་དུ་བསྡུ་བ་རྣམ་པར་གཏན་ལ་དབབ་པའི་གཞི་བསྡུ་བའི་སྐབས་འདུལ་བ་བསྡུ་བ་ལས། དེ་ཡི་རྒྱུ་ཡང་རྣམ་བཞི་སྟེ། །མི་ཤེས་པ་དང་བག་མེད་དང༌། །ཉོན་མོངས་མང་དང་མ་གུས་པའོ། །ཞེས་གསུངས་ཏེ། དེ་ལ་བྱ་བ་དང་བྱ་བ་མ་ཡིན་པའི་ཆ་མི་ཤེས་པ་ལྟུང་བ་འབྱུང་བའི་རྒྱུ་དང༌། ཤེས་ཀྱང་ཡུལ་དང༌། ལྟུང་བ་ལ་མ་གུས་པ་ལྟུང་བ་འབྱུང་བའི་རྒྱུ་དང༌། སྤྱིར་གུས་ཀྱང་དྲན་པ་དང་ཤེས་བཞིན་གྱིས་མ་ཟིན་ཏེ་བག་མེད་པ་ལྟུང་བ་འབྱུང་བའི་རྒྱུ་དང༌། བསྲུང་བར་འདོད་ཀྱང་ཉོན་མོངས་པས་རང་དབང་མེད་པ་ནི་ཉོན་མོངས་པ་མང་བས་ཀུན་ནས་བསླང་བ་སྟེ། རྒྱུའི་ཡན་ལག་བཞི་སྔོན་དུ་སོང་བའི་རང་རང་གི་ངོ་བོ་འབྱུང་བའི་རྒྱུ་བསམ་པའོ། །དུས་སྐབས་ཀྱི་ཡན་ལག་ནི་དུས་དེ་ལྟ་བུར་གྱུར་པའི་ཚེ་འབྱུང་གི གཞན་དུ་མི་འབྱུང་སྟེ། བཅུ་བཞི་པོ་ཀུན་ལ་འཇུག་པ་མ་ཡིན་ཞེས་གསུངས་མོད་ཀྱང་དུས་སྐབས་ཐམས་ཅད་ནི་ཟིན་པར་བྱས་པ་ཉིད་ཡིན་པའི་ཕྱིར་ཐམས་ཅད་ལ་འཇུག་གོ །ཡང་ཁ་ཅིག་དེ་ལ་དེར་འདུ་ཤེས་པའི་ཡན་ལག་ཅེས་བྱ་བ་གཅིག་དང༌། དྲུག་ཏུ་བྱེད་པ་དེ་ནི་མི་དགོས་ཏེ། བསམ་པའི་ཡན་ལག་གི་རྒྱུ་བཞིའི་རྗེས་ལ་འབྱུང་བ་རྣམས་དེར་འདུ་ཤེས་པ་ཉིད་ཡིན་ནོ། །དེ་ལྟར་ན་ཡན་ལག་ལྔས་ལྟུང་བ་རྫོགས་པར་འགྱུར་རོ། །སྤྱི་དོན་གསུམ་པ་ལྟུང་བར་འགྱུར་བའི་རྒྱུ་མཚན་ནི། ཅིའི་ཕྱིར་ལྟུང་བར་འགྱུར་ཞེ་ན། དབང་གི་སྐབས་སུ་དམ་ལ་བཞག་ཅིང་ཁས་བླངས་པའི་ཕྱིར་རོ། །སྤྱི་དོན་བཞི་པ་མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་ནི། ལྷག་པའི་ལྷའི་འདུ་ཤེས་ལ་སོགས་པ་བསྒོམ་པ་སྟེ། སོ་སོའི་སྟེང་དུ་རྟོགས་པར་བྱའོ། །སྤྱི་དོན་ལྔ་པ་ལྟུང་བ་བྱུང་བ་ཕྱིར་བཅོས་པའི་ཐབས་ནི་གཉིས་ཏེ། ཡན་ལག་མ་ཚང་བ་ལ་ལྟུང་བ་ལས་ལྡང་བ་ཞེས་བྱ་བ་དང༌། ཡན་ལག་ཚང་ནས་རྩ་ལྟུང་དུ་གྱུར་ན་དམ་ཚིག་དང་སྡོམ་པ་ཡང་དག་པར་བླང་བ་ཞེས་བྱ་བ་དབང་བསྐུར་བ་ཡང་དག་པར་བླང་དགོས་སོ། །ལྟུང་བ་ལས་ལྡང་བ་ལ་གསུམ་སྟེ། དམ་ཚིག་རྡོ་རྗེ་བསྙེན་སྒྲུབ་ཡན་ལག་བཞི་དང༌། ཚུལ་གཞན་དང༌། སྟོབས་བཞིའི་སྒོ་ནས་སྡིག་པ་བཤགས་པའོ། །ཞིབ་ཏུ་འོག་ཏུ་བརྗོད་པར་བྱའོ། །སྤྱི་དོན་དྲུག་པ་ཆུང་ངུ་དང་འབྲིང་དང༌། ཆེན་པོ་རྣམ་པར་གཞག་པ་ལ་ལྔ་སྟེ། རྣམ་པར་གཏན་ལ་དབབ་པའི་འདུལ་བ་བསྡུ་བ་དེ་ཉིད་ལས། ལྟུང་བ་རྣམས་ནི་ཆུང་ལ་སོགས། རྣམ་པ་ལྔས་ནི་རིག་པར་བྱ། །ངོ་བོ་ཉིད་དང་ཉེས་པ་དང༌། །བསམ་དང་གཞི་དང་སོགས་པའོ། །ཞེས་འབྱུང་བས་དེ་ལ་ཡུལ་གྱི་སྒོ་ནས་དང༌། བསམ་པའི་སྒོ་ནས་དང༌། ངོ་བོ་ཉིད་ཀྱི་སྒོ་ནས་དང༌། ཉེས་པར་བྱེད་པའི་སྒོ་ནས་དང༌། ལན་གྲངས་ཀྱི་སྒོ་ནས་ཆེ་འབྲིང་རྣམ་པར་གཞག་པ་སྟེ། ལྟུང་བ་ཐམས་ཅད་ལ་ལྔ་ཀ་ཚང་བའི་ངེས་པ་ནི་མེད་དོ། །དེ་ལ་དང་པོ་ཡུལ་ནི་མཆོག་ཏུ་གྱུར་པ་ལ་ཆེན་པོ། འབྲིང་ལ་འབྲིང༌། ཆུང་ངུ་ལ་ཆུང་ངུ་སྟེ། ལྟུང་བ་ལྔ་པ་དང༌། དགུ་པ་དང༌། བཅུ་གཅིག་པ་དང༌། བཅུ་གསུམ་པ་རྣམས་ལ་ནི་མེད་དོ། །བསམ་པ་ནི་ཉོན་མོངས་པ་མང་བས་བསླང་བ་ལ་ཆེན་པོ། མ་གུས་བག་མེད་ལ་འབྲིང༌། མི་ཤེས་པ་ལ་ཆུང་ངུ༌། ངོ་བོ་ཉིད་ནི་ལུས་ངག་ཡིད་གསུམ་ཀ་ཚང་ན་ཆེན་པོ། གཉིས་ལ་འབྲིང༌། ཡིད་གཅིག་པུ་ལ་ཆུང་ངུའོ། །ཡང་ཡིད་གཅིག་པུས་རྫོགས་པ་རྣམས་ལའང་ཡིད་ཀྱི་ཆེ་འབྲིང་བཞག་སྟེ། བདུན་པ་དང་བཅུ་གཉིས་པ་ལ་ནི་ཆུང་ངུ་མེད་དོ། །བཞི་པ་ཉེས་པར་བྱེད་པ་ནི། ཡུལ་དེ་ལ་གནོད་པ་ཆེ་ན་ཆེན་པོ། འབྲིང་ལ་འབྲིང༌། ཆུང་ན་ཆུང་ངུ་སྟེ། དགུ་པ་དང༌། བཅུ་གཅིག་པོ་ནི་མེད་དོ། །ལྔ་པ་ལན་གྲངས་ནི་ཡང་ནས་ཡང་དུ་བྱས་ན་ཆེན་པོ། གཉིས་སམ་གསུམ་ལ་འབྲིང༌། ཐ་མ་ལན་གཅིག་ལ་ཆུང་ངུའོ། །དེ་ལ་ཆེ་འབྲིང་རྣམ་པར་གཞག་པ་འདི་དག་ལྟུང་བའི་ངོས་ནས་གཞག་པ་ནི་མ་ཡིན་ཏེ། ཆུང་ངུ་རྣམས་སྤྱད་ཀྱང་རྩ་བའི་ལྟུང་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདིར་དངོས་གཞིས་ལྟུང་བ་རྫོགས་པར་འདོད་པས་ན་ལན་གྲངས་ཀྱི་སྒོ་ནས་ཆེ་འབྲིང་བཞག་པའི་དུས་སུ་དང་པོ་སྤྱད་ནས། གཉིས་པ་སྤྱོད་པའི་དུས་སུ་རྟེན་གྱི་ཡན་ལག་མ་ཚང་བའི་ཕྱིར་རོ། །དེས་ན་འདི་ནི་རྣམ་པར་སྨིན་པ་ལ་དགོངས་ནས་ཆེ་འབྲིང་བཞག་པ་ཡིན་ནོ། །དེ་ལའང་ཉིང་དགོས་ཅི་ཡོད་ཅེ་ན། དམ་ཚིག་དང་སྡོམ་པ་ཡང་དག་པར་བླངས་ན་ལྟུང་བ་ཆུང་བ་རྣམས་ཀྱི་ལྟུང་བ་དང༌། རྣམ་སྨིན་སོར་ཆུད་པར་འགྱུར་ལ། ཆེན་པོ་རྣམས་ལ་དེའི་རྗེས་ལའང་རྣམ་པར་སྨིན་པ་སོར་ཆུད་པར་བྱ་བའི་ཕྱིར་བཤགས་པའི་ཚད་ཤེས་པའི་དགོས་པ་ཡོད་དོ། །འདིས་ཐམས་ཅད་ཀྱི་སྤྱིའི་དོན་བསྟན་ཟིན་ཏོ།།  །།ད་ནི་ལྟུང་བ་སོ་སོའི་དོན་བརྗོད་པར་བྱ་སྟེ། དེ་དག་རེ་རེ་ལའང་སྤྱིའི་དོན་དང༌། ཡན་ལག་གི་དོན་གཉིས་ཀྱིས་རྟོགས་པར་བྱའོ། །དེ་ལ་རྩ་བའི་ལྟུང་བ་དང་པོའི་སྤྱིའི་དོན་ནི། གོང་དུ་བརྗོད་པ་བཞིན་དྲུག་ཏུ་གནས་པ་ལས་དང་པོ་ལྟུང་བའི་ངོ་བོ་ཉིད་ནི། ཡུལ་བླ་མ་རྡོ་རྗེ་སློབ་དཔོན་ཏེ། དེ་སྐད་དུ་རྒྱུད་རྒྱས་པའི་ལུང་དགྲ་ནག་པོའི་འགྲེལ་པ་ལྷན་ཅིག་སྐྱེས་པ་སྣང་བ་ལས། དམ་ཚིག་ཀློག་པ་སྦྱིན་པ་དང༌། །འཆད་བྱེད་མན་ངག་སྟོན་པ་དང༌། །དབང་བསྐུར་བ་དང་ལས་བྱེད་དང༌། །དེ་རྣམས་སློབ་དཔོན་ཞེས་བཤད་དོ། །ཞེས་རྣམ་གྲངས་དྲུག་ལ་སློབ་དཔོན་དུ་གསུངས་ཏེ། དང་པོ་ནི་བསླབ་བྱ་སྟོན་པ། གཉིས་པ་ནི་རྗེས་སུ་བཟླས་པའི་ལུང་འབོགས་པ། གསུམ་པ་ནི་གཞུང་འཆད་པ། བཞི་པ་ནི་མན་ངག་སྟོན་པ། ལྔ་པ་ནི་དབང་བསྐུར་བ། དྲུག་པ་ནི་རབ་གནས་ལ་སོགས་པ་བྱེད་པ་སྟེ། དབང་གི་ལས་ཀྱི་སློབ་དཔོན་ཡང་བཟུང་ངོ༌། །དེ་དག་ཀྱང་མདོར་བསྡུ་ན། རྒྱུ་ལུས་ངག་གི་བླ་མ་རྡོ་རྗེ་སློབ་དཔོན་དང༌། འབྲས་བུ་སེམས་ཀྱི་བླ་མ་རྡོ་རྗེ་སློབ་དཔོན་ཞེས་ཀྱང་བྱ། དབང་ཐོབ་པ་དང༌། རྒྱུད་ཐོས་པ་དང༌། མན་ངག་ཐོབ་པ་སྟེ། སུམ་ལྡན་ནམ། ཉིས་ལྡན་ནམ། གཅིག་ལྡན་ཏེ། དེ་ལ་སུམ་ལྡན་མ་ཡིན་ན་ཡང་གང་ལ་དབང་ཐོབ་པ་ནི་ཡུལ་ཅུང་ཟད་ལྕི་བའོ། །དེ་ལ་བརྙས་པ་སྟེ་རིགས་སམ། ཚུལ་ཁྲིམས་སམ། ཐོས་པ་ལ་སོགས་པའི་སྒོ་ནས་བདག་ལ་མཆོག་ཏུ་འཛིན་ཅིང༌། བླ་མ་ལ་དམན་པར་འཛིན་པ་ནི་བརྙས་པའོ། །བླ་མ་འདི་ནི་ཚུལ་ཁྲིམས་འཆལ་བའོ། །བྱས་པ་མི་གཟོ་བའོ། །རང་བཞིན་ངན་པའོ། །འཇིག་རྟེན་པའི་སྤྱོད་ཚུལ་ལེགས་པ་དག་དང་མི་ལྡན་པའོ། །ཞེས་ཀུན་ནས་མནར་སེམས་པའི་སྒོ་ནས་བརྙས་པ་སྟེ། དེ་ལ་ལུས་དང་ངག་གིས་གྲོགས་བྱས་ཀྱང་རུང་མ་བྱས་ཀྱང་རུང༌། རྩ་བའི་ལྟུང་བ་སྟེ། དེ་ལ་ལུས་ངག་གི་སྦྱོར་བ་ཅིས་ཀྱང་བསྟན་དགོས་སོ་ཞེས་སྨྲ་བ་འདིའང་ནོར་བ་ཡིན་ནོ། །དེ་སྐད་དུ་འདི་ཉིད་ལས། དེ་བས་དེ་ལ་བརྙས་པ་ནི། །ཞེས་བྱ་བ་དང༌། རྡོ་རྗེ་གུར་ལས། སློབ་དཔོན་སྨད་པར་མི་བྱ་ཞིང༌། །ཞེས་འབྱུང་བ་དང༌། རྡོ་རྗེ་རྩེ་མོ་ལས་ཀྱང༌། སློབ་དཔོན་སྨད་པར་མི་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་བརྙས་པ་དང་སྨད་པའི་ངོ་བོ་ཉིད་ཡོངས་སུ་མ་རྫོགས་པ་ནི། བླ་མ་འདི་ནི་མཆོག་ཡིན་མོད་ཀྱང་ཁོ་བོ་ནི་ཐུགས་ཀྱིས་མ་བཟུང་ངོ་ཞེས་བྱ་བ་ལྟ་བུའམ། བདག་ནི་ཚོགས་ཀྱི་ནང་དུ་འདིས་སྨ་ཕབ་ཅིང་བཤུངས་པས་ན། བདག་གི་ཡིད་ནི་ཀུན་ཏུ་མ་དགའ་བར་གྱུར་ཏོ་སྙམ་པའམ། བླ་མ་ཉིད་རང་གི་བྱ་བ་ལེགས་པར་མི་མཛད་པར་རྟོགས་ནས་དེ་ལ་བརྩེ་བའི་བསམ་པ་ཡོད་ཀྱང་ཚིག་འཇམ་པོས་གསོལ་བ་མི་འདེབས་པར་ཁྲོ་བ་དང་བཅས་པས་བརྡ་སྤྲོས་པ་ལ་སོགས་པ་བློས་ཞིབ་ཏུ་ཕྱེ་ནས་རྟོགས་པར་བྱ་བ་ཡིན་ནོ། །དེ་དག་ནི་བཤགས་པར་བྱ་བ་ཡིན་ནོ། །ལྟུང་བའི་ངོ་བོ་ཉིད་བསྟན་ཟིན་ཏོ།།  །།སྤྱི་དོན་གཉིས་པ་ཡན་ལག་དུས་ལྟུང་བ་རྫོགས་པར་འགྱུར་ཞེ་ན། བླ་མ་གོང་མ་རྣམས་ནི་ལུང་གོང་མ་རྣམས་ཀྱིས་དཔང་པོ་བྱས་ནས་ཡན་ལག་བཞི་ལས་མེད་དོ་ཞེས་གསུང་ཡང་ཡན་ལག་ལྔ་ཀ་དགོས་པར་དམ་པ་དང་པོས་ཤེས་པས་ན། ཡན་ལག་ལྔས་ལྟུང་བ་རྫོགས་པར་འགྱུར་རོ། །གང་ཞེ་ན་རྟེན་གྱི་ཡན་ལག་བདག་དམ་ཚིག་དང༌། སྡོམ་པ་དང་ལྡན་ཞིང་ཤེས་པ་རང་བཞིན་དུ་གནས་པ་སྟེ། དེ་ལ་བདག་དམ་ཚིམ་དང་སྡོམ་པ་དང་མི་ལྡན་ན་བླ་མ་ལ་བརྙས་ཀྱང་རྣམ་པར་སྨིན་པ་ཆེན་པོ་འབྱུང་མོད། རྩ་བའི་ལྟུང་བ་ནི་མ་ཡིན་ནོ། །དམ་ཚིག་དང་སྡོམ་པ་དང་ལྡན་ཡང་ཤེས་པ་ནད་དང་གདོན་གྱིས་བསླད་དེ། རང་བཞིན་དུ་མི་གནས་པས་བརྙས་པ་ལ་སོགས་པ་བྱས་ནའང་བྱས་པའི་ལས་ཕྲ་མོ་བསགས་པའི་ཉེས་པ་འབྱུང་གི རྩ་བའི་ལྟུང་བ་མི་འབྱུང་སྟེ་ཡིད་གཞན་དུ་གྱུར་པའི་ཕྱིར་རོ། །བྱས་པའི་ལས་ཕྲ་མོའང་འབྱུང་བར་མི་རིགས་སོ་ཞེ་ན། བགེགས་ཀྱིས་སེམས་བསླད་ནས་མི་དགེ་བ་ལ་ཞུགས་ན། བསོད་ནམས་འཛད་པར་རིག་པ་མཆོག་ལས། བགེགས་ཀྱིས་བསོད་ནམས་མ་ལུས་འཛད་པར་བྱེད། །ཅེས་གསུངས་སོ། །དེས་ན་ནད་ཞི་བར་བྱེད་པའི་ཐབས་དང༌། གདོན་ཞི་བར་བྱེད་པའི་རིག་སྔགས་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པས་དེ་དག་ལའང་འབད་པར་བྱའོ། །ཡུལ་གྱི་ཡན་ལག་ནི། བླ་མ་རྡོ་རྗེ་སློབ་དཔོན་ཏེ། གོང་དུ་བརྗོད་ཟིན་ཏོ། །ངོ་བོ་ཉིད་ཀྱི་ཡན་ལག་ནི་ཡིད་གཙོ་བོར་གྱུར་པ་དེའང་གོང་དུ་བརྗོད་ཟིན་ཏོ། །འོ་ན་བླ་མ་ལ་ངག་གིས་གྲོགས་བྱས་ཏེ་གཤེ་བའམ། དེའི་སྟེང་དུ་ལུས་ཀྱིས་གྲོགས་བྱས་ཏེ་བརྡེག་པའམ་བཀྲོངས་པའི་བར་དུ་གྱུར་ན་དེ་དག་ལ་ལྟུང་བའི་མིང་ནི་ཇི་སྐད་གདགས། རྣམ་པར་སྨིན་པ་ནི་ཅིར་འགྱུར་ཞེ་ན། ལྟུང་བའི་མིང་ནི་རྩ་བའི་ལྟུང་བ་དང་པོ་ལས་རྣམ་པར་དབྱེ་བ་གཞན་མེད་དེ། ཇི་སྐད་དུ་མདོ་ལས་འདི་ལྟ་སྟེ་ཕ་ཡང་ཡིན་ལ་རང་སངས་རྒྱས་ཀྱང་ཡིན་པ་བསད་པ་འདི་ནི་སྲོག་གཅོད་པ་རྣམས་ཀྱི་ནང་ནས་མ་རུངས་པའོ། །མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་སུན་དབྱུང་བར་བྱས་པ་འདི་ནི་འདོད་པས་ལོག་པར་གཡེམ་པ་རྣམས་ཀྱི་ནང་ནས་མ་རུངས་པའོ། །དཀོན་མཆོག་གི་དཀོར་རྐུ་བ་འདི་ནི་མ་བྱིན་པར་ལེན་པ་རྣམས་ཀྱི་ནང་ནས་མ་རུངས་པའོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་དགེ་བ་བཅུའི་ཁོངས་སུ་སྡིག་ཏོ་ཐམས་ཅད་བསྡུས་པ་དང་འདྲའོ། །ཡང་ཉན་ཐོས་ཀྱི་དབང་དུ་བྱས་ནས་ཀྱང་མཚོན་གཅིག་བརྒྱབ་ནས་མི་བསད་པ་དང༌། པགས་པ་བཤུས་ཏེ་བསད་པ་དང༌། ཤ་ཁམ་བུ་ཁམ་བུར་བཅད་ཅིང་བསད་ན་ཕམ་པ་ཞེས་བྱ་བ་གཅིག་གི་གྲངས་སུ་འགྲོ་ལ། རྣམ་པར་སྨིན་པ་ནི་ཕྱི་མ་ཕྱི་མ་ཆེས་ཆེ་བ་ཡིན་པ་བཞིན་དུ་འདིར་ཡང་རྩ་བའི་ལྟུང་བའི་མིང་དུ་མཚུངས་པ་ཡིན་ནོ། །རྣམ་པར་སྨིན་པ་ནི་ཡིད་ལ་ལུས་ངག་གིས་གྲོགས་བྱས་པ་རྣམས་ཆེ་སྟེ། སངས་རྒྱས་ལ་ངན་སེམས་ཀྱིས་ཁྲག་ཕྱུང་ན་ཡང་མཚམས་མེད་པ་ཡིན་ན་སློབ་དཔོན་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་རྡོ་རྗེ་རྩེ་མོ་ལ་སོགས་པའི་ལུང་སྔར་བརྗོད་པས་ན། སློབ་དཔོན་ལ་གཤེས་སམ། བརྡེགས་སམ། བཀྲོངས་ཀྱང་རུང་སྟེ། སངས་རྒྱས་ཐམས་ཅད་བཀྲོངས་པའི་བར་དུ་ཚུལ་མཚུངས་པ་ཡིན་ནོ། །དེ་སྐད་དུ་བླ་མ་ལྔ་བཅུ་པ་ལས་ཀྱང༌། དེ་འདྲའི་མགོན་ལ་བསམ་བཅས་པས། །སློབ་མར་གྱུར་པས་བརྙས་ན་ནི། །སངས་རྒྱས་ཐམས་ཅད་བརྙས་པས་ན། །དེས་ནི་རྟག་ཏུ་སྡུག་བསྔལ་ཐོབ། །ཅེས་གསུངས་སོ། །ཚུལ་འདི་ནི་གོང་དུ་ལོག་པར་རྟོག་པ་སུན་དབྱུང་བའི་ཧ་ཅང་ཐལ་བའི་སྐབས་སུའང་དྲན་པར་བྱའོ། །བཞི་པ་བསམ་པའི་ཡན་ལག་ནི་བཞི་སྟེ། བླ་མ་ལ་བརྙས་པ་ལྟུང་བར་འགྱུར་བར་མི་ཤེས་པས་མི་ཤེས་པ། ལྟུང་བ་འབྱུང་བའི་རྒྱུ་དང༌། ཤེས་ཀྱང་བླ་མ་ལ་མ་དད་པའི་བསམ་པ་ལས་འབྱུང་བ་དང༌། དད་ཀྱང་དྲན་པ་དང་ཤེས་བཞིན་གྱིས་མ་ཟིན་ཏེ་བག་མེད་པའི་བསམ་པས་འབྱུང་བ་དང༌། བག་ཡོད་ཀྱང་ཉོན་མོངས་པ་དྲག་པོས་རང་དབང་མེད་པ་སྟེ་ཉོན་མོངས་པ་མང་བའི་བསམ་པ་ལས་འབྱུང་བ་སྟེ། དེ་དག་ཐམས་ཅད་དམ་གང་རུང་གཅིག་གིས་ཀུན་ནས་བསླང་སྟེ། ངོ་བོ་བརྙེས་པའི་བསམ་པ་ལས་བྱུང་བའོ། །ལྔ་པ་དུས་སྐབས་ཀྱི་ཡན་ལག་ནི། བླ་མས་ཀྱང་བརྙས་པ་བྱེད་པར་ཀུན་ཏུ་མཁྱེན་ནས་ཐུགས་ཀུན་ཏུ་མ་རངས་པར་འགྱུར་བ་སྟེ། དེ་སྐད་དུ། དཔལ་ལྡན་བླ་མའི་ཐུགས་སུན་ཕྱུང༌། །རི་བོང་འཛིན་པ་རུ་ནི་འགྱུར། །ཞེས་གསུངས་པས་སོ། །དེ་ལྟར་ན་བརྙས་པར་གོ་ཡང་ཐུགས་སུན་མ་ཕྱུང་ན། ཅུང་ཟད་ཙམ་གྱིས་ཡན་ལག་མ་རྫོགས་པར་མངོན་མོད་རེ་ཞིག་དཔྱད་པར་བྱའོ། །ཡན་ལག་དུས་ལྟུང་བར་འགྱུར་བ་བསྟན་ཟིན་ཏོ།།  །།སྤྱི་དོན་གསུམ་པ་འདི་ཅིའི་ཕྱིར་ལྟུང་བར་འགྱུར་ཞེ་ན། དབང་གི་སྐབས་སུ་དམ་ལ་བཞག་ཅིང་ཁས་བླངས་པ་ཡིན་ཏེ། དེ་སྐད་དུ་དེང་ཕྱིན་ཆད་བུ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བྱས་པ་དེ་ཁྱོད་ཀྱིས་བྱ་དགོས་ལ། ང་ལ་ཡང་བརྙས་པར་མ་བྱེད་ཅིག་ཅེས་གསུངས་པ་དང༌། མི་བསྐྱོད་པའི་དམ་ཚིག་གི་སྐབས་སུ་ཡང༌། སློབ་དཔོན་དག་ཀྱང་གཟུང་བར་བགྱི། །ཞེས་གསུངས་པ་དང༌། རྡོ་རྗེ་གུར་ལས་འབྱུང་བའི་རྩ་བའི་ལྟུང་བ་མདོར་བསྡུས་པ་སྒྲགས་པའི་སྐབས་སུའང༌། སློབ་དཔོན་སྨད་པར་མི་བྱ་ཞིང༌། །ཞེས་གསུངས་པ་དང༌། ཡང་རྣམ་པར་སྣང་མཛད་ཀྱི་སྐབས་སུ་སངས་རྒྱས་ཀྱི་ལྟུང་བ་དང་པོ། ཆོས་ཀྱི་གཉིས་པ། དགེ་འདུན་གྱི་གསུམ་པ་བསྟན་པའི་ཕྱིར་རོ། །འོ་ན་ཉེས་པ་ཆེན་པོ་འབྱུང་བར་འགྱུར་བ་དེ་ཁས་བླངས་པ་ལ་ཉིང་དགོས་ཅི་ཡོད་ཅེ་ན། བསྲུངས་ན་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་བའི་རྒྱུར་འགྱུར་བ་ཡིན་ཏེ། ཞིབ་ཏུ་ནི་འོག་ཏུ་ཡན་ལག་གི་དོན་གྱི་སྐབས་སུ་བརྗོད་པར་བྱའོ། །ལྟུང་བར་འགྱུར་བའི་རྒྱུ་མཚན་བསྟན་ཟིན་ཏོ།།  །།སྤྱི་དོན་བཞི་པ་མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་ནི། བླ་མ་ལ་དངོས་གྲུབ་ཐམས་ཅད་སྩོལ་བའི་ཡི་དམ་གྱི་ལྷའི་འདུ་ཤེས་དང༌། འཇིགས་པ་ཆེན་པོ་ལས་སྒྲོལ་བ་དམག་དཔོན་དཔའ་བོའི་འདུ་ཤེས་དང༌། ཆུའི་ཕ་རོལ་ཏུ་འགྲོ་བ་ལ་སྐྱ་བ་འཛིན་པའི་འདུ་ཤེས་དང༌། ནད་ཞི་བར་བྱེད་པ་ལ་སྨན་པའི་འདུ་ཤེས་ལྟ་བུ་ལ་སོགས་པ་བསྒོམ་པར་བྱའོ། །བདག་ལ་ནི་དངོས་གྲུབ་སློང་བ་པོ་དང༌། འཇིགས་པ་ལས་བསྒྲལ་བྱ་དང༌། ཆུའི་ཕ་རོལ་ཏུ་འགྲོ་བ་པོ་དང༌། ནད་པ་དང༌། ཁྱི་དང༌། བྲན་ལྟ་བུའི་འདུ་ཤེས་བསྒོམ་པར་བྱའོ། །མདོར་ན་བླ་མ་ནི་འདོད་པར་བྱ་བ་ཐམས་ཅད་ཀྱི་རག་ལས་པ་མཆོག་ཏུ་གྱུར་པ་ཡིན་ལ། བདག་ནི་རག་ལས་པ་པོ་དམན་པར་འཛིན་པའི་འདུ་ཤེས་ཀྱི་བསླབ་པར་བྱ་བ་ཡིན་ཏེ། ཇི་སྐད་དུ། འཕགས་པ་སྡོང་པོ་བཀོད་པའི་ནོར་བཟངས་ཀྱི་རྣམ་པར་ཐར་པ་ལས། ཁྱེའུ་དཔལ་འབྱུང་དང༌། བུ་མོ་དཔལ་གྱི་བློ་གྲོས་མས་གསུངས་པ་ནི། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་ནི་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་རྗེས་སུ་བསྒྲུབ་པ་ལ་ནི་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་དཔེ་དུ་མའི་སྒོ་ནས་བསྟན་པ་ཡིན་ནོ། །མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་བསྟན་ཟིན་ཏོ།།  །།སྤྱི་དོན་ལྔ་པ་བྱུང་བ་ཕྱིར་བཅོས་པའི་ཐབས་ལ་གཉིས་ཏེ། ཡན་ལག་མ་ཚང་བ་རྣམས་ལ་ལྟུང་བ་ལས་ལྡང་བ་དང༌། ཡན་ལག་ཚང་བ་རྣམས་ལ་དམ་ཚིག་དང་སྡོམ་པ་ཡང་དག་པར་བླང་བའོ། །དེ་ལ་ལྟུང་བ་ལས་ལྡང་བ་ལ་གསུམ་སྟེ། སྟོབས་བཞིའི་སྒོ་ནས་སྡིག་པ་བཤགས་པ་དང༌། བླ་མ་བརྒྱུད་པའི་མན་ངག་གིས་སྦྱར་བ་དམ་ཚིག་རྡོ་རྗེ་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་སྡིག་པ་བཤགས་པ་དང༌། ཚུལ་གཞན་གྱི་སྒོ་ནས་སྡིག་པ་བཤགས་པའོ། །དང་པོ་རྟེན་གྱི་སྟོབས་ནི་ཡུལ་བླ་མ་ཉིད་དམ། བླ་མ་དེ་དང་ཡུལ་འགྱངས་མ་རིང་ལ་སོགས་པར་གྱུར་ཏེ་མ་ཕྲད་ན་སྡོམ་པ་དང་ལྡན་པའི་རྡོ་རྗེ་སྤུན་གྲོགས་སོ། །རྣམ་པར་སུན་འབྱིན་པའི་སྟོབས་ནི་སྔར་བྱས་པའི་ཉེས་པ་ལ་ཤིན་ཏུ་འགྱོད་ཅིང་བཤུངས་པའོ། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི་ཕྱིན་ཆད་འདི་ལྟ་བུ་སྲོག་གི་ཕྱིར་ཡང་མི་བྱེད་དོ་སྙམ་པའི་དམ་བཅའ་བ་བརྟན་པོ་འཆའ་བའོ། །དེ་ལྟ་བུའི་བསམ་པ་དང་ལྡན་པས་རྟེན་གྱི་སྤྱན་སྔའམ། བླ་མའམ། རྡོ་རྗེ་སྤུན་གྱི་དྲུང་དུ་མཎྜལ་བྱ་བའམ། མེད་ཀྱང་རུང་སྟེ་བླ་མའམ་སྤུན་གྲོགས་རྒན་པ་ལ་ཕྱག་བྱ་ཞིང༌། རང་བས་གཞོན་པ་ལ་ནི་ཕྱག་བྱ་མི་དགོས་པས་ཐལ་མོ་སྦྱར་ནས་ཙོག་ཙོག་པོར་འདུག་སྟེ་འདི་སྐད་དུ། བླ་མའམ་རྡོ་རྗེ་སྤུན་གྲོགས་བདག་ལ་དགོངས་སུ་གསོལ། བདག་རིག་པ་འཛིན་པ་མིང་འདི་ཞེས་བྱ་བ་ལ་ཇི་སྐད་དུ་བཤད་པའི་ཉེས་པ་འདི་ལྟ་བུ་ཞིག་བྱུང་ལགས་ན་དེ་ཁྱེད་ཀྱི་སྤྱན་སྔའམ། དྲུང་དུ་མཐོལ་ཞིང་འཆགས་ལགས་སོ། །མཐོལ་ཞིང་བཤགས་ན་ནི་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་བ་ལགས་སོ་ཞེས་ལན་གསུམ་དུ་བརྗོད་དེ། རྟེན་གྱིས་སྨྲས་པ། རིག་པ་འཛིན་པ་ཁྱོད་ཀྱིས་ཉེས་པ་ལ་ཉེས་པར་མཐོང་ངམ། འཆགས་པ་པོས་སྨྲས་པ། མཐོང་ལགས་སོ། །རྟེན་གྱིས་སྨྲས་པ། སླན་ཆད་ཀྱང་སྡོམ་མམ། འཆགས་པ་པོས་སྨྲས་པ། རྡོ་རྗེ་འཆང་གི་བཀའ་བཞིན་ལེགས་པར་གསུངས་པ་སྤྱི་བོས་ལེན་ཅིང་སླན་ཆད་སྡོམ་ལགས་སོ། །རྟེན་གྱིས་སྨྲས་པ། འདི་སྡིག་པ་ཟད་པར་བྱེད་པའི་ཐབས་ཡིན་ནོ། །འཆགས་པ་པོས་སྨྲས་པ། དེ་ནི་ལེགས་ལགས་སོ་ཞེས་བརྗོད་ལ་ཕྱག་བྱ་བའམ། གཞོན་པ་ཡིན་ན་ཕྱག་མི་དགོས་ཏེ་ལྡང་བར་བྱའོ། །བཞི་པ་སོར་ཆུད་པའི་སྟོབས་ནི། ཐབས་དེ་ལྟ་བུས་བདག་གི་སྡིག་པ་ཐམས་ཅད་དག་གོ་སྙམ་དུ་དགའ་བ་བསྒོམ་པ་ཡིན་ནོ། །འདིས་ནི་ཉེས་པ་ཕྲ་མོ་ཐམས་ཅད་སོར་ཆུད་པར་འགྱུར་བ་ཡིན་ནོ། །རང་གི་བློས་ཕྱེ་སྟེ་ཉེས་པ་ཅུང་ཟད་ལྕི་བར་རྟོགས་ན་བཤགས་པ་སྔ་མའི་སྟེང་དུ་གཉིས་པ་དམ་ཚིག་རྡོ་རྗེ་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་སྡིག་པ་བཤགས་པ་ནི། རང་ཡི་དམ་གྱི་ལྷར་གསལ་བའི་སྤྱི་བོར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཁྃ་ལས་རལ་གྲི་ཁྃ་གིས་མཚན་པ་སྤྲོས་བསྡུས་གཅིག་ཏུ་གྱུར་པ་ལས། བཅོམ་ལྡན་འདས་དམ་ཚིག་རྡོ་རྗེ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲི། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཡུམ་དམ་ཚིག་སྒྲོལ་མ་སྐུ་མདོག་ལྗང་གུ་གྲི་གུག་དང་ཐོད་པ་བསྣམས་པས་ཡབ་ལ་འཁྱུད་པའི་ཚུལ་དུ་བཞུགས་པའོ། །གཉིས་ཀའང་ཅུང་ཟད་འཛུམ་ཞིང་ཡིད་ཙམ་ཁྲོ་བ་རལ་པའི་ཐོར་ཚུགས་ཅན། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དར་གྱི་ཤམ་ཐབས་གྲོལ་བ། ཟླ་བ་ལ་རྒྱབ་བརྟེན་པ་བསམ་སྟེ། ཡན་ལག་དང་པོ་བསྙེན་པའི་ཡན་ལག་གོ །གཉིས་ཀའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀའི་སྟོད་དུ་ཧཱུྃ་ནག་པོ། ཐུགས་ཀྱི་ནང་དུ་ཁྃ་ལས་རལ་གྲི་ཁྃ་གིས་མཚན་པ་ལྗང་གུ། དེ་རྣམས་ཀྱིའང་གདན་ནི་ཟླ་བའི་དཀྱིལ་འཁོར་ཏེ། གཉིས་པ་ཉེ་བར་བསྒྲུབ་པའི་ཡན་ལག་གོ །དེའི་ཐུགས་ཀའི་ཁྃ་ལས་འོད་ཟེར་འཕྲོས་ཏེ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ནས། དམ་ཚིག་རྡོ་རྗེའི་རྣམ་པར་བྱས་ཏེ་བསྟིམ་པ་ནི་གསུམ་པ་བསྒྲུབ་པའི་ཡན་ལག་གོ །དེ་གཉིས་ཀྱི་སྤྱི་བོར་དོན་ཡོད་གྲུབ་པ་དབུ་རྒྱན་རང་ཆས་སུ་བསྒོམ་པ་ནི་བཞི་པ་བསྒྲུབ་པ་ཆེན་པོའི་ཡན་ལག་གོ །དེ་ནས་ཐུགས་ཀའི་ཁྃ་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་ཁ་དོག་དཀར་པོའི་རྣམ་པར་བབས་ནས། བཅོམ་ལྡན་འདས་ཡབ་ཡུམ་གྱི་སྐུ་ཐམས་ཅད་ཁེངས་ཏེ་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བདག་གི་སྤྱི་བོའི་གཙུག་ན་མར་བབས་ནས། སྤྱིར་ལས་ཀྱི་སྒྲིབ་པ་ཐམས་ཅད་དང༌། བྱེ་བྲག་ཏུ་གང་ཉེས་པ་བྱས་པ་ཐམས་ཅད་ཁ་དོག་ཏུ་གྲུབ་པ་མེད་ཀྱང་རྣལ་འབྱོར་པའི་བློ་སྦྱང་བའི་ཕྱིར་ནག་པོའི་རྣམ་པ་རྣམས་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་དེད་ནས། འོག་སྒོ་གཉིས་དང་རྐང་མཐིལ་ནས་འཐོན་ནས་ལུས་ཐམས་ཅད་དཀར་མེར་གྱིས་ཁེངས་པར་བསམ་ཞིང༌། ཨོཾ་ཨཱཿཁཾ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་ལན་མང་དུ་བཟླས་ལ། ཐུན་འཇོག་ཁར་ཡབ་ཡུམ་གཉིས་ཀ་སྤྱི་བོ་ན་མར་ཐིམ་སྟེ་སྡིག་པ་ཐམས་ཅད་དག་ནས་བདག་གི་རྒྱུད་བྱིན་གྱིས་བརླབས་པར་བསམ་མོ། །དེ་ལྟ་བུའི་གྲངས་ཀྱི་ངེས་པ་བདུན་འབུམ་ལ་སོགས་པའི་གྲངས་སམ། དུས་ཀྱི་ངེས་པ་ཟླ་བ་དྲུག་གམ། མཚན་མའི་ངེས་པ་ལུས་ལས་ངན་སྐྱུགས་འཐོན་པའམ། གོས་དཀར་པོ་གྱོན་པའམ། ཁྲུས་བྱས་པའམ། ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་རྨི་ལྟས་བཟང་པོ་བྱུང་གི་བར་ལ་བྱའོ། །དེ་ལྟ་བུའི་ཚུལ་གྱིས་བཟླས་བསྒོམ་ཡུན་རིང་དུ་བྱས་ཀྱང་སྒྲིབ་པ་དག་པའི་མཚན་མ་མ་བྱུང་ན་དེའི་སྟེང་དུའང་གསུམ་པ་ཚུལ་གཞན་གྱི་སྒོ་ནས་སྡིག་པ་བཤགས་པར་བྱ་སྟེ། སྔར་གྱི་དེའི་སྟེང་དུ་བརྩོན་འགྲུས་དང་བརྟུལ་པ་མཆོག་ཏུ་གྱུར་པས་རིམ་པ་གཉིས་ཐུན་བཞི་ལ་སོགས་པར་བསྒོམ་པ་དང༌། བཞི་འབུམ་ལ་སོགས་པའི་གྲངས་ཀྱི་བསྙེན་པ་བྱ་བ་དང༌། བསྙེན་པའི་བཅུ་ཆ་ལ་སོགས་པས་ཞི་བའི་སྦྱིན་སྲེག་བྱ་བ་དང༌། དམ་ཚིག་དང་སྡོམ་པ་དང་ལྡན་པའི་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་མང་དུ་བསོགས་ཏེ། ཚོགས་ཀྱི་འཁོར་ལོ་བྱ་བའི་ཚུལ་གྱིས་བསྐང་བ་ནི་གཙོ་བོ་སྟེ། ཐུན་མཚམས་རྣམས་སུ་མདོ་བཀླག་པ་དང༌། སཱཙྪ་གདབ་པ་དང༌། བསྐོར་བ་བྱ་བ་དང༌། གཏོར་མ་གཏང་བ་དང༌། སྲོག་ཆགས་ཀྱི་ཚེ་བསྐྱབ་པ་ལ་སོགས་པའི་ཚུལ་གྱིས་ཀྱང་ཡིན་ནོ། །ཚུལ་གཞན་གྱི་སྒོ་ནས་སྡིག་པ་བཤགས་པ་འདི་ནི་དྲན་པས་མ་ཟིན་ཏེ། དམ་ཚིག་གི་ཉེས་པ་མ་ཚོར་བར་བྱུང་བ་དག་དང༌། ཚེ་ཐོག་མ་མེད་པ་ནས་བསགས་པའི་ལས་ཀྱི་སྒྲིབ་པ་སྦྱང་བ་དང༌། ས་དང་ལམ་གྱི་རིམ་པ་རྣམས་བགྲོད་པར་བྱ་བའི་ཕྱིར་རྒྱུན་དུའང་ཉམས་སུ་བླང་བ་ཡིན་ནོ། །ལྟུང་བ་ལས་ལྡང་བ་བསྟན་ཟིན་ཏོ།།  །།ཕྱིར་བཅོས་པ་གཉིས་པ་དམ་ཚིག་དང་སྡོམ་པ་ཡང་དག་པར་བླང་བ་ནི་ཡན་ལག་ཚང་སྟེ་རྩ་བའི་ལྟུང་བར་གྱུར་ན་ཉན་ཐོས་བཞིན་དུ་སླར་བླང་བའི་སྐལ་བ་མེད་དམ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་སྐད་དུ། རྩ་བའི་ལྟུང་བ་བྱུང་གྱུར་ན། །སླར་ཡང་དཀྱིལ་འཁོར་འདི་རུ་ནི། །དག་པའི་རྒྱུར་ནི་འཇུག་པར་བྱ། །ཞེས་བྱ་བ་དང༌། དཔལ་ཡང་དག་པར་སྦྱོར་བའི་བརྟག་པ་གཉིས་པའི་རབ་ཏུ་བྱེད་པ་གཉིས་པ་ལས་ཀྱང་དམ་ཚིག་ཉམས་པས་རྣལ་འབྱོར་པ་བག་མེད་པར་སྐྱེ་བར་འགྱུར་ཏེ། ཡང་བྱང་ཆུབ་སེམས་དཔའི་དམ་ཚིག་བླང་བར་བྱས་ནས་ཕྱིས་མི་བྱེད་པར་སྡོམ་པ་གཟུང་བར་བྱ་སྟེ། དེའི་ཕྱིར་ཀུན་གྱིས་སྡོམ་པ་དང་ལྡན་པས་ཕྱག་རྒྱའི་རྣལ་འབྱོར་ལ་གནས་པར་བྱའོ། །ཞེས་གསུངས་སོ། །དེ་ལ་སོགས་པ་ཐེག་པ་ཆེན་པོའི་གཞུང་མཐའ་དག་ནས་ཀྱང་རྩ་བའི་ལྟུང་བ་བྱུང་བ་ཐམས་ཅད་ཕྱིས་བླང་དུ་ཡོད་པར་བཤད་པས་ན་ཡང་དག་པའི་བླ་མ་ལས་དབང་ཡོངས་སུ་རྫོགས་པར་བླང་བར་བྱའོ། །གལ་ཏེ་རྣམ་པར་སྨིན་པ་ཆེས་ལྕི་བ་དག་བྱུང་ན་ཡང་དབང་ཡང་ནས་ཡང་དུ་བླང་ཞིང༌། བདག་ཉིད་ཀྱིས་ཀྱང་དཀྱིལ་འཁོར་དུ་འཇུག་པ་ཡང་ནས་ཡང་དུ་བྱས་ལ། གོང་དུ་བརྗོད་པའི་ཚུལ་གཞན་གྱི་སྒོ་ནས་སྡིག་པ་བཤགས་པ་ལ་འབད་པར་བྱ་བ་ཉིད་ཡིན་ནོ། །འོ་ན་རྡོ་རྗེ་ཐེག་པའི་ལུགས་ཀྱིས་ལྟུང་བ་སོར་ཆུད་ན་རྣམ་པར་སྨིན་པའང་སོར་ཆུད་པ་ཡིན་ཏེ་འདི་སྐད་དུ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། བསྐལ་བ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །ཞེས་གསུངས་པས་ན་དབང་གི་རྗེས་ལ་སྡིག་པ་བཤགས་པ་མི་དགོས་སོ་ཞེ་ན། དེ་ནི་བདེན་མོད་ཀྱི། །དབང་བསྐུར་བ་དེས་རྣམ་པར་སྨིན་པ་ཆུང་བ་དང༌། འབྲིང་ནི་གཏན་ནས་འཇོམས་ལ། ཆེན་པོ་ནི་ཟིལ་གྱིས་གནོན་པ་ལ་དགོངས་ཏེ་དཔེར་ན་མུན་ནག་སྟུག་པོ་དང་ལྡན་པའི་ཕུག་ཏུ་སྒྲོན་མེ་བཏེག་ན་མུན་ནག་སྟུག་པོ་དེ་དག་དག་ནས་གསལ་བར་བྱས་པ་ཡིན་མོད་ཀྱི། གསེབ་ཕྲ་མོའི་བར་ཤིན་ཏུ་གསལ་བར་བྱས་པ་ཁོ་ནའང་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་གང་ཟག་མཆོག་མ་ཡིན་པ་རྣམས་ཀྱང་དབང་གི་རྗེས་ཁོ་ན་ལ་གྲོལ་བར་ཐལ་བར་འགྱུར་རོ། །བྱུང་བ་ཕྱིར་བཅོས་པའི་ཐབས་འདི་ཉིད་ནི་ལྟུང་བ་འོག་མ་རྣམས་ལའང་འདི་ཉིད་ཀྱིས་སྦྱར་ཞིང་ཤེས་པར་བྱའོ། །བྱུང་བ་ཕྱིར་བཅོས་པའི་ཐབས་གཉིས་ཀའང་བསྟན་ཟིན་ཏོ།།  །།སྤྱི་དོན་དྲུག་པ་རྣམ་པར་སྨིན་པ་ལ་དགོངས་ནས་ཆེ་འབྲིང་རྣམ་པར་གཞག་པ་ལ་ལྔ། ཡུལ་དང༌། ངོ་བོ་ཉིད་དང༌། བསམ་པ་དང༌། སོགས་པ་དང༌། ཉེས་པར་བྱེད་པའི་སྒོ་ནས་ཆེ་འབྲིང་རྣམ་པར་གཞག་པའོ། །དང་པོ་ཡུལ་གྱི་སྒོ་ནས་ཆེ་འབྲིང་རྣམ་པར་གཞག་པ་ནི། རྡོ་རྗེ་སློབ་དཔོན་སུམ་ལྡན་ལ་ཆེན་པོ། ཉིས་ལྡན་ལ་འབྲིང༌། གཅིག་ལྡན་ལ་ཆུང་ངུ་སྟེ། དེའང་གང་ལས་དབང་ཐོབ་པ་ནི་ཅུང་ཟད་ལྕི་སྟེ། དམ་པ་དང་པོ་ལས་གང་ལས་དབང་ཐོབ་པ་ལས་ལྟུང་བར་གྱུར་པ་དེ་ནི་ཆེས་ལྕིའོ། །ཞེས་གསུངས་པའི་ཕྱིར་རོ། །ངོ་བོ་ཉིད་ཀྱི་སྒོ་ནས་ཆེ་འབྲིང་རྣམ་པར་གཞག་པ་ནི་ཡིད་ལ། ལུས་ངག་གཉིས་ཀས་གྲོགས་བྱས་ན་ཆེན་པོ། གང་རུང་གཅིག་གིས་གྲོགས་བྱས་ན་འབྲིང་པོ། །ཡིད་གཅིག་པུས་བྱས་ན་ཆུང་བའོ། །བསམ་པའི་སྒོ་ནས་ཆེ་འབྲིང་རྣམ་པར་གཞག་པ་ནི། མི་ཤེས་པ་ལ་ཆུང་ངུ༌། མ་གུས་པ་བག་མེད་པ་ལ་འབྲིང༌། ཉོན་མོངས་པ་མང་བ་ལ་ཆེན་པོ། བཞི་ཀ་དང་ལྡན་ན་ཆེས་ལྕི་བ་ཉིད་དུ་འགྱུར་རོ། །སོགས་པའི་སྒོ་ནས་ཆེ་འབྲིང་རྣམ་པར་གཞག་པ་ནི། ཡང་ནས་ཡང་དུ་སྤྱད་ན་ཆེན་པོ། གཉིས་སམ་གསུམ་ལ་འབྲིང༌། ཐ་མ་ལན་གཅིག་སྤྱད་ན་ཆུང་ངུའོ། །ཉེས་པར་བྱེད་པའི་སྒོ་ནས་ཆེ་འབྲིང་རྣམ་པར་གཞག་པ་ནི། ཡུལ་ལ་གནོད་པ་ཆེ་ན་ཆེ། འབྲིང་ན་འབྲིང༌། ཆུང་ན་ཆུང་ངུའོ། །ཆེ་འབྲིང་རྣམ་པར་གཞག་པ་འདི་དག་ལས་ཆུང་བ་རྣམས་ཕྱོགས་གཅིག་ཏུ་སྤྱད་ཀྱང་རྩ་བའི་ལྟུང་བར་འགྱུར་བའི་ཕྱིར་དམ་ཚིག་དང་སྡོམ་པ་ཡང་དག་པར་བླང་བ་ནི་དགོས་ལ། དེའི་རྗེས་ལ་ཆེན་པོ་རྣམས་སྤྱད་ནའང་སྡིག་པ་སྤྱད་པའི་ཚད་ཤེས་པའི་ཕྱིར་ཆེ་འབྲིང་བསྟན་པ་ཡིན་ནོ། །ཆེ་འབྲིང་རྣམ་པར་གཞག་པ་འདི་དག་ལྟུང་བ་འོག་མ་རྣམས་ཀུན་ལ་ཐམས་ཅད་རྫོགས་པར་འཇུག་པའི་ངེས་པ་ནི་མེད་དེ། འཇུག་པ་རྣམས་ལ་ཡུལ་གྱི་སྒོ་ནས་ཆེ་འབྲིང་རྣམ་པར་གཞག་པ་མ་ཡིན་པ་རྣམས་འདི་བཞིན་དུ་འོག་མ་རྣམས་ལའང་རྟོགས་པར་བྱའོ། །ཆེ་འབྲིང་རྣམ་པར་གཞག་པ་བསྟན་ཟིན་ཏོ།།  །།ད་ནི་ཞར་ལས་བྱུང་བ་ཉེས་པ་མེད་པ་བརྗོད་པར་བྱ་སྟེ། སྤྱིར་ཐེག་པ་ཆེན་པོ་མཐའ་དག་གི་ལུགས་ཀྱིས་ལས་ཐམས་ཅད་སེམས་ལས་བྱུང་ཞིང་སེམས་ལས་སོགས་པ་ཡིན་ཏེ། ལུས་ངག་གི་ལས་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །དེ་སྐད་དུ་སློབ་དཔོན་ཨཱརྻ་དེ་བས་སེམས་ཀྱི་སྒྲིབ་སྦྱོང་ལས། མདོའི་ལུང་བྲིས་པ། དགེ་བའམ་ཡང་ན་མི་དགེ་བ། །ལས་ནི་སེམས་ཀྱི་སྤྲུལ་པ་ཡིན། །ཞེས་པ་དང༌། དགེ་སློང་རང་གི་ཕ་རྒན་ལ། །མྱུར་གྱིས་ཞེས་ནི་བསྐུལ་བྱས་པས། །འགྱེལ་ནས་ཤི་དེར་ཉེས་པ་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་དང༌། སྡོམ་པ་ཉི་ཤུ་པ་ལས་ཀྱང༌། སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང༌། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་ཏེ། དེ་ལ་སོགས་པའི་ལུང་དུ་མ་ལ་རྗེས་སུ་བརྟགས་ཏེ་ལྟུང་བར་མི་འགྱུར་བར་མཁས་པ་དག་གིས་ཤེས་པར་བྱ་བ་ཡིན་ནོ། །ཚུལ་འདི་ནི་ལྟུང་བ་འོག་མ་རྣམས་ལ་ཡང་ལྟུང་བ་དང་ལྟུང་བ་མེད་པའི་གཟུགས་བརྙན་དང༌། ལྟུང་བ་མེད་པ་དང༌། ལྟུང་བའི་གཟུགས་བརྙན་དུ་གྱུར་པ་རྣམས་ཀྱང་ཤེས་པར་བྱའོ། །ལྟུང་བ་དང་པོ་འདི་ལ་ནི་ཡུལ་ཆེས་ལྕི་བ་དང༌། ལས་དང་པོ་པས་དགེ་བའི་བསམ་པ་ནི་གང༌། མི་དགེ་བའི་བསམ་པ་ནི་གང༌། ལྟུང་བ་དང་ལྟུང་བ་མེད་པའི་གཟུགས་བརྙན་ནི་གང་ཞེས་བྱ་བ་ལ་སོགས་པ་ནི་མི་ཤེས་ཏེ། གོང་དུ་བཤད་པ་བཞིན་དུ་དཔྱོད་པར་མི་ནུས་པའི་ཕྱིར་འདི་ཉིད་ཀྱི་ལྟུང་བ་མེད་པ་དག་བྱེ་བྲག་ཏུ་བརྗོད་ན། བདག་སེམས་དགེ་ཞིང་ལུས་ངག་གི་སྤྱོད་པ་ལའང་སྐྱོན་མེད་བཞིན་དུ་བླ་མ་དེ་མི་དགེས་པར་གྱུར་ཀྱང་ལྟུང་བར་གཏན་མེད་དོ། །དེ་ལ་ལན་དུ་ཁྲོ་ན་ལྟུང་བ་སྟེ། བླ་མ་དེ་མི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་དང་ལྡན་ཡང༌། བདག་གི་གུས་པ་ནི་ཀུན་ཏུ་དོར་བར་མི་བྱ་ཞེས་མདོ་དག་ལས་གསུངས་པའི་ཕྱིར་རོ། །ཡང་བླ་མ་དེ་ཉིད་ཀྱི་བྱ་བ་སྤྱོད་ཚུལ་དང་མི་ལྡན་པ་མཐོང་ན་དེ་ལ་ཚིག་འཇམ་པོས་གསོལ་བ་བཏབ་ཀྱང་མི་གསན་ན་བརྩེ་བའི་བསམ་པས་དེ་ལ་ཁྲོ་བ་ལྟ་བུར་ཀུན་ཏུ་སྟོན་པ་འདི་ལའང་ལྟུང་བ་མེད་དོ། །བཤགས་བྱ་ལ་ཉེས་པ་མེད་པའི་སྐབས་ནི། སྤྱིར་སེམས་དགེ་བར་གྱུར་ཀྱང་ལུས་ངག་གི་སྤྱོད་ཚུལ་མཛེས་པར་བྱ་དགོས་ཏེ། ཤློ་ཀ་ལྔ་བཅུ་པ་ལས་འབྱུང་བ་བཞིན་ནོ། །དེ་ལ་ཉེས་པ་མེད་པར་དམིགས་ཀྱི་བསྟན་པ་ན་བ་དང༌། བླ་མའི་བྱ་བ་ལ་འདི་སྐད་དུ་བདག་ནི་ན་བས་གཟིར་བའི་ཕྱིར་རམ། བླ་མའི་བྱ་བ་འདི་ལྟ་བུ་བྱེད་པའི་བྱེད་པའི་ཕྱིར་སྤྱོད་ལམ་ཅི་བདེ་བར་ཞུ་ཞེས་ཞུས་ནས་གནང་ན་ཉེས་པ་མེད་དོ། །བླ་མ་ཉིད་དགེས་པར་གྱུར་ན་སྤྱོད་ལམ་ཇི་ལྟ་བུ་ལ་ཡང་ལྟུང་བ་དང་པོའི་ཕྱོགས་ནས་ཉེས་པ་མེད་དོ། །ཚུལ་གཞན་དུ་ན་བག་ཡོད་པས་སྤྱད་པར་བྱའོ། །ལྟུང་བ་མེད་པའི་སྐབས་བཤད་ཟིན་ཏེ་སྤྱིའི་དོན་ཏོ།།  །།ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། གང་ཕྱིར་ཞེས་བྱ་བ་ནི་ལྟུང་བ་དང་པོ་ཅིའི་ཕྱིར་ལྟུང་བར་འཐད་ཅེས་བྱ་བའི་རྒྱུ་མཚན་དྲི་བའོ། །རྒྱུ་མཚན་ནི་སངས་རྒྱས་ཀྱིས་གསུངས་པ་སྟེ། རྡོ་རྗེ་འཛིན་པ་ཡིས་ཞེས་བྱ་བ་སངས་རྒྱས་རྡོ་རྗེ་འཆང་གིས་སོ། །དངོས་གྲུབ་ཅེས་བྱ་བ་ནི་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དོ། །སློབ་དཔོན་རྗེས་འབྲངས་ཞེས་བྱ་བ་ནི་དངོས་གྲུབ་ཐམས་ཅད་སློབ་དཔོན་གྱི་རྗེས་སུ་འབྲང་བའོ་ཞེས་རྒྱུད་མཐའ་དག་ལས་གསུངས་སོ། །གང་དག་ལས་གསུངས་ཤེ་ན། དཔལ་གསང་བ་འདུས་པ་ལས། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པའི་དངོས་གྲུབ་ནི་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་ལ་མཐོང་ངོ༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་གུར་ལས་ཀྱང༌། སངས་རྒྱས་རྡོ་རྗེ་སེམས་དཔའ་དང༌། །རྡོ་རྗེ་ཆོས་དང་གཟི་བརྗིད་དང༌། །བདུན་གྱི་རྒྱལ་པོའི་དངོས་གྲུབ་རྣམས། །གང་ཕྱིར་དེ་ཡི་དཀའ་བ་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་སོགས་པ་མདོ་དང་རྒྱུད་མཐའ་དག་ནས་གསུངས་ཏེ། རྒྱས་པར་བློས་ཕྱེ་སྟེ་རྟོགས་པར་བྱའོ། །དེ་བས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ནི་བླ་མའོ། །བརྙས་པ་ཞེས་བྱ་བ་ནི་ལྟུང་བའི་ངོ་བོ་སྟེ་སྔར་བརྗོད་ཟིན་ཏོ། །རྩ་བའི་ལྟུང་བ་ཞེས་བྱ་བ་ནི་གང་བསྲུངས་ན་དངོས་གྲུབ་ཐམས་ཅད་འབྱུང་ཞིང༌། གང་ཉམས་ན་སྡུག་བསྔལ་ཐམས་ཅད་བསྐྱེད་པའི་རྩ་བ་སྟེ་གོང་དུ་བརྗོད་ཟིན་ཏོ། །དང་པོར་བཤད་ཅེས་བྱ་བ་ནི་རྩ་བའི་ལྟུང་བ་རྣམས་ཀྱི་ནང་ནས་ཆེས་ལྕི་བ་ཡིན་པའི་ཕྱིར་ཐོག་མར་སྨོས་པ་ཡིན་ནོ། །རྩ་བའི་ལྟུང་བ་དང་པོའི་རྣམ་པར་བཤད་པ་རྒྱ་ཆེར་བསྟན་ཟིན་ཏོ།།  །།ད་ནི་རྩ་བའི་ལྟུང་བ་གཉིས་པ་བརྗོད་པར་བྱའོ། །དེ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཡན་ལག་གི་དོན་ཏོ། །དང་པོ་ལ་དོན་དྲུག་ཏུ་གནས་པ་ལས། དང་པོ་ལྟུང་བའི་ངོ་བོ་བརྗོད་པར་བྱ་སྟེ། འདི་ལ་ཁ་ཅིག་འདི་སྐད་དུ་བདེ་བར་གཤེགས་པའི་བཀའ་ནི་གོང་འོག་ནས་འབྱུང་བའི་ལྟུང་བ་རྣམས་ཡིན་ནོ། །ཞེས་ཟེར་ཏེ་དེ་ལྟ་ན་ནི་ལྟུང་བ་གཉིས་པའི་ཁོངས་སུ་ཐམས་ཅད་འདུས་པའི་ཕྱིར་ལྟུང་བ་གཞན་བརྗོད་པ་དོན་མེད་དུ་འགྱུར་བས་འདི་ནི་ལོག་པར་སྨྲ་བའོ། །ཡང་ཁ་ཅིག་བདེ་བར་གཤེགས་པའི་བཀའ་ནི་དགོངས་ཏེ་གསུངས་པ་རྣམས་ཏེ། དེ་ལོག་པར་བཀྲལ་བ་རྣམས་ནི་བཀའ་ལས་འདས་པའོ། །ཞེས་ཟེར་ན་དེ་ནི་མ་ཡིན་ཏེ། དགོངས་ཏེ་གསུངས་པ་རྣམས་ནི་བཞི་པའི་དམ་ཚིག་ཡིན་ནོ། །དེ་སྐད་དུ། དབང་གི་དགོངས་པ་མདོར་བསྡུས་པ་ལས། ཨིནྡྲ་བྷཱུ་ཏིས་བཤད་པ་དགོངས་ཏེ་བཤད་པར་གྱུར་པ་ནི། བཞི་པ་ཡི་ནི་དམ་ཚིག་གོ །ཞེས་གསུངས་པ་ཡིན་ནོ། །འོ་ན་འདིའི་ལྟུང་བའི་ངོ་བོ་གང་ཡིན་ཞེ་ན། སྐྱོན་མེད་པའི་བླ་མ་བརྒྱུད་དེ་འོངས་པས་བསྟན་པ་ནི་བདེ་བར་གཤེགས་པའི་བཀའ་ལ་ཁྱད་དུ་བསད་པ་སྟེ། དེ་ཡང་གང་ཞེ་ན། ཉན་ཐོས་དང་ཐུན་མོང་བའི་ཕམ་པ་བཞི་དང༌། བྱང་ཆུབ་སེམས་དཔའ་དང་ཐུན་མོང་བ་ཕམ་པ་ལྟ་བུའི་ཆོས་བཞི་དང༌། བརྒྱད་ནི་གང་སྤྱད་པ་ཙམ་གྱིས་བྱེ་བྲག་ཏུ་ཁྱད་དུ་གསོད་པའི་བསམ་པ་མེད་ཀྱང་རྩ་ལྟུང་སྟེ། སངས་རྒྱས་ཀྱིས་རྩ་བར་བཅས་པའི་ཕྱིར་སྤྱད་པ་ཉིད་ཀྱིས་ཁྱད་དུ་བསད་པ་ཡིན་ནོ། །བཅས་པ་ཕྲ་མོ་གཞན་ལའང་ཁྱད་དུ་བསད་ན་རྩ་བའི་ལྟུང་བའོ། །འོ་ན་དེ་ལྟ་ན་རྩ་བའི་ལྟུང་བ་གཅིག་པོ་དེ་ཉིད་ཀྱང་དགུར་འགྱུར་རོ་ཞེ་ན་དེ་ནི་མ་ཡིན་ཏེ། ཐམས་ཅད་ཀྱང་ཁྱད་དུ་གསོད་པ་ཞེས་བྱ་བའི་ཁོངས་སུ་འདུས་པ་ཡིན་ཏེ། དཔེར་ན་ཕ་བསད་པ་དང༌། མ་བསད་པ་དང༌། དེ་མ་ཡིན་པའི་མི་གཞན་བསད་པ་དང༌། མིར་རེད་བ་ཙམ་བསད་ཀྱང་རུང་སྟེ། སྲོག་གཅོད་པའི་ཕམ་པ་ཞེས་བྱ་བའི་གྲངས་སུ་གཏོགས་པ་དང་འདྲ་བ་ཡིན་ནོ། །དེ་ལྟ་ན་རྩ་བའི་ལྟུང་བ་གཞན་རྣམས་ཀྱང་བཀའ་ཡིན་པའི་ཕྱིར། བཀའ་ཁྱད་དུ་བསད་པ་ཞེས་བྱ་བ་གཅིག་གི་ཁོངས་སུ་འདུ་བར་མི་འགྱུར་རམ་ཞེ་ན། དེ་ནི་མ་ཡིན་ཏེ། རྩ་བ་བཅུ་གསུམ་དང་གཉིས་པའི་ཕྱོགས་གཅིག་ནི་རྡོ་རྗེ་ཐེག་པའི་གཞུང་མིན་པ་གཞན་ནས་རྩ་བར་བཤད་པ་མེད་པས་ན། ལྟུང་བ་གཉིས་པ་ཁྱད་དུ་གསོད་པ་ཞེས་བྱ་བ་གཅིག་པུའི་ཁོངས་སུ་མི་འདུའོ། །སངས་རྒྱས་ཀྱི་གཞུང་གཞན་དུ་བཅས་པའི་ཕྲ་མོ་རྣམས་དང༌། རྡོ་རྗེ་ཐེག་པ་ཉིད་ཀྱིའང་ཡན་ལག་རྣམས་ལ་ཁྱད་དུ་བསད་ན་ནི། ཁྱད་དུ་བསད་པའི་རྩ་བའི་ཁོངས་སུ་འདུ་བ་ཡིན་ནོ། །དེ་ལ་ཁྱད་དུ་གསོད་པ་ཞེས་བྱ་བ་འདི་ཇི་ལྟ་བུ་ཡིན་ཞེ་ན། སོ་སོར་ཐར་པ་ལས་འབྱུང་བའི་ཕམ་པ་བཞི་དང༌། བྱང་ཆུབ་སེམས་དཔའ་ལས་འབྱུང་བའི་ཕམ་པ་ལྟ་བུའི་ཆོས་བཞི་ནི་བྱེ་བྲག་ཏུ་ཁྱད་དུ་གསོད་པའི་བསམ་པ་མེད་ཀྱང་རྩ་བ་ཉིད་དུ་འགྱུར་ལ། རྩ་བ་སྤྱོད་པ་ལ་ཁྱད་དུ་གསོད་པ་ཡོད་པར་ཡང་མངོན་ནོ། །ཡན་ལག་རྣམས་ལ་བདེ་བར་གཤེགས་པས་བཅས་ཀྱང༌། ཆང་འཐུངས་བས་ནི་ཅི་ཡང་མི་སྟོའོ། །ཞེས་བྱ་བ་ལ་སོགས་པ་ཡིད་ཀྱིས་སེམས་ཤིང་ངག་ཏུ་བརྗོད་པ་ལྟ་བུའམ། རང་རབ་ཏུ་བྱུང་བའམ། རབ་ཏུ་བྱུང་བ་མ་ཡིན་ཀྱང་རུང་སྟེ། བཙུན་པ་ལ་ཕྱི་དྲོའི་ཁ་ཟས་ཙམ་གྱིས་ནི་ཅང་དུ་ཡང་མི་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་ལྟ་བུའམ། རང་དགེ་སློང་ངམ། དགེ་སློང་མ་ཡིན་ཀྱང་རུང་སྟེ། དགེ་སློང་གི་ས་བོན་བཅོམ་པ་ཙམ་གྱིས་ནི་ཅང་དུ་ཡང་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྨྲ་བ་འདི་ནི་བཀའ་ཁྱད་དུ་བསད་པའོ། །ཡན་ལག་ཕྲ་མོ་རྣམས་ལ་འདི་ལྟ་བུ་སྤྱད་ན་རྣམ་པར་སྨིན་པ་ཆེན་པོ་འབྱུང་སྟེ། བདེ་བར་གཤེགས་པས་བཅས་པའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་ཁོ་བོས་ནི་ཚུལ་བཞིན་དུ་བསྒྲུབ་པར་མ་ནུས་ཏེ་ཡན་ལག་གི་ཉེས་པ་འདི་ལྟ་བུ་དག་བྱུང་ངོ་སྙམ་པའི་བསམ་པ་གནོང་ཞིང་ཞུམ་པས་ཀུན་ཏུ་སྤྱད་པ་འདི་ནི་རབ་ཏུ་བྱུང་བ་ལ་སོགས་པ་རང་རང་གིས་ཁས་བླངས་པའི་གང་ཟག་དེ་དག་གི་ཕྱོགས་ལ་ལྟུང་བ་གང་སྤྱད་པ་དེ་དག་ཉེས་བྱས་དང༌། ལྟུང་བྱེད་ཅེས་བྱ་བ་ལ་སོགས་པ་གང་བྱས་པ་དེ་ཉིད་ཀྱི་ཕྱོགས་སུ་འགྱུར་གྱི། རྡོ་རྗེ་ཐེག་པ་ལས་བྱུང་བའི་བཀའ་ཁྱད་དུ་གསོད་པའི་རྩ་བའི་ལྟུང་བ་བྱུང་བ་ནི་མ་ཡིན་ནོ། །ཕམ་པ་བརྒྱད་པོ་འདི་རྡོ་རྗེ་ཐེག་པ་ལ་རྩ་བའི་ལྟུང་བར་འགྱུར་བར་མི་རིགས་སོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཕམ་པ་དང་འདྲ་བ་བཞི་ནི་ངེས་པར་བསྲུང་དགོས་ཏེ། སྟ་གོན་དང་དངོས་གཞིའི་དུས་སུ་ཡང་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་ཐོབ་པ་ཡིན་ལ། རྡོ་རྗེ་ཐེག་པ་ནི་ཐེག་པ་ཆེན་པོ་ཉིད་དང༌། སྤྱི་དང་བྱེ་བྲག་གམ། ཐུན་མོང་དང་ཐུན་མོང་མ་ཡིན་པ་ཙམ་གྱི་ཁྱད་ལས་མེད་དེ། ཐེག་པ་ཆེན་པོ་ཉིད་ཀྱི་ཁོངས་སུ་འདུ་བ་ཡིན་པའི་ཕྱིར་རོ། །སོ་སོར་ཐར་པ་དང་ཐུན་མོང་བ་ཕམ་པ་བཞི་ནི་བསྲུང་དགོས་པ་ཡིན་ཏེ། དབང་གི་སྐབས་སུའང་ཐོབ་ལ། འཕགས་པ་རྡོ་རྗེ་རྩེ་མོ་ལས་ཀྱང༌། །སྲོག་གཅོད་རྐུ་དང་འཁྲིག་པ་དང༌། །བརྫུན་དང་མྱོས་བྱེད་རྣམ་སྤངས་ཏེ། ཁྱིམ་པའི་སྡོམ་པ་ལ་གནས་ནས། །གསང་སྔགས་རྒྱལ་པོ་བསྒྲུབ་པར་བྱ། །གལ་ཏེ་དེ་ནི་རབ་བྱུང་གྱུར། །སྡོམ་པ་གསུམ་ལ་ཡང་དག་གནས། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་རང་གི་སྡོམ་པའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་བསྲུང་དགོས་ནའང་དེ་དག་སོ་སོའི་གཞུང་ན་ཡོད་པས་ཆོག་མོད། འདིར་བཤད་པ་ལ་དོན་མེད་དོ་ཞེ་ན་འདི་ལ་དགོས་པ་ནི་གཉིས་ཏེ། གང་ཟག་བསྲུང་བར་མི་འདོད་པ་ཁ་ཅིག་ཕམ་པ་དང་ཕམ་པ་དང་འདྲ་བ་དག་ནི་དེ་དག་གི་གཞུང་ལ་ཞུགས་པ་རྣམས་ཀྱི་ལྟུང་བ་ཡིན་ལ། ཁོ་བོ་ཅག་རྡོ་རྗེ་ཐེག་པ་ལ་ཞུགས་པ་ལ་ནི་འདི་བསྲུང་མི་དགོས་སོ་སྙམ་པའི་ལོག་རྟོག་དགག་པ་དང༌། ཡང་གང་ཟག་སྡོམ་པ་བསྲུང་བར་འདོད་པ་དག་འདི་སྙམ་དུ་གང་ཟག་གཉིས་པོ་ལའང་ཕམ་པ་དང༌། ཕམ་པ་དང་འདྲ་བར་འགྱུར་ན་ཁོ་བོ་ཅག་རྡོ་རྗེ་ཐེག་པ་ལ་ཆེས་ལྕི་བ་ཞིག་ཏུ་མི་འགྱུར་རམ་སྙམ་པའི་བསམ་པ་དགག་པའི་ཕྱིར་འདིར་ཡང་རྩ་བའི་ལྟུང་བ་ཉིད་དུ་འགྱུར་བ་ཡིན་ནོ། །ཞེས་བསྟན་པ་ཡིན་ནོ། །དེ་དག་ནི་བདེན་མོད། ཕྲ་མོ་རྣམས་ལ་ཁྱད་དུ་བསད་པས་ལྟུང་བ་གཉིས་པ་བདེ་བར་གཤེགས་པའི་བཀའ་ལས་འདས་པར་ཇི་ལྟར་འགྱུར་ཞེ་ན། འདི་ནི་ཆེས་ལྕི་བ་ཉིད་དེ། དེ་སྐད་དུ། དམ་ཚིག་བསླབ་པ་ཁྱད་དུ་གསོད། །དེ་ཕྱིར་བཀའ་ལས་འདས་པའོ། །ཞེས་འབྱུང་བ་དང༌། དྲི་མ་མེད་པ་སྟོང་ཕྲག་བཅུ་གཉིས་པ་ལས། པདྨ་དཀར་པོས་བཤད་པ། དེ་ཡི་བཀའ་ལས་འདས་པ་གཞན། །ཞེས་བྱ་བ་ནི་རྩ་བའི་ལྟུང་བ་གཉིས་པར་འགྱུར་ཏེ། བླ་མའི་བཀའ་བཅག་ཅིང་མི་དགེ་བ་བཅུ་བྱེད་པས་སོ། །ཞེས་གསུངས་སོ། །ཁྱད་དུ་གསོད་པ་འདི་ནི་ཉན་ཐོས་དང་ཕ་རོལ་ཏུ་ཕྱིན་པའི་གཞུང་ལས་ཀྱང་ཆེས་ལྕི་བར་འགྱུར་ཏེ། ཇི་སྐད་དུ་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པས། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུགས། །ཐུབ་ཚུལ་བཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །ཉོན་མོངས་རྨོངས་བདག་རྣམས་ཀྱིས་འཕགས་ལ་སྐུར་པ་དང༌། །དེས་གསུངས་ཆོས་ལ་བརྙས་གང་དེ་ཀུན་ཞེན་ལྟས་བྱས། །དེས་ན་ཞེན་ལྟའི་དྲི་ཅན་དེ་ལ་བློ་མི་སྦྱར། །གོས་གཙང་ཚོན་གྱིས་རྣམ་བསྒྱུར་སྣུམ་གྱིས་གོས་པ་བཞིན། །ཞེས་གསུངས་སོ། །གཞན་ཡང་འདུལ་བ་ལུང་ལས་འབྱུང་བ་བཞིན་དུ་ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཀྱི་སྔོན་གྱི་ལོ་རྒྱུས་རྒྱས་པར་བཤད་པར་བྱའོ། །ད་ནི་ལྟུང་བའི་ངོ་བོ་དེ་དག་སོ་སོ་ནས་བརྗོད་པར་བྱ་སྟེ། ཉན་ཐོས་དང་ཐུན་མོང་བ་བཞི་ནི། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་གཡེམ་པ་དང༌། བརྫུན་གྱི་ཚིག་གོ །བྱང་ཆུབ་སེམས་དཔའ་དང་ཐུན་མོང་བ་ཕམ་པ་ལྟ་བུའི་ཆོས་བཞི་ནི། རྙེད་པ་དང་བཀུར་སྟི་ལ་ཆགས་པའི་བསམ་པས་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དང༌། སྡུག་བསྔལ་ཞིང་མགོན་མེད་པ་ལ་སེར་སྣའི་བསམ་པས་ཆོས་དང་ནོར་མི་སྟེར་བ་དང༌། གཞན་ཉེས་པ་དང་ལྡན་པས་བཤགས་པ་བྱས་ཀྱང་དང་དུ་མི་ལེན་པར་ཁྲོས་ནས་བརྡེག་པ་དང༌། ཐེག་པ་ཆེན་པོ་སྤངས་ནས་ཆོས་ལྟར་བཅོས་པ་སྟོན་པའོ། །ལྟུང་བའི་ངོ་བོ་བསྟན་ཟིན་ཏོ།།  །།སྤྱི་དོན་གཉིས་པ་ཡན་ལག་དུས་ལྟུང་བར་འགྱུར་ཞེ་ན། ཡན་ལག་ནི་ལྔ་ལྔ་སྟེ། བཞི་ལས་མི་འཇུག་པ་ཡང་སྲིད་མོད། དེའང་ལྟུང་བ་རེ་རེ་ནས་སོ་སོར་ཕྱེ་སྟེ་བརྗོད་པར་བྱའོ། །དེ་ལ་རྟེན་གྱི་ཡན་ལག་བདག་དམ་ཚིག་དང་སྡོམ་པ་དང་ལྡན་ཞིང་ཤེས་པ་རང་བཞིན་དུ་གནས་པ་ཞེས་བྱ་བ་ནི་ཐམས་ཅད་ལ་འཇུག་པ་ཡིན་པས་ཀུན་ཏུ་རྟོགས་པར་བྱའོ། །འདིར་ཐུན་མོང་གི་ཕམ་པ་དང་པོའི་ཡུལ་གྱི་ཡན་ལག་ནི། རང་མ་ཡིན་པའི་མིའམ་མིར་རེད་པ་སྟེ། དུད་འགྲོ་ལ་སོགས་པ་འགྲོ་བ་གཞན་བསད་པ་ནི་བཤགས་བྱ་ཉིད་ཡིན་ནོ། །བསམ་པའི་ཡན་ལག་ནི་གོང་དུ་བརྗོད་པའི་ལྟུང་བ་འབྱུང་བའི་རྒྱུ་བཞིས་ཀུན་ནས་བསད་ནས་བསད་པའི་སེམས་དང་ལྡན་པ་དང༌། རྗེས་འགྱོད་པ་མེད་པ་ཉིད་དོ། །ངོ་བོ་ཉིད་ཀྱི་ཡན་ལག་ནི། ལུས་ངག་གི་སྦྱོར་བས་ཡུལ་མ་འཁྲུལ་བ་བསད་པའོ། །དུས་སྐབས་ནི་ཡུལ་དེ་ཤི་བ་ཉིད་དོ། །ཐུན་མོང་གི་ཕམ་པ་གཉིས་པའི་རྟེན་གྱི་ཡན་ལག་ནི་འདྲ་བ་ཉིད་དོ། །ཡུལ་གྱི་ཡན་ལག་ནི་མིར་གྱུར་པའི་ལོངས་སྤྱོད་དེ་མི་མ་ཡིན་པའི་ལོངས་སྤྱོད་བླངས་པ་ནི་བཤགས་བྱ་ཉིད་ཡིན་ནོ། །བསམ་པའི་ཡན་ལག་ནི། རྒྱུ་བཞི་སྔོན་དུ་སོང་བས་གཞན་གྱི་ལོངས་སྤྱོད་མཐུའམ་འཇབ་བུས་བདག་གིར་བྱེད་པར་འདོད་པའོ། །ངོ་བོ་ཉིད་ཀྱི་ཡན་ལག་ནི་རིན་ཐང་ཚང་བའི་ལོངས་སྤྱོད་མཐུའམ་འཇབ་བུས་བདག་གིར་བྱེད་པའོ། །དེ་ལ་རིན་ཐང་ནི་ཟ་མ་གཅིག་འགྲངས་པའི་ཁ་ཟས་བྱ་ན་ཅུང་ཟད་དང་བཅས་པའི་བར་དུ་གྱུར་པ་ཕན་ཆད་ཀྱི་ལོངས་སྤྱོད་དེ། ཀརྴ་པ་ཎ་བཞི་ཆ་ཞེས་བྱ་བའམ། པ་ཎ་གཅིག་སྟེ་འགྲོན་བུ་བརྒྱད་ཅུ་ཡིན་ལ། དེས་ཀྱང་གོང་དུ་སྨོས་པའི་རིན་ཐང་དང་མཉམ་པ་གཅིག དེང་སང་སྔ་མ་གཏན་ཁུགས་པ་ཡིན་ནོ། །ཡུལ་དང་དུས་ཀྱི་བརྩི་བ་ཡང་ཡོད་དེ། ཕལ་ཆེར་ནི་ལོག་པར་ཀྱང་སྨྲ་མོད། འདིར་ནི་འདི་ཡིན་ཏེ། གོང་དུ་སྨོས་པའི་ཁ་ཟས་ཚད་དུ་བཞག་ལ། ཡུལ་གྱི་ཁྱད་དུ་བྱས་ནས་ཀྱང་བྱང་ཕྱོགས་ཀྱི་རྒྱུད་དུ་ནི་རིན་ཐང་ཆེ་བས་ན་འགྲོན་བུ་ཉུང་ཡང་རིན་ཐང་ཚང་ལ། ལྷོ་ཕྱོགས་སུ་ནི་འགྲོན་བུ་མང་ཡང་རིན་ཆུང་བ་ཉིད་ཀྱིས་རིན་ཐང་མ་ཚང་བ་ཡིན་ནོ། །དུས་ཀྱི་དབང་དུ་བྱས་ནས་མུ་གེ་ཆེ་བའི་དུས་སུ་ནི་འགྲོན་བུ་མང་ཡང་རིན་ཐང་མ་ཚང་ལ། འབྲུ་མོད་པའི་དུས་སུ་འགྲོན་བུ་ཉུང་ཡང་རིན་ཐང་ཚང་བ་ཉིད་ཡིན་ནོ། །དེས་ན་ཀརྴ་པ་ཎ་བཞི་ཆ་ཚད་དུ་བཞག་པ་ནི་ཡུལ་མ་ག་དྷཱར་འབྲུ་དཀོན་མོད་འབྲིང་གི་དབང་དུ་བྱས་ནས་བཞག་པ་ཡིན་མོད། ཕྱོགས་ཐམས་ཅད་དུ་ནི་ཁ་ཟས་ཚད་དུ་བྱས་པ་དེ་ཉིད་ཀྱིས་ཤེས་པར་འགྱུར་བ་ཡིན་ནོ། །དུས་སྐབས་ཀྱི་ཡན་ལག་ནི་ཟིན་པར་བྱས་པ་སྟེ། གྲུབ་བློ་དང་གནས་ནས་སྦགས་པ་གཉིས་ཀ་དགོས་མོད། གང་ཕྱིས་འབྱུང་བ་ཉིད་ཀྱིས་རྫོགས་པ་ཉིད་དོ། །དེ་ལ་ཁ་ཅིག་ལ་གཞན་གྱི་ལོངས་སྤྱོད་པ་ནི་བདག་གིར་འགྱུར་ངེས་སོ་སྙམ་དུ་གྲུབ་བློ་སྐྱེས་ནས་ཕྱིས་གནས་ནས་སྦགས་པའང་ཡོད། ཁ་ཅིག་གིས་ནི་གནས་ནས་སྦགས་ཀྱང་གཞན་གྱིས་ཚོར་ན་ནོར་འདི་ནི་བདག་གི་ཡིན་མིན་གཏོལ་མེད་དོ་ཞེས་བསམ་ནས་ཕྱིས་གྲུབ་བློ་སྐྱེས་པ་ན་ལྟུང་བ་རྫོགས་པ་ཉིད་དོ། །ཐུན་མོང་གི་ཕམ་པ་གསུམ་པའི་རྟེན་གྱི་ཡན་ལག་འདྲ་བ་ཉིད་དོ། །ཡུལ་གྱི་ཡན་ལག་ནི་བགྲོད་པར་བྱ་བ་མ་ཡིན་པ་རྣམས་སོ། །བསམ་པའི་ཡན་ལག་ནི་རྒྱུ་བཞི་སྔོན་དུ་སོང་བས་ལོག་པར་གཡེམ་པར་འདོད་པའོ། །ངོ་བོ་ཉིད་ཀྱི་ཡན་ལག་ནི་བཞི་སྟེ། བགྲོད་པར་བྱ་བ་མ་ཡིན་པ་དང༌། ཡན་ལག་མ་ཡིན་པ་དང༌། ཡུལ་མ་ཡིན་པ་དང༌། དུས་མ་ཡིན་པའོ། །དང་པོ་ལ་གཉིས། རང་བཞིན་གྱིས་བགྲོད་པར་བྱ་བ་མ་ཡིན་པ་དང༌། ཡང་དག་པར་འབྲེལ་བས་བགྲོད་པར་བྱ་བ་མ་ཡིན་པའོ། །དང་པོ་ནི་མི་མ་ཡིན་པའི་འགྲོ་བ་རྟ་མོ་ལ་སོགས་པའོ། །མིར་གྱུར་ཀྱང་སྐྱེས་པ་དང་མ་ནིང་ངོ༌། །བུད་མེད་དུ་གྱུར་ཀྱང་དགེ་སློང་མ་དང༌། མ་དང༌། སྲིང་མོ་དང༌། ཕ་དང་མའི་འབྲེལ་བར་གྱུར་པའོ། །གཉིས་པ་ཡང་དག་པར་འབྲེལ་བས་བགྲོད་པར་བྱ་བ་མ་ཡིན་པ་ནི་གཞན་གྱིས་ཡོངས་སུ་བཟུང་བའི་ཁྱིམ་ཐབ་དང༌། སྨད་འཚོང་མ་རིན་བཅལ་ནས་ལོངས་མ་སྤྱད་པའི་བར་དང༌། དེའི་ཕྱིར་རིན་བཅལ་བ་དང༌། གཉེར་དུ་འཐམས་པ་དང༌། ཕ་དང༌། མིང་པོ་དང༌། ཡུལ་དཔོན་དང༌། རྒྱལ་པོ་དག་གིས་ཡོངས་སུ་བསྲུངས་ན་ཡང་གཞན་གྱིས་ཡོངས་སུ་བཟུང་བ་ཉིད་ཡིན་ནོ། །རང་གི་ཆུང་མ་ལ་ཡང་ཡན་ལག་འོག་མ་གསུམ་འཇུག་སྟེ། དེ་ལ་གཉིས་པ་ཡན་ལག་མ་ཡིན་པ་ནི་ཁ་དང་རྐུབ་ཏུ་འཇུག་པའོ། །གསུམ་པ་ཡུལ་མ་ཡིན་པ་ནི་བླ་མ་དང་དཀོན་མཆོག་གི་རྟེན་དང༌། ཕ་དང་མའི་དྲུང་དང༌། སྣང་བ་དང་བཅས་པ་དང༌། གཡངས་ལ་སོགས་པ་འགྲིལ་གྱིས་དོགས་པའི་ས་དང༌། མི་དབེན་པའི་ས་ཕྱོགས་དང༌། ས་ཁྲེམ་གཉེར་ཅན་དང༌། མཐོ་དམན་ཅན་དང༌། མཚན་གཅིག་ལ་ལྔ་ལས་ལྷག་པ་སྤྱད་པས་འདོད་པ་སྤྱོད་པས་ཆོག་མི་ཤེས་པའོ། །དུས་མ་ཡིན་པ་ནི་མྱ་ངན་གྱིས་ནོན་པ་དང༌། ནད་ཀྱིས་གཟིར་ཏེ་འཁྲིག་པ་སྤྱོད་མི་ནུས་པ་དང༌། འཁྲིག་པ་སྤྱོད་པ་ལ་དགའ་བ་མེད་པ་དང༌། ཟླ་མཚན་འཛག་པ་དང༌། སྦྲུམ་མ་དང༌། ནུ་ཞོ་འཛག་པ་ཉིད་དོ། །དུས་སྐབས་ཀྱི་ཡན་ལག་ནི་ཟིན་པར་བྱས་པ་ཉིད་དོ། །ཐུན་མོང་གི་ཕམ་པ་བཞི་པའི་རྟེན་གྱི་ཡན་ལག་ནི་སྔར་བརྗོད་ཟིན་པ་ཉིད་ཡིན་ནོ། །ཡུལ་གྱི་ཡན་ལག་ནི། བརྡ་ཤེས་ཤིང་དོན་གོ་བར་གྱུར་པའི་མིའི་འགྲོ་བ་སྟེ། འགྲོ་བ་གཞན་ལ་བརྫུན་གྱིས་སྨྲས་པ་ནི་བཤགས་བྱ་ཉིད་དོ། །བསམ་པའི་ཡན་ལག་ནི། རྒྱུ་བཞི་སྔོན་དུ་སོང་ནས་གཞན་བསླུ་བའི་བསམ་པས་སོ། །ངོ་བོ་ཉིད་ཀྱི་ཡན་ལག་ནི། མིའི་ཆོས་ལས་བླ་མར་གྱུར་པ་སྟེ། བདག་ནི་དགྲ་བཅོམ་པའོ་ཞེས་པའམ། དངོས་གྲུབ་ཐོབ་པའོ་ཞེས་སམ། མངོན་པར་ཤེས་པ་དང་ལྡན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲ་བ་སྟེ། མངོན་པའི་ང་རྒྱལ་ཅན་ནི་མ་གཏོགས་སོ། །ཤེས་བཞིན་གྱི་བརྫུན་གཞན་ནི་བཤགས་བྱ་ཉིད་དུ་འགྱུར་རོ། །དུས་སྐབས་ཀྱི་ཡན་ལག་ནི། གཞན་གྱིས་དགྲ་བཅོམ་པ་ལ་སོགས་པར་རྟོགས་ན་ལྟུང་བ་རྫོགས་ཀྱི། གཞན་གྱི་བརྫུན་ཏུ་སྨྲ་བ་ཉིད་དུ་གོ་བ་ནི་བཤགས་བྱ་ཉིད་དོ། །ཉན་ཐོས་དང་ཐུན་མོང་གི་ཕམ་པ་བཞིའི་ཡན་ལག་གི་དབྱེ་བ་བསྟན་ཟིན་ཏོ།།  །།ད་ནི་བྱང་ཆུབ་སེམས་དཔའ་དང༌། ཐུན་མོང་བ་ཕམ་པ་དང་འདྲ་བའི་ཆོས་བཞིའི་ཡན་ལག་གི་དབྱེ་བ་ནི། བཞི་ཀ་ལའང་རྟེན་གྱི་ཡན་ལག་ནི་གོང་དུ་བརྗོད་པ་ཉིད་ཡིན་ནོ། །ཡུལ་གྱི་ཡན་ལག་ནི་རིམ་པ་བཞིན་དུ་བརྡ་ཤེས་ཤིང་དོན་གོ་བ་མིའི་འགྲོ་བའི་དྲུང་ཉིད་དང༌། གཉིས་པ་ལ་ནི་སྡུག་བསྔལ་ཞིང་མགོན་མེད་པའི་སེམས་ཅན་དང༌། གསུམ་པ་ལ་ནི་ཉེས་པ་བྱས་པའི་མི་ཉེས་པ་ལ་ཉེས་པར་མཐོང་ནས་བཤགས་པ་བྱས་བ་ཉིད་དང༌། བཞི་པ་ལ་ནི་ཐེག་པ་ཆེན་པོ་ཉན་པར་འདོད་པའི་གང་ཟག་གི་དྲུང་དུ་ལྷགས་པའོ། །བསམ་པའི་ཡན་ལག་ནི། ཐུན་མོང་གི་རྒྱུ་བཞི་སྔོན་དུ་སོང་བས་རིམ་པ་བཞིན་དུ་རྙེད་པ་དང་བཀུར་སྟི་ལ་ཆགས་པ་ཉིད་དང༌། གཉིས་པ་ལ་ནི་སེར་སྣས་བཅིངས་པའི་སེམས་དང༌། གསུམ་པ་ལ་ནི་ཀུན་ནས་མནར་སེམས་པའི་སྒོ་ནས་ཁྲོ་བ་ཉིད་དང༌། བཞི་པ་ལ་ནི་ཆོས་ལྟར་བཅོས་པ་སྟོན་པར་འདོད་པའི་བསམ་པའོ། །ངོ་བོ་ཉིད་ཀྱི་ཡན་ལག་ནི་རིམ་པ་བཞིན་དུ་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་ཉིད་དང༌། གཉིས་པ་ལ་ནི་ཆོས་དང་ནོར་མི་སྟེར་བ་ཉིད་དང༌། གསུམ་པ་ལ་ནི་ཁྲོ་བ་དང་བཅས་པས་བརྡེག་པ་ཉིད་དང༌། བཞི་པ་ལ་ནི་ཆོས་ལྟར་བཅོས་པ་སྟོན་པ་ཉིད་དོ། །དུས་སྐབས་ཀྱི་ཡན་ལག་ནི། གོང་དུ་བརྗོད་པའི་ཡུལ་རྣམས་ཀྱིས་བསྟན་མ་ཐག་པའི་ངོ་བོ་ཉིད་རྣམས་བྱེད་པར་གོའམ། །ཟིན་པར་བྱས་པ་ཉིད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་བཞི་ཀུན་ཏུ་སྟོན་ཅིང་མདོ་ནམ་མཁའི་སྙིང་པོ་དང༌། ཐབས་ལ་མཁས་པ་དང༌། དྲག་ཤུལ་ཅན་གྱིས་ཞུས་པ་དང༌། གསུམ་ལས་འབྱུང་བའི་རྩ་བའི་ལྟུང་བ་ཉི་ཤུ་གཉིས་པོ་ཅིའི་ཕྱིར་མི་སྟོན་ཞེ་ན། བཞི་པོ་ཉིད་ཀྱི་ཁོངས་སུ་འདུ་སྟེ་བཅོ་བརྒྱད་དམ། མཚམས་མེད་སོ་སོར་ཕྱེ་ན་ཉི་ཤུ་གཉིས་ཏེ་དེ་འདིར་འདུ་བ་ཡིན་པས་ན་ཞིབ་ཏུ་ནི་སྡོམ་པ་ཉི་ཤུ་པ་ལ་སོགས་པའི་ནང་དུ་རྟོགས་པར་བྱའོ། །ཁོ་བོས་ལེགས་པར་བརྟགས་ན་འདིར་སྨོས་པའི་རྩ་བའི་ལྟུང་བ་བཅུ་བཞི་པོའི་ཁོངས་སུ་ཉི་ཤུ་རྩ་གཉིས་པོ་ཐམས་ཅད་འདུ་བར་མཐོང་སྟེ། ཉི་ཤུ་རྩ་གཉིས་པོ་ལས་འབྱུང་བའི་རྒྱལ་པོ་ལ་འབྱུང་བའི་དང་པོ། དཀོན་མཆོག་གསུམ་གྱི་དཀོར་རྐུ་བ་དང༌། བཞི་པ་མཚམས་མེད་པ་ལྔ་གང་རུང་སྤྱད་པ་དང༌། བློན་པོ་ལ་འབྱུང་བ་གྲོང་འཇོམས་པ་དང༌། ལས་དང་པོ་པ་ལ་འབྱུང་བ་རྩ་བའི་ལྟུང་བ་དྲུག་པ་མདོའི་དོན་ཁོ་བོས་ཁོང་དུ་ཆུད་དོ་ཞེས་བརྫུན་སྨྲ་བ་དང༌། བདུན་པ་དཀོན་མཆོག་གསུམ་གྱི་དཀོར་བརྐུས་ཏེ་རྒྱལ་རིགས་ལ་སོགས་པ་ལ་གསུག་ཏུ་བྱིན་ཏེ་དགེ་སློང་གཞན་ཆད་པས་གཅོད་དུ་འཇུག་པའི་ཕྱོགས་གཅིག་དང༌། གཉིས་ནི་འདིར་བཤད་པའི་ཕམ་པ་བཞིའི་འདོད་ལོག་མིན་པ་གསུམ་གྱི་ཁོངས་སུ་འདུས་པ་ཡིན་ལ། རྒྱལ་པོ་ལ་འབྱུང་བའི་གཉིས་པ་ཆོས་སྤོང་བ་དང༌། ལས་དང་པོ་པ་ལ་འབྱུང་བའི་གསུམ་པ་ཉན་ཐོས་སྤོང་དུ་འཇུག་པ་དང༌། བཞི་པ་ཉན་ཐོས་ཀྱི་ཉོན་མོངས་མི་སྤོང་ཞེས་ཆེར་སྨོད་པ་ནི་རྩ་བའི་ལྟུང་བ་དྲུག་པའི་ཁོངས་སུ་འདུ་ལ། རྒྱལ་པོ་ལ་འབྱུང་བའི་གསུམ་པ་རབ་བྱུང་ལ་འཚེ་བ་དང༌། ལས་དང་པོ་པ་ལ་འབྱུང་བའི་ལྔ་པའི་ཕྱོགས་གཅིག་དང༌། ལས་དང་པོ་པའི་བརྒྱད་པ་ནི་ལྟུང་བའི་གསུམ་པར་འདུ་ལ། ལས་དང་པོ་པའི་དང་པོ་ནི་བདུན་པ་དང་མཚུངས་ལ། རྒྱལ་པོ་ལ་འབྱུང་བའི་ལྔ་པ་ལོག་ལྟ་འཛིན་པ་ནི་བཅུ་གཅིག་པའི་ཁོངས་སུ་འདུ་ལ། ལས་དང་པོ་པ་ལ་འབྱུང་བའི་གཉིས་པ་རྫོགས་པའི་བྱང་ཆུབ་ལ་ཞུགས་པ་སྨོད་པ་ནི་ལྔ་པ་དང་བཅུ་གཉིས་པའི་ཁོངས་སུ་འདུ་ལ། བྱང་ཆུབ་ཀྱི་སེམས་མི་འདོར་བ་ནི་ལྔ་པ་ཡིན་ཞིང༌། ལས་དང་པོ་པའི་ལྔ་པ་ནི་ཕམ་འདྲ་དང་པོ། དྲག་ཤུལ་ཅན་གྱི་གསུམ་ནི་ཕམ་འདྲ་འོག་མ་གསུམ་པོ་ཉིད་ཡིན་པས་དེ་དག་ཉིད་ཀྱི་ཁོངས་སུ་འདུ་བ་ཡིན་ཏེ། རྒྱས་པར་ནི་འོག་རྩོད་པ་སྤོང་བའི་སྐབས་སུའང་རྟོགས་པར་ནུས་པ་ཡིན་ནོ། །འདིར་ཕྱོགས་གཅིག་དཔེར་མཚོན་ན། བློ་སྦྱང་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་སྒྲོགས་པ་དང༌། །ཞེས་བྱ་བ་དང༌། འདིར་རྩ་བའི་ལྟུང་བ་བདུན་པ་ཚུལ་མཚུངས་པ་ཡིན་ཏེ། དེ་ལ་སོགས་པ་ཕལ་ཆེར་འདྲ་བར་སྣང་བས་ན་བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བ་ལས་རྡོ་རྗེ་ཐེག་པའི་བསླབ་པར་བྱ་བ་བསྲུང་བ་ཆེས་དཀའ་བར་ནི་མ་མཐོང་ངོ༌། །ཕམ་པ་དང་འདྲ་བའི་ཡན་ལག་གི་དབྱེ་བའང་བསྟན་ཟིན་ཏོ།།  །།སྤྱི་དོན་གསུམ་པ་ལྟུང་བར་འགྱུར་བའི་རྒྱུ་མཚན་ནི། དབང་གི་སྐབས་སུ་ཁས་བླངས་པ་ཉིད་དེ། སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །ཞེས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་སྤྱད་པར་ཁས་བླངས་པ་དང༌། རིགས་ལྔའི་སྡོམ་པ་སྤྱིར་ཁས་བླང་པའི་སྐབས་ནས་ཀྱང༌། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །ཞེས་སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམས་བསྲུང་བར་ཁས་བླངས་པའི་ཕྱིར་རོ། །རྒྱུ་མཚན་གཞན་སྡོམ་པ་གསུམ་ལ་སོགས་པ་རྣམས་གོང་དུ་བརྗོད་པ་ཡིན་ནོ། །ལྟུང་བར་འགྱུར་བའི་རྒྱུ་མཚན་བསྟན་ཟིན་ཏོ།།  །།སྤྱི་དོན་བཞི་པ་མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་ནི། བདེ་བར་གཤེགས་པའི་བཀའ་ལ་ལམ་པོ་ཆེའི་འདུ་ཤེས་དང༌། ཆུ་བོའི་ཕ་རོལ་དུ་འགྲོ་བ་ལ་གྲུའི་འདུ་ཤེས་དང༌། ནོར་བུ་ལེན་པ་ལ་གཟིངས་ཀྱི་འདུ་ཤེས་ལྟ་བུ་བསྒོམ་པར་བྱའོ། །མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་བསྟན་ཟིན་ཏོ།།  །།སྤྱི་དོན་ལྔ་པ་བྱུང་བ་ཕྱིར་བཅོས་པའི་ཐབས་ནི། ཡན་ལག་མ་ཚང་བ་རྣམས་ལ་ལྟུང་བ་ལས་ལྡང་བ་དང༌། ཡན་ལག་ཚང་བ་རྣམས་ལ་དམ་ཚིག་དང་སྡོམ་པ་ཡང་དག་པར་བླང་བ་སྟེ། གོང་དུ་བསྟན་ཟིན་ཏོ།།  །།སྤྱི་དོན་དྲུག་པ་རྣམ་པར་སྨིན་པ་ལ་དགོངས་ནས་ཆེ་འབྲིང་རྣམ་པར་གཞག་པ་ལ་ལྔ་ལས། དང་པོ་ཡུལ་གྱི་སྒོ་ནས་ཆེ་འབྲིང་རྣམ་པར་གཞག་པ་ནི། རིམ་པ་བཞིན་དུ་ཡུལ་དེ་ལ་གཞན་རེ་བ་མང་ན་ཆེན་པོ། འབྲིང་དང༌། ཆུང་ངུ་ལ་ཡང་བློས་བརྟག་པར་བྱའོ། །བླ་མ་དང་དཀོན་མཆོག་གི་དཀོར་རྐུ་བ་འདི་ནི་ཆེན་པོ་སྟེ། འོག་མ་གཉིས་ཀྱང་བློས་བརྟག་པར་བྱའོ། །མའང་ཡིན་ལ་དགྲ་བཅོམ་མའང་ཡིན་པ་སུན་དབྱུང་བར་བྱས་པའམ། མའམ། དགེ་སློང་མའམ། བླ་མའི་བཙུན་མོ་ལ་འདོད་པས་ལོག་པར་སྤྱད་པ་འདི་ནི་ཆེན་པོ་སྟེ། ཆུང་ངུ་དང༌། འབྲིང་ཡང་བློས་བསྒྲུབ་པར་བྱའོ། །བདག་ཉིད་དགྲ་བཅོམ་པར་སྟོན་ཅིང་བདེ་བར་གཤེགས་པའི་བཀའ་ལ་སྐུར་པ་འདེབས་པ་ལ་སོགས་པས་གང་ཟག་མཆོག་གི་བློ་སྒྱུར་བ་འདི་ནི་ཆེན་པོ་སྟེ། ཆུང་ངུ་དང༌། འབྲིང་ཡང་རྟོགས་པར་བྱའོ། །ཕམ་པ་དང་འདྲ་བའི་དབང་དུ་བྱས་ནས་རིམ་པ་བཞིན་དུ་གང་ཟག་མཆོག་ལ་སྨོད་པ་དང༌། གང་ཟག་མཆོག་ལ་ཆོས་དང་ནོར་མི་སྟེར་བ་དང༌། དད་པ་དང་ལྡན་པའི་བཤགས་པ་དང་དུ་མི་ལེན་པ་དང༌། ཐེག་པ་ཆེན་པོའི་རིགས་ཅན་ལ་ཆོས་ལྟར་བཅོས་པ་སྟོན་པའོ། །འདི་དག་ནི་ཆེན་པོ་སྟེ། འདི་དག་ལ་ཆུང་ངུ་དང་འབྲིང་ཡང་བློས་དཔྱད་པར་བྱའོ། །ཆེ་འབྲིང་རྣམ་པར་གཞག་པ་ལྷག་མ་བཞི་ནི་གོང་དུ་བསྟན་པ་དང་ཚུལ་མཚུངས་པ་ཉིད་དོ། །ཆེ་འབྲིང་རྣམ་པར་གཞག་པ་བསྟན་ཟིན་ཏོ།།  །།ད་ནི་ཞར་ལས་བྱུང་བ་ཉེས་པ་མེད་པ་བསྟན་པར་བྱ་སྟེ། དེ་ལ་ཕམ་པ་བཞི་ཀ་བསམ་པ་དགེ་བས་ཀུན་ཏུ་སྤྱད་པར་གྱུར་ན་ནི་ལྟུང་བའི་གཟུགས་བརྙན་དུ་འགྱུར་བས་བྱང་ཆུབ་སེམས་དཔའ་ལ་ཉེས་པ་མེད་པ་ཉིད་དེ། དེད་དཔོན་སྙིང་རྗེ་ཆེན་པོས་ཚོང་པ་གཡོ་ཅན་མདུང་ཐུང་གིས་བསད་པའི་རྟོག་པ་བརྗོད་པ་ལ་སོགས་པ་བཞིན་ནོ། །དེས་ན་བྱང་ཆུབ་སེམས་དཔའ་ལ་བསམ་པ་དགེ་བས་ཕམ་པ་ལ་སོགས་པ་སྤྱད་ཀྱང་ལྟུང་བའི་གཟུགས་བརྙན་ཡིན་པས་ཉེས་པ་མེད་ལ། སེམས་ཅན་གྱི་དོན་རྒྱ་ཆེན་པོར་འགྱུར་བའི་སྐབས་ཡོད་བཞིན་དུ། ཕམ་པ་དག་གིས་འཇིགས་ནས་མི་སྤྱོད་ན་ལྟུང་བ་མེད་པའི་གཟུགས་བརྙན་ཏེ་ཉེས་པར་འགྱུར་ལ། ཐབས་གཞན་གྱིས་བསྒྲུབ་པར་ནུས་བཞིན་དུ་ལྟུང་བ་དག་སྤྱོད་ན་ནི་ཆོ་ག་བཙན་པོ་ཡོད་བཞིན་དུ་སྦྱོར་བ་ལ་བག་ཡངས་ཀྱི་ཉེས་པར་འགྱུར་བར་ཕམ་པ་ཉིད་ཡིན་ནོ། །ཉེས་པ་མེད་པ་རྣམས་ཞིབ་ཏུ་ནི་གཞན་དུ་རྟོགས་པར་བྱའོ། །ཕམ་པ་དང་འདྲ་བ་རྣམས་ནི་བསམ་པ་མི་དགེ་བ་འབའ་ཞིག་ལ་ཀུན་ཏུ་བྱུང་བས་ན་ཉེས་པ་མེད་པའི་སྐབས་མི་སྲིད་དོ། །ཉེས་པ་མེད་པའི་སྐབས་བསྟན་ཟིན་ཏེ། སྤྱིའི་དོན་བསྟན་ཟིན་ཏོ།།  །།ཡན་ལག་གི་དོན་བསྟན་པར་བྱ་སྟེ། བདེ་གཤེགས་བཀའ་ལས་འདས་པ་ནི། །ཞེས་བྱ་བ་ལ། ལམ་བདེ་བ་ནས་འབྲས་བུ་བདེ་བར་གཤེགས་པའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེའི་བཀའ་ནི་ཐུན་མོང་གི་གསུང་རབ་ཡན་ལག་བཅུ་གཉིས། སྡེ་སྣོད་གསུམ་གྱིས་བསྡུས་པ་དང༌། དེ་ཉིད་ཀྱི་ནང་དུ་འདུས་མོད་ཀྱིས་ཀྱང་ཐུན་མོང་མ་ཡིན་པ་རྒྱུད་སྡེ་བཞིའོ། །དེ་ལས་འདས་པ་ནི་ཁྱད་དུ་གསོད་པ་སྟེ། སངས་རྒྱས་ཀྱིས་གསུངས་ཀྱང་འདི་ཙམ་ཞིག་སྤྱད་པས་ནི་ཇི་ལྟ་བུར་ཡང་མི་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་བསམས་བཞིན་དུ་སྨྲ་བ་གང་ཡིན་པའོ། །ལྟུང་བ་གཉིས་པ་ཡིན་པར་བཤད། །ཅེས་བྱ་བ་ལ། ལྟུང་བ་ཞེས་བྱ་བ་ནི་རྩ་བའི་ལྟུང་བ་ཡིན་ལ། གཉིས་པ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་ལ་དགོངས་ནས། ལྟུང་བ་དང་པོ་ལས་ནི་ཡང་ལ། གསུམ་པ་བས་ནི་ཅུང་ཟད་ལྕི་བས་འདིར་བསྟན་པའམ། བླ་མས་བདེ་བར་གཤེགས་པའི་བཀའ་འཆད་པའི་ཕྱིར་དང་པོའི་རྗེས་ལ་འབྱུང་བ་ཡིན་ཏེ། དེ་སྐད་དུ། དེ་ཡི་བཀའ་ལས་འདས་པ་གཞན། །གཉིས་པ་ཡིན་ཏེ་དེ་བཞིན་དུ། །ཞེས་དམ་པ་དང་པོ་ལས་གསུངས་པ་ཡིན་ནོ། །རྩ་བའི་ལྟུང་བ་གཉིས་པའི་རྣམ་པར་བཤད་པ་བསྟན་ཟིན་ཏོ།།  །།ད་ནི་རྩ་བའི་ལྟུང་བ་གསུམ་པ་བཤད་པར་བྱ་སྟེ། དེ་ལ་ཡང་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ཏོ། །དང་པོ་ལ་དྲུག་ཏུ་གནས་པ་ལས་དང་པོ་ལྟུང་བའི་ངོ་བོ་ཉིད་རྣམ་པར་གཞག་པ་ནི། རྡོ་རྗེ་ཐེག་པ་ལ་ཞུགས་པའི་གང་ཟག་དབང་ཐོབ་ཅིང་དམ་ཚིག་མ་ཉམས་པ་ལ་དགྲར་འཛིན་པའི་བསམ་པས་ཁྲོ་བའོ། །ལྟུང་བའི་ངོ་བོ་ཉིད་རྣམ་པར་གཞག་པ་བསྟན་ཟིན་ཏོ།།  །།སྤྱི་དོན་གཉིས་པ་འདི་ལ་ཡན་ལག་དུས་ལྟུང་བར་འགྱུར་ཞེ་ན། ཡན་ལག་ནི་ལྔས་འགྱུར་ཏེ། དེ་ལ་རྟེན་གྱི་ཡན་ལག་ནི་གོང་དུ་བརྗོད་ཟིན་ཏོ། །གཉིས་པ་ཡུལ་གྱི་ཡན་ལག་ནི། རྡོ་རྗེ་ཐེག་པ་སྤྱི་ལ་ཞུགས་པའི་གང་ཟག་དབང་ཐོབ་ལ་དམ་ཚིག་མ་ཉམས་པ་ཙམ་ཡིན་ལ། བྱེ་བྲག་ཏུ་བླ་མ་གཅིག་པ་དང༌། དཀྱིལ་འཁོར་གཅིག་གིས་བསྡུས་པ་ནི་མི་དགོས་ལ། འདི་གཉིས་ནི་ནང་ཚན་གྱི་ཡུལ་ལྕི་བ་ཙམ་ཡིན་ནོ། །སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་ཞུགས་པའམ། ཐེག་པ་ཆེན་པོ་ལ་ཞུགས་པའི་གང་ཟག་རྩ་བའི་ལྟུང་བས་མ་གོས་པ་དག་ཀྱང་ཆོས་ཀྱི་སྤུན་ཡིན་མོད་ཀྱི། རྡོ་རྗེ་ཐེག་པ་ལ་མ་ཞུགས་པའི་ཕྱིར་རྩ་བའི་ལྟུང་བར་ནི་མི་འགྱུར་ལ། ཆེས་བཤགས་པར་བྱ་བ་ནི་ཡིན་ནོ། །གསུམ་པ་བསམ་པའི་ཡན་ལག་ནི། ཐུན་མོང་གི་རྒྱུ་བཞི་སྔོན་དུ་སོང་ནས་དགྲར་འཛིན་པའི་བསམ་པས་ཁྲོ་བར་འདོད་པའོ། །བཞི་པ་ངོ་བོ་ཉིད་ཀྱི་ཡན་ལག་ནི། དགྲར་འཛིན་པའི་བསམ་པས་ཀུན་ཏུ་ཁྲོ་བས་ཏེ། དེ་ལ་ཡིད་གཙོ་བོ་ཡིན་མོད་ཀྱི། འདི་ལ་ལུས་ངག་གང་རུང་གཅིག་ནི་གྲོགས་སུ་དགོས་ཏེ། དེ་མ་ཡིན་ན་དགྲར་འཛིན་པའི་སྦྱོར་བ་མི་རྫོགས་པའི་ཕྱིར་རོ། །དགྲར་འཛིན་པ་མེད་པར་མ་རངས་པས་ཀུན་ཏུ་ཁྲོ་བ་ནི་བཤགས་པར་བྱ་བ་ཉིད་ཡིན་ནོ། །ལྔ་པ་དུས་སྐབས་ཀྱི་ཡན་ལག་ནི། རྡོ་རྗེ་སྤུན་དེས་ཀྱང་འདི་ནི་བདག་ལ་དགྲར་འཛིན་ཅིང་མནར་སེམས་པས་ཁྲོ་བ་ཡིན་ནོ་སྙམ་དུ་གོ་བར་གྱུར་པ་དེའི་ཚེ་ལྟུང་བ་རྫོགས་པ་ཡིན་ནོ། །ཡན་ལག་དུས་ལྟུང་བར་འགྱུར་བ་བསྟན་ཟིན་ཏོ།།  །།སྤྱི་དོན་གསུམ་པ་ལྟུང་བར་འགྱུར་བའི་རྒྱུ་མཚན་ནི། དབང་གི་སྐབས་སུ་ཁས་བླངས་པ་ཉིད་དེ། རྩ་བའི་ལྟུང་བ་བསྒྲགས་པའི་སྐབས་སུ། སྤུན་ལ་ཁྲོ་བར་མི་བྱ་ཞིང༌། །ཞེས་གསུངས་པའི་ཕྱིར་རོ། །ལྟུང་བར་འགྱུར་བའི་རྒྱུ་མཚན་བསྟན་ཟིན་ཏོ།།  །།སྤྱི་དོན་བཞི་པ་མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་ནི། རྡོ་རྗེ་སྤུན་གྲོགས་ལ་འཇིགས་པ་ཆེན་པོར་འགྲོ་བའམ། ལམ་ཐག་རིང་པོར་འགྲོ་བའི་ལམ་གྲོགས་སྟོབས་དང་ལྡན་ཞིང་བདག་ལ་སྙིང་བརྩེ་བའི་འདུ་ཤེས་བསྒོམ་པར་བྱའོ། །མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་བསྟན་ཟིན་ཏོ།།  །།སྤྱི་དོན་ལྔ་པ་བྱུང་བ་ཕྱིར་བཅོས་པའི་ཐབས་ནི། ཡན་ལག་མ་ཚང་བ་རྣམས་ལ་ལྟུང་བ་ལས་ལྡང་བ་དང༌། ཡན་ལག་ཚང་ནས་རྩ་བའི་ལྟུང་བར་འགྱུར་ན་དམ་ཚིག་དང་སྡོམ་པ་ཡང་དག་པར་བླང་བ་སྟེ། གཉིས་ཀའང་གོང་དུ་བརྗོད་ཟིན་ཏོ།།  །།སྤྱི་དོན་དྲུག་པ་ཆེ་འབྲིང་རྣམ་པར་གཞག་པ་ལ་ལྔ་ལས། དང་པོ་ཡུལ་གྱི་སྒོ་ནས་ཆེ་འབྲིང་རྣམ་པར་གཞག་པ་ནི། དཀྱིལ་འཁོར་གཅིག་ཏུ་ཞུགས་པ་ལ་ཆེན་པོ། བླ་མ་གཅིག་གིས་བསྡུས་པ་ལ་འབྲིང༌། རྡོ་རྗེ་ཐེག་པ་སྤྱི་ལ་ཞུགས་པ་ཙམ་ལ་ཆུང་ངུའོ། །ངོ་བོ་ཉིད་ཀྱི་སྒོ་ནས་ཆེ་འབྲིང་གཞག་པ་ནི། ལུས་ངག་ཡིད་གསུམ་ཀས་སྤྱད་ན་ཆེན་པོ། ཡིད་ལ་གང་རུང་གཅིག་གིས་གྲོགས་བྱས་ན་འབྲིང་དང༌། ཆུང་ངུའོ། །ཆེ་འབྲིང་རྣམ་པར་གཞག་པ་ལྷག་མ་གསུམ་ནི་གོང་དང་འདྲ་བ་ཉིད་ཡིན་ནོ། །ཆེ་འབྲིང་རྣམ་པར་གཞག་པ་བསྟན་ཟིན་ཏོ།།  །།འདིའི་ཉེས་པ་མེད་པའང་བརྗོད་པར་བྱ་སྟེ། ཡུལ་དེ་ཉིད་ལ་ཕན་པའི་བསམ་པས་ཇི་ལྟ་བུ་སྦྱོར་ཀྱང་རུང་སྟེ་ཉེས་པ་མེད་དོ། །བདག་གིས་མ་ཁྲོས་ཀྱང་ཡུལ་དེས་ཁྲོ་བར་གོ་ནས་དེ་དང་རྗེས་སུ་མཐུན་པའི་སྤྱོད་པ་བྱེད་ན་ཡུལ་དེ་ཉིད་ཀྱི་ཉེས་པ་ཡིན་མོད། བདག་ལ་ནི་ཉེས་པ་མེད་དོ། །ཡུལ་དེ་དམ་ཚིག་དང་མི་ལྡན་པར་གྱུར་ན་དེ་མ་ཡིན་པའི་ཉེས་པ་མེད་པའང་ལྟུང་བ་གཉིས་པའི་སྐབས་སུ་བརྗོད་པའི་ལྟུང་བའི་གཟུགས་བརྙན་རྣམས་ཀྱང་དྲན་པར་བྱའོ། །ཉེས་པ་མེད་པ་བསྟན་ཟིན་ཏེ། སྤྱིའི་དོན་བསྟན་ཟིན་ཏོ།།  །།ཡན་ལག་གི་དོན་བརྗོད་པར་བྱ་སྟེ། རྡོ་རྗེ་སྤུན་ལ་ཁྲོས་པ་ནི། །ཞེས་བྱ་བ་ལ། རྡོ་རྗེ་སྤུན་ཞེས་བྱ་བ་ནི་རྡོ་རྗེ་ཐེག་པ་ལ་ཞུགས་པའི་གང་ཟག་དབང་ཐོབ་ཅིང་སྡོམ་པ་དང་ལྡན་པའོ། །ཁྲོས་པ་ཞེས་བྱ་བ་ནི་དགྲར་འཛིན་པའི་བསམ་པས་ཁྲོ་ཞིང་གཤེ་བས་ཏེ། དེ་སྐད་དུ་གཤིན་རྗེ་གཤེད་དགྲ་ནག་པོའི་རྒྱུད་ལས། དེ་བཞིན་སྤུན་ལ་ཁྲོས་ནས་ནི། །ཉེས་པ་བསྒྲག་པར་མི་བྱའོ། །ཞེས་གསུངས་པ་ཡིན་ནོ། །ཉེས་པར་བརྗོད་པ་གསུམ་པ་ཡིན། །ཞེས་བྱ་བ་ལ། ཉེས་པར་བརྗོད་པ་ཞེས་བྱ་བ་ནི་ཆེས་ལྕི་བའི་ཉེས་པ་སྟེ་རྩ་བའོ། །གསུམ་པ་ཡིན་ཞེས་བྱ་བ་ནི་ལྟུང་བ་གཉིས་པ་བས་ཡང་བར་བསྟན་པ་ཡིན་ལ། ཡང་བདེ་བར་གཤེགས་པའི་བཀའ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ལ་ཞུགས་པ་ལས་རྡོ་རྗེའི་སྤུན་འབྱུང་བས་ན་གསུམ་པ་ཡིན་ནོ། །ཡན་ལག་གི་དོན་བསྟན་ཟིན་ཏེ་རྩ་བའི་ལྟུང་བ་གསུམ་པའི་རྒྱ་ཆེར་བཤད་པ་བསྟན་ཟིན་ཏོ།།  །།ད་ནི་རྩ་བའི་ལྟུང་བ་བཞི་པ་བརྗོད་པར་བྱ་སྟེ། འདི་ལ་ཡང་སྤྱི་དོན་དང༌། ཡན་ལག་གི་དོན་གཉིས་སོ། །དེ་ལ་སྤྱིའི་དོན་ལ་དོན་དྲུག་ཏུ་གནས་པ་ལས། དང་པོ་ལྟུང་བའི་ངོ་བོ་ཉིད་རྣམ་པར་གཞག་པ་ནི། ཡུལ་སེམས་ཅན་གཅིག་ལའང་རུང་སྟེ། བདེ་བ་དང་བདེ་བའི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་པའོ། །ལྟུང་བའི་ངོ་བོ་ཉིད་བསྟན་ཟིན་ཏོ།།  །།སྤྱི་དོན་གཉིས་པ་ཡན་ལག་དུས་ལྟུང་བར་འགྱུར་ཞེ་ན། ཡན་ལག་ནི་ལྔ་སྟེ། དེ་ལ་རྟེན་གྱི་ཡན་ལག་ནི་གོང་དུ་བརྗོད་པ་ཉིད་ཡིན་ནོ། །གཉིས་པ་ཡུལ་གྱི་ཡན་ལག་ནི། སེམས་ཅན་གྱི་ཁམས་སོ། །གསུམ་པ་བསམ་པའི་ཡན་ལག་ནི། ཐུན་མོང་གི་རྒྱུ་བཞི་སྔོན་དུ་སོང་བས་བྱམས་པ་གཏོང་བར་འདོད་པའོ། །བཞི་པ་ངོ་བོ་ཉིད་ཀྱི་ཡན་ལག་ནི། ཡུལ་སེམས་ཅན་གཅིག་ལའང་བདེ་བ་དང་བདེ་བའི་རྒྱུ་དང་བྲལ་བར་འདོད་པ་ཡིན་ལ། ཐམས་ཅད་ལ་བྱམས་པ་གཏོང་བ་ནི་མི་སྲིད་དེ་སྙིང་རྗེ་མེད་པ་དག་ཀྱང་བདག་གི་བུ་བདེ་བར་འདོད་པ་བཞིན་ནོ། །དེས་ན་སེམས་ཅན་ཐམས་ཅད་བློས་ཡོངས་སུ་གཟུང་བའི་ཕྱིར། ཡུལ་གང་ཡང་རུང་བ་ཅིག་ལ་བྱམས་པ་གཏང་ན་ཡང་ངོ་བོ་ཉིད་ཡོངས་སུ་རྫོགས་པ་ཡིན་ནོ། །ལྔ་པ་དུས་སྐབས་ཀྱི་ཡན་ལག་ནི། ཡུལ་གྱིས་མ་གོ་ཡང་ལྟུང་བ་རྫོགས་པའི་ཕྱིར་དུས་སྐབས་མེད་དོ་ཞེས་ཀྱང་གསུང་མོད། དུས་སྐབས་ནི་ལྟུང་བ་རྫོགས་པར་བྱས་པ་ཡིན་པས་ཐམས་ཅད་ལ་འཇུག་གོ །དེ་ཡང་འཕགས་པ་ཉེ་བར་འཁོར་གྱི་ཞུས་པའི་མདོ་དཔང་པོར་བྱས་ནས་སེམས་ཀྱིས་ལྟུང་བ་རྫོགས་པ་རྣམས་ཉིན་ཞག་གཅིག་གི་དྲུག་ཆས་རྫོགས་པར་མངོན་ཏེ། འོན་ཀྱང་འདི་ནི་རྩ་བའི་ལྟུང་བ་ཡིན་པའི་ཕྱིར་རེ་ཞིག་དཔྱད་པར་བྱའོ། །འདིའི་དུས་སྐབས་ཀྱི་ཡན་ལག་བཞིན་དུ་ལྟུང་བ་ལྔ་པ་དང༌། དགུ་པ་དང༌། བཅུ་གཅིག་པ་ལ་ཡང་ཤེས་པར་བྱ་སྟེ། དེ་བཞིན་ཀའང་སེམས་ཀྱིས་རྫོགས་པ་ཡིན་པའི་ཕྱིར་དུས་སྐབས་ཀྱང་འདྲ་བ་ཉིད་དུ་རྟོགས་པར་བྱའོ། །ཡན་ལག་དུས་ལྟུང་བར་འགྱུར་བ་བསྟན་ཟིན་ཏོ།།  །།སྤྱི་དོན་གསུམ་པ་ལྟུང་བར་འགྱུར་བའི་རྒྱུ་མཚན་ནི། དབང་གི་སྐབས་སུ་ཁས་བླངས་པ་ཉིད་དེ། རིན་འབྱུང་གི་དམ་ཚིག་གི་སྐབས་སུ། ཟང་ཟིང་མི་འཇིགས་ཆོས་དང་བྱམས། །ཞེས་གསུངས་པ་དང༌། རྩ་བའི་ལྟུང་བ་བསྒྲགས་པའི་སྐབས་སུའང༌། བྱམས་པ་འདོར་བར་མི་བྱ་ཞིང༌། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་སྦྱིན་པ་བཞི་ལས་བྱམས་པ་རྩ་བར་འགྱུར་གྱི། གཞན་མི་འགྱུར་བ་ཅིའི་ཕྱིར་སྙམ་ན། སྦྱིན་པ་རྣམས་ཀྱི་ནང་ན་མཆོག་ཡིན་ཏེ། །འདི་ནི་རང་བཞིན་གྱི་དགེ་བའོ། །སྦྱིན་པ་གཞན་གསུམ་ནི་བྱམས་པ་དང་བྲལ་བའམ། གཞན་བསམ་པ་དགེ་བ་དང་བྲལ་ན་ངོ་བོ་ཉིད་ཀྱི་དགེ་བར་མི་འགྱུར་བའི་ཕྱིར་རོ། །ལྟུང་བར་འགྱུར་བའི་རྒྱུ་མཚན་བསྟན་ཟིན་ཏོ།།  །།སྤྱི་དོན་བཞི་པ་མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་ནི། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟ་བུའི་འདུ་ཤེས་སམ། སེམས་ཅན་ཐམས་ཅད་ཀྱིས་བདག་གི་མ་ལན་གྲངས་མང་དུ་མ་བྱས་པ་ནི་མེད་ལ། མ་འདི་རྣམས་ནི་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་པའོ། །དེ་སྐད་དུ་བཤེས་པའི་སྤྲིང་ཡིག་ལས། མ་ཡི་ཐུགས་མཐའ་བརྒྱ་ཤུག་ཚི་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མ་ཡིན། །ཞེས་གསུངས་སོ། །མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་བསྟན་ཟིན་ཏོ།།  །།སྤྱི་དོན་ལྔ་པ་བྱུང་བ་ཕྱིར་བཅོས་པའི་ཐབས་ནི། ཡན་ལག་མ་ཚང་བ་ལ་ལྟུང་བ་ལས་ལྡང་བ་དང༌། ཡན་ལག་ཚང་བ་ལ་དམ་ཚིག་དང་སྡོམ་པ་ཡང་དག་པར་བླང་བ་སྟེ། གོང་དུ་བརྗོད་ཟིན་ཏོ།།  །།སྤྱི་དོན་དྲུག་པ་ཆེ་འབྲིང་རྣམ་པར་གཞག་པ་ལ་ལྔ་ལས། དང་པོ་ཡུལ་གྱི་སྒོ་ནས་ཆེ་འབྲིང་རྣམ་པར་གཞག་པ་ནི། སེམས་ཅན་ཐམས་ཅད་ལ་བྱམས་པ་གཏོང་བ་ནི་མེད་པས་ཕལ་ཆེ་བ་ལ་བྱམས་པ་གཏོང་ན་ནི་ཆེན་པོ། གཉིས་སམ་གསུམ་ལ་འབྲིང༌། ཐ་མ་གཅིག་ལ་བཏང་ན་ཆུང་ངུའོ། །དེ་ལྟར་ན་གཅིག་ལ་བྱམས་པ་བཏང་ཡང་ཆུང་ངུ་འོང་ན་རྩ་བའི་ལྟུང་བ་བཅུ་པ་དང་ནང་འགལ་བར་འགྱུར་བ་དང༌། བཅོམ་ལྡན་འདས་ཀྱིས་ཀྱང་མངོན་སྤྱོད་ཀྱི་ལས་གསུངས་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། བཞི་པའི་བྱམས་པ་འདི་ནི་ཐམས་ཅད་དུ་བཏང་བ་མེད་ལ། བཅུ་པ་ནི་ཡུལ་དེ་ཉིད་ལ་ཕན་པའི་བསམ་པས་རེ་ཞིག་ཁྲོ་བ་ལྟར་ཀུན་ཏུ་སྟོན་ཅིང་གདུག་པ་ལས་བཟློག་ལ། རེ་ཞིག་མ་བཟློག་ན་ཡང་དེ་ཉིད་ལ་ཕན་པའི་བསམ་པས་མངོན་སྤྱོད་ཀྱི་ལས་ཀྱང་སྦྱོར་མོད། འདི་འདུལ་བའི་སྐབས་ལ་བབ་པའི་ཚེ་བདག་གིས་འདུལ་ཏེ། ནམ་ཞིག་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་དུ་བསྒོམ་པ་ཡིན་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཁྲོ་བོའི་སྐུ་དང་འདྲའོ། །དེ་སྐད་དུ། དཔལ་བདེ་མཆོག་ལས། ཇི་ལྟར་རྒྱ་མཚོ་ཆེན་པོ་ནི། །གང་ལྟར་ནང་གྲང་ཕྱི་རོལ་ཚ། །དེ་བཞིན་ཁྲོ་བོའི་སྐུར་བསྟན་པ། །ཐུགས་ནི་ཞི་བར་ཤེས་པར་བྱ། །ཞེས་འབྱུང་བ་ཡིན་ནོ། །རྩོད་པ་སྤོང་བ་ནི་འོག་ནས་འབྱུང་བ་ལྟུང་བ་བཅུ་པའི་སྟེང་དུའང་དྲན་པར་བྱའོ། །ངོ་བོ་ཉིད་ཀྱི་སྒོ་ནས་ཆེ་འབྲིང་གཞག་པ་ནི། འདི་ལ་ཆེ་འབྲིང་མེད་དོ་ཞེས་ཀྱང་གསུང་མོད། དུས་ཀྱི་འཁོར་ལོའི་འགྲེལ་པ་དྲི་མ་མེད་པ་ལས་འབྱུང་བ་འདི་ལྟར་བྱམས་པ་བཏང་བ་དེ་ནི་རྣམ་པ་བཞི་སྟེ། ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་དང༌། ཆེས་ཆེ་བའོ། །དང་པོ་ནི་ཆུ་ལ་རི་མོ་བྲིས་པ་ལྟ་བུ་སྟེ་སྐད་ཅིག་ཉིད་ལ་མི་སྣང་བའོ། །གཉིས་པའང་བྱེ་མ་ལ་རི་མོ་བྲིས་པ་ལྟ་བུ་སྟེ་གང་རླུང་བྱུང་བའི་ཚེ་མི་སྣང་བའོ། །གསུམ་པའང་གངས་སྲ་བ་ལ་རི་མོ་བྲི་པ་ལྟ་བུ་སྟེ་བསུབས་ན་མི་སྣང་བའོ། །བཞི་པའང་རྡོ་ལ་ལྕགས་ཀྱིས་བརྐོས་ནས་རི་མོ་བྲིས་པ་ལྟ་བུ་སྟེ་མི་སྣང་བར་མི་འགྱུར་པའོ། །ཞེས་གསུངས་ཏེ། ཀུན་ནས་མནར་སེམས་པ་ཆེ་འབྲིང་དང་བྱམས་པ་བཏང་བ་ཡུན་རིང་ཐུང་ལ་དགོངས་པ་ཡིན་ནོ། །ངོ་བོ་ཉིད་ཀྱི་སྒོ་ནས་ཆེ་འབྲིང་གཞག་པ་འདི་བཞིན་དུ་འོག་ལྟུང་བ་ལྔ་པ་དང༌། དགུ་པ་དང༌། བཅུ་གཅིག་པ་ལའང་ཤེས་པར་བྱའོ། །ལྷག་མ་ཆེ་འབྲིང་གསུམ་ནི་གོང་དུ་བསྟན་པ་ཉིད་དང་འདྲའོ། །ཆེ་འབྲིང་རྣམ་པར་གཞག་པ་བསྟན་ཟིན་ཏོ།།  །།འདི་ལ་ཉེས་པ་མེད་པ་ནི་མེད་དེ། ལྟུང་བའི་ངོ་བོ་བྱམས་པ་བཏང་བའི་ཕྱིར་རོ། །དེས་ན་བསམ་པ་མི་དགེ་བ་ལས་བྱུང་བ་ལ་ཉེས་པ་མེད་པའི་སྐབས་མེད་པར་ཐེག་པ་ཆེན་པོ་མཐའ་དག་ནས་ཀྱང་འབྱུང་བ་ཡིན་ནོ། །ཉེས་པ་མེད་པ་མི་འབྱུང་བའི་སྐབས་འདི་བཞིན་དུ་འོག་ལྟུང་བ་ལྔ་པ་དང༌། དགུ་པ་དང༌། བཅུ་གཅིག་པ་ལའང་དྲན་པར་བྱའོ། །སྤྱིའི་དོན་བསྟན་ཟིན་ཏོ།།  །།ཡན་ལག་གི་དོན་བརྗོད་པར་བྱ་སྟེ། སེམས་ཅན་རྣམས་ལ་བྱམས་པ་སྤོང༌། །ཞེས་བྱ་བ་ལ། སེམས་ཅན་ཞེས་བྱ་བ་ནི་སྲོག་དང་བཅས་པའོ། །རྣམས་ཞེས་བྱ་བ་ནི་ཁམས་གསུམ་གྱིས་བསྡུས་པ་མ་ལུས་པ་སྟེ་དེས་ན་གཅིག་ལ་བྱམས་པ་བཏང་ཡང་ལྟུང་བ་རྫོགས་པ་ཡིན་ནོ། །བྱམས་པ་སྤོང་ཞེས་བྱ་བ་ནི་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་འདོད་པའི་བསམ་པ་བཏང་བའོ། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཞེས་བྱ་བ་ལ། བཞི་པ་ཞེས་བྱ་བ་ནི་གསུམ་པ་བས་ལྟུང་བ་ཡང་བར་བསྟན་པའམ། རྡོ་རྗེ་སྤུན་ལ་ཡང་བྱམས་པའི་སེམས་ཀྱིས་བསྲུང་བས་ན་བཞི་པར་བསྟན་པ་ཡིན་ནོ། །རྒྱལ་བས་གསུངས་ཞེས་བྱ་བ་ནི་རྒྱལ་བ་རྡོ་རྗེ་འཆང་གིས་རྩ་བའི་ལྟུང་བར་གསུངས་པ་ཡིན་གྱི། སྤྲུལ་པའི་སྐུས་ཤུགས་ལས་གསུངས་ཀྱང་དངོས་སུ་རྩ་བའི་ལྟུང་བར་མ་བཤད་དོ། །ཤུགས་ལས་ཇི་ལྟར་གསུངས་ཤེ་ན། ཕམ་པ་དང་འདྲ་བ་གཉིས་པ་དང༌། གསུམ་པའི་སྐབས་སུ་བཤད་པ། སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣ་ཆོས་ནོར་མི་སྟེར་དང༌། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་པས་གཞན་ལ་འཚོག་པའོ། །ཞེས་གསུངས་སོ། །དེས་ན་རྡོ་རྗེ་ཐེག་པ་ལས་གཞུང་ཉུང་ཞིང་གསལ་བར་གསུངས་པ་ཡིན་ནོ། །ཡན་ལག་གི་དོན་བསྟན་ཟིན་ཏོ། །རྩ་བའི་ལྟུང་བ་བཞི་པའི་རྒྱ་ཆེར་བཤད་པ་བསྟན་ཟིན་ཏོ།།  །།ད་ནི་ལྟུང་བ་ལྔ་པ་བསྟན་པར་བྱ་སྟེ། དེ་ལ་ཡང་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ཏོ། །སྤྱི་དོན་ལ་དོན་དྲུག་ཏུ་གནས་པ་ལས། དང་པོ་ལྟུང་བའི་ངོ་བོ་ཉིད་ནི་བྱང་ཆུབ་ཀྱི་སེམས་སྨོན་པ་བཏང་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་བསྒྲུབ་པར་བྱའོ་སྙམ་པའི་བསམ་པ་ལས་ལོག་པའོ། །དེ་ལའང་གང་ཟག་རིགས་གསུམ་སྟེ། ལོག་སྲེད་ཅན་མྱ་ངན་ལས་འདས་པའང་དོན་དུ་མི་གཉེར་ན་བླ་ན་མེད་པའི་བྱང་ཆུབ་ལྟ་ག་ལ་འདོད་པ་དང༌། སེམས་ཞུམ་པས་སྨོན་པ་བཏང་བ་དང༌། མྱ་ངན་ལས་འདས་པ་ལ་ཆེས་སྲེད་དེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་མྱུར་དུ་བསྐྱེད་པའོ། །དེ་ལས་དང་པོ་ནི་ལམ་ལ་གཏན་ནས་འཇུག་པར་མི་འགྱུར་བས་འདིའི་སྐབས་མ་ཡིན་ལ། གང་ཟག་གཉིས་པ་སེམས་ཞུམ་སྟེ་བདག་ལྟ་བུས་བྱང་ཆུབ་ག་ལ་འགྲུབ་སྙམ་པའི་སྨོན་པ་བཏང་བ་དང༌། གང་ཟག་གསུམ་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་མྱུར་དུ་བསྐྱེད་པའོ། །དེ་ལ་སེམས་ཞུམ་པའི་དབང་དུ་བྱས་ནས། སྤྱོད་འཇུག་ལས་གསུངས་པ། བདག་གིས་བྱང་ཆུབ་ག་ལ་ཞེས། །སྒྱིད་ལུག་པར་ནི་མི་བྱ་སྟེ། །འདི་ལྟར་དེ་བཞིན་གཤེགས་པ་ནི། །བདེན་པ་གསུངས་པས་བདེན་འདི་གསུངས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཟག་གསུམ་པའི་དབང་དུ་བྱས་ནས་ཀྱང་དེ་སྐད་དུ་སྡུད་པ་ཚིགས་སུ་བཅད་པ་ལས། གལ་ཏེ་བསྐལ་པ་དུ་མར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་ཉན་ཐོས་ས་དང་རང་རྒྱལ་སེམས་བསྐྱེད་ན། །དེ་ནི་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་སྟེ། །སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པའི་གཞུང་དུ་བཤད་པས་ཆོག་མོད། འདིར་ཅི་དགོས་ཤེ་ན། བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བ་རྣམས་ནས་ཕམ་པའམ་ཕམ་པ་དང་འདྲ་བའི་ཁོངས་སུ་མ་བསྟན་པའི་ཕྱིར་ཡང་འདིར་རྡོ་རྗེ་ཐེག་པ་བས་གསལ་བར་བྱས་པ་ཡིན་ནོ། །ལྟུང་བའི་ངོ་བོ་འདི་ལ་ཁ་ཅིག་སྨོན་པའི་སྟེང་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་ཀྱང་ཡིན་ནོ་ཞེས་ཟེར་བ་དང༌། དོན་དམ་པ་བྱང་ཆུབ་ཀྱི་སེམས་བདག་མེད་པ་སྤངས་པ་ལའང་ཡིན་ནོ་ཞེས་ཟེར་བ་དང༌། ཡང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀུནྡ་ལྟ་བུ་སྤངས་པ་ལའང་ཡིན་ནོ་ཞེས་སྨྲ་བ་དག་ཡོད་དོ། །དེ་དག་ནི་དེ་ལྟ་མ་ཡིན་ཏེ། དང་པོའི་དབང་དུ་བྱས་ན་སྨྲས་པ། དེ་ལྟ་ན་གོང་འོག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་འཇུག་པ་ཡིན་པའི་ཕྱིར་ལྔ་པའི་ཁོངས་སུ་ཐམས་ཅད་འདུ་བའི་སྐྱོན་ཡོད་དོ། །དེའང་འདོད་ན་གོང་འོག་ཏུ་སྨོས་པ་རྣམས་དོན་མེད་དོ། །བདག་མེད་པའི་དོན་དམ་བྱང་ཆུབ་ཀྱི་སེམས་སུ་སྨྲ་བ་དེའང་དེ་ལྟ་མ་ཡིན་ཏེ། ལྟུང་བ་དགུ་པ་དང་བཅུ་གཅིག་པར་བསྟན་པའི་ཕྱིར་རོ། །ཀུནྡ་སྤངས་པར་སྨྲ་བ་དེའང་དེ་ལྟ་མ་ཡིན་ཏེ། དེ་ལྟར་ཡིན་ན་ཁྱིམ་པའི་ཕྱོགས་རྡོ་རྗེ་འཛིན་པར་མི་འགྱུར་བའི་སྐྱོན་ཡོད་དོ། །ཡང་བྱང་ཆུབ་ཀྱི་སེམས་ཀུནྡ་སྤངས་པ་འདི་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་བསྲུང་བའི་དམ་ཚིག་ཡིན་པའི་ཕྱིར་ཡང་འདིར་སྨོས་པ་དོན་མེད་དོ། །དང་པོ་ལྟུང་བའི་ངོ་བོ་ཉིད་བསྟན་ཟིན་ཏོ།།  །།སྤྱི་དོན་གཉིས་པ་ཡན་ལག་དུས་ལྟུང་བར་འགྱུར་ཞེ་ན། ལྔ་སྟེ། དེ་ལ་དང་པོ་རྟེན་གྱི་ཡན་ལག་ནི་བརྗོད་ཟིན་ཏོ། །གཉིས་པ་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བློ་ཀུན་རྫོབ་ལས་སྨོན་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་སོ། །གསུམ་པ་བསམ་པའི་ཡན་ལག་ནི། ཐུན་མོང་གི་རྒྱུ་བཞི་སྔོན་དུ་སོང་བས་སྨོན་པ་གཏོང་བར་འདོད་པའོ། །བཞི་པ་ངོ་བོ་ཉིད་ཀྱི་ཡན་ལག་ནི། སྨོན་པ་བཏང་བ་སྟེ། བདག་ལྟ་བུས་བྱང་ཆུབ་ག་ལ་འགྲུབ་ཅེས་ཞུམ་པས་བཏང་བ་དང༌། མྱུར་དུ་དགྲ་བཅོམ་པ་དང་རང་སངས་རྒྱས་བསྒྲུབ་པར་བྱའོ། །ཞེས་སེམས་པས་སྨོན་པ་བཏང་བའོ། །ལྔ་པ་དུས་སྐབས་ནི་འཇུག་པའམ། མི་འཇུག་ཀྱང་རུང་སྟེ། ལྟུང་བ་བཞི་པར་བཤད་པའི་དོན་དང་ཚུལ་གསུངས་སོ། །ཡན་ལག་དུས་ལྟུང་བར་འགྱུར་བ་བསྟན་ཟིན་ཏོ།།  །།སྤྱི་དོན་གསུམ་པ་ལྟུང་བར་འགྱུར་བའི་རྒྱུ་མཚན་ནི། སྟ་གོན་གྱི་སྐབས་སུའང༌། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་བྱ་བ་དང༌། འཇུག་པའི་སྐབས་སུའང་རིགས་ལྔའི་སྡོམ་པ་སྤྱིར་ཁས་བླངས་པ་ལས། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་ཁས་བླངས་པའི་ཕྱིར་རོ། །ལྟུང་བར་འགྱུར་བའི་རྒྱུ་མཚན་བསྟན་ཟིན་ཏོ།།  །།སྤྱི་དོན་བཞི་པ་མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་ནི། སྨོན་པ་བྱང་ཆུབ་ཀྱི་སེམས་ཡོད་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་འབྱུང་བར་འགྱུར་རོ་སྙམ་དུ་བསམ་སྟེ་འདི་སྐད་དུ། སྡོང་པོ་བཀོད་པ་ལས། ནོར་བཟངས་ལ་འཕགས་པ་བྱམས་པས་བསྟན་པ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེད་པར་བྱེད་པས་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །འཇིག་རྟེན་ཐམས་ཅད་རབ་ཏུ་བརྟེན་པས་ས་ལྟ་བུའོ། །ཉོན་མོངས་པའི་དྲི་མ་ཐམས་ཅད་དག་པར་བྱེད་པས་ཆུ་ལྟ་བུའོ། །ཞེས་བྱ་བ་ལ་སོགས་པ་དཔེ་དུ་མའི་སྒོ་ནས་རྗེས་སུ་བསྟན་པ་བཞིན་དུ་བསམ་པར་བྱའོ། །མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་བསྟན་ཟིན་ཏོ།།  །།སྤྱི་དོན་ལྔ་པ་བྱུང་བ་ཕྱིར་བཅོས་པའི་ཐབས་ལ། ཡན་ལག་ཚང་བ་དང་མ་ཚང་བའི་བྱེ་བྲག་གིས་དམ་ཚིག་དང་སྡོམ་པ་ཡང་དག་པར་བླང་བ་དང༌། ལྟུང་བ་ལས་ལྡང་བ་སྟེ་གོང་དུ་བརྗོད་ཟིན་ཏོ།།  །།སྤྱི་དོན་དྲུག་པ་ཆེ་འབྲིང་རྣམ་པར་གཞག་པ་ལ་ལྔ་ལས། ཡུལ་གྱི་སྒོ་ནས་ཆེ་འབྲིང་རྣམ་པར་གཞག་པ་ནི་མེད་དོ། །ངོ་བོ་ཉིད་ཀྱི་སྒོ་ནས་ཆེ་འབྲིང་རྣམ་པར་གཞག་པ་ནི་ལྟུང་བ་བཞི་པ་བྱམས་པ་དོར་བའི་སྐབས་སུ་བསྟན་པ་དང་ཚུལ་མཚུངས་པ་ཡིན་ནོ། །བསམ་པ་དང༌། སོགས་པ་དང༌། ཉེས་པར་བྱེད་པའི་སྒོ་ནས་ཆེ་འབྲིང་གཞག་པ་ནི་གོང་དུ་བསྟན་པ་ཉིད་དང་འདྲའོ། །ཆེ་འབྲིང་རྣམ་པར་གཞག་པ་བསྟན་ཟིན་ཏོ།།  །།འདི་ལ་ཉེས་པ་མེད་པ་ནི་མེད་དེ་ལྟུང་བ་བཞི་པའི་སྐབས་སུ་བསྟན་ཟིན་ཏོ།།  །།སྤྱིའི་དོན་བསྟན་ཟིན་ཏོ།།  །།ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །ཞེས་བྱ་བ་ལ། ཆོས་ཀྱི་རྩ་བ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་དང་འདྲ་བ་ལ་སོགས་པར་གྱུར་པའི་ཕྱིར་རོ། །བྱང་ཆུབ་སེམས་ཞེས་བྱ་བ་ནི་སྨོན་པའི་རང་བཞིན་ཅན་ནོ། །དེ་སྤོང་བ་ནི་ལྔ་པ་ཡིན། །ཞེས་བྱ་བ་ལ། དེ་སྤོང་བ་ཞེས་བྱ་བ་ནི་སྨོན་པ་བཏང་བ་ཡིན་ལ། ལྔ་པ་ཡིན་ཞེས་བྱ་བ་ནི་བཞི་པ་བས་ཅུང་ཟད་ཡང་བ་ཉིད་ཡིན་པ་དང༌། བྱམས་པ་དང་སྙིང་རྗེ་ལ་བརྟེན་ནས་གདོད་བྱང་ཆུབ་ཀྱི་སེམས་སྐྱེ་བའི་ཕྱིར་བཞི་པའི་རྗེས་ལ་འབྱུང་བ་ཡིན་ནོ། །ཡན་ལག་གི་དོན་བསྟན་ཟིན་ཏོ། །རྩ་བའི་ལྟུང་བ་ལྔ་པའི་རྒྱ་ཆེར་བཤད་པ་བསྟན་ཟིན་ཏོ།།  །།ད་ནི་ལྟུང་བ་དྲུག་པ་བསྟན་པར་བྱ་སྟེ། དེ་ལའང་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ཏོ། །དང་པོ་ལ་དྲུག་ཏུ་གནས་པ་ལས། དང་པོ་ལྟུང་བའི་ངོ་བོ་ཉིད་ནི་རྡོ་རྗེ་ཐེག་པའམ། ཐེག་པ་ཆེན་པོ་སྤྱིའམ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའང་རུང་སྟེ། ཀུན་ནས་མནར་སེམས་པས་སྨོད་པ་འདི་ནི་རྩ་བའི་ལྟུང་བར་འགྱུར་རོ། །མུ་སྟེགས་བྱེད་ཀྱི་གཞུང་ལ་སྨད་པ་ནི་བཤགས་བྱ་ཉིད་དོ། །སྒྲ་དང་ཚད་མ་ནི་སངས་རྒྱས་ཀྱི་ཐེག་པའམ། མུ་སྟེགས་བྱེད་ཀྱི་གཞུང་ལའང་གནས་པས་ན་གང་དང་ཡང་ལྡན་པ་སྟེ། རྩ་བའམ་བཤགས་བྱ་ཉིད་དུ་འགྱུར་རོ། །ལྟུང་བའི་ངོ་བོ་ཉིད་བསྟན་ཟིན་ཏོ།།  །།སྤྱི་དོན་གཉིས་པ་ཡན་ལག་དུས་ལྟུང་བར་འགྱུར་ཞེ་ན། ཡན་ལག་བཞིའམ་ལྔ་སྟེ། དེ་ལ་རྟེན་གྱི་ཡན་ལག་ནི་བསྟན་ཟིན་ཏོ། །གཉིས་པ་ཡུལ་གྱི་ཡན་ལག་ནི། སངས་རྒྱས་ཀྱི་ཐེག་པའི་གཞུང་ལུགས་སོ། །འོ་ན་རྣམ་སྣང་མངོན་བྱང་ལས། རྣམ་པར་སྣང་མཛད་རིང་བའི་རྒྱུ། །མུ་སྟེགས་ཅན་ལ་སྨད་མི་བྱ། །ཞེས་གསུངས་པས་ན་མུ་སྟེགས་ཀྱི་གཞུང་ལུགས་ཀྱང་མི་བསྡུའམ་ཞེ་ན། དེ་ནི་བཤགས་པར་བྱ་བ་ཉིད་ལ་དགོངས་པ་ལས་རྩ་བར་མི་བསྡུ་སྟེ། མི་བསྡུ་བར་དེ་ཉིད་ཀྱིས་ཀྱང་ཤེས་ཏེ། རྩ་བར་གྱུར་ན་གཏན་མི་འགྲུབ་པ་ཉིད་ལས་རིང་བའི་རྒྱུ་ཞེས་སྨོས་པས་ཀྱང་བཤགས་པར་བྱ་བའམ། བསྡམ་པར་བྱ་བ་ཉིད་ཡིན་པར་མངོན་ནོ། །རྩ་བ་འདི་ཉིད་ལས་ཀྱང༌། ཆོས་ལ་སྨོད་པ་དྲུག་པ་ཡིན། །ཞེས་གསུངས་པས་མུ་སྟེགས་བྱེད་ཀྱི་གཞུང་ནི་ཆོས་མ་ཡིན་ནོ། །གསུམ་པ་བསམ་པའི་ཡན་ལག་ནི། ཐུན་མོང་གི་རྒྱུ་བཞི་སྔོན་དུ་སོང་བས་སྨོད་པ་སྟེ། འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པའི་བསྟན་པ་མ་ཡིན་ཞེས་སངས་རྒྱས་ཀྱི་བཀའ་ལ་བཀའ་མ་ཡིན་པར་ཤེས་ནས་སྨོད་ཅིང་བཤུངས་པ་འདི་ནི་རྩ་བའི་ལྟུང་བ་སྟེ། བཀར་ཤེས་ནས་ཀྱང་སྨོད་པ་འདི་ནི་ལྟུང་བ་གཉིས་པ་ཁྱད་དུ་གསོད་པའི་ཁོངས་སུ་འགྲོའོ། །སངས་རྒྱས་ཀྱི་བཀའ་མ་ཡིན་ཡང་བཀའ་དང་རྗེས་སུ་མཐུན་པའི་བསྟན་བཅོས་ཀྱང་བཀའ་ཉིད་དང་ཁྱད་པར་མེད་དེ། དེ་སྐད་དུ་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། བཀའི་མཚན་ཉིད་དང༌། བཀའ་དང་འདྲ་བའི་མཚན་ཉིད་གསུངས་པ། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང༌། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང༌། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང༌། །འདི་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །ཞེས་བཀའི་མཚན་ཉིད་བསྟན་པ་དང༌། ཡང༌། བཀའ་དང་འདྲ་བའི་མཚན་ཉིད་ཀྱང༌། །གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གིས། །དབང་བྱས་རྣམ་གཡེངས་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང༌། །ཞེས་བཤད་པ་ཡིན་ནོ། །བཞི་པ་ངོ་བོ་ཉིད་ཀྱི་ཡན་ལག་ནི། སྨོད་ཅིང་བཤུངས་པ་ཉིད་དེ། ལྟུང་བའི་ངོ་བོ་ཉིད་ཀྱི་སྐབས་སུ་བརྗོད་ཟིན་ཏོ།།  །།ལྔ་པ་དུས་སྐབས་ཀྱི་ཡན་ལག་ནི་མེད་པ་ཉིད་དུ་གསུང་མོད། གང་སྨད་པའི་གྲུབ་པའི་མཐའ་འཛིན་པའི་གང་ཟག་དེས་སྨད་པར་གོ་བའི་ཚེ་ལྟུང་བ་རྫོགས་པར་མངོན་མོད་དཔྱད་པར་བྱའོ། །ཡན་ལག་དུས་ལྟུང་བར་འགྱུར་བ་བསྟན་ཟིན་ཏོ།།  །།སྤྱི་དོན་གསུམ་པ་ལྟུང་བར་འགྱུར་བའི་རྒྱུ་མཚན་ནི། །འོད་དཔག་ཏུ་མེད་པའི་དམ་ཚིག་གི་སྐབས་སུ། ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང༌། །ཞེས་ཁས་བླངས་པའི་ཕྱིར་དང༌། ཡང་རྩ་བའི་ལྟུང་བ་བསྒྲགས་པའི་སྐབས་སུ། ཆོས་ལ་སྨད་པར་མི་བྱ་ཞིང༌། །ཞེས་བཤད་པའི་ཕྱིར་རོ། །ལྟུང་བར་འགྱུར་བའི་རྒྱུ་མཚན་བསྟན་ཟིན་ཏོ།།  །།སྤྱི་དོན་བཞི་པ་མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་ནི། བཀའ་ཐམས་ཅད་ལ་ལམ་པོ་ཆེའི་འདུ་ཤེས་བསྒོམ་པར་བྱ་སྟེ། ལམ་པོ་ཆེ་ནས་རྒྱལ་པོ་དང༌། པཎྜི་ཏ་དང༌། སྤྲང་པོའི་བར་ཐམས་ཅད་ཀྱང་འགྲོ་བ་བཞིན་དུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བཀའ་ལ་བརྟེན་ནས། རིགས་ཅན་གསུམ་ཀ་གྲོལ་བར་འགྱུར་བའི་ཕྱིར་བཀའ་ལ་སྨད་པར་མི་བྱའོ་སྙམ་དུ་བསམ་པར་བྱའོ། །བཤགས་བྱའི་མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་ཡང་གྲུབ་པའི་མཐས་གཏན་བློ་མ་བསྒྱུར་བ་དགོས་པས་མུ་སྟེགས་བྱེད་ཀྱི་གཞུང་ལ་ཞུགས་པའང་ཆེས་མཆོག་སྟེ། འདི་དག་ཀྱང་ལམ་ཚོལ་བ་ལ་ཞུགས་པས་ན་རིམ་གྱིས་སངས་རྒྱས་ཀྱི་ཐེག་པ་ལ་འཇུག་པར་འགྱུར་རོ་སྙམ་དུ་ཡང་བསམ་པར་བྱའོ། །མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་བསྟན་ཟིན་ཏོ།།  །།སྤྱི་དོན་ལྔ་པ་བྱུང་བ་ཕྱིར་བཅོས་པའི་ཐབས་ནི། ཡན་ལག་ཚང་བ་དང་མ་ཚང་བའི་བྱེ་བྲག་གིས་དམ་ཚིག་དང་སྡོམ་པ་ཡང་དག་པར་བླང་བ་དང༌། ལྟུང་བ་ལས་ལྡང་བ་སྟེ། གོང་དུ་རྩ་བའི་ལྟུང་བ་དང་པོའི་སྐབས་སུ་བསྟན་ཟིན་ཏོ།།  །།སྤྱི་དོན་དྲུག་པ་ཆེ་འབྲིང་རྣམ་པར་གཞག་པ་ལ་ལྔ་ལས། དང་པོ་ཡུལ་གྱི་སྒོ་ནས་ཆེ་འབྲིང་རྣམ་པར་གཞག་པ་ནི། ཡུལ་རྡོ་རྗེ་ཐེག་པ་ལ་སྨོད་ན་ཆེན་པོ། ཐེག་པ་ཆེན་པོ་སྤྱི་ལ་འབྲིང༌། ཉན་ཐོས་ཀྱི་དང་རང་སངས་རྒྱས་ཀྱི་ལ་ཆུང་ངུའོ། །བསམ་པ་དང༌། ངོ་བོ་ཉིད་དང༌། སོགས་པའི་ཆེ་འབྲིང་ནི་འདྲ་བ་ཉིད་ཡིན་ནོ། །ཉེས་པར་བྱེད་པའི་སྒོ་ནས་ཆེ་འབྲིང་རྣམ་པར་གཞག་པ་ནི། ཡུལ་དེ་སྨོད་པ་པོའི་གང་ཟག་གིས་སྨད་པའི་ཆོས་ལ་མ་དད་པ་ཆེ་འབྲིང་གི་སྒོ་ནས་གཞག་པར་བྱ་སྟེ། འདི་ཡོད་པའི་ཚེ་དུས་སྐབས་ཀྱི་ཡན་ལག་ཀྱང་ཅིས་ཀྱང་འཇུག་པ་ཉིད་ཡིན་ནོ། །ཆེ་འབྲིང་རྣམ་པར་གཞག་པ་བསྟན་ཟིན་ཏོ།།  །།འདིའི་ཉེས་པ་མེད་པ་ཡང་གང་ཟག་ཤེས་རབ་ཆུང་ཞིང་ལམ་དམན་པ་ལ་ཆེས་ཞེན་པ་དག ཐེག་པ་ཆེན་པོའམ། རྡོ་རྗེ་ཐེག་པ་ལ་བཀྲི་བའམ། བདག་ཀྱང་ལམ་དམན་པ་དེ་ལ་ཆེས་མནར་སེམས་པ་མེད་པའི་བསམ་པས་བརྡ་སྤྲོད་ཅིང་གོ་བར་སུན་འབྱིན་པ་ལ་ནི་ཉེས་པ་མེད་དེ། དེ་ལྟ་མ་ཡིན་ན་ནི་སློབ་དཔོན་བསྟན་བཅོས་བྱེད་པ་དེ་རྣམས་ལའང་རྩ་བའི་ལྟུང་བར་འགྱུར་བའི་ཕྱིར་རོ། །ཡང་སངས་རྒྱས་སམ་སློབ་དཔོན་ཆེན་པོ་དག་གིས་མ་མཛད་པ་ལ་མཛད་པར་མིང་བཏགས་པ་དག་མཐོང་ན་དེ་ལེགས་པར་གཏགས་ཏེ། དོན་ལོག་པར་མཐོང་ན་ནི་སྔ་མ་བཞིན་བརྡ་སྤྲད་པར་བྱ་ལ། དོན་ལ་སྐྱོན་མེད་ཅིང་ཚིག་ནི་འཕགས་པ་དག་གིས་མ་མཛད་པའི་ངེས་པ་དང་ལྡན་ན་འདི་ཉིད་དོན་ཡིན་མོད་ཀྱི། ཚིག་གི་སྡེབ་སྦྱོར་འདི་ནི་འཕགས་པ་དག་གིས་མ་མཛད་དོ་ཞེས་བརྡ་སྤྲོད་པར་སྨྲ་བ་འདི་ལའང་ཉེས་པ་མེད་དོ། །འོ་ན་འདིར་རྩ་བའི་ལྟུང་བ་གང་ཡིན་ཞེ་ན། འཕགས་པ་དག་གིས་མཛད་ཀྱང་མཛད་པར་མ་ཤེས་པ་དང༌། ཤེས་ཀྱང་ལམ་ཁ་ཅིག་ནི་ཆེས་དམན་པར་བཟུང་སྟེ། མནར་སེམས་པས་སྨད་པ་ཉིད་ཡིན་ནོ། །ཡང་སངས་རྒྱས་ཀྱིས་མཛད་པ་ལ་མ་མཛད་པར་སྨྲ་བ་འདིའང་བཤགས་བྱའི་ཉེས་པ་དང་ལྡན་པ་སྟེ། མུ་ཏིག་ཕྲེང་བ་ལས། སློབ་དཔོན་ཤཱནྟི་པས་གསུངས་པ། རྒྱལ་བས་མཛད་ལ་མ་མཛད་དང༌། །དེས་མ་གསུངས་ལ་དེས་གསུངས་སྨྲ། །འགྲོ་མཆོག་མི་བསླུ་བདེ་གཤེགས་ལ། །གཉིས་ཀའང་གཞོགས་འཕྱས་བྱེད་དང་མཚུངས། །ཞེས་བཤད་པ་ཡིན་ནོ། །ཉེས་པ་མེད་པ་ཞར་ལས་བྱུང་བ་དང་བཅས་པ་བསྟན་ཟིན་ཏེ། སྤྱིའི་དོན་བསྟན་ཟིན་ཏོ།།  །།ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཞེས་བྱ་བ་ལ། རང་ཞེས་བྱ་བ་ནི་རྡོ་རྗེ་ཐེག་པའི་ཐེག་པ་ཆེན་པོ་སྤྱིའོ། །གཞན་གྱི་ཡང་ཐེག་པ་ཆེན་པོ་སྤྱིའམ། ཉན་ཐོས་དང་རང་སངས་རྒྱས་པའི་ལམ་མོ། །གྲུབ་པའི་མཐའ་ཞེས་བྱ་བ་ནི་རིགས་ཅན་གསུམ་གྲོལ་བར་བྱེད་པའི་ཕྱིར་རོ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཞེས་བྱ་བ་ལ། ཆོས་ཞེས་བྱ་བ་ནི་རྣམ་པར་གྲོལ་བར་སྟོན་ཏེ། སངས་རྒྱས་པའི་ཐེག་པའི་བཀའ་དང་བསྟན་བཅོས་ཡིན་ལ། མུ་སྟེགས་བྱེད་ཀྱི་གཞུང་ནི་ཆོས་མ་ཡིན་ནོ། །སྨོད་པ་ཞེས་བྱ་བ་ནི་བཤུངས་པ་ཉིད་དོ། །དྲུག་པ་ཡིན་ཞེས་བྱ་བ་ནི་ལྔ་པ་བས་ཅུང་ཟད་ཡང་བ་ཉིད་དུ་སྟོན་པ་དང༌། བྱང་ཆུབ་ཀྱི་སེམས་དང་ལྡན་པས་སངས་རྒྱས་ཉིད་སྒྲུབ་པར་བྱེད་པ་ན། བདེ་བར་གཤེགས་པའི་བཀའ་དགོས་པའི་ཕྱིར་དེ་ལ་མི་སྨད་པ་ནི་ལྔ་པའི་རྗེས་ལ་འབྱུང་བ་ཡིན་ནོ། །ཡན་ལག་གི་དོན་བསྟན་ཟིན་ཏེ། རྩ་བའི་ལྟུང་བ་དྲུག་པའི་རྒྱ་ཆེར་བཤད་པ་བསྟན་ཟིན་ཏོ།།  །།ད་ནི་རྩ་བའི་ལྟུང་བ་བདུན་པའི་རྣམ་པར་བཤད་པ་བསྟན་པར་བྱ་སྟེ། དེ་ལའང་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ཏོ། །དེ་ལ་སྤྱིའི་དོན་ལ་དྲུག་ཏུ་གནས་པ་ལས། དང་པོ་ལྟུང་བའི་ངོ་བོ་ཉིད་ནི་སྣོད་མ་ཡིན་པ་ལ་གསང་བ་སྒྲོགས་པ་སྟེ། དེ་ལ་སྣོད་མ་ཡིན་པ་ནི་མ་སྨིན་པ་དང༌། སྨིན་ཀྱང་མ་དད་པ་དང༌། དད་ཀྱང་རྩ་བའི་ལྟུང་བ་གཞན་བྱུང་བའོ། །དེ་ལ་དང་པོ་མ་སྨིན་པ་ནི། བུམ་དབང་གི་འཇུག་པ་དང་དབང་མ་རྫོགས་པའོ། །དེ་ཡང་བྱང་ཕྱོགས་ཀྱི་རྒྱུད་འདི་ན་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཙམ་ལ་བརྟེན་ཏེ་གསང་བ་སྟོན་པ་དེ་ནི་ནོར་བ་སྟེ། བྱིན་རླབས་འདི་ལ་དབང་དང་དམ་ཚིག་གང་ཡང་མེད་པའི་ཕྱིར་རོ། །ཡང་རྗེ་བཙུན་མ་འདི་ལས་ཆེས་ལྷག་པའི་སངས་རྒྱས་གཞན་མེད་ཅིང༌། འདིའི་བྱིན་རླབས་ཀྱང་ཏིང་ངེ་འཛིན་སྐྱེ་བའི་རྟེན་འབྲེལ་ཡིན་པའི་ཕྱིར་དབང་གོང་མ་བཞིན་དུ་བུམ་པའི་དབང་གི་རྗེས་ལ་བསྐུར་བ་ཡིན་པ་ལས་བུམ་པའི་དབང་མ་ཐོབ་པ་ལ་འདིའི་བྱིན་རླབས་བྱེད་པའང་རྩ་བའི་ལྟུང་བར་འགྱུར་བ་ཡིན་ནོ། །གཞན་ཡང་ཁ་ཅིག་འདི་སྐད་དུ། དབང་ནི་ཕྱིས་བླང་བར་བགྱི་སྟེ། གསང་བ་ནི་ད་ལྟ་ཉན་པར་འཚལ་ལོ་ཞེས་ཟེར་བ་ལ་འདི་ནི་བཏུབ་སྟེ། དེ་བཞིན་དུ་བྱའོ་ཞེས་ཁས་བླངས་ནས་གསང་བ་སྟོན་པ་དག་མཐོང་སྟེ། འདི་ནི་ཆེས་བཞད་གད་ཀྱི་གནས་སོ། །ཅིའི་ཕྱིར་ཞེ་ན། གསང་བ་བསྒྲགས་མ་ཐག་རྩ་བའི་ལྟུང་བར་འགྱུར་བའི་ཕྱིར་རོ། །དེ་ནི་མ་ཡིན་ཏེ། དབང་བསྐུར་བར་ཁས་བླངས་པའི་ཕྱིར་རོ། །ཞེས་སྨྲ་ན་དེ་ལྟ་བུ་བཤད་པ་མེད་ཀྱང་བདེན་དུ་ཆུག་མོད། དུས་ཕྱིས་དབང་བསྐུར་བ་ཕར་ཞོག་ཅིག སང་ནུབ་དཀྱིལ་འཁོར་བྲི་བར་འགྱུར་བའི། དོ་ནུབ་སློབ་མ་དེ་ཤི་ན། ད་ཇི་ལྟར་བྱ། དེས་ན་ཕྱོགས་གཉིས་ཀའང་རྡོ་རྗེ་སློབ་དཔོན་གྱི་གཟུགས་བརྙན་རྨོངས་ཤིང་བརྩོན་འགྲུས་དང་བྲལ་བ་བསྙེན་བཀུར་ལ་ཆེས་སྲེད་པ་རྣམས་ཀྱིས་རང་དགར་སྦྱར་བ་ཡིན་མོད། བཀའ་དང་བསྟན་བཅོས་ནས་དེ་ལྟ་བུ་བཤད་པ་ནི་མེད་དོ། །དེ་ལ་གསང་བ་ནི་གསང་བའི་རྫས་དང༌། གསང་བའི་སྤྱོད་པ་དང༌། གསང་བའི་ཆོས་ཀུན་ཏུ་སྟོན་པ་དང་གསུམ་མོ། །དེ་ལ་རྣམ་པར་ཕྱེ་སྟེ་བརྗོད་ན་བདག་གིས་དམ་ཚིག་གི་རྫས་སུ་བཟུང་བའི་ཚུལ་བཞིན་དུ་བྲིས་པའི་གླེགས་བམ་དང༌། བྲིས་སྐུ་དང༌། རྡོ་རྗེ་དྲིལ་བུ་དང༌། ཅང་ཏེའུ་དང༌། ཐོད་པ་དང༌། ཁ་ཊྭཱཾ་ག་དང༌། རུས་པའི་རྒྱན་དྲུག་དང༌། མིའི་གཡང་གཞི་དང༌། སྟན་ལ་སོགས་པ་ཀུན་ཏུ་སྟོན་པ་སྟེ། དེ་དག་ཀྱང་བདག་གིས་དམ་ཚིག་གི་རྫས་སུ་བཟུང་བ་ཡིན་ནོ། །གསང་བའི་སྤྱོད་པ་ཀུན་ཏུ་སྟོན་པ་ནི། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་ཁོངས་སུ་སྣོད་མ་ཡིན་པ་དག་འོང་དུ་འཇུག་པ་དང༌། འོང་དུ་མི་གཞུག་ཀྱང་དབང་བསྐུར་བ་ནི་འདི་ལྟ་བུའོ། །རྣལ་འབྱོར་ཆེན་པོའི་རབ་གནས་དང༌། སྦྱིན་སྲེག་ནི་འདི་ལྟ་བུའོ། །རིལ་བུ་ལ་སོགས་པའི་བསྒྲུབ་པ་ནི་འདི་ལྟ་བུའོ། །ཚོགས་ཀྱི་འཁོར་ལོ་ནི་འདི་ལྟ་བུའོ་ཞེས་བྱ་བ་དང༌། ཡང་ཚོགས་ཀྱི་འཁོར་ལོའི་ཚེ་ཆང་མི་འཐུང་བ་དང༌། རབ་ཏུ་བྱུང་བའི་ཕྱོགས་ཕྱི་དྲོའི་ཁ་ཟས་མི་ཟ་བ་དག་ཀྱང་དམ་ཚིག་མི་བསྟེན་པའི་ལྟུང་བ་བཅུ་གསུམ་པས་འཇིགས་ནས་ཅུང་ཟད་ཙམ་འཐུང་ཞིང་ཁ་ཟས་བག་ཙམ་བསྟེན་པ་ལ་སྣོད་མ་ཡིན་པའི་དྲུང་དུ་འདི་དག་ནི་ཆང་འཐུང་ངོ༌། །རབ་ཏུ་བྱུང་བ་འདི་དག་ནི་ཕྱི་དྲོའི་ཁ་ཟས་བསྟེན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲ་བ་ནི་རྩ་བའི་ལྟུང་བའོ། །གསུམ་པ་གསང་བའི་ཆོས་སྟོན་པ་ནི། སྣོད་མ་ཡིན་པའི་དྲུང་དུ་རྡོ་རྗེ་ཐེག་པའི་ཆོས་ཟབ་པ་དང༌། རྒྱ་ཆེ་བ་ཀུན་ཏུ་སྟོན་པའོ། །འདི་ལ་གསང་སྔགས་སྔ་འགྱུར་ལ་སྤྱོད་པའི་གང་ཟག་ཁ་ཅིག་འདི་ན་གསང་བ་ནི་མེད་དེ། གང་ཟག་ནི་སྣོད་དང་ལྡན་པ་དང༌། སྣོད་དང་མི་ལྡན་པ་གཉིས་ཡིན་པའི་ཕྱིར་རོ། །གོ་བོ་རྣམས་ནི་སྐལ་བ་དང་ལྡན་པ་ཡིན་པའི་ཕྱིར་གསང་བ་མེད་ལ། མི་གོ་བ་རྣམས་ནི་སྐལ་བ་མེད་པའི་ཕྱིར་ཡེ་གསང་ཡིན་པས་གསང་བར་སྨྲ་བ་འདི་ནི་ཕྱི་འགྱུར་བ་དག་གི་ཀུན་ཏུ་རྟོགས་པ་ཡིན་ནོ། །ཞེས་སྨྲ་ན་དེ་ནི་མ་ཡིན་ཏེ། བདེ་བར་གཤེགས་པས་ཀུན་ཏུ་གསང་བར་བསྟན་པའི་ཕྱིར་རོ། །ཁྱེད་རང་གི་གཞུང་ལས་ཀྱང་འབྱུང་སྟེ། རྒྱུད་གསང་བའི་སྙིང་པོ་ལས། བླ་མ་མཉེས་པར་མ་བྱས་ཤིང༌། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །ལྟུང་བའི་ངོ་བོ་ཉིད་རྣམ་པར་གཞག་པ་བསྟན་ཟིན་ཏོ།།  །།སྤྱི་དོན་གཉིས་པ་ཡན་ལག་དུས་ལྟུང་བར་འགྱུར་ཞེ་ན། ཡན་ལག་ནི་ལྔ་སྟེ། དང་པོ་རྟེན་གྱི་ཡན་ལག་ནི་གོང་དུ་བསྟན་ཟིན་ཏོ།།  །།གཉིས་པ་ཡུལ་གྱི་ཡན་ལག་ནི། བརྡ་ཤེས་ཤིང་དོན་གོ་བར་གྱུར་པ་ཤེས་པ་རང་བཞིན་དུ་གནས་པའི་མིའི་འགྲོ་བ་ཡོངས་སུ་མ་སྨིན་པའོ། །མི་མ་ཡིན་པའི་འགྲོ་བ་ཕལ་ཆེ་བ་ནི་མི་སྣང་བའི་ཕྱིར་བསྒྲུབ་པར་མི་ནུས་ལ། དུད་འགྲོའི་བྱེ་བྲག་མཐོང་བའི་ཡུལ་དུ་གྱུར་པ་རྣམས་ནི་བླུན་པའི་ཕྱིར་མི་གོ་ཞིང༌། མིའི་འགྲོ་བ་ཡིན་ཡང་མཚན་ཉིད་གོང་མ་རྣམས་དང་མི་ལྡན་ན་ནི་ཡུལ་མ་ཡིན་ནོ། །གསུམ་པ་བསམ་པའི་ཡན་ལག་ནི། ཐུན་མོང་གི་རྒྱུ་བཞི་སྔོན་དུ་སོང་བས་གསང་བ་བསྟན་པར་འདོད་པའོ། །བཞི་པ་ངོ་བོ་ཉིད་ཀྱི་ཡན་ལག་ནི། གསང་བ་སྟོན་པ་སྟེ་གོང་དུ་བརྗོད་ཟིན་ཏོ།།  །།ལྔ་པ་དུས་སྐབས་ཀྱི་ཡན་ལག་ནི། སྣོད་མ་ཡིན་པ་དེས་རྡོ་རྗེ་ཐེག་པའི་རྫས་སམ། སྤྱོད་པའམ། ཆོས་ནི་འདི་དག་གོ །ཞེས་གོ་བའི་ཚེ་ལྟུང་བ་རྫོགས་འགྱུར་རོ། །དེས་ན་དབང་ཐོབ་ཀྱང་ཉམས་པར་གྱུར་པའི་གང་ཟག་གིས་ནི་གསང་བ་རྣམས་ཤེས་ཟིན་པའི་ཕྱིར། དུས་སྐབས་མ་ཚང་བས་ན་བཤགས་བྱ་ཉིད་དུ་འགྱུར་རོ་སྙམ་དུ་སེམས་སོ། །ཡན་ལག་དུས་ལྟུང་བར་འགྱུར་བ་བསྟན་ཟིན་ཏོ།།  །།སྤྱི་དོན་གསུམ་པ་ལྟུང་བར་འགྱུར་བའི་རྒྱུ་མཚན་ནི། དབང་གི་དུས་སུ་དམ་ལ་གཞག་ཅིང་ཁས་བླངས་པ་སྟེ། དེ་སྐད་དུ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱའི། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། བུ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་བྱ་བ་ལ་སོགས་པ་དང༌། འོད་དཔག་མེད་ཀྱི་སྐབས་ནས། ཕྱི་དང་གསང་བ་ཐེག་པ་གསུམ། །ཞེས་པའི་གསང་བའི་ཐེག་པ་བཟུང་བའི་དོན་དང༌། རྩ་བའི་ལྟུང་བ་བསྒྲགས་པའི་སྐབས་སུ། མི་ཤེས་པའམ་རྨོངས་པ་ལ། དེ་ཉིད་བསྟན་པར་མི་བྱའོ། །ཞེས་བྱ་བ་དང༌། ཡང༌། སྐལ་མེད་དེ་ཉིད་གཏམ་མི་བྱ། །ཞེས་གསུངས་པའི་ཕྱིར་རོ། །ལྟུང་བར་འགྱུར་བའི་རྒྱུ་མཚན་བསྟན་ཟིན་ཏོ།།  །།སྤྱི་དོན་བཞི་པ་མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་ནི། འཇིགས་པ་ཆེན་པོར་ཕྱིན་པའི་དུས་ཀྱི་ཡང་རང་གི་ལུས་ལ་ནོར་བུ་རིན་པོ་ཆེ་ཡོད་པ་ལྟ་བུའི་འདུ་ཤེས་ཀྱིས་བསླབ་སྟེ། དེའི་ཚེ་ཚོར་བར་གྱུར་ན་གཞན་གྱིས་ཕྲོགས་སུ་དོགས་པའི་ཕྱིར་ཆེས་གསང་བ་བཞིན་དུ་གསང་བ་འདི་དག་ཀྱང་བསྒྲགས་ན་དངོས་གྲུབ་ཡལ་དུ་དོགས་པའི་ཕྱིར་ཆེས་གསང་བར་བྱའོ། །མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་བསྟན་ཟིན་ཏོ།།  །།སྤྱི་དོན་ལྔ་པ་བྱུང་བ་ཕྱིར་བཅོས་པའི་ཐབས་ལ། ཡན་ལག་རྫོགས་པ་དང༌། མ་རྫོགས་པའི་བྱེ་བྲག་གིས་དབང་བླང་བའམ། བཤགས་པར་བྱ་སྟེ། གོང་དུ་བརྗོད་ཟིན་ཏོ།།  །།སྤྱི་དོན་དྲུག་པ་ཆེ་འབྲིང་རྣམ་པར་གཞག་པ་ནི་ལྔ་སྟེ། དེ་ལ་དང་པོ་ཡུལ་གྱི་སྒོ་ནས་ཆེ་འབྲིང་རྣམ་པར་གཞག་པ་ནི། མ་སྨིན་ཅིང་མ་དད་པ་ལ་ནི་ཆེན་པོ། གང་རུང་ཅིག་དང་ལྡན་ན་འབྲིང༌། ཉམས་པ་ལ་ཆུང་ངུ་ཞེས་ཀྱང་གསུང་མོད། འདི་ནི་བཤགས་པར་བྱ་བ་ཡིན་ནོ། །ངོ་བོ་ཉིད་ཀྱི་སྒོ་ནས་གཞག་པ་ནི། ཡིད་ལ་ལུས་ངག་གཉིས་ཀས་གྲོགས་བྱས་ན་ཆེན་པོ། གང་རུང་ཅིག་གིས་གྲོགས་བྱས་ན་འབྲིང༌། འདི་ལ་ཆུང་ངུ་ནི་མེད་དེ། ཡིད་གཅིག་པུས་གསང་བ་བསྒྲགས་སུ་མི་འདོད་པའི་ཕྱིར་རོ། །བསམ་པ་དང༌། སོགས་པའི་ཆེ་འབྲིང་ནི་འདྲ་ལ། ཉེས་པར་བྱེད་པའི་སྒོ་ནས་ནི་ཡུལ་དེ་རྡོ་རྗེ་ཐེག་པ་ལ་མ་དད་པ་ཆེ་འབྲིང་གི་སྒོ་ནས་གཞག་པར་བྱའོ། །ཆེ་འབྲིང་རྣམ་པར་གཞག་པ་བསྟན་ཟིན་ཏོ།།  །།འདིའི་ཉེས་པ་མེད་པ་ཡང་གསང་བ་བསྒྲགས་པས་ཡུལ་དེ་རྡོ་རྗེ་ཐེག་པ་ལ་ཆེས་དད་པར་གྱུར་ནས་དེ་ཉིད་ལ་འཇུག་པའི་རྒྱུར་འགྱུར་བར་མངོན་པར་ཤེས་པ་ལ་སོགས་པའི་རྟགས་ཀྱིས་ངེས་པར་ཤེས་པ་དེའི་ཚེ་ལྟུང་བའི་གཟུགས་བརྙན་དུ་འགྱུར་རོ། །ངེས་པའི་རྟགས་མེད་པར་འདི་ནི་དད་པར་འགྱུར་བར་འོང་ངོ་སྙམ་ནས་འཇུག་པ་ནི་ཉེས་པ་ཉིད་ཡིན་ནོ། །ཡང་མ་སྨིན་པ་དག་ཚོགས་ཀྱི་དུས་སུ་དམ་ཚིག་གི་རྫས་བསྟེན་ནམ་མི་བསྟེན་ཞེས་དྲི་བ་ལ་མི་བསྟེན་ནོ་ཞེས་བརྫུན་སྨྲ་བ་འདིའང་ལྟུང་བའི་གཟུགས་བརྙན་ཏེ་ཉེས་པ་མེད་དོ། །རྡོ་རྗེ་དང་དྲིལ་བུ་དག་ནི་ཐམས་ཅད་ལ་མཐུན་པར་ཁྱབ་ནས་སྣང་བའི་ཕྱིར། རང་གི་དམ་ཚིག་གི་རྫས་སུ་དམིགས་པ་ཙམ་མ་ཡིན་ལ་གཞན་བསྒྲུབ་པར་མི་ནུས་པའི་ཕྱིར་ཉེས་པ་མེད་པར་མངོན་ནོ། །གཞན་གང་ཟག་གི་རིགས་ཀྱི་ཅང་ཏེའུ་མ་སྦས་ཀྱང་ཉེས་པ་མེད་པའི་སྐབས་སྲིད་དོ། །ཉེས་པ་མེད་པའི་སྐབས་བརྗོད་ཟིན་ཏེ། སྤྱིའི་དོན་བསྟན་ཟིན་ཏོ།།  །།ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། ཡོངས་སུ་མ་སྨིན་སེམས་ཅན་ལ། ཞེས་བྱ་བ་ལ། ཡོངས་སུ་མ་སྨིན་པ་ནི་དབང་མ་ཐོབ་པ་དང༌། ཐོབ་ཀྱང་མ་དད་པ་དང༌། དད་ཀྱང་ཉམས་པ་ལ་ནི་བཤགས་བྱ་ཡིན་ནོ། །གསང་བ་སྒྲོགས་པ་བདུན་པ་ཡིན། །ཞེས་བྱ་བ་ལ། གསང་བ་ནི་གསང་བའི་རྫས་དང༌། སྤྱོད་པ་དང༌། གསང་བའི་ཆོས་རྣམས་སྣོད་མ་ཡིན་པ་ལ་སྒྲོགས་པའོ། །བདུན་པ་ཡིན་ཞེས་བྱ་བ་ནི་དྲུག་པ་བས་ཡང་བ་ཉིད་དང༌། དྲུག་པ་དམ་པའི་ཆོས་ཀྱི་ནང་ནས་རྡོ་རྗེ་ཐེག་པ་འདི་ཆེས་ཟབ་པའི་ཕྱིར་གཅེས་སྤྲས་སུ་བྱ་བ་དང༌། འདི་ལ་གཞན་གྱིས་སྨད་ན་རྣམ་པར་སྨིན་པ་ཆེས་ལྕི་བའི་ཕྱིར་གསང་བའི་གདམས་པ་སྟེ། དྲུག་པའི་རྗེས་ལ་འབྱུང་བ་ཡིན་ནོ། །ཡན་ལག་གི་དོན་བསྟན་ཟིན་ཏེ། རྩ་བའི་ལྟུང་བ་བདུན་པའི་རྒྱ་ཆེར་བཤད་པ་བསྟན་ཟིན་ཏོ།།  །།ད་ནི་རྩ་བའི་ལྟུང་བ་བརྒྱད་པའི་རྣམ་པར་གཞག་པ་བརྗོད་པར་བྱ། དེ་ལའང་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ཏོ། །དང་པོ་སྤྱིའི་དོན་ལ་དྲུག་ཏུ་གནས་པ་ལས། དང་པོ་ལྟུང་བའི་ངོ་བོ་ཉིད་རྣམ་པར་གཞག་པ་ནི། བདག་གི་ལུས་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཏེ། ཕུང་པོ་ལྔ་ནི་སངས་རྒྱས་ལྔའི་རང་བཞིན། ཁམས་བཞི་ནི་ལྷ་མོ་བཞིའི་རང་བཞིན། ནང་གི་སྐྱེ་མཆེད་ནི་བྱང་ཆུབ་སེམས་དཔའི་ངོ་བོ། ཕྱིའི་སྐྱེ་མཆེད་རྣམས་ནི་ལྷ་མོའི་རང་བཞིན་ཏེ། དེ་སྐད་དུ། གསང་བ་འདུས་པ་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་བཤད། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་ཞེས་བྱ་བ་སྟེ། །ཆུ་ཁམས་དེ་བཞིན་མཱ་མ་ཀཱི། །དྲོད་དང་རླུང་ཞེས་བྱ་བ་ནི། །དཀར་དང་སྒྲོལ་མ་ཞེས་བྱར་བརྗོད། །ཅེས་བྱ་བ་དང༌། ཤེས་རབ་ཀྱི་རྒྱུད་ལས་ཀྱང༌། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཚོར་བ་ལ་ནི་དཀར་མོར་བརྗོད། །འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། །འདུ་ཤེས་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའི་རང་བཞིན་གྱིས། །བདག་མེད་རྣལ་འབྱོར་མ་གནས་སོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དེས་ན་ལུས་རང་བཞིན་གྱིས་སངས་རྒྱས་ཡིན་པ་ལ་བླ་མ་དམ་པས་དཀྱིལ་འཁོར་དུ་བཙུད་ནས། རབ་གནས་བྱས་པའི་ལུས་འདི་ལ་སྨད་པ་སྟེ། འདི་ལྟར་བདག་གི་ལུས་འདི་ནི་རང་བཞིན་ངན་པའོ། །མི་གཙང་བའི་རྫས་ཀྱིས་གང་བའོ། །ཞེས་བྱ་བར་ཤེས་ནས་སྨོད་ཅིང་བཤུངས་ཏེ། དེས་ན་འདིའི་སྒྲིབ་པ་སྦྱང་བ་ནི། བྱ་བའི་རྒྱུད་ལས་བྱུང་བ་སྔར་བཤད་པ་དང༌། དཀའ་སྤྱད་དང༌། དཀའ་ཐུབ་ཉིད་དང༌། སྨྱུང་བར་གནས་པ་དག་གིས་གནས་པ་ནི་མཆོག་ཡིན་གྱི། འདི་ལ་བསྙེན་བཀུར་བས་ནི་ཅི་ཞིག་བྱ་སྙམ་པ་དང༌། ཀུན་ཏུ་མ་རངས་ཤིང་ཐི་གུ་ལ་སོགས་པས་ལྕེབ་པ་དང༌། ཡན་ལག་གཅོད་པའམ། བརྡུང་བའམ། མ་དག་པའི་དད་པས་ཀུན་ནས་བསླངས་ནས། དེ་བཞིན་གཤེགས་པའི་སྤྱན་སྔར་ལུས་དང་ཡན་ལག་བཅད་ནས་འབུལ་བའམ། མར་མེ་སྦོར་བ་ལ་སོགས་པ་བྱེད་པའོ། །དེའང་རང་གི་ནང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སྨོད་པ་ནི་རྩ་བའི་ལྟུང་བ་ཡིན་གྱི། ཕྱི་རོལ་གྱི་ཡུལ་ལ་སྨད་པ་ནི་བཤགས་བྱ་ཉིད་ཡིན་ཏེ། ངོ་བོ་ཉིད་ཀྱིས་ཡུལ་དང་ཡུལ་ཅན་ཉིད་འདྲ་ཡང་རེ་ཞིག་ཡུལ་ལ་དབང་མ་བསྒྱུར་བ་ཉིད་དང༌། རྡོ་རྗེ་གུར་ལས་ཀྱང༌། བདག་གི་ལུས་ལ་ངས་མི་སྨད། །ཅེས་གསུངས་པའི་ཕྱིར་རོ། །ལྟུང་བའི་ངོ་བོ་ཉིད་རྣམ་པར་གཞག་པ་བསྟན་ཟིན་ཏོ།།  །།སྤྱི་དོན་གཉིས་པ་ཡན་ལག་དུས་ལྟུང་བར་འགྱུར་ཞེ་ན། ཡན་ལག་ལྔ་སྟེ། དང་པོ་རྟེན་གྱི་ཡན་ལག་ནི་བརྗོད་ཟིན་ཏོ། །གཉིས་པ་ཡུལ་གྱི་ཡན་ལག་ནི་བདག་གི་ལུས་སོ། །གསུམ་པ་བསམ་པའི་ཡན་ལག་ནི། ཐུན་མོང་གི་རྒྱུ་བཞི་སྔོན་དུ་སོང་བས་ལུས་ལ་སྨོད་པར་འདོད་པའོ། །བཞི་པ་ངོ་བོ་ཉིད་ཀྱི་ཡན་ལག་ནི། ལུས་ལ་སྨད་པ་སྟེ། རྒྱས་པར་གོང་དུ་བརྗོད་ཟིན་ཏོ། །ལྔ་པ་དུས་སྐབས་ནི་མེད་དོ་ཞེས་ཀྱང་གསུང་མོད། འདིའི་ཟིན་པར་བྱས་པ་ནི་དུས་སྐབས་ཡིན་ནོ། །ཡན་ལག་དུས་ལྟུང་བར་འགྱུར་པ་བསྟན་ཟིན་ཏོ།།  །།སྤྱི་དོན་གསུམ་པ་ལྟུང་བར་འགྱུར་བའི་རྒྱུ་མཚན་ནི། ཕུང་པོ་ངོ་བོ་ཉིད་ཀྱི་སངས་རྒྱས་ཡིན་པར་རྒྱུད་ནས་བཤད་པའི་ཕྱིར་ཏེ། ལུང་ནི་གོང་དུ་བརྗོད་ཟིན་ཏོ། །ཡང་འཇུག་པ་དང་དབང་ཐམས་ཅད་ཀྱི་སྐབས་སུ་ལུས་ལྷར་བྱིན་གྱིས་བརླབས་ནས། རབ་ཏུ་གནས་པ་བྱས་པ་ཡིན་ལ། འོད་དཔག་མེད་ལས་གསང་བའི་ཐེག་པ་ཞེས་པས་དེ་ལས་ལུས་ལྷར་བཤད་ལ། དོན་ཡོད་གྲུབ་པ་ལས་མཆོད་པའི་ལས་བྱ་བར་བཤད་པ་དང༌། ལྟུང་བ་བསྒྲགས་པའི་སྐབས་སུའང༌། བདག་གི་ལུས་ལ་ངེས་མི་སྨད། །ཅེས་གསུངས་པའི་ཕྱིར་རོ། །ལྟུང་བར་འགྱུར་བའི་རྒྱུ་མཚན་བསྟན་ཟིན་ཏོ།།  །།སྤྱི་དོན་བཞི་པ་མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་ནི། ལུས་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་བསྒོམ་པ་ཉིད་ཡིན་ནོ། །སྤྱི་དོན་ལྔ་པ་བྱུང་བ་ཕྱིར་བཅོས་པའི་ཐབས་ནི། ཡན་ལག་རྫོགས་པ་དང་མ་རྫོགས་པའི་བྱེ་བྲག་གིས་དབང་བླང་བའམ། བཤགས་པར་བྱ་བ་སྟེ། གོང་དུ་བརྗོད་ཟིན་ཏོ།།  །།འདི་ལ་བཤགས་པའི་ཚད་མེད་པ་ཅིག་ཀྱང་སྲིད་དེ། བདག་ཉིད་ལྕེབས་ཏེ་དུས་ལས་འདས་པའོ། །དེས་ན་བདག་གི་སྲོག་ལ་ཀུན་ཏུ་གཅེས་སྤྲས་སུ་བྱའོ། །བྱུང་བ་ཕྱིར་བཅོས་པའི་ཐབས་བསྟན་ཟིན་ཏོ།།  །།སྤྱི་དོན་དྲུག་པ་ཆེ་འབྲིང་རྣམ་པར་གཞག་པ་ནི། ཡུལ་གྱི་སྒོ་ནས་ནི་ཆེ་འབྲིང་མེད་ལ། ལྷག་མ་བཞི་ནི་གོང་དུ་བསྟན་པ་ཉིད་དང༌། ཚུལ་མཚུངས་པ་ཡིན་པས་ན་བསྟན་ཟིན་ཏོ།།  །།འདིའི་ཉེས་པ་མེད་པ་ཡང་བསམ་པ་དགེ་བ་སྟེ། བདག་གི་ལུས་ནི་སངས་རྒྱས་ཀྱི་དཀྱིལ་འཁོར་ཡིན་པ་ལ་ཐེ་ཚོམ་མེད་པར་བྱས་ལ། རེ་ཞིག་བདེ་བར་གཤེགས་པས་གསུངས་པའི་ཆོ་ག་འདི་ལྟ་བུ་ལ་འཇུག་པ་ལ་ནི་སྐྱོན་མེད་དེ། བདེ་བར་གཤེགས་པས་གསུངས་པའི་ཕྱིར་རོ། །ཞེས་སངས་རྒྱས་ལ་མཆོག་ཏུ་དད་པས་གནས་སྐབས་ཀྱི་སྨྱུང་བར་གནས་པ་ལ་འཇུག་པ་ལ་ནི་སྐྱོན་མེད་དོ། །ལུས་སངས་རྒྱས་སུ་མ་ཤེས་ཏེ། མི་གཙང་བའི་རྫས་དང་ལྡན་པར་བསམ་པས་ཇི་ལྟ་བུའི་བསྙེན་བཀུར་བྱས་ཀྱང་རྩ་བའི་ལྟུང་བ་ཡིན་ནོ། །ཉེས་པ་མེད་པ་ཞར་ལས་བྱུང་བ་དང་བཅས་པ་བསྟན་ཟིན་ཏེ། སྤྱིའི་དོན་བསྟན་ཟིན་ཏོ།།  །།ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །ཅེས་བྱ་བ་ལ། ཕུང་པོ་ལྔ་ནི་སངས་རྒྱས་ལྔའི་རང་བཞིན་ཡིན་ལ། ཁམས་དང༌། སྐྱེ་མཆེད་ཀྱང་རིག་མ་དང༌། བྱང་ཆུབ་སེམས་དཔའ་དང༌། ལྷ་དང༌། ལྷ་མོའི་ངོ་བོ་ཡིན་ཏེ་ལུང་ནི་གོང་དུ་བརྗོད་ཟིན་ཏོ། །དེ་ལ་སྨོད་པ་བརྒྱད་པ་ཡིན། །ཞེས་བྱ་བ་ནི། དེ་ལ་སྨོད་པ་ནི་ཕུང་པོ་ལ་སྨོད་པ་ཡིན་ལ། བརྒྱད་པ་ཞེས་བྱ་བ་ནི་བདུན་པ་བས་ཡང་བ་ཉིད་དང༌། གསང་བ་དེ་ཉམས་སུ་ལེན་པ་ལ་ལུས་དགོས་པ་དང༌། གསང་བའི་ཆོས་དེ་ནས་ལུས་སངས་རྒྱས་སུ་བཤད་པའི་ཕྱིར་བདུན་པའི་རྗེས་ལ་འབྱུང་བ་ཡིན་ནོ། །ཡན་ལག་གི་དོན་བསྟན་ཟིན་ཏོ། །རྩ་བའི་ལྟུང་བ་བརྒྱད་པའི་རྒྱ་ཆེར་བཤད་པ་བསྟན་ཟིན་ཏོ།།  །།ད་ནི་རྩ་བའི་ལྟུང་བ་དགུ་པ་བཤད་པར་བྱ་སྟེ། དེ་ལའང་གཉིས། སྤྱི་དོན་དང༌། ཡན་ལག་གི་དོན་ཏོ། །དང་པོ་ལ་དོན་དྲུག་ཏུ་གནས་པ་ལས་དང་པོ་ལྟུང་བའི་ངོ་བོ་ཉིད་རྣམ་པར་གཞག་པ་ནི། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་རང་བཞིན་མེད་པ། དེ་བཞིན་ཉིད་ཀྱི་དག་པ་དང༌། ཕུང་པོ་ལྔ་རྒྱལ་བ་ལྔའི་རང་བཞིན་ནི་ལྷ་སོ་སོའི་དག་པ་སྟེ། རང་བཞིན་གྱིས་དག་པ་གཉིས་ལ་ཡིན་ནམ་མ་ཡིན་སྙམ་པའི་ཐེ་ཚོམ་ཟ་བའང་རྩ་བའི་ལྟུང་བར་འགྱུར་ན་རང་བཞིན་གྱིས་མ་དག་པར་འཛིན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ་ལྟུང་བའི་ངོ་བོ་ཉིད་ཡིན་ནོ། །སྤྱི་དོན་གཉིས་པ་ཡན་ལག་དུས་ལྟུང་བར་འགྱུར་ཞེ་ན། ལྔ་སྟེ། དང་པོ་རྟེན་གྱི་ཡན་ལག་ནི་བརྗོད་ཟིན་ཏོ། །གཉིས་པ་ཡུལ་གྱི་ཡན་ལག་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་དེ་བཞིན་ཉིད་དང༌། ལྷ་སོ་སོའི་དག་པའོ། །གསུམ་པ་བསམ་པའི་ཡན་ལག་ནི། ཐུན་མོང་གི་རྒྱུ་བཞི་སྔོན་དུ་སོང་བས་ཐེ་ཚོམ་ཟ་བར་སེམས་པའོ། །བཞི་པ་ངོ་བོ་ཉིད་ཀྱི་ཡན་ལག་ནི། ཐེ་ཚོམ་ཟོས་པའམ་ལོག་པར་བསམས་པའོ། །ལྔ་པ་དུས་སྐབས་མེད་པར་ཡང་གསུང་མོད། ཟིན་པར་བྱས་པ་ཉིད་དོ། །ཡན་ལག་དུས་ལྟུང་བར་འགྱུར་བ་བསྟན་ཟིན་ཏོ།།  །།སྤྱི་དོན་གསུམ་པ་ལྟུང་བར་འགྱུར་བའི་རྒྱུ་མཚན་ནི། མི་བསྐྱོད་པའི་དམ་ཚིག་གི་སྐབས་སུ། དེ་ཉིད་ཡང་དག་གཟུང་བར་བགྱི། །ཞེས་བྱ་བ་དང༌། དོན་གྱི་རྡོ་རྗེ་ཤེས་བྱའི་གནས་ལུགས་ཡིན་པས་དེ་ལ་ཐེ་ཚོམ་ཟ་བ་དང༌། དེ་ལ་ལོག་པར་ལྟ་བས་དགུ་པ་དང༌། བཅུ་གཅིག་པ་གཉིས་ཀ་ཡིན་ནོ། །ལྟུང་བ་བསྒྲགས་པའི་སྐབས་སུ། ཆོས་ཉིད་ཚད་ནི་ངེས་མི་གཟུང༌། །ཞེས་ཁས་བླངས་པའི་ཕྱིར་རོ། །སྤྱི་དོན་བཞི་པ་མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་ནི། ཤིན་ཏུ་ཡིད་ཆེས་པའི་མན་ངག་ལྟ་བུའི་འདུ་ཤེས་ཀྱིས་བསླབ་པར་བྱ་སྟེ། བདེ་བར་གཤེགས་པས་གསུངས་པའི་ཕྱིར་སངས་རྒྱས་ནི་ཚད་མ་ཉིད་ཡིན་ནོ། །དེ་སྐད་དུ་རྣམ་འགྲེལ་ལས། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་ཟད་པས་བརྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་ངུ་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང༌། སྣང་བ་ཐམས་ཅད་ནི་ལྷའི་རང་བཞིན་དུ་བསླབ་པར་བྱའོ། །མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་བསྟན་ཟིན་ཏོ།།  །།སྤྱི་དོན་ལྔ་པ་བྱུང་བ་ཕྱིར་བཅོས་པའི་ཐབས་ནི། ཡན་ལག་ཚང་བ་དང༌། མ་ཚང་བའི་བྱེ་བྲག་གིས་དབང་བླང་བ་དང༌། བཤགས་པའི་ཆོ་ག་སྟེ་གོང་དུ་བརྗོད་ཟིན་ཏོ། །སྤྱི་དོན་དྲུག་པ་ཆེ་འབྲིང་རྣམ་པར་གཞག་པ་ནི། ཡུལ་དང་ཉེས་པར་བྱེད་པའི་སྒོ་ནས་ནི་ཆེ་འབྲིང་མེད་ལ། ལྷག་མ་གསུམ་ནི་གོང་དུ་བརྗོད་པ་དང་འདྲའོ། །འདི་ལ་ཉེས་པ་མེད་པ་ནི་མི་འབྱུང་མོད། ལྟུང་བ་བཞི་པའི་སྐབས་སུ་བརྗོད་ཟིན་ཏོ། །སྤྱིའི་དོན་བསྟན་ཟིན་ཏོ།།  །།ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། རང་བཞིན་དག་པའི་ཆོས་རྣམས་ལ། །ཞེས་བྱ་བ་ལ། རང་བཞིན་དག་པ་ནི་དེ་བཞིན་ཉིད་ཀྱི་དག་པ་དང་ལྷ་སོ་སོའི་དག་པའོ། །ཆོས་རྣམས་ལ་ཞེས་བྱ་བ་ནི་ཤེས་བྱའི་དཀྱིལ་འཁོར་མཐའ་དག་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །སོམ་ཉི་ཟ་བ་དགུ་པ་ཡིན། །ཞེས་བྱ་བ་ལ་སོམ་ཉི་ཟ་བ་ནི་ཆོས་ཐམས་ཅད་དག་པ་གཉིས་ཀྱིས་རང་བཞིན་ཡིན་ནམ་མ་ཡིན་སྙམ་པ་དང༌། མ་ཡིན་ནོ་ཞེས་ལོག་པར་བསམ་པའོ། །དགུ་པ་ཡིན་ཞེས་བྱ་བ་ནི་བརྒྱད་པ་བས་ཡང་བ་ཉིད་དང༌། དེ་བཞིན་ཉིད་དང༌། ལྷ་སོ་སོ་ནི་བརྒྱད་པ་ཉིད་དུ་བསྟན་པ་ཡིན་པས་དེ་ལ་ཐེ་ཚོམ་ཟ་བ་ནི་དགུ་པ་ཉིད་དུ་འབྱུང་བར་རིགས་སོ། །ཡན་ལག་གི་དོན་བསྟན་ཟིན་ཏེ། རྩ་བའི་ལྟུང་བ་དགུ་པའི་རྣམ་པར་བཤད་པ་བསྟན་ཟིན་ཏོ།།  །།ད་ནི་རྩ་བའི་ལྟུང་བ་བཅུ་པ་བཤད་པར་བྱ་སྟེ། དེ་ལའང་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ཏོ། །དང་པོ་སྤྱིའི་དོན་ལ་དོན་དྲུག་ཏུ་གནས་པ་ལས་དང་པོ་ལྟུང་བའི་ངོ་བོ་ཉིད་རྣམ་པར་གཞག་པ་ནི་ཡུལ་གདུག་པ་ཅན་ལ་བྱམས་པ་སྟེ། དེ་ལ་ཡུལ་གདུག་པ་ཅན་ནི་བདག་གམ། ཡུལ་དེ་རང་གི་བླ་མ་རྡོ་རྗེ་སློབ་དཔོན་ལ་གནོད་པ་བྱེད་པའམ། སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་གནོད་པ་བྱེད་པའམ། སེམས་ཅན་དུ་མ་ལ་རྣམ་པར་འཚེ་བའམ་དེ་མ་ཡིན་པའི་ཆོས་དང་མི་མཐུན་པའི་སྤྱོད་པ་ལ་ཆེར་འཇུག་པའོ། །དེ་ལ་བྱམས་པ་ནི་འདི་ནི་བདག་གི་འཛའ་བོའོ་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་ལུས་ངག་གི་སྦྱོར་བས་ཆེར་བྱམས་པར་བྱེད་པ་དང༌། བདག་ལ་དེ་བསྒྲལ་བའི་ནུས་པ་ཡོད་བཞིན་དུ་མི་སྒྲོལ་བ་དང༌། གཞན་སྒྲོལ་བའི་ནུས་པ་དང་ལྡན་པ་ལ་གསོལ་བ་མི་འདེབས་པ་གང་ཡིན་པའོ། །གཏན་དུ་བའི་ཡིད་ཀྱི་བྱམས་པ་ནི་དོར་བར་མི་བྱ་སྟེ། རྩ་བའི་ལྟུང་བ་བཞི་པ་དང་འགལ་བའི་ཕྱིར་རོ། །དེ་ལྟ་ན་དེ་གཉིས་ཀྱི་ནང་འགལ་གྱི་རྩོང་སྤོང་ནི་ལྟུང་བ་བཞི་པའི་སྐབས་སུ་བརྗོད་ཟིན་ཏོ། །ལྟུང་བའི་ངོ་བོ་ཉིད་རྣམ་པར་གཞག་པ་བསྟན་ཟིན་ཏོ།།  །།སྤྱི་དོན་གཉིས་པ་ཡན་ལག་དུས་ལྟུང་བར་འགྱུར་ཞེ་ན་ལྔ་སྟེ། དང་པོ་རྟེན་གྱི་ཡན་ལག་ནི་གོང་དུ་བསྟན་པ་ཉིད་ཡིན་ནོ། །གཉིས་པ་ཡུལ་གྱི་ཡན་ལག་ནི། གདུག་པ་ཅན་ནོ། །གསུམ་པ་བསམ་པའི་ཡན་ལག་ནི། ཐུན་མོང་གི་རྒྱུ་བཞི་སྔོན་དུ་སོང་ནས་བྱམས་པར་འདོད་པའོ། །བཞི་པ་ངོ་བོ་ཉིད་ཀྱི་ཡན་ལག་ནི་གདུག་པ་ཅན་དེ་ལ་བྱམས་པ་སྟེ་དེ་ནི་གོང་དུ་བརྗོད་ཟིན་ཏོ། །ལྔ་པ་དུས་སྐབས་ཀྱི་ཡན་ལག་ནི། ཡུལ་དེ་དང་སེམས་ཅན་གཞན་གྱིས་ཀྱང་བྱམས་པར་གོ་བའོ། །དེ་ལ་སེམས་ཅན་གཞན་གྱིས་གོ་བས་ཅི་སྟོ་ཞེ་ན། གང་ཟག་འདི་ནི་གདུག་པ་ཅན་དེ་ལའང་བྱམས་ཏེ། འདི་ནི་ལོངས་སྤྱོད་ལ་སྲེད་པའོ། །ཞེས་བྱ་བ་ལ་སོགས་པའི་སྒོ་ནས་ཆེས་སྨད་དེ། བདག་ལ་ཉེས་པ་ཆེན་པོར་འགྱུར་བའི་ཕྱིར་རོ། །ཡན་ལག་དུས་ལྟུང་བར་འགྱུར་བ་བསྟན་ཟིན་ཏོ།།  །།སྤྱི་དོན་གསུམ་པ་ལྟུང་བར་འགྱུར་བའི་རྒྱུ་མཚན་ནི། སྡོམ་པ་སྤྱིར་བཟུང་བའི་སྐབས་སུ། སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཞེས་བྱ་བ་གཞན་དོན་དང་འབྲེལ་བས་འདི་དང་བཅུ་གཉིས་པ་གཉིས་ཀ་བཟུང་ངོ༌། །རྩ་བའི་ལྟུང་བ་བསྒྲགས་པའི་སྐབས་སུ་ཡང༌། སྐལ་མེད་དེ་ཉིད་གཏམ་མི་བྱ། །ཞེས་ཁས་བླངས་པའི་ཕྱིར་རོ། །སྤྱི་དོན་བཞི་པ་མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་ནི་བུ་གཅིག་པ་ལོག་པའི་ལམ་ལ་ཞུགས་པ་ལྟ་བུའི་འདུ་ཤེས་ཀྱིས་བསླབ་པར་བྱ་སྟེ། འདི་ལྟར་བུ་གཅིག་པ་ལོག་པའི་ལམ་ལ་ཞུགས་ན་ཡུན་དུ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པར་འདོད་མོད། འཕྲལ་དུ་ནི་བསྡིགས་ཤིང་བརྡེག་པ་དང་གཤེ་བ་ལ་སོགས་པ་གནོད་པ་དུ་མ་བྱེད་པ་བཞིན་ནོ། །སྤྱི་དོན་ལྔ་པ་བྱུང་བ་ཕྱིར་བཅོས་པའི་ཐབས་ལ། ཡན་ལག་རྫོགས་པ་དང་མ་རྫོགས་པའི་བྱེ་བྲག་གིས་དབང་བླང་བ་དང༌། བཤགས་པར་བྱ་བ་སྟེ། གོང་དུ་བསྟན་ཟིན་ཏོ།།  །།སྤྱི་དོན་དྲུག་པ་ཆེ་འབྲིང་རྣམ་པར་གཞག་པ་ནི་ལྔ་ལས། དང་པོ་ཡུལ་གྱི་སྒོ་ནས་ཆེ་འབྲིང་རྣམ་པར་གཞག་པ་ནི། ཡུལ་གདུག་པ་ཅན་ཆེ་ན་ཆེ། འབྲིང་ན་འབྲིང༌། ཆུང་ན་ཆུང་ངུའོ། །བསམ་པ་དང༌། ངོ་བོ་དང༌། སོགས་པ་དང༌། གསུམ་པོ་ནི་གོང་དུ་བསྟན་པ་དང་འདྲའོ། །ཉེས་པར་བྱེད་པའི་སྒོ་ནས་ཆེ་འབྲིང་རྣམ་པར་གཞག་པ་ནི། གདུག་པ་ཅན་དེའི་གྲིབ་མས་བདག་གིས་ལུས་སེམས་ལ་སྡུག་བསྔལ་ཆེ་འབྲིང་གསུམ་དང༌། ཡུལ་སེམས་ཅན་གཞན་མ་དད་པ་ཆེ་འབྲིང་གསུམ་དང༌། གདུག་ཅན་དེ་ལ་ཡང་གང་ཟག་གི་རིགས་ཀྱིས་བརྟགས་ཏེ། ཁ་ཅིག་ལ་ཁྲོས་པར་གྱུར་པའི་ཚེ་གདུག་པ་ལས་བཟློག་ལ། བྱམས་ན་ནི་མི་བཟློག་པས་གདུག་པ་ལས་བཟློག་མི་བཟློག་ཆེ་འབྲིང་གསུམ་བརྟག་པར་བྱའོ། །ཆེ་འབྲིང་རྣམ་པར་གཞག་པ་བསྟན་ཟིན་ཏོ།།  །།འདིའི་ཉེས་པ་མེད་པའང་ཡུལ་དེ་གདུག་པ་ལས་བཟློག་པར་བྱ་བའི་བསམ་པ་དང་ལྡན་པས་བྱམས་པར་སྟོན་པ་ལ་ནི་ཉེས་པ་མེད་དོ། །ཡང་གདུག་པ་ཅན་དེ་ནི་སྟོབས་དང་ལྡན་པ་ཞིག་སྟེ། དེ་ལ་བདག་གིས་བྱམས་པར་མ་བསྟན་ན་སེམས་ཅན་དུ་མ་སངས་རྒྱས་ཀྱི་བསྟན་པ་ལས་བཟློག་ལ། སངས་རྒྱས་ཀྱི་བསྟན་པ་ལ་ཡང་གནོད་པ་དུ་མ་བྱེད་པར་མཐོང་ཞིང༌། བྱམས་ན་ནི་ཡུལ་དེ་རང་གདུག་པ་ལས་མི་བཟློག་ཀྱང༌། གཞན་དུ་མ་དགེ་བ་ལ་ཚུད་པ་དང༌། སངས་རྒྱས་ཀྱི་བསྟན་པ་འཕེལ་བར་འགྱུར་བ་དེའི་ཚེ། ཡུལ་དེ་ནི་གདུག་པ་ཅན་ཡིན་པས་བདག་གི་སེམས་མི་དགའ་ཞིང་འཆུ་བ་དང་བཅས་པས་འོན་ཀྱང་སངས་རྒྱས་ཀྱི་བསྟན་པ་འཕེལ་བར་བྱ་བའི་ཕྱིར། འདི་ལ་བྱམས་པར་བྱའོ་སྙམ་པའི་བསམ་པས་བྱམས་པར་བྱས་པ་ལ་ནི་ཉེས་པ་མེད་དོ། །ཉེས་པ་མེད་པ་བསྟན་ཟིན་ཏོ། །སྤྱིའི་དོན་བསྟན་ཟིན་ཏོ།།  །།ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། གདུག་ལ་རྟག་ཏུ་བྱམས་ལྡན་པར། །བྱེད་པ་དེ་ནི་བཅུ་པར་འདོད། །ཅེས་བྱ་བ་ལ། གདུག་པ་ཅན་ནི་གོང་དུ་བསྟན་པ་ཉིད་ཡིན་ནོ། །བྱམས་ལྡན་པར་བྱེད་པ་ཞེས་བྱ་བ་ནི་གདུག་པ་ཅན་དེ་ལ་འདི་ནི་བདག་གི་མཛའ་བོའི་ཞེས་བྱ་བ་ལ་སོགས་པའི་བསམ་པས་ལུས་ངག་གི་སྦྱོར་བས་བྱམས་པར་བྱེད་པ་གང་ཡིན་པའོ། །བཅུ་པར་འདོད་ཅེས་བྱ་བ་ནི་རྩ་བའི་ལྟུང་བ་བཅུ་པ་སྟེ། དགུ་པ་བས་ཅུང་ཟད་ཡང་བ་ཉིད་དང༌། དག་པའི་ཆོས་ལ་ཡིད་གཉིས་ཟ་བའམ་ལོག་པར་སེམས་པ་ལ་བརྟེན་ནས། གདུག་པ་ཅན་འབྱུང་བའི་ཕྱིར་དགུ་པའི་རྗེས་ལ་འབྱུང་བར་རིགས་སོ། །ཡན་ལག་གི་དོན་བསྟན་ཟིན་ཏོ། །རྩ་བའི་ལྟུང་བ་བཅུ་པའི་རྒྱ་ཆེར་བཤད་པ་བསྟན་ཟིན་ཏོ།།  །།ད་ནི་རྩ་བའི་ལྟུང་བ་བཅུ་གཅིག་པ་བཤད་པར་བྱ་སྟེ། དེ་ལ་ཡང་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ཏོ། །དང་པོ་ལ་དྲུག་ཏུ་གནས་པ་ལས། དང་པོ་ལྟུང་བའི་ངོ་བོ་ཉིད་རྣམ་པར་གཞག་པ་ནི། ཆོས་ཐམས་ཅད་མིང་དང་བྲལ་བ་ལ་མིང་དང་བྲལ་བར་རྟོགས་པ་སྟེ། དེ་ལ་མིང་དང་བྲལ་བ་ནི་ཆོས་ཐམས་ཅད་ལ་རང་བཞིན་མེད་པ་ངོ་བོ་ཉིད་དང་བྲལ་བ་རྟེན་ཅིང་འབྲེང་བར་འབྱུང་བ་ཙམ་སྟེ། འདི་ནི་མིང་དང་མཚན་མ་ཐམས་ཅད་དང་བྲལ་བ་ཡིན་ནོ། །དེ་སྐད་དུ་འབུམ་ལས། གཟུགས་ལ་རང་བཞིན་མེད་དེ་གང་ལ་རང་བཞིན་མེད་པ་དེ་ནི་བརྗོད་དུ་མེད་པའོ། །ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རང་བཞིན་མེད་དེ་གང་ལ་རང་བཞིན་མེད་པ་དེ་ནི་བརྗོད་དུ་མེད་པའོ་ཞེས་བྱ་བའི་བར་དུ་བཀའ་སྩལ་ལ། བསམ་གྱིས་མི་ཁྱབ་པའི་རིམ་པའི་མན་ངག་ལས་ཀྱང༌། གཉིས་སུ་མེད་པ་མིང་ཙམ་སྟེ། །དེ་ལ་མིང་ནི་ཡོད་མ་ཡིན། །གཉིས་མེད་མིང་དུ་བཟུང་བ་ལ། །བདག་ལ་རྣལ་འབྱོར་པས་བཟོད་མཛོད། །ཅེས་ཏོག་རྩེ་བས་གསུངས་སོ། །དེས་ན་ཆོས་ཐམས་ཅད་མིང་དང་བྲལ་བ་ཡིན་པ་ལས་འདི་ནི་མིང་དང་བྲལ་བ་ཡིན་ནོ་ཞེས་འཛིན་པ་སྟེ། དཔེར་ན་མི་འདིའི་མིང་ནི་ཅི་ཡིན་ཟེར་ན་འདི་ལ་ནི་མིང་མེད་དོ་ཞེས་བརྗོད་པའི་ཚེ། དེ་ལ་མིང་མེད་པ་ཡིན་པ་ལས་འོ་ན་འདི་ནི་མིང་མེད་ཅེས་བྱའོ། །ཞེས་འཛིན་པ་ལྟ་བུ་དང་འདྲའོ། །དེས་ན་འཛིན་པ་དང་བཅས་པ་ཐམས་ཅད་ནི་བདག་སྟེ། བདག་ཡོད་ན་སྲིད་པར་སྐྱེ་བར་འགྱུར་ཏེ། འདི་སྐད་དུ། དབུ་མ་རྩ་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ང་རུ་འཛིན་ན་ཡང་ལས་ཏེ། །དེ་ལ་ལས་དང་སྐྱེ་བ་ཡོད། །ཅེས་གསུངས་སོ། །དེས་ན་སྟོང་པར་འཛིན་པ་འདི་ནི་གཉེན་པོ་གཞན་དང་བྲལ་བ། སྨན་མ་ཞུ་བ་དུག་ཏུ་སོང་བ་ལྟ་བུ་ཡིན་ཏེ། དེ་སྐད་དུ། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང༌། །རིག་སྔགས་ལོག་པར་བསྒྲུབས་པ་བཞིན། །ཞེས་གསུངས་སོ། །དེ་བས་ན་ཆོས་ཐམས་ཅད་མིང་དང་བྲལ་བ་ཡིན་མོད། འདི་ལ་མིང་གི་སྒྲོ་མ་གདགས་ཤིག འདི་ཞིབ་ཏུ་ནི་དེ་ཁོ་ན་ཉིད་སྟོན་པའི་སྐབས་རྣམས་སུ་རྟོགས་པར་བྱའོ། །དེ་ལ་མིང་དང་བྲལ་བར་འཛིན་པ་འདི་ནི་རྩ་བའི་ལྟུང་བའོ། །དང་པོ་ལྟུང་བའི་ངོ་བོ་ཉིད་བསྟན་ཟིན་ཏོ།།  །།སྤྱི་དོན་གཉིས་པ་ཡན་ལག་དུས་ལྟུང་བར་འགྱུར་ཞེ་ན། ལྔ་སྟེ། དང་པོ་རྟེན་གྱི་ཡན་ལག་བདག་དམ་ཚིག་དང་སྡོམ་པ་དང་ལྡན་ཞིང་ཤེས་པ་རང་བཞིན་དུ་གནས་པའོ། །གཉིས་པ་ཡུལ་གྱི་ཡན་ལག་ནི། །མིང་དང་བྲལ་བའི་ཆོས་རྣམས་སོ། །གསུམ་པ་བསམ་པའི་ཡན་ལག་ནི། ཐུན་མོང་གི་རྒྱུ་བཞི་སྔོན་དུ་སོང་བས་མིང་དུ་རྟོགས་པར་འདོད་པའོ། །བཞི་པ་ངོ་བོ་ཉིད་ཀྱི་ཡན་ལག་ནི། མིང་དུ་རྟོག་པ་སྟེ་རྒྱས་པར་གོང་དུ་བསྟན་ཟིན་ཏོ།།  །།ལྔ་པ་དུས་སྐབས་ཀྱི་ཡན་ལག་ནི། ཟིན་པར་བྱས་པ་ཉིད་དོ། །སྤྱི་དོན་གསུམ་པ་ལྟུང་བར་འགྱུར་བའི་རྒྱུ་མཚན་ནི། མི་བསྐྱོད་པའི་ལྟུང་བ་བསྒྲགས་པའི་སྐབས་སུ། བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་སུ་བཤད། །ཅེས་ཟུང་དུ་འཇུག་པར་བསྟན་ལ། རྗེས་སུ་གནང་བའི་སྐབས་སུ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་བྱ་བ་དང༌། ལྟུང་བ་བསྒྲགས་པའི་སྐབས་སུ་ཡང༌། །ཆོས་ཉིད་ཚད་ནི་ངེས་མི་གཟུང༌། །ཞེས་ཁས་བླངས་པའི་ཕྱིར་རོ། །སྤྱི་དོན་བཞི་པ་མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་ནི། ལས་དང་པོ་པས་འདི་སྙམ་དུ་ཆོས་ཐམས་ཅད་མིང་དང་བྲལ་བ་ཡིན་མོད། ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟ་བུ་ཡིན་ནོ་ཞེས་དུས་རྟག་ཏུ་སྒྱུ་མ་ལྟ་བུ་ལ་བློ་སྦྱང་བར་བྱའོ། །སྤྱི་དོན་ལྔ་པ་བྱུང་བ་ཕྱིར་བཅོས་པའི་ཐབས་ལ། ཡན་ལག་རྫོགས་པ་དང་མ་རྫོགས་པའི་བྱེ་བྲག་གིས་དབང་བླང་བ་དང༌། བཤགས་པར་བྱ་བ་ནི་གོང་དུ་བརྗོད་ཟིན་ཏོ།།  །།སྤྱི་དོན་དྲུག་པ་ཆེ་འབྲིང་རྣམ་པར་གཞག་པ་ལས། ཡུལ་གྱི་སྒོ་ནས་ཆེ་འབྲིང་མེད་ལ། ལྷག་མ་གསུམ་ནི་གོང་དུ་བསྟན་པ་རྣམས་དང་འདྲ་ཞིང༌། ཉེས་པར་བྱེད་པ་ནི་བདག་ཉིད་བདག་ཏུ་འཛིན་པའི་ཆེ་འབྲིང་གི་ངོས་ནས་རྣམ་པར་གཞག་པར་བྱའོ། །ཆེ་འབྲིང་རྣམ་པར་གཞག་པ་བསྟན་ཟིན་ཏོ།།  །།འདི་ལ་ཉེས་པ་མེད་པ་ནི་ལྟུང་བ་བཞི་པ་དང་འདྲ་བར་ཁྱད་མེད་མོད། འོན་ཀྱང་ལས་དང་པོ་པས་ཐོས་པའི་སྒོ་ནས་ཀུན་ཏུ་ཚོལ་བའི་ཚེ་དུས་ཅུང་ཟད་ཙམ་ལ་ནི་ཉེས་པ་མེད་པར་མངོན་ནོ། །སྤྱིའི་དོན་བསྟན་ཟིན་ཏོ།།  །།ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། མིང་སོགས་བྲལ་བའི་ཆོས་རྣམས་ལ། །ཞེས་བྱ་བ་ལ། མིང་དང་བྲལ་བའི་ཆོས་ནི་བདག་མེད་པའོ། །དེར་རྟོག་པ་ནི་བཅུ་གཅིག་པ་ཞེས་བྱ་བ་ནི། དེར་རྟོགས་པ་ཞེས་བྱ་བ་ནི་མིང་དང་བྲལ་བ་ལ་རྟོག་པ་སྟེ། མིང་དང་བྲལ་བ་ཉིད་དུ་འཛིན་པའོ། །བཅུ་གཅིག་པ་ཞེས་བྱ་བ་ནི་བཅུ་པ་བས་ཅུང་ཟད་ཡང་བ་ཉིད་དང༌། གདུག་པ་ཅན་དེ་ཡང་རང་བཞིན་མེད་པར་ཤེས་པར་བྱ་བའི་ཕྱིར་བཅུ་པའི་རྗེས་ལ་འབྱུང་བ་ཡིན་ནོ། །ཡན་ལག་གི་དོན་བསྟན་ཟིན་ཏེ། རྩ་བའི་ལྟུང་བ་བཅུ་གཅིག་པའི་རྒྱ་ཆེར་བཤད་པ་བསྟན་ཟིན་ཏོ།།  །།ད་ནི་རྩ་བའི་ལྟུང་བ་བཅུ་གཉིས་པ་བཤད་པར་བྱ་སྟེ། དེ་ལའང་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ཏོ། །དང་པོ་སྤྱིའི་དོན་ལ་དོན་དྲུག་ཏུ་གནས་པ་ལས། དང་པོ་ལྟུང་བའི་ངོ་བོ་ཉིད་རྣམ་པར་གཞག་པ་ནི། དད་པ་ཅན་གྱི་སེམས་སུན་འབྱིན་པ་སྟེ། དེ་ལ་དད་པ་ནི། དང་བ་དང༌། འདོད་པ་དང༌། ཡིད་ཆེས་པའི་དད་པའོ། །དེ་དག་གི་གང་ལ་དད་ཅེ་ན། སངས་རྒྱས་དང་ཆོས་དང་དགེ་འདུན་དང༌། ཡང་ཆོས་ཀྱི་བྱེ་བྲག་གིས་ཉན་ཐོས་དང༌། རང་སངས་རྒྱས་དང༌། ཐེག་པ་ཆེན་པོ་དང༌། རྡོ་རྗེ་ཐེག་པ་ལ་དང༌། དགེ་འདུན་ནི་དེ་དག་འཛིན་པའི་གང་ཟག་སྟེ། གང་ཟག་སོ་སོ་ལ་དད་པའོ། །དེ་སུན་འབྱིན་པ་ནི་དེ་དག་ལ་དད་པའི་གང་ཟག་དེའི་བློ་ལུས་སམ། ངག་གི་སྒོ་ནས་སུན་ཕྱུང་སྟེ་མ་དད་ཅིང་སྐྱོ་བར་བྱས་པའོ། །ལྟུང་བའི་ངོ་བོ་ཉིད་བཤད་ཟིན་ཏོ།།  །།སྤྱི་དོན་གཉིས་པ་ཡན་ལག་དུས་ལྟུང་བར་འགྱུར་ན་ལྔ་སྟེ། དང་པོ་རྟེན་གྱི་ཡན་ལག་ནི་བརྗོད་ཟིན་ཏོ། །གཉིས་པ་ཡུལ་གྱི་ཡན་ལག་ནི་དད་པ་ཅན་གྱི་སེམས་ཅན་ནོ། །གསུམ་པ་བསམ་པའི་ཡན་ལག་ནི། ལྟུང་བ་འབྱུང་བའི་རྒྱུ་བཞིའོ། །བཞི་པ་ངོ་བོ་ཉིད་ཀྱི་ཡན་ལག་ནི་ལུས་ངག་གི་སྒོ་ནས་སུན་ཕྱུང་བ་སྟེ། ངག་གི་སྒོ་ནས་གཤེ་བ་ལ་སོགས་པ་ཆོས་དང་མི་ལྡན་པའི་བརྗོད་པ་དུ་མ་དང༌། ལུས་ཀྱི་སྒོ་ནས་བརྡེག་པ་ལ་སོགས་པ་མ་བསྡམས་པའི་སྤྱོད་པ་བྱས་པས་སུན་ཕྱུང་བ་སྟེ། ཡིད་འབའ་ཞིག་གིས་ནི་སུན་དབྱུང་བར་མི་ནུས་སོ། །ལྔ་པ་དུས་སྐབས་ཀྱི་ཡན་ལག་ནི་ཕ་རོལ་པོ་སུན་ཕྱིན་པར་བྱས་པ་ཉིད་ཡིན་ནོ། །བདག་གིས་སུན་དབྱུང་བའི་བསམ་པ་དང་ལྡན་པས་ཕ་རོལ་སུན་དབྱུང་ཡང་ཕ་རོལ་པོ་མ་སུན་པ་ནི་བཤགས་པར་བྱ་བ་ཉིད་ཡིན་ནོ། །ཡན་ལག་དུས་ལྟུང་བར་འགྱུར་བ་བསྟན་ཟིན་ཏོ།།  །།སྤྱི་དོན་གསུམ་པ་ལྟུང་བར་འགྱུར་བའི་རྒྱུ་མཚན་ནི་སྡོམ་པ་སྤྱིའི་སེམས་ཅན་དོན་བྱེད་ཡིན་ལ། ཡང་དམ་ཚིག་བསྒྲགས་པའི་སྐབས་སུ། སྐལ་ལྡན་སེམས་ཅན་སྤང་མི་བྱ། །ཞེས་ཁས་བླངས་པའི་ཕྱིར་རོ། །སྤྱི་དོན་བཞི་པ་མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་ནི། བུ་གཅིག་པ་ལེགས་པའི་ལམ་དུ་བཀྲི་བའི་ཕྱིར་རྗེས་སུ་སློབ་པའི་བསམ་པ་ལྟ་བུས་བསླབ་པར་བྱའོ། །སྤྱི་དོན་ལྔ་པ་བྱུང་བ་ཕྱིར་བཅོས་པའི་ཐབས་ལ། ཡན་ལག་རྫོགས་པ་དང་མ་རྫོགས་པའི་བྱེ་བྲག་གིས་དབང་བླང་བ་དང་བཤགས་པར་བྱ་བ་སྟེ། གོང་དུ་བརྗོད་ཟིན་ཏོ། །སྤྱི་དོན་དྲུག་པ་ཆེ་འབྲིང་རྣམ་པར་གཞག་པ་ནི་ལྔ་ལས། དང་པོ་ཡུལ་གྱི་སྒོ་ནས་ཆེ་འབྲིང་རྣམ་པར་གཞག་པ་ནི། སངས་རྒྱས་དང༌། རྡོ་རྗེ་ཐེག་པ་དང༌། ཐེག་པ་ཆེན་པོ་ལ་དད་པ་བཟློག་པ་ལ་ཆེན་པོ། རང་སངས་རྒྱས་ལ་དད་པ་བཟློག་པ་ལ་འབྲིང༌། ཉན་ཐོས་ཀྱི་ལམ་ལ་དད་པ་ལས་བཟློག་པ་ནི་ཆུང་ངུ་སྟེ། དེ་དག་འཛིན་པའི་གང་ཟག་ལ་མ་དད་པའང་རིམ་པ་བཞིན་དུ་ཆེ་འབྲིང་ཡོད་དོ། །ངོ་བོ་ཉིད་ལ་ནི་ཆུང་ངུ་མེད་ལ། བསམ་པ་དང་སོགས་པ་ནི་འདྲའོ། །ཉེས་པར་བྱེད་པའི་སྒོ་ནས་ཆེ་འབྲིང་ནི་ཕ་རོལ་གྱི་དད་པ་ལོག་པ་ཆེ་འབྲིང་དང༌། དད་པ་ལོག་པའི་དུས་སུ་ཡུན་རིང་ཐུང་དང༌། ཚོགས་པ་གཅིག་ལ་གང་ཟག་གྲངས་མང་ཉུང་གིས་ཆེ་འབྲིང་བརྩིའོ། །ཆེ་འབྲིང་རྣམ་པར་གཞག་པ་བསྟན་ཟིན་ཏོ།།  །།འདིའི་ཉེས་པ་མེད་པ་ཡང་བདག་ལ་སུན་འབྱིན་པའི་བསམ་པ་མེད་ཅིང་ཆོས་དང་མི་མཐུན་པའི་ལུས་ངག་མ་སྦྱར་བཞིན་དུ་ཕ་རོལ་པོ་དད་པ་ལོག་ཀྱང་ཉེས་པ་མེད་དོ། །གཅིག་གིས་དད་པ་ལོག་པའི་རྒྱུ་བྱས་ནས་སེམས་ཅན་མང་པོ་རྗེས་སུ་གཟུང་བར་ནུས་པར་མཐོང་ནས། གཅིག་གི་དད་པ་བཟློག་ཀྱང་བསམ་པ་དགེ་བའི་ཕྱིར་ལྟུང་བའི་གཟུགས་བརྙན་ཏེ་ཉེས་པ་མེད་དོ། །སྤྱིའི་དོན་བསྟན་ཟིན་ཏོ།།  །།ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། སེམས་ཅན་དད་དང་ལྡན་པ་ཡི། །སེམས་སུན་འབྱིན་པ་བཅུ་གཉིས་པ། །ཞེས་བྱ་བ་ལ། སེམས་ཅན་དད་པ་དང་བཅས་པ་ནི་སྔར་བརྗོད་ཟིན་ཏོ། །སེམས་སུན་འབྱིན་པ་ཞེས་བྱ་བ་ནི་སེམས་སུན་ཞིང་ཡིད་སྐྱོ་ནས་ཀུན་ཏུ་མ་དད་པར་བྱས་པ་ཉིད་ཡིན་ནོ། །བཅུ་གཉིས་པ་ཞེས་བྱ་བ་ནི་བཅུ་གཅིག་པས་ཅུང་ཟད་ཡང་བ་ཉིད་དང༌། མིང་དང་བྲལ་བའི་ཆོས་ལ་བརྟེན་ནས་དད་པའི་མཆོག་ཡིད་ཆེས་པའི་དད་པ་སྐྱེ་བའི་ཕྱིར་དད་པ་དེ་དང་ལྡན་པ་ནི་མཆོག་ཡིན་པས་སོ། །དེ་སྐད་དུ་པདྨ་དཀར་པོས། དག་པའི་སེམས་ཅན་ལ་རྣལ་འབྱོར་པས་སྐྱོན་བརྗོད་པ་ནི། ཉི་མ་ཞེས་བྱ་བ་བཅུ་གཉིས་པར་འགྱུར་རོ་ཞེས་གསུངས་སོ། །ཡན་ལག་གི་དོན་བསྟན་ཟིན་ཏེ། རྩ་བའི་ལྟུང་བ་བཅུ་གཉིས་པའི་རྒྱ་ཆེར་བཤད་པ་བསྟན་ཟིན་ཏོ།།  །།ད་ནི་རྩ་བའི་ལྟུང་བ་བཅུ་གསུམ་པ་བརྗོད་པར་བྱ་སྟེ། དེ་ལའང་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ཏོ། །དང་པོ་ལའང་དྲུག་ཏུ་གནས་པ་ལས། དང་པོ་ལྟུང་བའི་ངོ་བོ་ཉིད་རྣམ་པར་གཞག་པ་ནི། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་དུས་སུ་ཤ་ཆེན་ལ་སོགས་པའི་དམ་ཚིག་གི་རྫས་དང་ཕྲད་པའི་ཚེ་སྐྱུག་བྲོ་བའམ། མི་གཙང་བ་ལ་སོགས་པའི་བསམ་པས་སྤངས་སམ། ཡང་རབ་ཏུ་བྱུང་བ་ལ་སོགས་པ་བསླབ་པས་བཅིངས་པས་ཆང་འཐུང་བ་དང༌། ཕྱི་དྲོའི་ཁ་ཟས་བསྟེན་པའི་ལྟུང་བ་བྱུང་གིས་དོགས་པའི་བསམ་པས་མི་བསྟེན་པའོ། །ཡང་ཁ་ཅིག་ཚུལ་འཆོས་པས་མི་བསྟེན་པ་ཡང་མཐོང་སྟེ་དེ་དག་ནི་ཆོས་སྨད་པར་བྱ་བའི་གནས་སོ། །བཅུ་གསུམ་པ་འདི་ལ་ཁ་ཅིག་ན་རེ། རྡོ་རྗེ་དྲིལ་བུ་མི་འབྲལ་བའི་དམ་ཚིག་ཡིན་ནོ་ཞེས་སྨྲ་ན་འདི་ནི་བུམ་དབང་གི་དམ་ཚིག་ལོགས་སུ་འབྱུང་བ་ཡིན་ལ། ཡང་ཁ་ཅིག་གོང་འོག་ཏུ་བསྟན་པའི་བཅུ་གསུམ་པོ་མཐའ་དག་ཡིན་ནོ་ཞེས་སྨྲ་ན། དེ་ལྟ་ན་ནི་གོང་འོག་ཏུ་བསྟན་པ་རྣམས་དོན་མེད་ལ། ཡང་ན་འདི་བསྟན་པའི་དོན་མེད་པར་འགྱུར་རོ། །དེས་ན་འདི་ནི་ཚོགས་ཀྱི་འཁོར་ལོ་ཉིད་ཀྱི་སྐབས་ཡིན་པར་བཟུང་སྟེ། དེ་སྐད་དུ། དམ་པ་དང་པོ་ལས། དམ་ཚིག་རྙེད་ནས་འདོར་བ་གཞན། །ཞེས་བྱ་བའི་རྣམ་པར་འགྲེལ་པ་པདྨ་དཀར་པོས་བཤད་པ། དམ་ཚིག་རྙེད་ནས་ཚོགས་ཀྱི་འཁོར་ལོ་ལ་འདོར་བར་གྱུར་པ་ནི། གཞན་ཞེས་བྱ་བ་བཅུ་གསུམ་པར་འགྱུར་རོ། །ཞེས་བཤད་དོ། །ལྟུང་བའི་ངོ་བོ་ཉིད་བསྟན་ཟིན་ཏོ།།  །།སྤྱི་དོན་གཉིས་པ་ཡན་ལག་དུས་ལྟུང་བར་འགྱུར་ཞེ་ན་ལྔ་སྟེ། དང་པོ་རྟེན་གྱི་ཡན་ལག་ནི་བརྗོད་ཟིན་ཏོ། །གཉིས་པ་ཡུལ་གྱི་ཡན་ལག་ནི་དམ་ཚིག་གི་རྫས་སོ། །གསུམ་པ་བསམ་པའི་ཡན་ལག་ནི་ཐུན་མོང་གི་རྒྱུ་བཞི་སྔོན་དུ་སོང་ནས་དམ་ཚིག་གི་རྫས་བསྟན་པར་མི་འདོད་པའི་བསམ་པའོ། །བཞི་པ་ངོ་བོ་ཉིད་ཀྱི་ཡན་ལག་ནི། དམ་ཚིག་གི་རྫས་མི་བསྟེན་ཅིང་སྤོང་བ་ཉིད་དོ། །ལྔ་པ་དུས་སྐབས་ཀྱི་ཡན་ལག་ནི་ཟིན་པར་བྱས་པ་སྟེ། སྤངས་པ་ཉིད་དོ། །སྤྱི་དོན་གསུམ་པ་ལྟུང་བར་འགྱུར་བའི་རྒྱུ་མཚན་ནི། འོད་དཔག་མེད་ལས་གསང་བའི་ཐེག་པ་གཟུང་སྟེ། གསང་བ་ལས་དམ་ཚིག་བསྟེན་པར་བཤད་པ་དང༌། ཡང་དམ་ལ་བཞག་པའི་ཚེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །བདུད་རྩི་ལྔ་ཡི་ཆུས་འགྲུབ་བོ། །ཞེས་བྱ་བ་དང༌། ལྟུང་བ་བསྒྲགས་པའི་སྐབས་སུའང༌། དམ་ཚིག་རྟག་ཏུ་བསྐྱང་བར་བྱ། །ཞེས་ཁས་བླངས་པའི་ཕྱིར་རོ། །སྤྱི་དོན་བཞི་པ་མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་ནི། ནད་འཚོ་བར་བྱེད་པ་ལ་སྨན་གྱི་འདུ་ཤེས་ལྟ་བུ་བསྒོམ་པར་བྱའོ། །སྤྱི་དོན་ལྔ་པ་བྱུང་བ་ཕྱིར་བཅོས་པའི་ཐབས་ནི། ཡན་ལག་ཚང་བ་དང་མ་ཚང་བའི་བྱེ་བྲག་གིས་དབང་ནོད་པ་དང་བཤགས་པར་བྱ་བ་ཉིད་ཡིན་ཏེ། གོང་དུ་བརྗོད་པ་བཞིན་ནོ། །སྤྱི་དོན་དྲུག་པ་ཆེ་འབྲིང་རྣམ་པར་གཞག་པ་ནི་ལྔ་ལས། ཡུལ་དང་ངོ་བོ་ཉིད་ལ་ནི་ཆེ་འབྲིང་མེད་ལ། བསམ་པ་དང༌། སོགས་པ་ནི་འདྲ་ཞིང་ཉེས་པར་བྱེད་པ་ནི་དམ་ཚིག་གི་རྫས་རྣམས་མ་བསྟེན་ན་རྡོ་རྗེ་མཁའ་འགྲོ་མ་རྣམས་མི་མཉེས་པའི་ཕྱིར། དེས་བདག་གི་ལུས་སེམས་ལ་གནོད་པ་ཆེ་ཆུང་གི་སྒོ་ནས་གཞག་པར་བྱའོ། །ཆེ་འབྲིང་རྣམ་པར་གཞག་པ་བཤད་ཟིན་ཏོ།།  །།འདིའི་ཉེས་པ་མེད་པའང་ནད་ཀྱིས་གཟིར་བ་དག་ལ་དམ་ཚིག་གི་རྫས་ཆེར་བསྟེན་ན་གནོད་པར་མཐོང་ནས་སྲོག་བསྲུང་བར་བྱ་བའི་ཕྱིར་རེག་པ་ཙམ་ལས་མི་བསྟེན་ན་ཉེས་པ་མེད་དེ། མི་གཙང་བ་ལ་སོགས་པའི་སེམས་དང་ལྡན་ན་རེག་པ་ཙམ་ལས་མི་བྱེད་ཀྱང་ལྟུང་བ་ཡིན་ནོ། །སྤྱིའི་དོན་བསྟན་ཟིན་ཏོ།།  །།ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། །དམ་ཚིག་རྫས་ནི་ཇི་བཞིན་རྙེད། །མི་བསྟེན་པ་དེ་བཅུ་གསུམ་པ། །ཞེས་བྱ་བ་ལ། དམ་ཚིག་གི་རྫས་སྐྱོན་མེད་པ་ཇི་བཞིན་རྙེད་ནས་ཚོགས་ཀྱི་འཁོར་ལོའི་དུས་སུ་མི་བརྟེན་པའོ། །བདུད་རྩིའི་རིལ་བུ་ཞག་གམ་ཟླ་བའམ། ལོ་ལ་སོགས་པར་བསྟེན་པར་བཤད་པ་ནི། བསྐྱེད་པའི་རིམ་པའི་བཟའ་བའི་དམ་ཚིག་གཞན་དུ་འབྱུང་བ་ལས་འདིའི་སྐབས་མ་ཡིན་ནོ། །བཅུ་གསུམ་པ་ཞེས་བྱ་བ་ནི་བཅུ་གཉིས་པས་ཡང་བའི་ཕྱིར་དང༌། དད་པ་དང་ལྡན་པ་དེས་དམ་ཚིག་བསྟེན་པར་ནུས་པའི་ཕྱིར། བཅུ་གཉིས་པའི་རྗེས་ལ་འབྱུང་བ་ཡིན་ནོ། །ཡན་ལག་གི་དོན་བསྟན་ཟིན་ཏོ། །རྩ་བའི་ལྟུང་བ་བཅུ་གསུམ་པའི་རྒྱ་ཆེར་བཤད་པ་བསྟན་ཟིན་ཏོ།།  །།ད་ནི་རྩ་བའི་ལྟུང་བ་བཅུ་བཞི་པ་བཤད་པར་བྱ་སྟེ། དེ་ལའང་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ཏོ། །དང་པོ་ལའང་སྤྱིའི་དོན་དྲུག་ཏུ་གནས་པ་ལས། དང་པོ་ལྟུང་བའི་ངོ་བོ་ཉིད་རྣམ་པར་གཞག་པ་ནི། ཤེས་རབ་ཀྱི་ངོ་བོ་བུད་མེད་ལ་སྨོད་པའོ། །དེའང་བུད་མེད་ཀྱི་རྟེན་གྱི་ངོས་ནས་སྨོད་པ་སྟེ། བུད་མེད་འདི་ནི་སྐྱེས་པ་བས་ཆེས་དམན་པ་མི་གཙང་བ་མཐའ་དག་གི་སྣོད་དུ་གྱུར་པ་སྟེ། འདི་ལ་སྐྱེས་པའི་ལུས་ཀྱང་དཀོན་ན་བྱང་ཆུབ་ལྟ་ག་ལ་ཞིག་ཅེས་བྱ་བ་ལ་སོགས་པའི་ཚུལ་གྱིས་བུད་མེད་ཀྱི་རྟེན་གྱི་ངོས་ནས་བཀར་ཏེ་སྨོད་པ་འདི་ནི་རྩ་བའི་ལྟུང་བའོ། །དེ་ལ་ཁ་ཅིག་བུད་མེད་ཀྱི་རྟེན་བཟུང་བ་སུ་ལ་ཁྲོས་ཀྱང་ལྟུང་བར་སེམས་ན། དེ་ནི་མ་ཡིན་ཏེ། བསམ་པའི་ཡན་ལག་སྐྱེས་པ་ལས་བཀར་ཏེ། བུད་མེད་ཀྱི་རྟེན་གྱི་ངོས་ནས་སྨོད་པ་མ་ཡིན་པའི་ཕྱིར། ཁྲོས་པ་ཙམ་ལ་སོགས་པ་འདི་ནི་ངག་གི་ཉེས་པའི་བཤགས་བྱ་ཡིན་ལ། བཅུ་བཞི་པ་ཁོ་ནའི་ཁོངས་སུ་གྱུར་པ་ནི་མ་ཡིན་ཏེ། སྐྱེས་པ་ལ་ཁྲོས་ཀྱང་ངག་གི་ཉེས་པ་ཡིན་པས་ཁྱད་ཡོད་པ་མ་ཡིན་ནོ། །ཡང་བུད་མེད་ཁ་ཅིག་བདག་ཅག་བུད་མེད་ལྟ་བུ་ཞེས་སེམས་ཤིང་སྨྲ་བ་བུད་མེད་ཉིད་ཡིན་པའི་ཕྱིར་ལྟུང་བར་མི་འགྱུར་རོ་སྙམ་དུ་སེམས་ན། དེ་ནི་རང་གིས་སྨད་ཀྱང་ལྟུང་བར་འགྱུར་བ་རྩ་ལྟུང་བརྒྱད་པ་བཞིན་ནོ། །ཡང་ཁ་ཅིག་ནི་སེམས་ཀྱིས་ནི་བུད་མེད་དམན་པར་བཟུང་ནས། ལུས་ངག་གིས་བྱམས་ཤིང་ཀུན་ཏུ་བསྟེན་པ་དག་ཀྱང་མཐོང་སྟེ། དེ་དག་ཀྱང་ལྟུང་བ་མེད་པར་སེམས་ན་དེ་ཡང་མ་ཡིན་ཏེ། བུད་མེད་ཀྱི་སྒོ་ནས་སེམས་ཀྱིས་སྨོད་པ་འདི་ནི་ལྟུང་བ་སྟེ། རྩ་བ་ཉིད་ཡིན་པའི་ཕྱིར་རོ། །འདི་ལ་རྨོངས་པ་དག་ཡུལ་གཅིག་ལ་ལྟུང་བ་དུ་མ་དང་ལྡན་པ་ཞེས་ཟེར་ནས། བླ་མ་བུད་མེད་གཅིག་བཞུགས་པ་ལ་སྨད་ན། ལྟུང་བ་དང་པོ་དང༌། གསུམ་པ་དང༌། བཞི་པ་དང༌། བཅུ་བཞི་པ་སྟེ། བཞི་དང་ལྡན་ནོ་ཞེས་སྨྲ་བ་དག་གནས་ཏེ་དེ་ནི་བླུན་པའོ། །ཅིའི་ཕྱིར་ཞེ་ན། བླ་མའི་ངོས་ནས་ལྟུང་བ་དང་པོར་འགྱུར་གྱི། གསུམ་པ་ལ་སོགས་པར་འགྱུར་བར་བཤད་པ་གང་ཡང་མེད་དོ། །དེ་བཞིན་དུ་བུད་མེད་ཀྱི་རྟེན་གྱི་ངོས་ནས་སྨད་ན་བཅུ་བཞི་པར་འགྱུར་གྱི། འདི་བླ་མ་ལ་བརྙས་པ་མི་སྣང་བའི་ཕྱིར་རོ། །ཡང་དེ་ཉིད་སྨྲ་བ་གཞན་དག་འདི་སྐད་དུ། རིགས་དང་རྗེས་སུ་མཐུན་པ་ལ་སྨད་ན་ལྟུང་བ་སྟེ། དེའང་རྩ་བར་མི་སྨྲ་སྟེ། བཤགས་བྱ་ཡིན་ལ་གཞན་ནི་མ་ཡིན་ཏེ། འདི་ལྟར་མི་བསྐྱོད་པའི་སྒྲུབ་པ་པོས་གཡུང་མོ་ལ་སྨོད་པ་ལ་སོགས་པ་ལྟ་བུའོ། །ཞེས་སྨྲ་ན་འདིའང་མ་ཡིན་ཏེ། དམ་པ་དང་པོ་ལས། བུད་མེད་ཀུན་ལ་སྨོད་པ་ནི། །ཡིད་ཉིད་ཀྱི་ནི་གྲངས་འགྱུར་བ། །ཞེས་བྱ་བའི་འགྲེལ་པ་པདྨ་དཀར་པོས་བཤད་པ། བུད་མེད་ཐམས་ཅད་ལ་སྨོད་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་ཡིད་ཅེས་བྱ་བ་བཅུ་བཞི་པ་ཉིད་དུ་ངེས་པར་འགྱུར་བའོ། །ཞེས་བཤད་པའི་ཕྱིར་རོ། །འོ་ན་ཐམས་ཅད་ལ་སྨད་དགོས་ཀྱི། གཅིག་གམ་གཉིས་ལ་སྨད་ཀྱང་ལྟུང་བར་མི་འགྱུར་རམ་སྙམ་ན་མ་ཡིན་ཏེ། བུད་མེད་ཀྱི་རྟེན་གྱི་ངོ་བོའི་ངོས་ནས་སྨད་པའི་ཕྱིར་གཅིག་ལ་སྨད་ཀྱང་ཐམས་ཅད་ལ་སྨད་པ་ཉིད་དུ་འགྱུར་རོ། །ལྟུང་བའི་ངོ་བོ་ཉིད་བསྟན་ཟིན་ཏོ།།  །།སྤྱི་དོན་གཉིས་པ་ཡན་ལག་དུས་ལྟུང་བར་འགྱུར་ཞེ་ན་ལྔ་སྟེ། དེ་ལ་དང་པོ་རྟེན་གྱི་ཡན་ལག་ནི་བརྗོད་ཟིན་ཏོ། །གཉིས་པ་ཡུལ་གྱི་ཡན་ལག་ནི། བུད་མེད་མཐའ་དག་གོ །གསུམ་པ་བསམ་པའི་ཡན་ལག་ནི། རྒྱུ་བཞི་སྔོན་དུ་སོང་ནས་སྨོད་པར་འདོད་པའོ། །བཞི་པ་ངོ་བོ་ཉིད་ཀྱི་ཡན་ལག་ནི། སྐྱེས་པ་ལས་བཀར་ཏེ་བུད་མེད་ཀྱི་རྟེན་ལ་ཆེར་སྨོད་པའོ། །ལྔ་པ་དུས་སྐབས་ཀྱི་ཡན་ལག་ནི། བུད་མེད་ཀྱིས་སྨོད་པ་ཉིད་དུ་གོ་བའོ། །སྤྱི་དོན་གསུམ་པ་ལྟུང་བར་འགྱུར་བའི་རྒྱུ་མཚན་ནི། གསང་བའི་ཐེག་པར་ཤེས་རབ་བཟུང་བར་བཤད་པ་དང་ཡང་འདིར་བུད་མེད་ནི་རྟགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡིན་པའི་ཕྱིར། མི་བསྐྱོད་པའི་དམ་ཚིག་གི་ལྟུང་བ་བསྒྲགས་པ་ལ། བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་སུ་བཤད། །ཅེས་བྱ་བ་དང༌། ལྟུང་བ་བསྒྲགས་པའི་སྐབས་སུ། བུད་མེད་སྨད་པར་མི་བྱ་ཞིང༌། །ཞེས་ཁས་བླངས་པའི་ཕྱིར་རོ། །སྤྱི་དོན་བཞི་པ་མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་ནི། དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བདག་མེད་པ་ཡིན་ལ། རྟགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བུད་མེད་ཀྱི་རྣམ་པ་ཡིན་ནོ། །སྙམ་དུ་བསླབ་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟགས་ཇི་ལྟ་བུ་བུད་མེད་ཡིན་སྙམ་ན། བདག་མེད་པ་ལས་ཐམས་ཅད་འབྱུང་བ་བཞིན་དུ་བུད་མེད་ཀྱིས་ཀྱང་སེམས་ཅན་གྱི་ཁམས་བསྐྱེད་པ་དཔེར་བྱས་པ་སྟེ། དེ་སྐད་དུ། རྡོ་རྗེ་གུར་ལས། བདག་མེད་མས་གསུངས་པ། །ང་ཉིད་སངས་རྒྱས་ཐམས་ཅད་ཀྱི། །ཡུམ་གྱི་གཟུགས་ཀྱིས་བསྐྱེད་པ་ལ། །ཞེས་བྱ་བ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་ལས་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་དུ་གྱུར་པའོ། །ཞེས་བྱ་བ་དང༌། སྡུད་པ་ཚིགས་སུ་བཅད་པ་ལས་ཀྱང༌། དེ་བཞིན་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཀྱང༌། །ཡུམ་གྱུར་ཤེས་རབ་དམ་པ་འདི་ལ་དགོངས་པ་མཛད། །ཅེས་གསུངས་སོ། །སྤྱི་དོན་ལྔ་པ་བྱུང་བ་ཕྱིར་བཅོས་པའི་ཐབས་ནི། ཡན་ལག་ཚང་བ་དང༌། མ་ཚང་བའི་བྱེ་བྲག་གིས་དབང་བླང་བའམ། བཤགས་པར་བྱ་བ་ཡིན་ཏེ་གོང་དུ་བརྗོད་ཟིན་ཏོ།།  །།སྤྱི་དོན་དྲུག་པ་ཆེ་འབྲིང་རྣམ་པར་གཞག་པ་ནི་ལྔ་ལས། དང་པོ་ཡུལ་གྱི་སྒོ་ནས་ཆེ་འབྲིང་རྣམ་པར་གཞག་པ་ནི། རང་གི་ཤེས་རབ་མ་ལ་བརྟེན་ནས་ཆེན་པོ། རིགས་དང་རྗེས་སུ་མཐུན་པ་ལ་བརྟེན་ནས་འབྲིང༌། བུད་མེད་གཞན་ལ་བརྟེན་ནས་སྨོད་པ་ནི་ཆུང་ངུའོ། །བསམ་པ་དང༌། ངོ་བོ་ཉིད་དང༌། སོགས་པ་ནི་འདྲ་ལ། ཉེས་པར་བྱེད་པའི་སྒོ་ནས་ནི་ཡུལ་བུད་མེད་དེ་ལ་གནོད་པ་ཆེ་འབྲིང་གི་སྒོ་ནས་བརྟག་པར་བྱའོ། །ཆེ་འབྲིང་རྣམ་པར་གཞག་པ་བསྟན་ཟིན་ཏོ།།  །།འདིའི་ཉེས་པ་མེད་པའང་བདག་གིས་མ་སྨད་ཀྱང་ཡུལ་གྱིས་སྨོད་པར་གོ་བ་ལ་ནི་ཉེས་པ་མེད་དོ། །སེམས་ཅན་དུ་མ་རྗེས་སུ་བཟུང་བའི་སྐབས་དང་ལྡན་པའམ། བུད་མེད་དེ་དག་ལ་ཕན་གདགས་པའི་བསམ་པ་དང་ལྡན་པས་སེམས་ཀྱིས་ནི་སྨད་པ་མེད་ལ། ལུས་ངག་གིས་སྨད་པ་ལྟ་བུ་ཀུན་ཏུ་སྣང་བ་ནི་ལྟུང་བའི་གཟུགས་བརྙན་ཏེ་ཉེས་པ་མེད་དོ། །སྤྱིའི་དོན་བསྟན་ཟིན་ཏོ།།  །།ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། ཤེས་རབ་རང་བཞིན་བུད་མེད་ལ། །ཞེས་བྱ་བ་ལ། དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་མེད་པའི་མཚོན་བྱེད། རྟགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བུད་མེད་ཡིན་པའི་ཕྱིར་ཏེ། ལུང་ནི་གོང་དུ་བརྗོད་ཟིན་ཏོ། །སྨོད་པར་བྱེད་པ་བཅུ་བཞི་པ། ཞེས་བྱ་བ་ནི་དེ་ལ་སྨོད་པ་ནི་བུད་མེད་ཀྱི་རྟེན་ལས་བཀར་ཏེ་འདི་དག་ཚང་ཚིང་མི་བཟད་པའོ། །ཞེས་བྱ་བ་ལ་སོགས་པ་སེམས་ཤིང་སྨོད་པའོ། །བཅུ་བཞི་པ་ཞེས་བྱ་བ་ནི་ལྟུང་བ་བཅུ་གསུམ་པ་བས་ཡང་བ་ཉིད་དང༌། བཅུ་གསུམ་པའི་དམ་ཚིག་གི་རྫས་ལ་མི་གཙང་བར་འཛིན་པའི་བློ་མེད་པ་དེའི་ཚེ་བུད་མེད་ལ་སྨོད་པར་མི་འགྱུར་བའི་ཕྱིར་འདི་ནི་བཅུ་གསུམ་པའི་རྗེས་ལ་འབྱུང་བར་རིགས་པ་ཡིན་ནོ། །ཡན་ལག་གི་དོན་བསྟན་ཟིན་ཏོ། །རྩ་བའི་ལྟུང་བ་བཅུ་བཞི་པའི་རྒྱ་ཆེར་བཤད་པ་བསྟན་ཟིན་ཏེ། ལྟུང་བ་རྣམས་ཀྱི་རང་བཞིན་སོ་སོར་བཤད་པའི་རྒྱ་ཆེར་འགྲེལ་པ་བསྟན་ཟིན་ཏོ།།  །།ད་ནི་གཞུང་གི་སྤྱི་དོན་གཉིས་པ་བསྲུངས་པའི་ཕན་ཡོན་བསྟན་པ་ནི། སྔགས་པས་འདི་དག་སྤངས་ནས་ནི། །དངོས་གྲུབ་ངེས་པར་ཐོབ་པར་འགྱུར། །ཞེས་གསུངས་ཏེ། དེ་ལ་སྔགས་ཞེས་བྱ་བ་ནི་མཚན་མ་དང་རྣམ་རྟོག་ལས་ཡིད་སྐྱོབ་པར་བྱེད་པའམ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པ་སྟེ་མནྟྲ་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ། གསང་བ་འདུས་པ་ལས། དབང་པོ་དང་ནི་ཡུལ་རྣམས་ཀྱི། །རྐྱེན་ལས་གང་གང་བྱུང་བ་ཡི། །ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བར། །གང་བཤད་དམ་ཚིག་སྡོམ་པ་སྟེ། །རྡོ་རྗེ་ཀུན་གྱིས་བསྲུངས་པ་ནི། །སྔགས་ཀྱི་སྤྱོད་པ་ཞེས་བཤད་དོ། །ཞེས་བྱ་བ་དང༌། ཡང༌། གཉིས་སུ་མེད་པའི་མཚན་ཉིད་ཀྱང༌། དབང་ཡོན་ཏན་རིམ་པ་ལས། མན་ནི་སྟོང་པ་མཚན་མ་བྲལ། །དེ་བཞིན་གཤེགས་པའི་དབུགས་དབྱུང་བ། །ཤེས་རབ་ཆེན་པོར་བདག་གིས་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །རྡོ་རྗེ་སེམས་དཔའི་དབུགས་དབྱུང་བ། །སྙིང་རྗེ་ཆེན་པོར་བདག་གིས་བཤད། །སྟོང་པ་དང་ནི་སྙིང་རྗེ་ཉིད། །གཉིས་སུ་མེད་དང་གཉིས་ཀྱི་ཚུལ། །གསང་སྔགས་ཞེས་ནི་དེ་ལ་བཤད། །ཅེས་གསུངས་སོ། །པས་ཞེས་བྱ་བ་ཚིགས་སུ་བཅད་པའི་ངོར་བྱས་པ་སྟེ། སྔགས་པ་ཡིས་ཞེས་བྱའོ། །དེ་ལ་པ་ནི་ལྡན་པ་སྟེ་དྲུག་པའི་དོན་ཏོ། །དེས་ན་སྔགས་དང་ལྡན་པ་སྔགས་བསྒྲུབ་བྱར་བྱེད་པས་ན་སྔགས་པས་ཏེ། གང་རྟ་དང་གླང་པོ་ཆེ་དང་ལྡན་པ་ལ། རྟ་པ་དང་གླང་པོ་ཆེ་བ་ཞེས་བརྗོད་པ་བཞིན་ནོ། །འདི་དག་ཅེས་བྱ་བ་ནི་རྩ་བའི་ལྟུང་བ་བཅུ་བཞིའོ། །སྤངས་ནས་ནི་ཞེས་བྱ་བ་ནི་མ་ཉམས་པར་བསྲུངས་ན་ཞེས་བྱ་བའི་ཐ་ཚིག་གོ །དངོས་གྲུབ་ངེས་པར་ཐོབ་པར་འགྱུར། །ཞེས་བྱ་བ་ནི་སྐྱོན་མེད་པའི་བླ་མ་ལས་ཡོངས་སུ་རྫོགས་པའི་དབང་ཐོབ་ནས། རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་པར་བྱས་ན་ལམ་གཞན་མི་དགོས་པར་ངེས་པར་སངས་རྒྱས་སུ་འགྲུབ་པར་འགྱུར་ཏེ། ཇི་སྐད་དུ། དམ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་པདྨ་རྡོ་རྗེས་གསུངས་པ་ཡིན་ནོ། །གཞུང་གི་དོན་གཉིས་པ་བསྲུངས་བའི་ཕན་ཡོན་བཤད་ཟིན་ཏོ།།  །།གཞུང་གི་དོན་གསུམ་པ་མ་བསྲུངས་པའི་ཉེས་དམིགས་ནི། གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པ་བདུད་ཀྱིས་གཟུང་བར་འགྱུར། །དེ་ནས་སྡུག་བསྔལ་མྱོང་འགྱུར་ཏེ། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་གསུངས་ཏེ། གཞན་དུ་ཞེས་བྱ་བ་ནི་གོང་མ་ལ་སྙེགས་པ་སྟེ། མ་བསྲུངས་ནའོ། །དམ་ཚིག་ལས་ཉམས་ན་ཞེས་བྱ་བ་ནི་བཅུ་བཞི་པའི་ཉེས་པ་མཐའ་དག་གམ། གཅིག་བྱུང་ཡང་ཉམས་པ་སྟེ། དཔེར་ན་ཕྱོགས་བཞི་ནས་དུག་སྦྲུལ་བཞི་ཅིག་ཅར་བྱུང་བར་གྱུར་ལ། དེ་ལ་བརྩོན་འགྲུས་དང་བརྟུན་པས་གསུམ་བསད་ཀྱང་བཞི་པས་ཀྱང་བདག་ཉམས་པར་བྱེད་པ་བཞིན་ནོ། །ཉམས་པ་བདུད་ཀྱིས་གཟུང་བར་འགྱུར། །ཞེས་བྱ་བ་ནི་དེ་ཉམས་ན་བདུད་བཞིས་ཀུན་ཏུ་འཚེ་བ་སྟེ། ཐོག་མར་ཉོན་མོངས་པའི་བདུད་མི་དགེ་བའི་བསམ་པ་དུ་མ་དང་ལྡན་པ་འབྱུང་ལ། དེ་ནས་ལྷའི་བུའི་བདུད་ཀྱིས་མི་མཐུན་པའི་ཕྱོགས་རྣམ་པ་སྣ་ཚོགས་པ་བྱས་ནས་འཆི་བདག་གི་བདུད་ཀྱིས་བསད་དེ། ཕུང་པོའི་བདུད་ཀྱིས་འཁོར་བ་ནས་འཁོར་བར་ཉིང་མཚམས་སྦྱོར་བ་ཡིན་ནོ། །དེ་ནས་སྡུག་བསྔལ་མྱོང་གྱུར་ཏེ། །ཞེས་བྱ་བ་ནི་ཚེ་འདི་དང་ཕ་རོལ་གྱི་སྡུག་བསྔལ་མཐའ་དག་སྤྱིར་བསྟན་པ་ཡིན་ལ། ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་བྱ་བ་ནི་ཚེ་ཕ་རོལ་གྱི་ཉེས་པ་སྟེ། བླ་མ་བཀྲོངས་པ་ལ་སོགས་པ་ཉེས་པ་ཆེས་ཆེ་བ་དག་སྤྱད་ན་ནི་ལུས་དེ་ཉིད་ལས་གོ་སྐབས་ཕྱེ་ནས། འབར་བཞིན་དུ་མནར་མེད་པའི་སེམས་ཅན་དམྱལ་བར་འགྱུར་བ་ཡིན་ཏེ། འདི་ཡང་མིའི་སྣང་བ་ནུབ་པས་ཚེ་ཕ་རོལ་གྱི་ཁོངས་སུ་གཏོགས་པའོ། །གཞན་ཉེས་པ་ཆེ་འབྲིང་གི་བྱེ་བྲག་གིས་མཚམས་ཡོད་པའམ། མཚམས་མེད་པ་ཡང་རུང་སྟེ་དམྱལ་བ་བཅུ་དྲུག་པོ་དག་བསྐྱེད་པ་ཡིན་ནོ། །དམྱལ་བའི་སྡུག་བསྔལ་ཅུང་ཟད་བསྲབས་ནས་ཀྱང་ངན་འགྲོ་གཞན་གྱི་སྡུག་བསྔལ་མྱོང་བ་ཡིན་ལ། དེ་དག་ཅུང་ཟད་བསྲབས་ནས་ཀྱང་མཐོ་རིས་དག་ཐོབ་ནའང་མཐོ་རིས་ཀྱི་སྡུག་བསྔལ་དཔག་ཏུ་མེད་པ་དག་སྤྱད་ནས། དེར་མི་དགེ་བ་བསགས་ནས་སླར་ཡང་ངན་འགྲོ་ལ་སོགས་པར་འཇུག་པ་ཡིན་ནོ། །མི་དགེ་བ་སྤྱད་པའི་རྣམ་པར་སྨིན་པར་འདི་དག་ནི། རྒྱ་ཆེར་མདོ་དྲན་པ་ཉེ་བར་གཞག་པ་ལས་བཙལ་བར་བྱའོ། །ཆོས་ལ་སྨད་པའི་ལས་ཀྱི་སྒྲིབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་ལས་ཀྱང་འབྱུང་ངོ༌། །མདོ་གཞན་དག་ལས་ཀྱང་བཙལ་བར་བྱའོ། །དེ་ལྟ་བུའི་སྡུག་བསྔལ་དག་བསམས་ལ་བག་ཡོད་པས་ཉེས་པ་མི་འབྱུང་བ་ལ་བསླབ་པར་བྱའོ། །མ་བསྲུངས་པའི་ཉེས་དམིགས་ཀྱི་སྐབས་བསྟན་ཟིན་ཏོ།།  །།གཞུང་གི་དོན་བཞི་པ་མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་ནི། དེ་བས་ང་རྒྱལ་བཅོམ་ནས་ནི། །བདག་ཉིད་མ་འཁྲུལ་ཤེས་པར་བྱ། །ཞེས་གསུངས་ཏེ། དེ་བས་ཞེས་བྱ་བ་ནི་གོང་དུ་བསྟན་པའི་ཉེས་པ་དག་འབྱུང་བའི་ཕྱིར་སྡུག་བསྔལ་དྲན་པར་བྱས་ལ་བསྲུང་བར་བྱའོ། །ང་རྒྱལ་བཅོམ་བྱས་ལ་ཞེས་བྱ་བ་ནི་ལྟུང་བ་ཐམས་ཅད་ང་རྒྱལ་ལ་བརྟེན་ནས་འབྱུང་སྟེ། རིགས་དང༌། གཟུགས་དང༌། ཡོན་ཏན་ལ་སོགས་པའི་སྒོ་ནས་བདག་ནི་མཆོག་ཏུ་གྱུར་ལ་འདི་ནི་ཆེས་དམན་པའོ་ཞེས་བྱ་བ་ལྟ་བུའམ། བདག་ནི་བདེན་པ་འདི་ནི་མི་བདེན་པའོ་ཞེས་བྱ་བ་ལྟ་བུའམ། འདི་ལྟ་བུའི་ཉེས་པ་ནི་ཚོད་ཡོད་དོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའི་ང་རྒྱལ་དོར་ལ། ཞི་ཞིང་དུལ་བ་དག་གིས་བསླབ་པར་བྱ་བ་ཡིན་ནོ། །བདག་ཉིད་མ་འཁྲུལ་ཤེས་པར་བྱ། །ཞེས་བྱ་བ་འདིས་ནི་གཉིས་བསྟན་པ་ཡིན་ཏེ། རྟེན་གྱི་ཡན་ལག་དང༌། བསྐྱང་བའི་ཐབས་སོ། །དང་པོ་ནི་བདག་ཉིད་མ་འཁྲུལ་བའི་ཚེ་ལྟུང་བ་བྱུང་བ་རྣམས་ནི་ཤེས་པ་རང་བཞིན་དུ་གནས་པའི་ཕྱིར་རྩ་བའི་ལྟུང་བ་ཡིན་ལ། ཤེས་པ་རང་བཞིན་དུ་མི་གནས་པའི་ཚེ་བཤགས་པར་བྱ་བའམ། ཉེས་པ་ཉིད་དུ་འགྱུར་རོ། །གཉིས་པ་བསྐྱང་བའི་ཐབས་དང་སྦྱར་ན་མ་འཁྲུལ་བར་ཤེས་པར་བྱ་བ་ནི་བསླབ་པ་རྣམས་བསྲུང་བར་འདོད་པས་བག་ཡོད་པ་དང༌། དྲན་པ་དང༌། ཤེས་བཞིན་གྱིས་བསྐྱང་བར་བྱ་སྟེ། དེ་ལྟར་ན་ཉེས་པ་མི་འབྱུང་བར་འགྱུར་རོ། །དྲན་པ་དང་ཤེས་བཞིན་གྱིས་མ་བསྐྱངས་པ་ནི་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། དེ་སྐད་དུ། སྤྱོད་འཇུག་ལས། ཤེས་བཞིན་མེད་པའི་ཆོམ་རྐུན་དག །དྲན་པ་ཉམས་པའི་རྗེས་འབྲངས་ནས། །བསོད་ནམས་དག་ནི་ཉེར་བསགས་ཀྱང༌། །ཀུན་པོས་ཕྲོགས་བཞིན་ངན་འགྲོར་འགྲོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་བསླབ་པ་བསྲུང་བར་འདོད་པས་སེམས་བསྲུང་བར་བྱ་སྟེ། དེ་ཉིད་ལས། བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ནས་སེམས་བསྲུང་སྟེ། །སེམས་འདི་བསྲུང་བར་མ་བྱས་ན། །བསླབ་པ་བསྲུང་བར་ཡང་མི་ནུས། །ཞེས་བྱ་བ་དང༌། ཡང༌། དེ་ལྟས་བདག་གི་སེམས་འདི་ནི། །ལེགས་བཟུང་ལེགས་པར་བསྲུང་བར་བྱ། །སེམས་སྲུང་བརྟུལ་ཞུགས་མ་རྟོགས་པར། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་གསུངས་པ་ཡིན་ནོ། །སེམས་དེའང་ཇི་ལྟར་བསྲུང་ཞེ་ན། དྲན་པ་དང་ཤེས་བཞིན་གྱིས་བསྐྱང་བར་བྱ་སྟེ། དེའང་དེ་ཉིད་ལས། སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་སྐད་འདོམས་པར་བྱེད། །ཅེས་གསུངས་པ་ཡིན་ནོ། །དྲན་པ་དང་ཤེས་བཞིན་ཡང་ཅིས་བསྐྱང་སྙམ་ན། ཁྲེལ་ཡོད་པ་དང༌། ངོ་ཚ་ཤེས་པ་བསྐྱང་སྟེ། དེ་ལ་ཁྲེལ་ཡོད་ནི་བདག་གམ་འཇིག་རྟེན་གྱི་དབང་དུ་བྱས་ནས་གཞན་གྱིས་བཅའ་བར་འགྱུར་བ་དང༌། བླ་མ་དང་སློབ་དཔོན་གྱིས་སྐྱོན་དུ་དོགས་པས་ཁྲེལ་ཡོད་ཅིང་འཇིགས་པས་བསྲུང་བ་སྟེ། དེས་ན་ལས་དང་པོ་པས་དགེ་བའི་བཤེས་གཉེན་དག་གིས་དྲུང་དུ་བསྙེན་ཅིང་བརྟེན་པར་བྱའོ། །དེ་སྐད་དུ་དེ་ཉིད་ལས། བླ་མ་དང་ནི་འགྲོགས་པ་དང༌། །མཁན་པོས་རྗེས་སུ་བསྟན་པ་ལས། །འཇིགས་པས་སྐལ་ལྡན་གུས་བྱེད་ལ། །དྲན་པ་ཤིན་ཏུ་སྐྱེ་བར་འགྱུར། །ཞེས་གསུངས་སོ། །ཡང་ངོ་ཚ་ཤེས་པས་བསྲུང་བ་ནི། འཇིག་རྟེན་པས་མི་ཚོར་དུ་རེ་བའི་མི་དགེ་བ་ལ་འཇུག་པར་བསམ་པ་ན་ནང་གི་དགེ་བའི་བཤེས་གཉེན་བསྟེན་པ་དང༌། ཚེ་ཕྱི་མའི་རྣམ་པར་སྨིན་པར་དྲན་པར་བྱ་སྟེ། དེ་ཡང་སོ་སོའི་སྐྱེ་བོ་དག་པས་ཆེས་བཟང་བའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དག་གིས་མི་དགེ་བ་འདི་གཟིགས་ལ། ཚེ་ཕྱི་མ་ལ་ངན་འགྲོའི་འཇིགས་པ་བདག་ཉིད་ཀྱིས་མྱོང་བའི་ཕྱིར་མི་དགེ་བ་དག་བསྲུང་བར་བྱའོ། །དེ་སྐད་དུ་དེ་ཉིད་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན། །དེ་དག་ཀུན་གྱི་སྤྱན་སྔ་ན། །བདག་ནི་རྟག་པར་གནས་སོ་ཞེས། །དེ་ལྟར་བསམས་ནས་ངོ་ཚ་དང༌། །གུས་དང་འཇིགས་ལྡན་དེ་བཞིན་མནོས། །ཞེས་གསུངས་པ་ཡིན་ནོ། །དེ་བས་ན་ཉེས་པ་དག་མི་འབྱུང་བར་བྱ་བའི་ཕྱིར་བག་ཡོད་ཅིང་དྲན་པ་དང་ཤེས་བཞིན་གྱིས་ཀུན་ཏུ་བསྐྱང་བར་བྱའོ། །ཉེས་པ་མི་འབྱུང་བར་བྱ་བའི་ཕྱིར་བསྐྱང་བ་བསྟན་ཟིན་ཏོ།།  །།གཞུང་གི་དོན་ལྔ་པ་བྱུང་བ་ཕྱིར་བཅོས་པའི་ཐབས་ལ་གཉིས། ལྟུང་བ་ལས་ལྡང་བ་དང༌། དམ་ཚིག་དང་སྡོམ་པ་ཡང་དག་པར་བླང་བའོ། །དང་པོ་ནི་ཡན་ལག་མ་ཚང་བ་རྣམས་ལ་བཤགས་པར་བྱ་བ་ཉིད་དེ། དེའང་མཉམ་པར་བཞག་པས་བླ་མ་ལ། ཅི་འབྱོར་པ་ཡིས་མཆོད་བྱས་ལ། །ཞེས་སྨོས་པ་ལ། མཉམ་པར་བཞག་པས་ཞེས་བྱ་བ་ནི་དྲན་པ་དང་ཤེས་བཞིན་གྱིས་ཟིན་པ་ཡིན། དེ་ལ་མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་ནི། དྲན་པ་དང་ཤེས་བཞིན་ནི་བསྟན་ཟིན་ལ། འདིར་བདག་ནི་ཉེས་པ་ཆེ་འབྲིང་འདི་ལྟ་བུ་དང་ལྡན་པས་ཕྱིར་བཅོས་པའི་ཐབས་ནི་འདི་ལྟ་བུ་དགོས་སོ། །ཞེས་ལེགས་པར་ཤེས་པར་བྱ་བ་གང་ཡིན་པའོ། །བླ་མ་ལ་ཞེས་བྱ་བ་ནི་རྡོ་རྗེ་ཐེག་པའི་སྒོ་ནས་སྨིན་པར་བྱེད་པ་དང་ལམ་ཀུན་ཏུ་སྟོན་པ་ལ་བླ་མ་ཞེས་གྲགས་པ་ཡིན་ནོ། །དེ་སྐད་དུ། ཡང་དག་པར་སྦྱོར་བའི་རྒྱུད་ཕྱི་མ་ལས། བླ་མ་ནི་སྔགས་དང་རྒྱུ་དང་མན་ངག་ཅན་ནོ། །ཞེས་གསང་སྔགས་འཛིན་པ་ལ་བླ་མ་ཞེས་གསུངས་པ་དང་མཐུན་ནོ། །དེ་ལྟར་ན་དེ་ནི་བཤགས་པར་བྱ་བ་དང༌། ཚོགས་བསག་པར་བྱ་བའི་ཡུལ་མཆོག་ཏུ་གྱུར་པ་སྟེ། རྡོ་རྗེ་རྩེ་མོ་ལས། བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཉེས་པ་ཆེན་པོ་རྣམས་ཀྱི་བཤགས་བྱའི་རྟེན་ཡིན་པས་གཞུང་དུ་བསྟན་ལ། ཉེས་པ་ཕྲ་མོ་བྱུང་ཞིང་བླ་མ་དང་ཡུལ་འགྱངས་མ་རིང་དུ་གྱུར་ན་དམ་ཚིག་གི་ཉེས་པ་མེད་པའི་རྡོ་རྗེ་སྤུན་ཡང་བཤགས་པའི་རྟེན་དུ་གཟུང་བ་ཤུགས་ལས་བསྟན་ཏོ། །ཅི་འབྱོར་པ་ཡིས་མཆོད་བྱ་སྟེ། །ཞེས་བྱ་བ་ནི་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་བྱས་ནས་བདོག་པ་ཐམས་ཅད་བཏང་བའི་བར་དུ་བྱས་ལ། སྟོབས་བཞིའི་སྒོ་ནས་བཤགས་པ་བྱ་བ་ཡིན་ནོ། །འདིས་ལྟུང་བ་ལས་ལྡང་བའང་བསྟན་མོད་ཀྱི། དམ་ཚིག་དང་སྡོམ་པ་ཡང་དག་པར་བླང་བའི་སྔོན་དུ་འགྲོ་བ་བླ་མ་ལ་གསོལ་བ་གདབ་པ་དང༌། ཉེས་པ་ཆེས་ཆེ་བ་རྣམས་ལ་དབང་གི་རྗེས་ལ་བླ་མ་ལ་བརྟེན་ཏེ། ལས་ཀྱི་སྒྲིབ་པ་སྦྱང་བའང་བསྟན་ཏེ། བླ་མ་ནི་ལམ་དང་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། བླ་མ་ལྔ་བཅུ་པ་ལས། དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་བྱ་བ་དང༌། བླ་མ་ལས་ནི་དངོས་གྲུབ་དང༌། །མཐོ་རིས་དང་ནི་བདེ་བ་ཐོབ། །ཅེས་གསུངས་སོ། །དེ་ལ་སོགས་པ་དྲི་མ་མེད་པའི་བཀའ་དང༌། བསྟན་བཅོས་ཐམས་ཅད་ལས་ཀྱང་འབྱུང་ཞིང་ཡང་དག་པའི་མན་ངག་ནས་ཀྱང་བསྟན་པ་ཡིན་ནོ། །གཉིས་པ་དམ་ཚིག་དང་སྡོམ་པ་ཡང་དག་པར་བླང་བའི་ཐབས་གསུངས་པ་ནི། གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། །བྱང་ཆུབ་སེམས་སོགས་སྡོམ་པ་ནི། །གལ་ཏེ་བདག་ལ་ཕན་འདོད་ན། །སྔགས་པས་འབད་དེ་གཟུང་བར་བྱ། །ཞེས་བྱ་བ་ལ། གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། །ཞེས་བྱ་བ་ནི་རྩ་བའི་ལྟུང་བ་བྱུང་ན་སྡོམ་པ་བཏང་བས་ན་སླར་སྡོམ་པ་བླང་དགོས་ལ། དེ་ཡང་ཐུན་མོང་གི་སྐྱབས་སུ་འགྲོ་བ་དང༌། རང་གང་ལ་གནས་པའི་སོ་སོར་ཐར་པ་བླང་བར་བྱའོ། །བྱང་ཆུབ་སེམས་ཞེས་བྱ་བ་ནི་དེའི་རྗེས་ལ་ཐུན་མོང་མ་ཡིན་པའི་སྐྱབས་སུ་འགྲོ་བ་དང༌། སྨོན་འཇུག་གི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་སྟེ། དེ་ནི་གུད་དུ་བླངས་ཀྱང་རུང༌། །མ་བླངས་ཀྱང་དབང་གི་སྔོན་དུ་སྟ་གོན་གྱི་སྐབས་སུ་འབྱུང་བ་ཡིན་ནོ། །བྱང་ཆུབ་སེམས་སོགས་སྡོམ་པ་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བས་དབང་རྣམས་ཡོངས་སུ་རྫོགས་པར་བླངས་ཤིང༌། དམ་ཚིག་དང་སྡོམ་པ་མཐའ་དག་ནོད་པར་བྱ་བ་ཉིད་ཡིན་ནོ། །གལ་ཏེ་བདག་ལ་ཕན་འདོད་ན། །ཞེས་བྱ་བ་ལ་སྤྱིར་བདེ་བ་དང་ཕན་པ་ཞེས་བྱ་བ་གཉིས་ཡིན་པ་ལ། བདེ་བ་ནི་འཇིག་རྟེན་འདིར་བདེ་བ་ཡིན་ལ། ཕན་པ་ནི་ཕ་རོལ་ཏུ་ཕན་པ་ཉིད་ཡིན་ནོ། །དེ་ལ་གཉིས་ཀ་འབྱུང་ན་ནི་བྱ་ལ། གཉིས་ཀ་མི་འབྱུང་ན་མི་བྱ་ཞིང་འདིར་བདེ་ཡང་ཕྱི་མར་མི་ཕན་ན་མི་བྱ་ལ། འདིར་མི་བདེ་ཡང་ཕྱི་མར་ཕན་ན་ནི་བྱ་བ་ཉིད་ཡིན་པས་ན་གཙོ་བོར་གྱུར་པས་འདིར་ཕན་པ་ཉིད་སྨོས་པ་ཡིན་ནོ། །དེས་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་འདོད་པས་དབང་བླང་བ་ལ་ཕན་པར་འདོད་ན་ཞེས་སྦྱར་རོ། །སྔགས་པས་འབད་དེ་གཟུང་བར་བྱ། །ཞེས་བྱ་བ་ལ། སྔགས་པས་ཞེས་བྱ་བ་ནི་རྡོ་རྗེ་ཐེག་པའི་གང་ཟག་གོ །འབད་དེ་ཞེས་བྱ་བ་ནི་བརྩོན་འགྲུས་དང་བརྟུན་པ་ཆེར་བསྐྱེད་ནས་ཉེས་པ་མི་འབྱུང་བར་བྱ། བྱུང་ནའང་མྱུར་དུ་ཕྱིར་བཅོས་པ་ཉིད་ཡིན་ནོ། །དེ་སྐད་དུ། བྱང་ཆུབ་སེམས་དཔའ་ལ་ཉེས་པ་དག་མི་འབྱུང་བ་ཡིན། བྱུང་ནའང་ཆོས་བཞིན་འདུལ་བ་བཞིན་སྟོན་པའི་བསྟན་པ་བཞིན་རིངས་པ་རིང་པར་སྐྱེན་པར་འཆོས་པ་ཡིན་ནོ་ཞེས་གསུངས་པས་ན་སྡོམ་པ་དག་ཡང་དག་པར་བླང་བར་བྱ་བའི་ཕྱིར། གཟུང་བར་བྱ་ཞེས་གསུངས་པ་ཡིན་ནོ། །དེས་ན་དམ་པ་དང་པོ་ལས། རྩ་བའི་ལྟུང་བ་བྱུང་གྱུར་ན། །སླར་ལ་དཀྱིལ་འཁོར་འདི་རུ་ནི། །དག་པའི་རྒྱུར་ནི་འཇུག་པར་བྱ། །ཞེས་གསུངས་པ་དང༌། ཉེ་བ་འཁོར་གྱིས་ཞུས་པ་ལས་ཀྱང༌། ཉན་ཐོས་ཀྱི་ཉེས་པ་རྣམས་ནི་སླར་བཅོས་སུ་མེད་པར་ཟུང་ཤིག བྱང་ཆུབ་སེམས་དཔའི་སྡོམ་པ་རྣམས་ནི་སླར་བཅོས་སུ་ཡོད་པར་ཅུང་ཤིག་ཅེས་གསུངས་པའི་ཕྱིར་རོ། །འདིར་ཁ་ཅིག་འདི་སྐད་དུ། གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། །ཞེས་བྱ་བ་ཐུན་མོང་གི་སྐྱབས་འགྲོ་དང༌། སོ་སོར་ཐར་པ་ལས་འཆད་ཅིང༌། རྡོ་རྗེ་རྩེ་མོ་ལས་ཀྱང༌། སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་རང་གི་སྡོམ་པའོ། །ཞེས་གསུངས་པ་དེ་གཉིས་ཀའང་སྐྱོན་དང་བཅས་པ་ཡིན་ཏེ། རིག་པ་འཛིན་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་གཉིས་ནི་ནང་མི་འགལ་མོད། སོ་སོར་ཐར་པ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ཐོབ་པའི་རྟེན་དུ་མི་རུང་སྟེ། སོ་སོར་ཐར་པ་ནི་གླིང་གསུམ་གྱི་སྐྱེས་པ་དང༌། བུད་མེད་མིན་པ་གཞན་ལ་མི་སྐྱེ་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་ནི་འགྲོ་བ་མཐའ་དག་ལ་སྐྱེ་བར་གསུངས་པའི་ཕྱིར་རོ། །ཡང་གནས་པའི་རྟེན་དུའང་མི་འཐད་དེ། སོ་སོར་ཐར་པ་ནི་ཤི་ནས་གཏོང་ལ། བྱང་ཆུབ་སེམས་དཔའ་ནི་ཇི་སྲིད་སངས་མ་རྒྱས་ཀྱི་བར་དུ་མི་གཏོང་བའི་ཕྱིར་རོ་ཞེ་ན། ཉན་ཐོས་དང་ཐུན་མོང་བའི་སོ་སོར་ཐར་པ་འདི་ནི་ཐོབ་པ་དང་གནས་པའི་རྟེན་དུ་མི་རུང་བར་ཁྱོད་སྨྲ་བ་བཞིན་ཁོ་བོ་ཅག་ཀྱང་སྨྲའོ། །འོ་ན་ཁྱོད་ཀྱི་སོ་སོར་ཐར་པ་སྔོན་དུ་མ་སོང་བའི་སྡོམ་པ་གསུམ་གང་ཡིན་ཞེ་ན། འདིར་སོ་སོར་ཐར་པའི་རང་བཞིན་ནི་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལོག་པ་ཡིན་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་ནི་དེའི་སྟེང་དུ་གཞན་ལ་ཕན་འདོགས་པར་ཞུགས་པ་ཡིན་ཞིང༌། རིག་པ་འཛིན་པ་ནི་དེ་དག་ཀྱང་ལྷའི་རྣམ་པའམ། ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་ནས་ལོངས་སྤྱོད་པས་ན་འདི་ལ་འགལ་བ་ཡོད་པ་མ་ཡིན་ནོ། །འོ་ན་སྔར་སོ་སོར་ཐར་པའི་སྡོམ་པ་དགེ་སློང་གི་བར་ཐོབ་པ་ཞིག་གིས་ཕྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སླར་ཡང་དབང་ནོས་པར་གྱུར་ན། འདི་ལ་སྡོམ་པ་ཇི་ལྟར་ལྡན་ཞེ་ན། དགེ་སློང་གིས་སེམས་བསྐྱེད་པའི་ཚེ་སོ་སོར་ཐར་པ་ཐམས་ཅད་བྱང་ཆུབ་སེམས་དཔའི་སྡོམ་པར་འགྱུར་ལ། དཀྱིལ་འཁོར་དུ་ཞུགས་པའི་ཚེ་ནི་སྡོམ་པ་ཐམས་ཅད་ཀྱང་རིག་པ་འཛིན་པའི་སྡོམ་པ་ཞེས་བྱ་བ་ཡིན་ནོ། །དེ་སྐད་དུ་རྒྱུད་འབུམ་པའི་ལུང་དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པ་ཞེས་བྱ་བ་ལས་འབྱུང་བ། རྡོའི་རིགས་ཀྱི་བྱེ་བྲག་གིས། །བཞུས་པས་ལྕགས་དང་ཟངས་དངུལ་འབྱུང༌། །གསེར་འགྱུར་རྩི་ཡི་དངོས་པོ་ཡིས། །ཀུན་ཀྱང་གསེར་དུ་སྒྱུར་བར་བྱེད། །དེ་བཞིན་སེམས་ཀྱི་བྱེ་བྲག་གིས། །རིགས་ཅན་གསུམ་གྱི་སྡོམ་པ་ཡང༌། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ན། །རྡོ་རྗེ་འཛིན་པ་ཞེས་བྱའོ། །ཞེས་གསུངས་སོ། །དཔེ་དེ་ཡང་རྡོ་ནི་ཕལ་པ་ཡིན་ལ། ལྕགས་ནི་ཉན་ཐོས་ཀྱི་བསླབ་པར་བྱ་བ། ཟངས་ནི་རང་རྒྱལ་གྱི་བསླབ་པར་བྱ་བ། དངུལ་ནི་བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བ་ཡིན་ཞིང༌། གསེར་འགྱུར་རྩི་ནི་རྡོ་རྗེ་ཐེག་པའི་བསླབ་པར་བྱ་བ་ཡིན་པར་མངོན་ནོ། །བྱུང་བ་ཕྱིར་བཅོས་པའི་ཐབས་བསྟན་ཟིན་ཏོ། །རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་ཞེས་བྱ་བ་ནི་གོང་དུ་བརྗོད་ཟིན་ལ། རྫོགས་སོ་ཞེས་བྱ་བ་ནི་རྩ་བའི་གཞུང་གི་སྐབས་མཐར་ཕྱིན་ཏོ་ཞེས་བྱ་བའི་ཐ་ཚིག་གོ །རང་བཞིན་ཕན་ཡོན་ཉེས་དམིགས་བསླབ་བྱ་དང༌། །ཕྱིར་བཅོས་བཅས་པའི་རྣམ་འགྲེལ་རྒྱ་ཆེར་བགྱིས། །བསོད་ནམས་འདི་ཡིས་ལམ་ལ་ཞུགས་པ་རྣམས། །ཉེས་པ་སྤངས་ནས་ཀུན་མཁྱེན་ཐོབ་པར་ཤོག །རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་རྒྱ་ཆེར་བཤད་པ་འཁྲུལ་པ་སྤོང་བ་ཞེས་བྱ་བ་ལས། རྩ་བའི་རྣམ་པར་འགྲེལ་པའི་སྐབས་ཏེ་ལེའུ་དང་པོའོ།།  །།རྡོ་རྗེ་འཆང་གཙོ་བླ་ཆེན་ལ། །སྤྱི་བོས་ཕྱག་ནི་བྱས་ནས་སུ། །ཡན་ལག་ཉེས་པའི་ལྟུང་བ་ཡི། །རྣམ་བཤད་འདིར་ནི་བྲི་བར་བྱ། །དེ་ལ་ཐོག་མར་རྩ་བའི་ལྟུང་བ་དང༌། ཡན་ལག་གི་ཉེས་པ་ཞེས་བྱ་བ་གཉིས་སུ་ཕྱེ་བ་ལས་རྩ་བའི་ལྟུང་བའི་བཤད་པ་བསྟན་ཟིན་ནས་ཡན་ལག་གི་ཉེས་པ་བཤད་པར་འདོད་པས། ཡན་ལག་དམ་ཚིག་ཅེས་བྱ་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། ཡན་ལན་དམ་ཚིག་ཅེས་བྱ་བ། །ཞེས་བྱ་བ་སྟེ། ཡན་ལག་གི་དམ་ཚིག་ནི་རྩ་བའི་ལྟུང་བ་གོང་མ་རྣམས་ཉིད་ཀྱི་ཕྱོགས་སུ་གཏོགས་པས་ངོ་བོ་ཉིད་ལ་སོགས་པའི་ཡན་ལག་རྣམས་ཅི་རིགས་པར་མ་ཚང་བའོ། །རྒྱས་པར་བཤད་པ་ལ་བཞི། ངོ་བོ་རྒྱས་པར་བཤད་པ་དང༌། ཡན་ལག་གི་མིང་དོན་དང༌། མ་བསྲུངས་པའི་ཉེས་པ་དང༌། བཤགས་པའི་དུས་བསྟན་པའོ། །དང་པོ་ལ་དྲུག ཉེས་པའི་ངོ་བོ་ཉིད་དང༌། ཡན་ལག་དུས་ཉེས་པར་འགྱུར་བ་དང༌། ཉེས་པར་འགྱུར་པའི་རྒྱུ་མཚན་དང༌། མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་དང༌། ཉེས་པ་མེད་པའི་སྐབས་དང༌། བྱུང་བ་ཕྱིར་བཅོས་པའི་དུས་དང་བཅས་པའོ། །དེ་ལ་དང་པོ་དང་གཉིས་པ་ནི་གཞུང་ཉིད་དུ་རྣམ་པར་སྟོན་ལ། རྒྱུ་མཚན་ནི་རྩ་བའི་ཁོངས་སུ་འདུ་བའི་ཕྱིར་ཡིན་ཞིང་མི་འབྱུང་བའང་དེ་བཞིན་དུ་བསྟན་པར་བྱའོ། །ཉེས་པ་མེད་པ་ཞར་ལས་འབྱུང་ལ། ཕྱིར་བཅོས་པའི་ཐབས་ནི་འོག་ནས་སྟོན་ཏོ། །དེ་ལ་དང་པོ་ངོ་བོ་ཉིད་ནི་དོན་བརྒྱད་དམ་དགུ་རུ་གནས་པ་ལས་དང་པོ་ནི། དམ་ཚིག་དང་ནི་མི་ལྡན་པའི། །རིག་མ་བསྟེན་པར་དགའ་བ་དང༌། །ཞེས་བྱ་བ་སྨོས་ཏེ། དབང་མ་ཐོབ་པའམ། ཐོབ་ཀྱང་ཉམས་པའི་རིག་མ་ཕྱག་རྒྱའི་ལམ་དུ་ཡིད་ཀྱིས་བསྟེན་པར་དགའ་ན་ཉེས་བྱས་སོ། །འདི་ལ་ཡན་ལག་ནི་ལྔ་སྟེ། རྟེན་གྱི་ཡན་ལག་བདག་དམ་ཚིག་དང་སྡོམ་པ་དང་ལྡན་ཞིང་ཤེས་པ་རང་བཞིན་དུ་གནས་པ་སྟེ། འདི་ནི་ཐམས་ཅད་ལ་འཇུག་པས་འོག་མ་རྣམས་ལའང་ཤེས་པར་བྱའོ། །ཡུལ་གྱི་ཡན་ལག་ནི་དམ་ཚིག་དང་མི་ལྡན་པའི་རིག་མའོ། །བསམ་པ་ནི་ལྟུང་བ་འབྱུང་བའི་རྒྱུ་བཞི་སྔོན་དུ་འགྲོ་དགོས་ཏེ་འོག་མ་རྣམས་ལའང་ཤེས་པར་བྱའོ། །འདིར་བྱེ་བྲག་གི་བསམ་པ་ནི། དམ་ཚིག་དང་མི་ལྡན་པར་འདུ་ཤེས་པ་ཉིད་དོ། །ངོ་བོ་ཉིད་ནི་བསྟན་པར་འདོད་པ་ཉིད་དོ། །དུས་སྐབས་ནི་དམ་བཅས་པ་ཉིད་དོ། །འདི་རྩ་བའི་ལྟུང་བ་བདུན་པའི་ཡན་ལག་དུ་འགྱུར་ཏེ། བསྟེན་པར་དགའ་བ་མ་ཡིན་པར་ཕྱག་རྒྱའི་ལམ་དམ་ཚིག་དང་མི་ལྡན་པ་དངོས་སུ་བསྟེན་ན་ནི་གསང་བ་བསྒྲགས་པའི་ཕྱིར་རོ། །འདི་ལའང་བདག་ལ་རླུང་གི་ནུས་པ་ཡོད་པར་གྱུར་པས་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་དབང་མ་ཐོབ་པར་གྱུར་ན། འདི་དབང་ཐོབ་པའི་ཚེ་ཕྱག་རྒྱར་བྱའོ། །སྙམ་པ་ལ་ནི་ཉེས་པ་མེད་དོ། །ཡན་ལག་གི་ཉེས་པ་གཉིས་པ། །ཚོགས་ཀྱི་འཁོར་ལོར་རྩོད་པ་དང༌། །ཞེས་བྱ་བ་ནི་ཚོགས་ཀྱི་འཁོར་ལོའི་དུས་སུ་ཁྲོ་བོའི་སེམས་མེད་ཀྱང་ཁ་ཤགས་དུ་མ་འགྱེད་པའོ། །འདི་ལ་ཡན་ལག་ལྔ་སྟེ། རྟེན་གྱི་ཡན་ལག་ནི་འདྲ་ལ། ཡུལ་ནི་བླ་མ་དང་རྡོ་རྗེ་སྤུན་ནོ། །བསམ་པ་ནི་ཁ་ཤགས་འགྱེད་པར་འདོད་པའོ། །ངོ་བོ་ཉིད་ནི་ཁ་ཤགས་ཉིད་དང༌། དུས་སྐབས་ནི་ཟིན་པར་བྱས་པའོ། །འདི་ལ་སྣོད་མ་ཡིན་པ་ནི་དེར་འཇུག་པར་མི་རིགས་ཏེ་བདུན་པར་འགྱུར་བའི་ཕྱིར་རོ། །དེས་ན་འདི་ནི་ལྟུང་བ་དང་པོ་དང་གསུམ་པའི་ཁོངས་སུ་འདུ་སྟེ། བརྙས་པ་དང་ཁྲོ་བའི་སེམས་ཡོད་ན་རྩ་ལྟུང་དུ་འགྱུར་བའི་ཕྱིར་རོ། །འདི་ལའང་མི་གཉིས་སམ་གསུམ་ཞིག་བླ་མས་རྗེས་སུ་གནང་ནས་དཀྱིལ་འཁོར་མཆོད་པའི་ཕྱིར་བཞད་གད་འབྱིན་པ་སྟེ། བྲོ་གར་ལ་སོགས་པའི་ཚུལ་གྱིས་ལྷའི་ང་རྒྱལ་དང་ལྡན་པར་བྱེད་པ་ལ་ནི་ཉེས་པ་མེད་དོ། །མི་མང་པོས་ནི་འཁྲུག་ལོང་དུ་འགྱུར་བའི་ཕྱིར་བྱ་བ་མ་ཡིན་ཏེ། རྡོ་རྗེ་གླུ་ལས། ཀཱ་རུ་ཎི་ཀི་ཨ་ཨི་ཎ་རོ་ལ་ཞེས་སྙིང་རྗེ་དང་ལྡན་པས་ཀུ་ཅོ་མི་བྱ་ཞེས་བྱ་བའི་དོན་ཏོ། །ཡན་ལག་གི་ཉེས་པ་གསུམ་པའང༌། གསང་བའི་ཆོས་ནི་སྟོན་པ་དང༌། ཞེས་སྨོས་ཏེ། ཚོགས་ཀྱི་འཁོར་ལོའི་དུས་མ་ཡིན་པའི་དུས་གཞན་དུ་དམ་ཚིག་ཐོབ་པ་རྣམས་ལའང་དམ་ཚིག་གི་རྫས་རྣམས་ཀྱི་གསང་བའི་སྐད། བ་ལ་ཞེས་བྱ་བ་ལ་སོགས་པ་ལྟ་བུའི་མིང་གིས་སྟོན་པའོ། །འདི་ལའང་ཡན་ལག་ལྔ་སྟེ་རྟེན་ནི་འདྲ་ལ། ཡུལ་ནི་ཚོགས་ཀྱི་འཁོར་ལོ་མ་ཡིན་པའི་དུས་ཀྱི་དབང་ཐོབ་པ་རྣམས་སོ། །བསམ་པ་ནི་བརྡའི་སྐད་སྟོན་པར་འདོད་པའོ། །ངོ་བོ་ཉིད་ནི་བརྡ་སྐད་ཀྱིས་སྨྲས་པའོ། །དུས་སྐབས་ནི་གོ་བར་བྱས་པའོ། །འདིའང་རྩ་བའི་ལྟུང་བ་བདུན་པའི་ཁོངས་སུ་འདུ་སྟེ། ཡུལ་གྱི་ཡན་ལག་དམ་ཚིག་དང་སྡོམ་པ་དང་མི་ལྡན་པ་ལ་སྨྲས་ན་རྩ་བའི་ལྟུང་བ་བདུན་པ་ཉིད་ཡིན་པའི་ཕྱིར་རོ། །མིང་དང་མིང་ཅན་བརྡ་སྤྲོད་པའི་དུས་སུ་ནི་ཉེས་པ་མེད་དེ། ཚོགས་ཀྱི་འཁོར་ལོའི་དུས་སུ་མ་སྨྲ་ནའང་ཉེས་པའོ། །ཡན་ལག་གི་ཉེས་པ་བཞི་པ། སེམས་ཅན་དད་དང་ལྡན་པ་ལ། །དམ་ཆོས་གཞན་དུ་སྟོན་པ་དང༌། །ཞེས་བྱ་བ་ལ་དབང་ཐོབ་པའི་སྣོད་དུ་གྱུར་པ་རྫོགས་པའི་རིམ་པ་ལྟ་བུ་དད་པ་ལ་བསྐྱེད་པའི་རིམ་པ་ལྟ་བུ་བསྟན་ནས། དེ་ཡང་བདག་འདོད་པ་ནི་འདི་མ་ཡིན་ནོ་སྙམ་དུ་སེམས་ཤིང་དད་པ་མ་ལོག་པ་ཉིད་དོ། །འདི་ལ་ཡང་ཡན་ལག་ལྔ་སྟེ། རྟེན་ནི་དེ་འདོད་པའི་ཆོས་ཤེས་པ་སྟེ། ལྷག་མ་དམ་ཚིག་དང་སྡོམ་པ་དང་ལྡན་པ་དང༌། ཤེས་པ་རང་བཞིན་དུ་གནས་པ་ནི་འདྲའོ། །ཡུལ་ནི་དབང་ཐོབ་ཅིང་གང་ལ་དད་པ་དེའི་སྣོད་དུ་གྱུར་པའོ། །བསམ་པ་ནི་དེ་སྣོད་དུ་གྱུར་པར་སེམས་ཤིང་དེ་དང་འཚམ་པ་མི་བསྟེན་པར་འདོད་པའོ། །ངོ་བོ་ཉིད་ནི་སྣོད་དང་རྗེས་སུ་མཐུན་པར་ཆོས་མི་སྟོན་པའོ། །དུས་སྐབས་ནི་དེས་བསྟན་པའི་ཆོས་ཀྱི་ཡིད་མ་ཚིམ་པའོ། །འདི་ནི་རྩ་བའི་ལྟུང་བ་བཅུ་གཉིས་པའི་ཁོངས་སུ་འདུ་སྟེ། དེས་དད་པ་ལོག་ན་ནི་རྩ་བའི་ལྟུང་བ་ཉིད་དུ་འགྱུར་བའི་ཕྱིར་རོ། །ཉེས་པ་མེད་པའང་དེ་འདོད་པའི་ཆོས་སྟོན་པའི་མཐུ་བདག་ལ་མེད་པ་དང༌། ཡུལ་དེ་ད་དུང་ཟབ་མོའི་སྣོད་དུ་མ་གྱུར་ན་ཉེས་པ་མེད་དོ། །ཡན་ལག་གི་ཉེས་པ་ལྔ་པ། ཉན་ཐོས་དག་ཏུ་རློམ་བྱེད་པའི། །ནང་དུ་ཞག་བདུན་གནས་པ་དང༌། །ཞེས་བྱ་བ་ལ་ཉན་ཐོས་ཞེས་བྱ་བ་ནི་རང་གི་ལྟ་བ་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ། ཐེག་པ་ཆེན་པོའི་རྡོ་རྗེ་ཐེག་པ་ལ་མ་དད་པ་མཐའ་དག་བཟུང་ངོ༌། །དེས་ན་འདི་དག་གི་ནང་དུ་ཞག་བདུན་གནས་པའོ། །དེའང་དེར་གནས་པའི་ཚེ་རང་གི་དམ་ཚིག་དང་སྡོམ་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་ཅི་རིགས་པར་སྤྱད་ན་ནི་གསང་བ་བསྒྲགས་པའང་སྲིད་ལ། གསང་བ་མི་སྒྲོགས་པའི་སྤྱོད་པ་གཏོར་མ་ལ་སོགས་ཡིན་ན་ཡང་ཉན་ཐོས་ཀྱི་རིགས་ཁ་ཅིག་གིས་སྤྱོད་པ་དེ་ལ་འཇུག་ཏུ་མི་སྟེར་ལ། མ་བྱས་པར་ཞག་པར་ན་འདས་ན་ནི་ཉེས་པའོ། །འདིས་ལྷའི་རྣལ་འབྱོར་རམ། ཐུན་མཚམས་ཀྱི་གཏོར་མ་ལྟ་བུ་དང་བྲལ་ན་གང་དུ་གནས་ཀྱང་རུང་སྟེ། ཞག་དྲུག་ཐལ་ཏེ་བདུན་པ་ལ་མ་དྲན་ན་ཉེས་པ་སྟེ། འདི་ནི་ངེས་པའོ། །འདི་ལའང་ཡན་ལག་ལྔ་སྟེ། རྟེན་ནི་འདྲའོ། །ཡུལ་ནི་ཉན་ཐོས་དག་གི་གནས་ཏེ། དེ་མ་ཡིན་པ་མ་དད་པ་དང་གཞན་ཡང་བཟུང་ངོ༌། །བསམ་པ་ནི་ཐུན་མོང་གི་རྒྱུ་བཞི་ཉིད་དོ། །ངོ་བོ་ཉིད་ནི་ལྷའི་རྣལ་འབྱོར་རམ། གཏོར་མ་ལ་སོགས་པ་མི་སྦྱོར་བ་ཉིད་དོ། །དུས་སྐབས་ནི་ཞག་བདུན་འདས་པའི་ཚེའོ། །འདི་ནི་རྩ་བའི་ལྟུང་བ་བདུན་པའི་ཁོངས་སུ་འདུ་སྟེ། སྤྱོད་པ་དེ་བྱས་ཤིང་མ་དད་པ་ནི་བདུན་པ་ཉིད་དུ་འགྱུར་རོ། །དགོས་པ་རྒྱ་ཆེན་པོ་མཐོང་བའི་ཚེ་ནི་ཉེས་པ་མེད་དོ། །ཡིད་འཁྲུལ་པ་དང་བཅས་པའམ། ན་སྟེ་མི་ནུས་ན་ཉེས་པ་མེད་དོ། །ཡན་ལག་གི་ཉེས་པ་དྲུག་པ་ནི། སྦྱོར་བ་ངེས་པར་མ་བྱས་པར། །སྐལ་མིན་གསང་བ་སྟོན་པ་དང༌། །ཞེས་བྱ་སྟེ་སྦྱོར་བ་ངེས་པར་མ་བྱས་པ་ན་དབང་ཡོངས་སུ་མ་རྫོགས་པ་ཡིན་ལ། དེས་ན་གོང་མའི་སྣོད་མ་ཡིན་པའི་ཕྱིར་སྐལ་བ་མེད་པ་སྟེ། དབང་འོག་མ་འོག་མ་ལས་མ་ཐོབ་པ་ལ་གོང་མ་གོང་མའི་གསང་བ་སྟོན་པ་ཡིན་ནོ། །འདི་ལའང་ཡན་ལག་ནི་ལྔ་སྟེ། རྟེན་གྱི་ཡན་ལག་ནི་འདྲའོ། །ཡུལ་ནི་དབང་གོང་མ་གོང་མ་མ་ཐོབ་པའོ། །བསམ་པ་ནི་ཐུན་མོང་གི་རྒྱུ་བཞི་དང༌། གོང་མ་གོང་མ་མ་ཐོབ་པར་འདུ་ཤེས་པ་ཉིད་དོ། །ངོ་བོ་ཉིད་ནི་གོང་མ་གོང་མའི་ཆོས་སྟོན་པ་ཉིད་དོ། །དུས་སྐབས་ནི་དེས་གོ་བ་ཉིད་དོ། །འདིའང་བདུན་པའི་ཁོངས་སུ་འདུ་སྟེ་ཡུལ་དབང་གཏན་ནས་མ་ཐོབ་པ་ལ་གསང་བ་སྟོན་པ་ནི་བདུན་པ་ཉིད་ཡིན་པའི་ཕྱིར་རོ། །དོན་རྒྱ་ཆེན་པོ་ཉིད་མཐོང་བའི་ཕྱིར་དང༌། སེམས་འཁྲུལ་པ་ལ་ནི་ཉེས་པ་མེད་དོ། །ཡན་ལག་གི་ཉེས་པ་བདུན་པ་ནི། གང་ཞིག་ཕྱག་རྒྱ་མི་མཁས་ལ། །ལུས་ཀྱི་ཕྱག་རྒྱ་སྟོན་པ་དང༌། །ཞེས་བྱ་བ་ནི་དབང་ཐོབ་ཀྱང་ཕྱག་རྒྱའི་དགོས་པའམ། དེ་ཁོ་ན་ཉིད་མི་ཤེས་པ་རྣམས་ཀྱི་དྲུང་དུ་ཕྱག་རྒྱ་བཅའ་ན་ཉེས་པའོ། །ཡན་ལག་ནི་ལྔ་སྟེ། རྟེན་ནི་འདྲའོ། །ཡུལ་ནི་དབང་ཐོབ་ཀྱང་ཕྱག་རྒྱ་ལ་མི་མཁས་པའོ། །བསམ་པ་ནི་ཐུན་མོང་གི་རྒྱུ་བཞི་ཉིད་དོ། །ངོ་བོ་ཉིད་ནི་རས་ལ་སོགས་པས་མ་གཡོགས་པར་ཕྱག་རྒྱ་འཆའ་བའོ། །དུས་སྐབས་ནི་དེ་གོ་ཞིང་མ་དད་པ་ཉིད་དོ། །འདིའང་བདུན་པའི་ཁོངས་སུ་འདུ་སྟེ། ཡུལ་དབང་གཏན་མ་ཐོབ་པ་ལ་གསང་བ་སྟོན་པ་ནི་བདུན་པ་གསང་བ་སྒྲོགས་པ་ཉིད་དུ་འགྱུར་རོ། །འདིའང་ཡུལ་དེ་ལ་སློབ་པའི་ཕྱིར་བརྡ་སྤྲོད་པ་དང༌། བདག་ཉིད་གཞན་དུ་འཁྲུལ་པ་ལ་ཉེས་པ་མེད་དོ། །འདི་ནི་དབང་ཐོབ་ཀྱང་ལུས་ཀྱི་ཡིན་ལ། གོང་གསང་བའི་ཆོས་སྟོན་པ་ནི་ངག་ཡིན་པས་འདི་གཉིས་གཅིག་ཏུ་བྱའོ། །ཡན་ལག་གི་ཉེས་པ་བརྒྱད་པ་ནི། བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང༌། །ཞེས་བྱ་སྟེ་གྲངས་ལ་སོགས་པའི་བསྙེན་པས་བདག་གི་རྒྱུད་ཡོངས་སུ་དག་པར་མ་བྱས་པར་དཀྱིལ་འཁོར་གྱི་ལས་ལ་འཇུག་པ་སྟེ། སློབ་མ་དབང་བསྐུར་བ་དང༌། རབ་ཏུ་གནས་པ་དང༌། སྦྱིན་སྲེག་དང༌། རིལ་བུ་ལ་སོགས་པ་དཀྱིལ་འཁོར་དང་འབྲེལ་བའི་བསྒྲུབ་པའི་ལས་ལ་འཇུག་པའོ། །འདི་ལའང་ཡན་ལག་ལྔ་སྟེ། རྟེན་ནི་འདྲའོ། །ཡུལ་ནི་དཀྱིལ་འཁོར་གྱི་ལས་སོ། །བསམ་པ་ནི་རྒྱུ་བཞི་སྔོན་དུ་སོང་ནས་དཀྱིལ་འཁོར་གྱི་ལས་བྱེད་པར་འདོད་པའོ། །ངོ་བོ་ཉིད་ནི་དཀྱིལ་འཁོར་གྱི་ལས་སོ། །དུས་སྐབས་ནི་ཟིན་པར་བྱས་པ་ཉིད་དོ། །འདི་ནི་ལྟུང་བ་གཉིས་པའི་ཁོངས་སུ་གཏོགས་ཏེ། ཁྱད་དུ་གསོད་པའི་བསམ་པ་ཡོད་ན་ལྟུང་བ་གཉིས་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །འདི་ལའང་ཡིད་འཁྲུལ་པ་ཉིད་དང༌། །དོན་རྒྱ་ཆེན་པོ་ཉིད་མཐོང་བའི་ཚེ་དང༌། བླ་མ་ནི་སངས་རྒྱས་ཉིད་དེ། དེས་ན་བླ་མས་གནང་བ་ལ་ནི་ཉེས་པ་མེད་དོ། །ད་ནི་ཡན་ལག་གི་ཉེས་པ་དགུ་པ་ནི། སྡོམ་པ་གཉིས་ཀྱི་བཅས་པ་ལ། །དགོས་པ་མེད་པར་འདའ་བ་དང༌། །ཞེས་བྱ་བ་སྟེ། སྡོམ་པ་གཉིས་ནི་ཉན་ཐོས་དང༌། བྱང་ཆུབ་སེམས་དཔའི་བཅས་པ་ཕྲ་མོ་ཉིད་དོ། །རྩ་བ་ནི་གོང་དུ་བརྗོད་ཟིན་པའི་ཕྱིར་དང༌། འདིའི་སྐབས་མ་ཡིན་པའི་ཕྱིར། དགོས་པ་མེད་པར་འདས་པ་ནི་ཇི་ལྟ་བུ་ཞེ་ན། རབ་ཏུ་བྱུང་བ་ལ་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་དགོས་པ་རྒྱ་ཆེན་པོ་མཐོང་བའི་ཚེ་ནི་ཕྱི་དྲོའི་ཁ་ཟས་ཀྱིས་ཉེས་པ་མེད་ལ། དགོས་པ་མེད་པར་ཕྱི་དྲོའི་ཁ་ཟས་ཟ་ན་ཉན་ཐོས་ཀྱི་བཅས་པའི་སྟེང་དུ་རྡོ་རྗེ་ཐེག་པའི་ཡང་ཉེས་པའོ། །དེ་བཞིན་དུ་དགེ་བསྙེན་ལ་ཆང་འཐུང་བ་ལ་སོགས་པ་དང༌། དགེ་སློང་ལ་ས་རྐོ་བ་དང༌། སྐྱེ་བ་གཅོད་པ་ལ་སོགས་པ་ལྟ་བུ་དགོས་པ་མེད་པར་སྤྱོད་པ་ནི་དེ་ཉིད་ཀྱི་བཅས་པའི་སྟེང་དུ་འདིའི་ཡང་ཉེས་པ་ཡིན་ཏེ། ཉན་ཐོས་ཀྱི་བཅས་པ་དང་འགལ་བ་རྣམས་སོ། །ཡང་དཀོན་མཆོག་གསུམ་ལ་དུས་གསུམ་དུ་མི་མཆོད་པ་དང༌། རྒན་པ་ལ་གུས་པ་མི་བྱེད་པ་ལ་སོགས་པ་ནི་དགོས་པ་མེད་པའི་ཚེ་སྤྱད་ན་བྱང་ཆུབ་སེམས་དཔའི་བཅས་པའི་སྟེང་དུ་འདི་ཉིད་ཀྱིའང་ཉེས་པ་ཡིན་ནོ། །ཡན་ལག་ནི་ལྔ་ལས། དང་པོ་རྟེན་ནི་འདྲ་ལ། ཡུལ་ནི་སྡོམ་པ་གཉིས་ཀྱི་བཅས་པའོ། །བསམ་པ་ནི་རྒྱུ་བཞི་སྔོན་དུ་སོང་བས་དགོས་པ་མེད་པར་འདའ་བར་འདོད་པའོ། །ངོ་བོ་ཉིད་ནི་འདས་པའོ། །དུས་སྐབས་ནི་མཐར་ཕྱིན་པ་ཉིད་དོ། །འདིའང་རྩ་བའི་ལྟུང་བ་གཉིས་པའི་ཁོངས་སུ་འདུ་སྟེ། ངོ་བོ་ཉིད་ཀྱི་ཡན་ལག་ཁྱད་དུ་གསོད་པ་དང་བཅས་ན་རྩ་བའི་ལྟུང་བའོ། །འདི་ལའང་ཡིད་གཞན་དུ་འགྱུར་བ་དང༌། དགོས་པ་རྒྱ་ཆེན་པོ་མཐོང་བ་ཉིད་ཀྱི་སྐབས་དང༌། ན་བ་ལ་ཕན་པའི་སྐབས་སུ་ནི་ཉེས་པ་མེད་དོ། །འདི་ལ་ཡན་ལག་གི་ལྟུང་བ་བརྒྱད་དུ་སྨྲ་སྟེ། དེ་ལྟར་ན། གང་ཞིག་ཕྱག་རྒྱ་མཁས་ལ་ལས་ཀྱི་ཕྱག་རྒྱ་སྟོན་པ་དང༌། ཞེས་བྱ་བའི་ཁོངས་སུ་གོང་གི གསང་བའི་ཆོས་ནི་སྟོན་པ་དང༌། །ཞེས་བྱ་བ་འདི་འདུ་སྟེ། དབང་ཐོབ་པ་ལ་དུས་མ་ཡིན་པར་གསང་བའི་སྐད་སྨྲ་བ་འདི་ནི་ངག་གི་ཉེས་པ་ཡིན་ལ། ཕྱག་རྒྱ་སྟོན་པ་ནི་ལུས་ཀྱི་ཉེས་པ་ཡིན་པས་གཉིས་ཀའང་ཡུལ་དབང་ཐོབ་པ་ཅིག་ལ་སྟོན་པས་ན་གཅིག་ཏུ་འདུའོ། །འདི་ནི་ལེགས་པར་སྨྲས་པའོ། །ཉེས་པའི་ངོ་བོ་རྒྱས་པར་བཤད་པ་བསྟན་ཟིན་ཏོ།།  །།གཉིས་པ་ཡན་ལག་གི་མིང་དོན་ནི། ཁ་ན་མ་ཐོ་བཅས་གྱུར་ཏེ། །ཞེས་བྱ་བ་ལ། ཁ་ན་མ་ཐོ་བ་ནི་རྣམ་པ་གཉིས་ཏེ། རང་བཞིན་གྱི་ཁ་ན་མ་ཐོ་བ་དང༌། བཅས་པའི་ཁ་ན་མ་ཐོ་བའོ། །རང་བཞིན་ནི་ཡིད་ཀྱི་ཉེས་པར་སྨྲ་ལ། བཅས་པ་ནི་ལུས་ངག་གི་ཉེས་པར་སྨྲ་བ་དང༌། རང་བཞིན་ནི་ཕལ་པ་ལ་ཡང་ཉེས་པར་འགྱུར་ལ། བཅས་པ་ནི་སྡོམ་པ་ཁས་བླངས་པའི་གང་ཟག་རྣམས་ལ་ཉེས་པར་འགྱུར་བར་སྨྲ་བ་དང༌། རང་བཞིན་ནི་རྩ་བའི་ལྟུང་བ་ཡིན་ལ། བཅས་པ་ནི་ཡན་ལག་གི་ལྟུང་བར་སྨྲ་སྟེ། ཕྱོགས་གསུམ་པོ་གང་ལ་ཡང་འགལ་བ་ནི་མ་མཐོང་སྟེ། ཉེས་པ་ཐམས་ཅད་ཡིད་ལས་བྱུང་བའི་ཕྱིར། ཡིད་མི་དགེ་བ་དང་ལྡན་ན་ཕལ་པ་ལ་ཡང་ལྟུང་བར་འགྱུར་ལ། ཡིད་མི་དགེ་བ་དང་མི་ལྡན་པའི་ལུས་ངག་ཕལ་ཆེར་ནི་ལུང་དུ་མ་བསྟན་པ་ཡིན་ལ། ཉན་ཐོས་དག་ལ་ནི་ཉེས་བྱས་ཕྲ་མོར་འགྱུར་བའི་ཕྱིར་བཅས་པ་ཡིན་ལ། བྱང་ཆུབ་སེམས་དཔའ་ལ་ནི་བཅས་པར་འགྱུར་བའི་སྐབས་ཀྱང་སྲིད་མོད། བསམ་པ་དགེ་བ་རྒྱ་ཆེན་པོ་དང་ལྡན་ན་ནི་ལྟུང་བའི་གཟུགས་བརྙན་ཉིད་དུ་འགྱུར་བའི་ཕྱིར་རོ། །དེས་ན་ཡིད་ཀྱི་མི་དགེ་བ་ཆེན་པོ་དང་ལྡན་པ་ནི་རྩ་བའམ། རང་བཞིན་ཉིད་དུ་བཞག་ལ། མི་དགེ་བ་ཅུང་ཟད་ཕྲ་མོ་དང་ལྡན་པ་ནི་ཡན་ལག་གམ། བཅས་པར་འགྱུར་བའི་ཕྱིར་འདི་ནི་བཅས་པའི་ཁ་ན་མ་ཐོ་བའོ། །ཡན་ལག་གི་ཉེས་པའི་མིང་གི་དོན་བསྟན་ཟིན་ཏོ།།  །།གསུམ་པ་མ་བསྲུངས་བའི་ཉེས་དམིགས་ནི། སྔགས་པ་དེ་ཡི་དམ་ཚིག་ཟད། །ཟད་པས་འགྲུབ་པར་མི་འགྱུར་ཞིང༌། །བདུད་དང་སྡུག་བསྔལ་མང་དུ་འཕེལ། །ཞེས་བྱ་བ་ལ། སྔགས་པ་གོང་དུ་བསྟན་ཟིན་ལ། དམ་ཚིག་ཟད་ཅེས་བྱ་བ་ནི་ཡན་ལག་གི་ཉེས་པ་བྱུང་བའི་ཕྱིར་རོ། །ཟད་པས་འགྲུབ་པར་མི་འགྱུར་ཞིང༌། །ཞེས་བྱ་བ་ནི་ཡན་ལག་གི་ཉེས་པ་བྱུང་བས་ན་དངོས་གྲུབ་འགོར་ཏེ་མྱུར་དུ་འགྲུབ་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །བདུད་དང་སྡུག་བསྔལ་མང་དུ་འཕེལ། །ཞེས་བྱ་བ་ནི་བདུད་ནི་ཉོན་མོངས་པ་ལ་སོགས་པ་བཞི་ཡིན་ལ། སྡུག་བསྔལ་ནི་ཚེ་འདི་དང་ཕ་རོལ་གྱི་སྡུག་བསྔལ་ཏེ། མང་དུ་འཕེལ་ཞིང་བྱ་བ་ནི་དམ་ཚིག་ཉམས་པས་སྡུག་བསྔལ་དག་སྐྱེ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །མ་བསྲུངས་པའི་ཉེས་པ་བསྟན་ཟིན་ཏོ།།  །།བཞི་པ་བཤགས་པའི་དུས་བསྟན་པ་ནི། ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །ཞེས་གསུངས་ཏེ། དེ་ལ་རྩ་བའི་ལྟུང་བའི་ཡན་ལག་མ་ཚང་བ་རྣམས་དང༌། ཡན་ལག་གི་ཉེས་པ་རྣམས་ལ་ནི། ལྟུང་བ་ལས་ལྡང་བས་ཉེས་པ་སོར་ཆུད་དེ། ཐབས་ཀྱི་ཆོ་ག་ནི། རྩ་བའི་ལྟུང་བའི་སྐབས་སུ་བརྗོད་ཟིན་ཏོ། །འདིར་བཤགས་པའི་དུས་མི་ཡོལ་བར་བསྟན་པ་ཡིན་ཏེ། ཉིན་དང་མཚན་མོ་ལན་གསུམ་དུ། །ཞེས་བྱ་བ་ནི་དུས་དྲུག་ཏུའོ། །ཉིན་རེ་ཞིང་ནི་ཞེས་བྱ་བ་ནི་དུས་དྲུག་པོ་དེའང་ཉི་མ་རེ་རེ་ཞིང་དྲན་པར་བྱ་བ་ལས་ལན་གཅིག་གིས་མ་ཡིན་ཞེས་བྱ་བའི་དོན་ཏོ། །བཟླ་བར་བྱ་ཞེས་བྱ་བ་ནི་དྲན་པ་དང་ཤེས་བཞིན་གྱིས་ཟིན་པས་དུས་དྲུག་ཏུ་རྩ་བ་དང་ཡན་ལག་གི་གཞུང་གཉིས་པོ་འདི་ཁ་ཏོན་དུ་བྱ་བ་སྟེ་དེས་ཉེས་པ་ཇི་ལྟ་བུ་བྱུང་བ་དྲན་པར་བྱས་ལ། དུས་ཀྱི་དྲུག་ཆ་ལས་ཐལ་དུ་མི་གཞུག་པར་བཤགས་པར་བྱ་ཞེས་བྱ་བའི་དོན་ཏོ། །འདི་ནི་འཕགས་པ་ཉེ་བ་འཁོར་གྱིས་ཞུས་པ་ལས་ཀྱང་འབྱུང་སྟེ་ཇི་སྐད་དུ། འདི་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་སྔ་དྲོའི་དུས་སུ་ཉེས་པ་བྱུང་བ་ལ་ཉི་མའི་གུང་ལ་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་ན་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ། །གུང་གི་དུས་སུ་ཉེས་པ་བྱུང་བ་ལ་ཕྱེ་མ་རེད་ཀྱི་དུས་སུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་ན་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ། །ཕྱེ་མ་རེད་ཀྱི་དུས་སུ་ཉེས་པ་བྱུང་བ་ན་ནམ་གུང་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་ན་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ། །ནམ་གུང་ལ་ཉེས་པ་བྱུང་ན་སྔ་དྲོའི་དུས་སུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་གང་ཟག་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་གཏུགས་པ་ཉིད་དུ་རིག་པར་བྱའོ། །ཞེས་འབྱུང་ངོ༌། །ཉེས་པ་བཤགས་པའི་དུས་བསྟན་ཟིན་ཏེ། ཡན་ལག་གི་ལྟུང་བའི་རྒྱ་ཆེར་བཤད་པ་བསྟན་ཟིན་ཏོ། །ཡན་ལག་ལྟུང་བའི་རྣམ་བཤད་བགྱིས་པ་ཡི། །དགེ་བ་གངས་རི་ལྟར་དཀར་ཐོབ་པ་དེས། །ལམ་ལ་ཞུགས་རྣམས་ཉེས་པ་ཀུན་སྤངས་ཏེ། །འགྲོ་བ་ཀུན་གྱི་དཔལ་མགོན་བྱེད་པར་ཤོག །རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གི་ལྟུང་བའི་རྒྱ་ཆེར་འགྲེལ་པ་འཁྲུལ་པ་སྤོང་བ་ཞེས་བྱ་བ་ལས་ཡན་ལག་གི་ཉེས་པ་རྣམ་པར་བཤད་པའི་སྐབས་ཏེ་ལེའུ་གཉིས་པའོ།།  །།དཔལ་ལྡན་བླ་མའི་ཞབས་ལ་ཕྱག་བྱས་ནས། །རྡོ་རྗེ་ཐེག་ལ་ལོག་པར་བསམ་པ་ཡི། །སྐྱེ་བོ་རྣམས་ནི་རྗེས་སུ་གཟུང་བའི་ཕྱིར། །མདོ་ཡི་ལུང་རྣམས་གསལ་བར་བྲི་བར་བྱ། །འདི་ན་ཐེག་པ་ཆེན་པོ་དང༌། རྡོ་རྗེ་ཐེག་པ་ལ་བློ་སྔར་བའི་རིགས་ཅན་ཁ་ཅིག་ལོག་པར་སྨྲ་བ་དག་ནི་འདི་སྐད་དུ་སྨྲ་སྟེ། རྡོ་རྗེ་ཐེག་པ་ནི་བཟང་མོད། འདིའི་དམ་ཚིག་རྣམས་ནི་ཆེས་བསྲུང་བར་དཀའོ་ཞེས་སྨྲ་བ་དང༌། བསྲུངས་ན་ནི་ཕན་ཡོན་ཆེ་མོད། མ་བསྲུངས་ན་ནི་ཉེས་པ་ཆེའོ་ཞེས་སྨྲ་བ་དང༌། སློབ་དཔོན་དང་སློབ་མ་དག་ནི་མཚན་ཉིད་དང་མི་ལྡན་པའི་ཕྱིར་འཇུག་པར་མི་རིགས་སོ་ཞེས་སྨྲ་བ་དང༌། དུས་སྙིགས་པས་ན་གསང་སྔགས་སྤྱད་པའི་དུས་མ་ཡིན་ཞེས་བྱ་བའི་ལོག་པར་སྨྲ་བ་བཞིའོ། །དེ་ལ་ལོག་པར་རྟོག་པ་དང་པོ་དགག་པར་བྱ་བའི་ཕྱིར་སྨྲས་པ། ཉན་ཐོས་ཀྱི་གང་ཟག་དང༌། བྱང་ཆུབ་སེམས་དཔའི་རིགས་ཅན་ནི་ཐ་དད་དེ། ཉན་ཐོས་ཀྱི་སྡོམ་པ་ཉེས་པ་མེད་པར་ཐུབ་ཅིང་བྱང་ཆུབ་སེམས་དཔའི་སྡོམ་པ་མི་ཐུབ་པའི་གང་ཟག་ཡོད་དེ། ཁ་ཅིག་འཁོར་བ་ལ་ཆེར་འཇིགས་ཤིང་མྱ་ངན་ལས་འདས་པ་ལ་སྲེད་པས་བརྩོན་འགྲུས་ཆེར་སྤྱོད་པ་དག་དགྲ་བཅོམ་པ་ཐོབ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་བསླབ་པ་ལ་སྐྱོན་མེད་ཀྱང་སོ་སོར་ཐར་པའི་ཚངས་པར་སྤྱོད་པ་མི་ཐུབ་པ་དག་ཀྱང་ཡོད་དེ། བྱང་ཆུབ་སེམས་དཔའ་ཁྱིམ་པའི་ཕྱོགས་བཞིན་ནོ། །དེ་སྐད་དུ་འབུམ་པ་ལས། བྱང་ཆུབ་སེམས་དཔའ་ལ་ལ་ལ་ནི་ཕ་དང་མ་དང་བུ་དང་ཆུང་མ་གདོན་མི་ཟ་བར་དགོས་སོ། །བྱང་ཆུབ་སེམས་དཔའ་ལ་ལ་ནི་སེམས་དང་པོ་བསྐྱེད་པ་ནས་ཚངས་པར་སྤྱོད་པ་ཡང་དག་པར་ལེན་ཏེ་གཞོན་ནུའི་ས་པ་ཉིད་ཡིན་ནོ་ཞེས་གསུངས་སོ། །དེས་ན་སོ་སོར་ཐར་པའི་སྡོམ་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་བསམ་པ་དང་སྦྱོར་བ་ཐ་དད་དེ། སོ་སོར་ཐར་པ་ནི་སེམས་དགེ་བས་ཕམ་པ་དག་སྤྱད་ན་སྡོམ་པ་གཏོང་ལ། བྱང་ཆུབ་སེམས་དཔའ་ལ་ནི་ལྟུང་བའི་གཟུགས་བརྙན་དུ་འགྱུར་བའི་ཕྱིར་རོ། །དེ་སྐད་དུ་སྡོང་པོ་བཀོད་པ་ལས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་རང་གི་སེམས་ལ་བརྟེན་ཏོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང༌། འདུལ་བ་ནི་རང་གི་སེམས་ལ་བརྟེན་ཏོ་ཞེས་གསུངས་སོ། །དེས་ན་འཕགས་པ་ཉེ་བ་འཁོར་གྱིས་ཞུས་པའི་མདོ་ལས་ཀྱང་འདི་སྐད་དུ་ཉེ་བ་འཁོར་ཉན་ཐོས་ཀྱི་ཐེག་པ་རྣམས་ཀྱི་སྦྱོར་བ་ཡང་གཞན། ལྷག་པའི་བསམ་པའང་གཞན་ལ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་སྦྱོར་བའང་གཞན། ལྷག་པའི་བསམ་པའང་གཞན་ཡིན་པའི་ཕྱིར་རོ། །ཉེ་བ་འཁོར་དེ་ལ་ཉན་ཐོས་ཀྱི་ཐེག་པའི་ཚུལ་ཁྲིམས་ཡོངས་སུ་དག་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ཡིན་ལ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པ་གང་ཡིན་པ་དེ་ནི་ཉན་ཐོས་ཀྱི་ཚུལ་ཁྲིམས་མ་དག་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཉན་ཐོས་ཀྱི་ཐེག་པ་ནི་སྐད་ཅིག་ཙམ་སྲིད་པར་སྐྱེ་བ་ལེན་པར་སྤྲོ་ན་ཡང་ཉེས་པ་ཡིན་ལ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་དོན་ལ་བསྐལ་པ་དཔག་ཏུ་མེད་པར་འཁོར་བར་གནས་པས་མི་སྐྱོ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བཀའ་སྩལ་ཏོ། །དེས་ན་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་བསམ་པ་དང་སྦྱོར་བ་ནི་ཐ་དད་ལ། བྱང་ཆུབ་སེམས་དཔའ་དང་རྡོ་རྗེ་ཐེག་པ་ལ་ནི་ཁྱད་པར་ཅི་ཡང་ཡོད་པ་མ་ཡིན་ནོ། །འོ་ན་རྩ་བའི་ལྟུང་བ་བཅུ་བཞི་ལ་སོགས་པ་བསྲུང་བར་བྱ་བ་ཆེས་མང་བ་དག་མཐོང་ངོ་ཞེ་ན་བྱང་ཆུབ་སེམས་དཔའ་ལའང་འདི་དག་རྩ་བའམ་རྩ་བ་དང་འདྲ་བར་བསྲུང་དགོས་པ་ཉིད་ཡིན་ནོ། །དེའང་ཅིས་ཤེས་ཤེ་ན། མདོ་སྡེ་དུ་མ་ཚད་མར་གྱུར་པ་ལས་ཤེས་ཏེ། ལེགས་པར་རྣ་བ་བླགས་ལ་ཉོན་ཅིག དེ་བཤད་པར་བྱའོ། །དེ་ལ་རྩ་བའི་ལྟུང་བ་དང་པོའི་དབང་དུ་བྱས་ནས་ལྟུང་བའི་ངོ་བོ་ཉིད་ཀྱང་འཕགས་པ་རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་ལས། གང་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ལ་བརྙེས་པ་འདི་ནི་སངས་རྒྱས་ལ་སྨོད་པ་ཡིན་ནོ། །འདི་ནི་ཆོས་སྤོང་བ་ཡིན་ནོ། །འདི་ནི་དགེ་འདུན་ལ་བཤུངས་པ་ཡིན་ནོ། །གང་ཆོས་སྨྲ་བ་ལ་རིམ་གྲོར་མི་བྱེད་པ་དེ་སངས་རྒྱས་ལ་མི་གུས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །འདིའི་འཐད་པ་ཡང༌། འཕགས་པ་སྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུང༌། །ཞེས་གསུངས་ལ། མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་ཡང༌། འཕགས་པ་སྡོང་པོ་བཀོད་པ་ལས་འབྱུང་བ། ཁུར་ཐམས་ཅད་བཀུར་བས་མི་སྐྱོ་བའི་ཕྱིར་ས་ལྟ་བུའི་སེམས་དང༌། མི་ཕྱེད་པའི་ཕྱིར་རྡོ་རྗེ་ལྟ་བུའི་སེམས་དང་ཞེས་བྱ་བ་ལ་སོགས་པ་དང༌། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་དང༌། རྗེས་སུ་བསྟན་པ་ལ་ནི་སྨན་གྱི་འདུ་ཤེས་དང༌། ནན་ཏན་ཉམས་སུ་བླང་བ་ལ་ནི་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་དང༌། བརྟན་པའི་ཕན་ཡོན་ཡང་དེ་ཉིད་ལས་རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ངན་འགྲོར་མི་ལྟུང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐེག་པ་ཆེན་པོ་མཐའ་དག་ལས་ཀྱང་རྒྱ་ཆེར་གསུངས་པ་ཡིན་ནོ། །འདི་ནི་འདུལ་བ་ལས་ཀྱང་འབྱུང་ལ་མཁན་པོ་དང་སློབ་དཔོན་ནི་མཆོག་ཏུ་ཚུལ་ཁྲིམས་འཆལ་ཀྱང་བསྙེན་བཀུར་བྱ་ཞིང་བརྙས་པར་མི་བྱའོ། །ཞེས་གསུངས་པ་ཡིན་ནོ། །རྩ་བའི་ལྟུང་བ་གཉིས་པའི་དབང་དུ་བྱས་ནས་ཀྱང་ཕམ་པ་དང༌། ཕམ་པ་དང་འདྲ་བ་བཞི་ནི་ཐུན་མོང་བ་ཉིད་ལས་གསུངས་པ་ཡིན་ལ། བརྙས་པས་རྩ་བའི་ལྟུང་བར་འགྱུར་བ་ཡང་འཕགས་པ་སྨན་གྱི་བླ་བཻཌཱུརྻ་འོད་ཀྱི་མདོ་ལས། འདི་སྐད་དུ་དེ་བཞིན་གཤེགས་པ་དེའི་མཚན་སུའི་རྣ་ལམ་དུ་གྲག་པར་གྱུར་པ་དེ་ངན་འགྲོ་ངན་སོང་དུ་འགྲོ་བར་གྱུར་པ་དེ་ནི་གནས་མེད་དོ། །གོ་སྐབས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཕན་ཡོན་རྒྱས་པར་གསུངས་ནས་ཀུན་དགའ་བོས་གསོལ་བ། བཅོམ་ལྡན་འདས་དེ་ལྟར་ལགས་ཀྱིས་ཀྱང་སེམས་ཅན་དད་པའི་དབང་པོ་དང་བྲལ་བ་དག་མཆིས་ཏེ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་འདི་ཐོས་ནས་དེ་དག་འདི་སྙམ་དུ་སེམས་པར་འགྱུར་ཏེ། དེ་བཞིན་གཤེགས་པ་དེའི་མཚན་དྲན་པ་ཙམ་གྱིས་ཇི་ལྟར་ཤིན་ཏུ་ཡོན་ཏན་དང་ཕན་ཡོན་དུ་ཅིའི་ཕྱིར་འགྱུར་སྙམ་ན་དེ་དག་མི་དད་ཅིང་བརྙས་ཏེ་ཡིད་མི་ཆེ་ནས་སྤོང་བས་ན་དེ་དག་ལ་ཡུན་རིང་པོར་གནོད་པ་དང༌། མི་སྨན་པ་དང༌། མི་བདེ་བ་དང༌། རྣམ་པར་ལྟུང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་བ་ཡིན་ནོ། །འདི་ནི་འདུལ་བ་ལས་ཀྱང་ལྟུང་བྱེད་དུ་འགྱུར་ཏེ། ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཀྱི་རྟོག་པ་བརྗོད་པ་བཞིན་ནོ། །རྩ་བའི་ལྟུང་བ་གསུམ་པའི་དབང་དུ་བྱས་ནས་ཀྱང༌། རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས་ཇི་སྐད་དུ། འཇམ་དཔལ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བའི་སེམས་བསྐྱེད་པའི་བརྙས་པའི་སེམས་བསྐྱེད་པ་ཇི་ཙམ་པ་དེ་སྲིད་ཀྱི་བསྐལ་པར་བྱང་ཆུབ་སེམས་དཔའ་དེ་སེམས་ཅན་དམྱལ་བ་རྣམས་སུ་གནས་པར་གོ་ཆ་བགོ་བར་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་ལ། སྡུད་པ་ལས་ཀྱང༌། གང་ཚེ་བྱང་ཆུབ་སེམས་དཔའ་འཐབ་དང་རྩོད་གྱུར་ཅིང༌། །ཕན་ཚུན་མི་མཐུན་ཁྲོས་པའི་སེམས་དང་ལྡན་གྱུར་པས། །དེ་ཚེ་བདུད་ནི་དགའ་ཞིང་མཆོག་ཏུ་ཉམས་བདེར་འགྱུར། །དེ་གཉིས་རྒྱལ་བའི་ཤེས་རབ་ལས་ནི་རིང་གྱུར་སྙམ། །ཞེས་གསུངས་ལ་ནམ་མཁའི་སྙིང་པོའི་མདོ་ལས་ཀྱང༌། གང་ངའི་ཕྱིར་རབ་ཏུ་བྱུང་སྟེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་གྱོན་པ། བསླབ་པ་བཟུང་ཡང་རུང༌། མ་བཟུང་ཡང་རུང༌། ཚུལ་ཁྲིམས་འཆལ་ཀྱང་རུང༌། ཚུལ་ཁྲིམས་དང་ལྡན་ཡང་རུང་སྟེ། དེའི་ངུར་སྨྲིག་འཕྲོག་གམ། ཁྱིམ་ན་གནས་པར་བྱེད་དུ་འཇུག་གམ། བཙོན་རར་འཇུག་གམ། སྲོག་དང་བྲལ་བར་བྱེད་དུ་འཇུག་པ་འདི་ནི་རྩ་བའི་ལྟུང་བ་གསུམ་པའོ། །ཞེས་གསུངས་ལ་འདུལ་བ་ལས་ཀྱང༌། ལྷག་མའི་སྐབས་ཀྱི་དགེ་འདུན་གྱི་དབྱེན་དང༌། བྱེ་བྲག་ཏུ་གང་ཟག་ལ་སོགས་པ་ལྟུང་བྱེད་ཀྱི་སྐབས་ནས་ཀྱང་འབྱུང་བ་ཡིན་ནོ། །རྩ་བའི་ལྟུང་བ་བཞི་པའི་དབང་དུ་བྱས་ནས་ཀྱང༌། སྡོང་པོ་བཀོད་པའི་མདོ་ལས། འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཀྱིས་བྱམས་པ་ཆེན་པོ་འགྲོ་བ་ཐམས་ཅད་ལ་རྒྱས་པར་དགང་བའི་སེམས་ཀྱིས་གྲོང་ཁྱེར་རབ་ཏུ་རྒྱས་པར་བྱ་བ་ལ་བརྩོན་པར་གྱིས་ཤིག་ཅེས་བྱ་བ་དང༌། བྱམས་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་མདོ་ལས་ཀྱང༌། གང་བྱམས་པ་བཏང་བ་དེས་སངས་རྒྱས་ཀྱི་ཆོས་ཐམས་ཅད་བཏང་བ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །བྱམས་པ་བསྒོམས་པའི་ཕན་ཡོན་ཀྱང༌། ཟླ་བ་སྒྲོན་མའི་མདོ་ལས། མཆོད་པ་ཚད་མེད་རྣམ་མང་ཇི་སྙེད་པ། །ཞིང་ནི་བྱེ་བ་ཁྲག་ཁྲིག་གཏམས་མང་དུ། །སྐྱེས་བུ་མཆོག་ལ་མཆོད་པ་དེ་བྱས་པས། །བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྩ་བའི་ལྟུང་བ་ལྔ་པའི་དབང་དུ་བྱས་ནས་ཀྱང་ཐབས་ལ་མཁས་པའི་མདོ་ལས། འདི་སྐད་དུ་རིགས་ཀྱི་བུ་གཞན་ཡང་སོ་སོར་ཐར་པའི་བསླབ་པ་ལ་སློབ་ཅིང༌། བསྐལ་པ་བརྒྱད་སྟོང་དུ་རྩ་བ་དང་འབྲས་བུ་ཟ་བར་གྱུར་ལ། སེམས་ཅན་རྣམས་ཀྱིས་ལེགས་པར་སྨྲས་པ་དང༌། ཉེས་པར་སྨྲས་པ་བཟོད་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་ལྕི་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་ལ། འཕགས་མ་ལས་ཀྱང༌། གལ་ཏེ་བསྐལ་པ་དུ་མར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་ཉན་ཐོས་ས་དང་རང་རྒྱལ་སེམས་བསྐྱེད་ན། །དེ་ནི་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་སྟེ། །སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས་ལ། མི་འབྱུང་བར་བྱ་བའི་ཕྱིར་བསླབ་པའང་འཕགས་པ་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པ་གསུངས་སོ། །རྩ་བའི་ལྟུང་བ་དྲུག་པ་དང༌། འཕགས་པ་རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་ལས་གསུངས་པ། འཇམ་དཔལ་དམ་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ནི་ཕྲའོ། །འཇམ་དཔལ་གང་ལ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ནི་ངན་པར་འདུ་ཤེས་ན་དམ་པའི་ཆོས་སྤོང་བའོ། །དམ་པའི་ཆོས་སྤངས་པས་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན། དགེ་འདུན་ལ་ངན་དུ་བརྗོད་པ་ཡིན་ནོ། །འདི་ནི་རིགས་པའོ། །འདི་ནི་མི་རིགས་པའོ་ཞེས་ཟེར་ན་དམ་པའི་ཆོས་སྤོང་བའོ། །འདིར་ནི་ངས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའམ། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའམ། ཐེག་པ་ཆེན་པོ་དང་ལྡན་པར་ཆོས་ཐ་དད་པར་བསྟན་པ་གང་ཡང་མེད་ན་མི་བླུན་པོ་དེ་དག་ངའི་ཆོས་འདི་ལ་འདི་ནི་ཉན་ཐོས་རྣམས་ལ་བཤད་པའོ། །འདི་ནི་རང་སངས་རྒྱས་རྣམས་ལ་བཤད་པའོ་ཞེས་ཐ་དད་དུ་འབྱེད་དེ། དེ་ལ་ཐ་དད་པའི་འདུ་ཤེས་ཀྱི་དམ་པའི་ཆོས་སྤོང་བ་ཡིན་ནོ་ཞེས་བྱ་བ་དང༌། ནམ་མཁའི་སྙིང་པོའི་མདོ་ལས་ཀྱང༌། གང་ཡང་ཆོས་སྤོང་ཞིང་འགོག་ཏུ་འཇུག་སྟེ་ཉན་ཐོས་ངེས་པར་འབྱུང་བ་བཤད་པའམ། རང་སངས་རྒྱས་ངེས་པར་འབྱུང་བ་བཤད་པའམ། ཐེག་པ་ཆེན་པོ་ལ་ངེས་པར་འབྱུང་བ་བཤད་པ་སྤོང་ཞིང་འགོག་ཏུ་འཇུག་པ་འདི་ནི་རྩ་བའི་ལྟུང་བ་གཉིས་པའོ་ཞེས་གསུངས་ལ། དེ་ཉིད་ལས་འབྱུང་བའི་ལས་དང་པོ་པའི་རྩ་བའི་ལྟུང་བ་གསུམ་པ་དང༌། བཞི་པ་ཡང་འོག་མ་ལ་སྨོད་ཅིང་གོང་མ་ལ་བསྟོད་པ་ལ་འབྱུང་སྟེ། ལྟུང་བ་འདི་གསུམ་ཀ་ཡང་སྤྱི་དང་བྱེ་བྲག་ལ་སྨོད་པའི་ཁྱད་པར་ལས་འདྲ་བ་ཡིན་ནོ། །འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས་ཀྱང་འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སངས་རྒྱས་ཀྱི་བཀའ་ཡིན་ནོ་ཞེས་བྱ་བར་ཡང་ཤེས་ལ། གང་ཟག་ལ་ཞེ་སྡང་བས་ཆོས་ལ་ཞེ་སྡང་ཞིང་དམ་པའི་ཆོས་སྤོང་བ་དང༌། གཞན་དག་ཀྱང་ཟློག་པར་བྱེད་པ་འདི་ནི་ང་རྒྱལ་གྱི་ལས་སོ་ཞེས་སྡིག་པའི་ལས་ཆེས་ལྕི་བར་གསུངས་སོ། །རྩ་བའི་ལྟུང་བ་བདུན་པའི་དབང་དུ་བྱས་ན་བསླབ་པ་ཀུན་ལས་བཏུས་པ་ལས། བློ་སྦྱང་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་སྒྲོགས་པ་དང༌། །ཞེས་བྱ་བ་དང་ཚུལ་མཚུངས་པ་སྟེ། སྣོད་མ་ཡིན་པ་ལ་གསང་བའི་ཕྱིར་རོ། །དེ་སྐད་དུ་ནམ་མཁའི་སྙིང་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་གང་དག་སྟོང་པ་ཉིད་དང་ལྡན་པའི་མདོ་སྡེ་མཆོག་ཏུ་ཟབ་པ་འདི་དག་ཉན་པ་དང༌། ལུང་འབོགས་པ་དང༌། ཀློག་པ་དེ་དག་ཇི་ལྟར་ཐོས་པ་དང༌། ཇི་ལྟར་ཆུབ་པར་བྱས་པ་དེ་བཞིན་དུ་སྔ་མའི་བློ་དང་མི་འདྲ་བ་གཞན་དག་གི་མདུན་དུ་དོན་བཟང་པོ་དང༌། ཚིག་འབྲུ་བཟང་པོ་རྒྱས་པ། དྲན་པར་བྱེད་ཅིང་རབ་ཏུ་སྟོན་ལ། དེ་དག་ནི་ནན་ཏན་དུ་མ་སྦྱངས་པས་བྱིས་པ་སོ་སོའི་སྐྱེ་བོ་དག་སྟེ། མཉན་ན་སྐྲག་ཅིང་དངངས་ཏེ་དེ་དག་དངངས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་ཅིང་ཉན་ཐོས་ཀྱི་བྱང་ཆུབ་ལ་སྨོན་ན། འདི་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་དང་པོ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་འདུལ་བ་ལས་ཀྱང་བསྙེན་པར་མ་རྫོགས་པ་ལ་ལས་རྣམས་གསང་ངོ་ཞེས་བྱ་བ་དང་ཡང་མཐུན་པ་ཡིན་ནོ། །རྩ་བའི་ལྟུང་བ་བརྒྱད་པ་ཡང་འཕགས་པ་སྡོང་པོ་བཀོད་པ་ལས། གཟུགས་དང་ཚོར་བ་འདུ་ཤེས་དང༌། །རྣམ་པར་ཤེས་དང་སེམས་པ་ནི། །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་བྱ་བ་དང༌། ཡང༌། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང༌། །མི་གནས་ལེན་པ་མེད་པ་སྟེ། །དེ་དག་བདེ་བར་གཤེགས་པར་འགྱུར། །ཞེས་གསུངས་ལ། འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་ལས། འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་ཀུན་ནས་ཉོན་མོངས་པ་ལ་རྣམ་པར་བྱ་བར་མཐོང་བ་དང༌། འཁོར་བའི་ཁམས་ལས་མྱ་ངན་ལས་འདས་པའི་ཁམས་སུ་མཐོང་བ་དེས་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པ་ཐོབ་བོ་ཞེས་བྱ་བ་དང༌། འཕགས་མ་ལས་ཀྱང༌། རིགས་ཀྱི་བུ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང་སྟེ། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་སོ། །འཕགས་པ་བྱམས་པ་སེང་གེ་སྒྲའི་མདོ་ལས་ཀྱང༌། གང་དེ་བཞིན་གཤེགས་པ་མཆོད་པར་འདོད་པ་དེས་བདག་ཉིད་མཆོད་པར་བྱའོ་ཞེས་བྱ་བ་དང༌། དེ་བཞིན་གཤེགས་པའི་རིང་བསྲེལ་མཆོད་པར་འདོད་པ་དེས་བདག་ཉིད་མཆོད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བཀའ་སྩལ་ཏོ། །རྩ་བའི་ལྟུང་བ་དགུ་པའི་དབང་དུ་བྱས་ནས་ངོ་བོ་ཉིད་མེད་པ་དང༌། དེ་སྟོན་པའི་གཞུང་ལ་ཐེ་ཚོམ་ཟ་བ་ཉིད་ཡིན་ཏེ། དེ་སྐད་དུ་འཕགས་མ་ལས། འདི་བཤད་ཚེ་ན་ཁ་ཅིག་སོམ་ཉི་ཟ་གྱུར་ཏེ། །འདྲེན་པས་འདིར་ནི་བདག་གི་མིང་ཡང་ཡོངས་མ་བརྗོད། །རིགས་དང་ས་དང་རུས་ཀྱང་ཡོངས་སུ་མ་བརྗོད་ཅེས། །དེ་ནི་ཉན་པར་མི་འགྱུར་སྤོང་འགྱུར་བདུད་ཀྱི་ལས། །ཞེས་གསུངས་ཏེ་བདུད་ཀྱི་ལས་སུ་བཤད་པ་འདི་ནི་རྩ་བའི་ལྟུང་བའོ། །སོམ་ཉི་དང་བྲལ་ན་ཡང་དག་པ་ཡིན་ཏེ་དེ་ཉིད་ལས། གང་ལ་ཤེས་རབ་ཕ་རོལ་ཕྱིན་མཆོག་མི་དམིགས་ཤིང༌། །བྱང་ཆུབ་སེམས་དཔའ་མི་དམིགས་བྱང་ཆུབ་སེམས་མི་དམིགས། །དེ་སྐད་ཐོས་ནས་རྨོངས་པ་མེད་ཅིང་མི་སྐྲག་པ། །བྱང་ཆུབ་སེམས་དཔའ་དེ་ནི་བདེ་གཤེགས་ཤེས་རབ་སྤྱོད། །ཅེས་གསུངས་པ་ཡིན་ནོ། །རྩ་བའི་ལྟུང་བ་བཅུ་པའི་དབང་དུ་བྱས་ནས་ཀྱང༌། འཕགས་པ་དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བདུད་ཀྱི་ལས་ཡོངས་སུ་སྤོང་བ་ཡིན་ཞེ་ན། ཚུལ་ཁྲིམས་ཉམས་པའི་གང་ཟག་རྣམ་པར་སྤངས་པས་སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པར་རིག་པར་བྱའོ། །དེ་བཞིན་དུ་ལྟ་བ་ཉམས་པ་དང༌། ཆོ་ག་ཉམས་པ་དང༌། འཚོ་བ་ཉམས་པའི་གང་ཟག་རྣམ་པར་སྤངས་པ་དང༌། འདུ་འཛི་ལ་དགའ་བའི་གང་ཟག་རྣམ་པར་སྤངས་པ་དང༌། ལེ་ལོ་ཅན་གྱི་གང་ཟག་རྣམ་པར་སྤངས་པ་དང༌། འཁོར་བ་ལ་དགའ་བའི་གང་ཟག་རྣམ་པར་སྤངས་པ་དང༌། བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པའི་གང་ཟག་རྣམ་པར་སྤངས་པས་སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པར་རིག་པར་བྱ་སྟེ། རིགས་ཀྱི་བུ་དེས་དེ་དག་ཡོངས་སུ་སྤོང་བའི་ཚེ་གང་ཟག་དེ་དག་ལ་སྡང་བའི་སེམས་བསྐྱེད་པར་མི་བྱ། ཁོང་ཁྲོ་བའི་སེམས་དང༌། བརྙས་པའི་སེམས་བསྐྱེད་པར་མི་བྱའི། དེས་འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་སེམས་ཅན་རྣམས་ནི་ཁམས་སོ་སོར་བསྟེན་ཏེ། དེ་དག་བསྟེན་པར་གྱུར་ན་བདག་ཆུད་ཟ་བར་གྱུར་ཏོ་ཞེས་བཀའ་སྩལ་གྱིས། དེ་བས་ན་བདག་གིས་བསྟེན་པ་ཡོངས་སུ་སྤངས་པས་སེམས་ཉེ་བར་གཞག་པར་བྱའོ་ཞེས་གསུངས་སོ། །དེས་ན་འདིའང་བདུད་ཀྱི་ལས་སུ་གསུངས་ཏེ་རྩ་བའི་ལྟུང་བའོ། །འདུལ་བ་ལས་ཀྱང་གང་ཟག་ཆོས་བཞིན་མ་བྱས་པ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་མ་སྤངས་པ་དང༌། གཏམ་འདྲི་བ་བྱེད། ཕེབས་པར་སྨྲ་བར་བྱེད། ཀུན་ཏུ་གནས་པར་བྱེད། ཀུན་ཏུ་ལོངས་སྤྱོད་པར་བྱེད་ཅིང་དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ་ཞེས་འབྱུང་བ་ཡིན་ནོ། །རྩ་བའི་ལྟུང་བ་བཅུ་གཅིག་པའང་འཕགས་མ་ལས། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་གསུངས་ལ། འཕགས་པ་སྡོམ་པ་གསུམ་བསྟན་པ་ལས་ཀྱང༌། འོད་སྲུངས། གང་ཟག་ཏུ་ལྟ་བ་རི་རབ་ཙམ་སླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི། དེ་ལྟ་མ་ཡིན་ནོ་ཞེས་གསུངས་ཏེ། སྟོང་པར་འཛིན་པ་འདི་ནི་ཆོས་འདི་པའི་ཁོངས་སུའང་མི་ཚུད་ན་ཐེག་པ་ཆེན་པོར་ལྟ་ག་ལ་རུང་སྟེ། འདི་ནི་རྩ་བའི་ལྟུང་བ་ཡིན་ནོ། །དེ་ལྟར་ན་འདི་ནི་ལྟ་བའི་སྐབས་ཡིན་ལ། སྡོམ་པར་ཇི་ལྟར་འགྱུར་ཞེ་ན། བདག་མེད་པ་ཉིད་སྡོམ་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་ཏེ། འཕགས་མ་ལས། གང་ལ་སྡོམ་དང་སྡོམ་པ་མ་ཡིན་རློམ་སེམས་མེད། །འདི་ནི་ཚུལ་ཁྲིམས་སྡོམ་པར་རྣམ་པར་འདྲེན་པས་གསུངས། །ཞེས་གསུངས་པ་ཡིན་ནོ། །རྩ་བའི་ལྟུང་བ་བཅུ་གཉིས་པའི་དབང་དུ་བྱས་ནས། བསླབ་པ་ཀུན་ལས་བཏུས་པ་ལས་ཀྱང༌། དེ་ཕྱིར་རྒྱལ་བའི་སྡོམ་པའི་མདོར། །གང་གིས་སེམས་ཅན་མ་དད་གྱུར། །དེ་ནི་བསྒྲིམས་ཏེ་རྣམ་སྤངས་ཞེས། །དཀོན་མཆོག་སྤྲིན་ལས་བཀའ་སྩལ་ཏོ། །ཞེས་གསུངས་སོ། །དེ་བས་ན་དཀོན་མཆོག་སྤྲིན་ལས་གསུངས་པ་ནི། བྱང་ཆུབ་སེམས་དཔའི་ཡང་དག་པར་སྤྱོད་པ་དེ་གང་ཞེ་ན། བྱང་ཆུབ་སེམས་དཔའ་གང་གི་ཕྱིར་དེ་ལ་སེམས་ཅན་རྣམས་མ་དད་པར་གྱུར་པའི་གནས་མ་ཡིན་པར་མི་སྤྱོད། ཡུལ་མ་ཡིན་པར་མི་སྤྱོད། དུས་མ་ཡིན་པར་མི་སྨྲ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ཆོས་ལྔ་དག་པར་སྡུད་པའི་མདོ་ལས་ཀྱང༌། གང་སེམས་བསྲུང་བ་དེ་ནི་ཚུལ་ཁྲིམས་བསྲུང་བ་ཡིན་ནོ་ཞེས་འབྱུང་ལ། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས་ཀྱང༌། མ་དད་པ་སྤང་བའི་ཕྱིར་མདུན་དུ་སོ་ཤིང་བཟའ་བར་མི་བྱ། མཆིལ་མ་དོར་བར་མི་བྱའོ་ཞེས་གསུངས་ལ། ཚངས་པས་ཞུས་པའི་མདོ་ལས་ཀྱང༌། བག་གསར་བཞིན་དུ་བྱའོ་ཞེས་གསུངས་སོ། །མདོ་དེ་དག་གི་དོན་བསླབ་བཏུས་ལས། དེ་ལྟར་ལོངས་སྤྱོད་དུ་བྱ་བ་ཆུའམ་ཐང་ལ་གཅིན་དང༌། ཕྱི་ས་དང༌། མཆིལ་མ་དང༌། རྣག་ལ་སོགས་པ་དམན་པ་རྣམས་དབེན་ཀྱང་རུང༌། མི་དབེན་ཀྱང་རུང་སྟེ་ལྷ་དང་མིའི་སེམས་བསྲུང་བའི་ཕྱིར་མི་དོར་རོ་ཞེས་མ་དད་པ་སྤང་བའི་ཕྱིར་སྤྱོད་པ་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལ་མ་དད་ན་ཆེས་སྡིག་ལྕི་བ་ཡིན་པའི་ཕྱིར་མ་དད་པའི་སྤྱོད་པ་བྱས་ན་སེམས་མ་བསྲུངས་བར་འགྱུར་བས་ན་རྩ་བའི་ལྟུང་བ་ཡིན་ཏེ་རྒྱས་པར་མདོ་དག་ལས་ཤེས་པར་བྱའོ། །འདི་ནི་འདུལ་བ་ལས་ཀྱང་ཁྱིམ་སུན་འབྱིན་པ་དགེ་འདུན་གྱི་ལྷག་མར་གསུངས་པ་ཡིན་ནོ། །རྩ་བའི་ལྟུང་བ་བཅུ་གསུམ་པའང་དགོས་པ་རྒྱ་ཆེན་པོ་མཐོང་བ་དེའི་ཚེ་དམ་ཚིག་གི་རྫས་དག་བསྟན་པ་ཡིན་ཏེ། དེ་སྐད་དུ། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོའི་བུ་མོ་ཡེ་ཤེས་ལྡན་གྱི་ལེའུ་ལས་ཀྱང་ཤ་ཟ་བ་གང་བྱུང་བ་དེ་ནི་དོན་ཆེན་པོ་བསྒྲུབ་པའི་ཕྱིར་ཉེས་པ་མེད་དེ། དགེ་སློང་འདི་ནི་འཆི་བའི་དུས་བགྱིས་ན། །འཛམ་བུའི་གླིང་དུ་ཏིང་འཛིན་སྒྲ་ཡང་ནི། །སེམས་ཅན་རྣམས་ལ་རྟག་ཏུ་ནུབ་པར་འགྱུར། །འདི་ཐོས་པས་ན་ཏིང་འཛིན་རྣམས་ཀྱང་ཐོབ། །ཅེས་འབྱུང་ངོ༌། །བུ་མོ་ཡེ་ཤེས་ལྡན་གྱི་རྟོག་པ་བརྗོད་པའང་བཤད་པར་བྱའོ། །དེ་བས་ན་འདིར་ཤ་མ་ཟོས་ན་ལྟུང་བ་མེད་པའི་གཟུགས་བརྙན་དུ་འགྱུར་བས་སྤང་བྱ་ཡིན་ནོ། །དེ་བཞིན་དུ་དམ་ཚིག་གི་རྫས་མ་བསྟེན་ན་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་རློབ་པར་མི་འགྱུར་བས་རྩ་བའི་ལྟུང་བར་བྲིས་ཏེ་འདྲ་བ་ཉིད་ཡིན་ནོ། །འདུལ་བ་ལས་ཀྱང་རྣམ་གསུམ་ཡོངས་སུ་དག་པའི་ཤ་ཟོས་ན་སྤོང་བའི་བར་ཆད་དུ་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྩ་བའི་ལྟུང་བ་བཅུ་བཞི་པའང་བུད་མེད་རྣམས་ནི་རྟགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པའི་ཕྱིར་མི་སྨད་པར་འཐད་ལ། སྐྱེས་པ་ལས་བྱེ་བྲག་བུད་མེད་ལ་བཀར་ཏེ་སྨོད་པ་འདི་ནི་ལྟུང་བ་སྟེ་བུ་མོ་བློ་གྲོས་བཟང་མོས་ཞུས་པའི་མདོ་ལས། འདི་སྐད་དུ་འཇམ་དཔལ་གྱིས་གསོལ་བ། སློབ་དཔོན་གྱིས་ད་དུང་བུད་མེད་ཀྱི་གནས་ལས་མ་བསྒྱུར་ཏོ། །བུ་མོས་སྨྲས་པ། འཇམ་དཔལ་སྐྱེས་པ་ཞེས་བྱ་བ་དང༌། བུད་མེད་ཅེས་བྱ་བར་འཛིན་པ་འདི་ནི་ཁྱོད་ཀྱི་ལྟུང་བའི་ནང་ན་ཆེན་པོའོ། །དེ་ལྟ་ནའང་ཁྱོད་ཀྱི་རྣམ་པར་རྟོག་པ་འདི་སྤང་བར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་ནས། སྐྱེས་པའི་ལུས་སུ་བསྒྱུར་བ་ཡིན་ནོ། །འདུལ་བ་ལས་ཀྱང༌། སྐྱེས་པ་དང་བུད་མེད་གཉིས་ཀས་མཐུན་པར་དགྲ་བཅོམ་པ་ཐོབ་པ་ཡིན་པས་ན་འདྲ་བ་ཉིད་ཡིན་ནོ། །དེ་ལ་སོགས་པ་རྒྱ་ཆེར་ཐེག་པ་ཆེན་པོའི་མདོ་དག་ལས་བལྟས་ཤིང་ཤེས་པར་བྱའོ། །འདིར་རྒྱུད་ཀྱི་ལུང་ཅིའི་ཕྱིར་མི་འདྲི་ཞེ་ན། བཅུ་བཞི་པོ་རྣམས་རྒྱུད་ཉིད་ནས་འབྱུང་བའི་ཕྱིར་རོ། །དེས་ན་འདི་དག་ནི་ཐེག་པ་ཆེན་པོའི་རྒྱུད་དང་མདོ་དག་མཐུན་པར་བསྟན་པ་ཡིན་ནོ། །འོ་ན་མདོ་དག་ནས་བསྟན་པས་ཆོག་མོད། རྒྱུད་དུ་བསྟན་ཅི་དགོས། མཐུན་པའི་ཕྱིར་གསང་སྔགས་ཆེས་མཆོག་ཏུ་འགྱུར་རོ་ཞེས་སྨྲ་བ་དག་ནི་དོན་མེད་དོ། །ཞེས་ཟེར་ན། མཐུན་པར་བསྟན་པས་བསྲུང་བར་དཀའ་བའི་འཇིགས་པ་སྤངས་པ་ཡིན་ལ། མདོ་ནས་བསྟན་ཀྱང་མདོ་དེ་དག་ཀྱང་འཐོར་བ་དང༌། འཁྲུགས་པ་དང༌། མི་གསལ་བ་དང༌། ཇི་ལྟ་བ་བཞིན་ཉམས་སུ་བླང་བའི་ཐབས་མི་ཤེས་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་དག་ནི་མི་ཟབ་ལ། འདིར་རྡོ་རྗེ་ཐེག་པ་ལ་ནི་དེ་དག་གི་སྐྱོན་ཐམས་ཅད་སྤངས་པའི་ཕྱིར་ཆེས་ཟབ་པ་ཉིད་དུའང་འགྲུབ་པ་ཡིན་ནོ། །བསྲུང་བར་དཀའོ་ཞེས་སྨྲ་བའི་རྩོད་པ་བཟློག་པའི་སྐབས་བསྟན་ཟིན་ཏོ།།  །།རྩོད་པ་གཉིས་པ་བསྲུངས་ན་ཕན་ཡོན་ཆེ་ལ། མ་བསྲུངས་ན་ཉེས་དམིགས་ཆེའོ་ཞེས་སྨྲ་བ་འདི་ནི་ཁོ་བོ་ཅག་ཀྱང་དེ་ཁོ་ན་བཞིན་དུ་སྨྲ་སྟེ། དམ་ཚིག་མ་བསྲུངས་བར་དངོས་གྲུབ་འགྲུབ་པའི་སྐབས་མེད་ལ། ངན་འགྲོ་སྐྱེད་པར་བྱེད་པ་ནི་ཆོས་ཉིད་ཡིན་ཏེ། ཐེག་པ་ཆེན་པོ་མཐའ་དག་མཐུན་ནོ། །ཡང་བསྲུངས་ན་ཕན་ཡོན་ཆུང་ལ། མ་བསྲུངས་ན་ཉེས་དམིགས་ཆེ་བ་ཡང་མཐོང་སྟེ་སོ་སོར་ཐར་པ་བཞིན་ནོ། །འདི་ཇི་ལྟར་ཞེ་ན། བསྙེན་གནས་ཀྱིས་ཀྱང་མཐོ་རིས་ཐོབ་པར་འདོད་ལ། དགེ་སློང་གི་སྡོམ་པས་ཀྱང་མཐོ་རིས་ལས་མི་འགྲུབ་པའི་ཕྱིར་ཕན་ཡོན་ཆུང་ལ། རབ་ཏུ་བྱུང་བའི་ཕྱོགས་དེ་ལ་ཉེས་བྱས་ཕྲ་བའི་ཕྲ་བ་ཅིག་བྱུང་ཡང་རྒྱལ་ཆེན་རིགས་བཞིའི་ལྷའི་ཚེ་ཚད་ཀྱི་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བར་ལྟུང་བ་སྡེ་ལྔའི་ལྕི་ཡང་བསྟན་པའི་མདོ་ལས་གསུངས་པས་ན། གཞན་ཉམས་ན་ཇི་ལྟ་བུའི་སྡུག་བསྔལ་ཆེས་ཆེ་བ་དག་བསྐྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ་ཉེས་པ་ཆེ་བ་ཡིན་ནོ། །དེ་ལ་འདི་སྐད་དུ། མཐོ་རིས་སུ་མཉམ་ཡང་བདེན་པ་བཞིའི་རྟོགས་པ་དང་ལྡན་ན། ཁྱིམ་པའི་ཕྱོགས་ལ་ནི་ཕྱིར་མི་འོང་བ་འགྲུབ་ལ། རབ་ཏུ་བྱུང་བས་ནི་དགྲ་བཅོམ་པ་འགྲུབ་པ་ཡིན་ནོ་ཞེས་སྨྲ་ན་དེ་ལྟ་མ་ཡིན་ཏེ། མངོན་པར་འབྱུང་བའི་མདོ་ལས། ལྔ་སྡེའི་རྗེས་ཁོ་ན་ལ་ཁྱིམ་བདག་གྲགས་པས་ཁྱིམ་པའི་ཆ་ལུགས་མ་སྤངས་པར་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ཡིན་པས་ན་དེ་བཞིན་གཤེགས་པས་ཆེད་དུ་བརྗོད་པ་གསུངས་པ། རྒྱན་གྱིས་བརྒྱན་པར་གྱུར་ཀྱང་ཆོས་སྤྱོད་ཅིང༌། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་ནི། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟ་དེ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་འདི་ནི་ཚུལ་ཁྲིམས་ཀྱི་ཁྱད་པར་མིན་ལ། བདེན་པ་བཞིའི་རྟོགས་པས་ཕྱེ་བ་ཡིན་ནོ། །རབ་ཏུ་བྱུང་བའི་ཕྱོགས་ལའང་དགེ་སློང་དང་དགེ་ཚུལ་ལ་ཁྱད་པར་མེད་དེ། གཉིས་ཀས་དགྲ་བཅོམ་པ་ཐོབ་པ་ཡིན་ནོ། །ལེགས་པར་དཔྱད་ན་དགེ་ཚུལ་ཉིད་བཟང་སྟེ། ལོ་བདུན་པ་ལ་དགེ་ཚུལ་བྱས་ནས་དེ་ཉིད་ཀྱི་ཚེ་དགྲ་བཅོམ་པ་ཐོབ་པ་ནི་འདུལ་བ་ལུང་དང༌། གང་པོ་ལ་སོགས་པའི་རྟོག་པ་བརྗོད་པ་བརྒྱ་པ་ལས་ཀྱང་འབྱུང་བ་ཡིན་ལ། དགེ་སློང་ནི་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱར་མེད་ལ། དེ་ནས་གདོད་དགྲ་བཅོམ་པ་ལ་བརྩམ་པའི་ཕྱིར་རོ། །དེས་ན་འབྲས་བུ་དགྲ་བཅོམ་པ་ལ་ནི་ཁྱད་པར་མེད་ལ། རང་སངས་རྒྱས་དང༌། སངས་རྒྱས་གཉིས་ནི་རང་འབྱུང་ཡིན་པའི་ཕྱིར་འདི་ན་དགེ་ཚུལ་དང༌། དགེ་སློང་ཞེས་བྱ་བའི་ཐ་སྙད་མེད་དོ། །ཡང་ལས་ཐམས་ཅད་དགེ་སློང་ལ་རག་ལས་པའི་ཕྱིར་གཙོ་བོ་ཡིན་ནོ་ཞེ་ན། དེ་ལྟ་ནའང་འབྲས་བུའི་ཁྱད་པར་མ་མཐོང་བའི་ཕྱིར་དགེ་སློང་འདི་གཞན་དོན་ལ་བློ་སྦྱོང་བ། ཐེག་པ་ཆེན་པོར་བཀྲི་བའི་ཐབས་ཡིན་པར་མངོན་ཏེ། འདིས་ཐེག་པ་གཅིག་པར་ཡང་འགྲུབ་པ་ཡིན་ནོ། །ཐེག་པ་གཅིག་པར་གྲུབ་པའི་ཚེ་ཉེས་པ་ཆེ་ལ། ཕན་ཡོན་ཆུང་བའི་སོ་སོར་ཐར་པས་ཅི་ཞིག་བྱ་ཞེས་བྱ་བར་ཡང་རྟོགས་པ་ཡིན་ལ། བློ་དམན་པ་རྣམས་ལ་ནི་དགེ་སློང་ཉིད་མཆོག་ཡིན་ཏེ། སངས་རྒྱས་ཀྱི་བསྟན་པའི་རྩ་བ་ལྟ་བུ་ཡིན་ནོ། །ཞེས་བྱ་བར་ཤེས་པར་བྱ་སྟེ། འཕགས་པ་འཇམ་དཔལ་རྩ་བའི་རྒྱུད་ལས། སངས་རྒྱས་བསྟན་པ་རིན་ཆེན་སྒྲོན། །འབར་བའི་སྣོད་ནི་དཀའ་ཐུབ་ཅན། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས། །དགེ་སློང་རྣམས་ནི་ཡིན་ཕྱིར་རོ། །ཞེས་གསུངས་སོ། །རྒོལ་བ་གཉིས་པ་བཟློག་པ་བསྟན་ཟིན་ཏོ།།  །།གསུམ་པ་སློབ་དཔོན་དང་སློབ་མ་མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ་ཞེས་རྒོལ་བའི་ལན་ནི། རྡོ་རྗེ་ཐེག་པའི་ཐོས་པ་དང་མི་ལྡན་པ་ཁ་ཅིག་སློབ་དཔོན་གྱིས་སྤྲུལ་པའི་དཀྱིལ་འཁོར་སྤྲུལ་ནུས་ཤིང༌། སློབ་མས་སྤྲུལ་པའི་དཀྱིལ་འཁོར་ལྟ་ནུས་པའི་ཚེ། རྡོ་རྗེ་ཐེག་པ་ལ་འཇུག་པ་ཡིན་ནོ་ཞེས་ཟེར་ཏེ། འདི་དག་ནི་རང་དགར་སྨྲ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྒྱུད་དང་བསྟན་བཅོས་མཐའ་དག་ནས་ལས་དང་པོ་པའི་རྡོ་རྗེ་སློབ་དཔོན་གྱིས་གྲངས་ཀྱི་བསྙེན་པ་ཇི་ལྟར་བྱ་བ་དང༌། ས་སྦྱོང་བ་ལ་སོགས་ཏེ་སའི་ཆོ་ག་ཇི་ལྟར་བྱ་བ་དང༌། སྟ་གོན་དང༌། དངོས་གཞིའི་ཚེ་ཡང་དཀྱིལ་འཁོར་བྲི་བའི་ཕྱིར་ཐིག་དང༌། རྡུལ་ཚོན་དང༌། སློབ་མ་ལ་ཇི་ལྟར་དབང་བསྐུར་བ་ལ་སོགས་པ་ལས་དང་པོ་པའི་བྱ་བ་འབའ་ཞིག་ལས། སྤྲུལ་པའི་དཀྱིལ་འཁོར་ལ་སོགས་པ་བཤད་པ་མེད་པའི་ཕྱིར་རོ། །ཡང་འདི་སྐད་དུ། དཀྱིལ་འཁོར་སྤྲུལ་ནུས་ཤིང་ལྟ་ནུས་པ་ལ་སོགས་པ་མིན་ཡང་སློབ་དཔོན་དང༌། སློབ་མ་མཚན་ཉིད་དང་མི་ལྡན་པའི་ཕྱིར་ཞེ་ན། སོ་སོར་ཐར་པའི་མཁན་པོ་དང༌། སློབ་དཔོན་དང༌། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང༌། གསང་སྔགས་ཀྱི་བླ་མ་དང༌། གསུམ་ཀ་ལ་མཚན་ཉིད་ཁ་རེ་མ་ཚང་བ་ཡང་གསུམ་ཀ་ལ་མཐོང་ལ། གང་ཟག་དམ་པ་མཚན་ཉིད་ཡོངས་སུ་རྫོགས་པ་ཡང་གསུམ་ཀ་ལ་མཐོང་བའི་ཕྱིར་འདི་ན་ཁྱད་པར་མ་མཐོང་ངོ༌། །རྒོལ་བ་གསུམ་པ་བཟློག་པ་བསྟན་ཟིན་ཏོ།།  །།བཞི་པ་དུས་སྙིགས་པའི་ཕྱིར་གསང་སྔགས་སྤྱད་པའི་དུས་མ་ཡིན་ནོ། །ཞེས་ཟེར་བ་འདིའང་ཡང་དག་པ་མ་ཡིན་ཏེ། དུས་སྙིགས་པ་ཉིད་ཀྱི་ཚེ་རྡོ་རྗེ་ཐེག་པ་འབྱུང་བར་རིགས་ཏེ། སྙིགས་མའི་དུས་སུ་ཡང་དམན་པའི་ལུས་ཀྱིས་སངས་རྒྱས་འགྲུབ་པར་བཤད་པའི་ཕྱིར་རོ། །ཡང་གསང་སྔགས་འདི་ནི་བསྐལ་པ་གོང་འོག་ཐམས་ཅད་དུའང་མི་འབྱུང་ལ། བསྐལ་པ་བཟང་པོ་འདི་ལའང་ཤཱཀྱ་ཐུབ་པ་མ་ཡིན་པ་གཞན་ལ་མི་འབྱུང་སྟེ། དེ་སྐད་དུ་རྣམ་སྣང་མངོན་བྱང་གི་རྒྱུད་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝཱ་རའི་མེ་ཏོག་ལྟར། །བརྒྱ་ལ་ལ་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །ཞེས་གསུངས་ལ། དཔལ་གསང་བ་འདུས་པ་ལས་ཀྱང༌། ཐུབ་པ་ཆེན་པོ་མར་མེ་མཛད་ནས་ཐུབ་པ་ཆེན་པོ་འོད་སྲུངས་ཀྱི་བར་གྱིས་ཀྱང་གསང་སྔགས་མ་གསུངས་ཏེ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེས་ན་སླན་ཆད་མི་འབྱུང་བའི་ཕྱིར་གསང་སྔགས་སྤྱོད་པའི་དུས་མཆོག་ཏུ་གྱུར་པ་ནི་ད་ལྟ་ཉིད་ཡིན་ནོ། །དེའི་ཕྱིར་ན་སྡེ་སྣོད་གཞན་སྤྱད་པའི་དུས་མ་ཡིན་ཏེ། འབྲས་བུའི་དུས་གསུམ་ནི་འདས། བསྒྲུབ་པའི་དུས་གསུམ་ཡང་འདས། ལུང་གི་དུས་གསུམ་ཀྱང་སྙིགས་མར་བབ་པས་ཐེག་པ་གཞན་བསྒྲུབས་ཀྱང་འབྲས་བུ་མི་འགྲུབ་པར་ཐུན་མོང་བ་ཐམས་ཅད་མཐུན་པར་སྨྲ་བ་ཡིན་ལ། གསང་སྔགས་ཀྱིས་སྙིགས་མའི་དུས་སུ་ཡང་འགྲུབ་པ་ནི། ཧེ་རུ་ཀ་མངོན་པར་འབྱུང་བ་ལས་ཀྱང༌། ཧེ་རུ་ཀ་དཔལ་གཟུང་བྱས་ན། །སྙིགས་མའི་དུས་སུ་འགྲུབ་པར་འགྱུར། །ཞེས་གསུངས་ལ། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པ་ལས་ཀྱང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པས་སྙིགས་མའི་དུས་སུ་མི་འགྲུབ་པར་གསུངས་ཏེ། འདི་སྐད་དུ། གཞན་ཡང་ཕྱི་མའི་དུས་གྱི་ཚེ། །དུས་མཐར་དངོས་གྲུབ་མི་ཐོབ་སྟེ། །དཀའ་ཐུབ་ཀྱིས་ནི་གདུངས་པས་ན། །བློ་ནི་གཞན་དུ་གཡེངས་ཕྱིར་རོ། །ཞེས་གསུངས་སོ། །དེས་ན་རྡོ་རྗེ་ཐེག་པ་སྤྱད་པའི་དུས་ནི་སྙིགས་མའི་དུས་ད་ལྟ་ཉིད་ཡིན་པས་ན་གསང་སྔགས་ཀྱི་ཚུལ་འདི་ལ་མཆོག་ཏུ་དད་པར་བྱའོ། །ལོག་རྟོག་སེལ་བ་གསལ་པོར་བཀོད་པ་ཡི། །དགེ་བ་དེས་ནི་འགྲོ་བ་མ་ལུས་པ། །རྡོ་རྗེ་ཐེག་ལ་དད་པ་མཆོག་ཐོབ་སྟེ། །སྔགས་ཚུལ་རྒྱ་མཚོར་ཕྱིན་ནས་ཀུན་མཁྱེན་ཤོག །རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་བཤད་པ་འཁྲུལ་པ་སྤོང་བ་ཞེས་བྱ་བ་ལས་ལོག་པར་རྟོག་པ་བསལ་བའི་སྐབས་ཏེ་ལེའུ་གསུམ་པའོ།།  །།འདིར་ལེགས་པར་སྨྲས་པ་ནི། རྡོ་རྗེ་ཐེག་ལ་དད་ཀྱང་མ་སྨིན་པས། །ཟབ་མོ་བསྒོམས་ཀྱང་འབྲས་བུ་ངན་འགྲོ་ལས། །མཆོག་གཞན་མི་འགྲུབ་སངས་རྒྱས་གསུངས་པས་ན། །བླ་མ་མཆོག་ལ་དབང་བསྐུར་ནོད་པར་མཛོད། །དབང་ཐོབ་མན་ངག་ཟབ་མོ་འཚལ་བ་ཡིས། །ས་སྟེངས་རྒྱས་པར་ཀུན་ཏུ་བཙལ་བྱས་ཀྱང༌། །ཕན་པའི་དོན་པོ་མན་ངག་དམ་ཚིག་སྟེ། །འདི་མེད་འགྲམ་རྩ་ཟད་པའི་ཁང་རུལ་བཞིན། །ལེགས་པར་སྨིན་པས་དམ་ཚིག་བསྲུང་བྱས་ན། །རིམ་གཉིས་ཟབ་མོའི་མན་ངག་མ་བསྟེན་ཀྱང༌། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ་བོ་ཞེས། །འགྲོ་བའི་རྩ་ལག་ཕན་པར་མཛད་པས་གསུངས། །བདག་ནི་ཐོས་ཉུང་ཤེས་རབ་མིག་བྲལ་ཀྱང༌། །དྲི་མེད་རྒྱུ་ལས་ལེགས་གསུངས་མཐོང་བས་ན། །དབང་བླངས་དམ་ཚིག་བསྲུང་བར་མཛོད་ཅིག་ཅེས། །ཀུན་ལ་ཐལ་མོ་སྦྱར་ནས་གསོལ་བ་འདེབས། །གསང་སྔགས་འཛིན་པ་གྲགས་པ་རྒྱལ་མཚན་ལ། །བཙོང་གའི་དགེ་སློང་རྡོ་རྗེ་གྲོགས་མཆེད་ཀྱིས། །དད་ཅིང་གུས་པས་མང་དུ་གསོལ་བཏབ་སྟེ། །དཔལ་ལྡན་ས་སྐྱའི་དགོན་པར་འབད་དེ་བྲིས། །འདི་བགྱིས་པ་ལས་དུབ་པར་གྱུར་པ་ཡི། །དགེ་བ་དྲི་མེད་མཐའ་ཡས་གང་ཐོབ་དེས། །ནམ་མཁའི་མཐས་གཏུགས་གྱུར་པའི་སེམས་ཅན་རྣམས། །ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །དྲི་མེད་རྒྱུད་དོན་སྣང་བྱེད་རྒྱལ་པོ་མཆོག །བླ་མའི་མན་ངག་བརྩོན་པའི་ཤིང་རྟས་དྲངས། །ལོག་རྟོག་འཁྲུལ་པའི་མུན་པ་བསལ་བའི་ཕྱིར། །ཉི་མའི་འོད་བཞིན་ས་སྟེངས་རྒྱས་པར་ཤོག །རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་པ་འཁྲུལ་པ་སྤོང་བ་ཞེས་བྱ་བ། ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བ་འདི་ཡོངས་སུ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*