རྒྱུད་སྡེའི་དུམ་བུ་བརྒྱ་བཅུ་གསུམ་པ།

༼ཆ༽

༄༅། །རྒྱུད་སྡེའི་དུམ་བུ་བརྒྱ་བཅུ་གསུམ་པ་བཞུགས་སོ།།

༄༅། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཨེ་ཝྃ་མ་ཡཱ་ཤྲུ་ཏ་མེ་ཀ་སྨིནྶ་མ་ཡེ་བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩིཏྟ་ཧྲྀ་ད་ཡཾ་བཛྲ་ཡོ་ཥཱི་དྦྷ་གེ་ཥུ་བི་ཛ་ཧཱ་ར། ཞེས་བྱ་བ་ནི་རྣལ་འབྱོར་རྒྱུད་ཀྱི་གླེང་གཞིའོ། །ར་ཧ་སྱ་པ་ར་མེ་ར་མེས་སརྦཱདྨ་ནི་ས་དཱསྠི་ཏཿ སརྦ་བུདྡྷ་མ་ཡེ་ས་ཏེ་པ་རཾ་སུ་ཁཿ ཞེས་བྱ་བ་འདི་རྣལ་འབྱོར་མའི་གླེང་གཞིའོ། །སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ཏེ། །དམྱལ་བ་ཡི་དྭགས་བྱོལ་སོང་དང༌། །ལྷ་དང་ལྷ་མིན་མི་རྣམས་དང༌། །བཤང་བའི་སྲིན་བུ་ལ་སོགས་དང༌། །ལྷ་དང་ལྷ་མ་ཡིན་གྱིས་ཀྱང༌། །བདེ་བ་གང་ཕྱིར་མི་ཤེས་པ། །རྟག་ཏུ་རང་བཞིན་བདེ་བ་ཅན། །འཇིག་རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་དུ་མེད། །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །བྱིས་པ་མི་ཤེས་པས་བསྒྲིབས་ནས། །འདི་ཡི་འགྲོ་བ་མི་ཤེས་པས། །འགྲོ་བ་དྲུག་གི་སྲིད་པའི་མཐར། །གང་ཞིག་རྨོངས་པ་འཁོར་བར་འགྱུར། །ཞེས་བྱས་ནི་རྒྱུད་ཀྱི་དུམ་བུའོ། །ཇི་སྲིད་ལུས་ལ་རྣམ་གནས་པ། །དེ་ཡིས་ལས་དང་ལས་མིན་འགྱུར། །དགེ་དང་མི་དགེ་གང་ཅུང་ཟད། །བྱས་པའི་ལས་ནི་ཐམས་ཅད་བྱེད། །ཅེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །སེམས་ཀྱི་རྡོ་རྗེ་ལས་བྱུང་བ། །སེམས་ཅན་སྣ་ཚོགས་རང་བཞིན་ཅན། །སེམས་ནི་རང་གི་རྣམ་རྟོག་གི །དྲི་མས་སྐྱེ་བོ་ནག་པོར་བྱས། །དེ་ཕྱིར་ཀུན་ཏུ་རབ་འབད་པས། །སེམས་ཀྱི་རྡོ་རྗེ་རྣམ་སྦྱང་བྱ། །སེམས་དག་པ་ནི་བདེ་བ་ཡིན། །ཉོན་མོངས་དུག་ནི་ཐམས་ཅད་འཕྲོག །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །གང་གི་སྲིན་ལག་རྩ་བ་ལ། །རྡོ་རྗེ་རྩེ་དགུ་པར་གྱུར་པ། །མི་བསྐྱོད་པ་ཡི་རིགས་མཆོག་ཉིད། །ཅེས་བྱ་བ་ལ་སོགས་པ་དང༌། རྣལ་འབྱོར་པ་གང་ནག་པོ་ཆེ། །དེ་ཡི་ལྷ་ནི་མི་བསྐྱོད་པ། །ཞེས་བྱ་བ་ལ་སོགས་པ་ནི་རྒྱུད་ཀྱི་དུམ་བུའོ། །འདོད་ཆགས་ཞེ་སྡང་གཏི་མུག་དང༌། །ང་རྒྱལ་སེར་སྣའི་སྐྱེ་བོ་རྣམས། །བསྡུ་ཕྱིར་རིགས་ཀྱི་སྐྱེ་བོ་ལ། །རྡོ་རྗེ་གཟུགས་ནི་དུ་མ་འཛིན། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །མཚམས་མེད་ལྔ་ནི་བྱེད་པ་དང༌། །སྲོག་ཆགས་གསོད་ལ་དགའ་བ་དང༌། །གཞན་ཡང་སྐྱེ་བ་དམན་གང་དང༌། །རྨོངས་དང་མ་རུངས་ལས་བྱེད་པ། །དེ་རྣམས་ཀྱིས་ཀྱང་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །གདོལ་པ་སྨྱིག་མ་མཁན་ལ་སོགས། །གསོད་དོན་དོན་དུ་སེམས་པ་པོ། །དེ་རྣམས་ཀྱེ་རྡོ་རྗེ་ཤེས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །སྐལ་ངན་སེམས་ཅན་གདུལ་དཀའ་བ། །གང་གིས་འདུལ་བར་འགྱུར་བ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་སྦྱིན། །དེ་ལ་བྱེ་བྲག་སྨྲ་མ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བརྩམ། །སློབ་མ་གུས་པས་བླངས་ནས་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །སྐྱབས་སུ་འགྲོ་བའི་རིམ་པ་ཡིས། །ཤིན་ཏུ་ལེགས་པར་སྦྱངས་ནས་ནི། །རྒྱུད་དང་སྔགས་ཀྱི་རིམ་པ་ཡིས། །གསང་བའི་དེ་ཁོ་ན་ཉིད་བསྒྲགས། །འཁོར་བའི་རྒྱ་མཚོའི་འཇིགས་པ་ལས། །བརྒལ་བར་འགྲོ་བའི་སེམས་ཀྱིས་ནི། །དབུས་སུ་བྱིང་བའི་ལུས་ཅན་ལ། །བརྒལ་བར་མཚོན་པར་གསུངས་པའོ། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །དགེ་བ་བཅུ་ལ་གོམས་པ་དང༌། །བླ་མ་ལ་གུས་དབང་པོ་ཐུལ། །ང་རྒྱལ་ཁྲོ་ལས་རྣམ་པར་གྲོལ། །དེས་ནི་རེ་ཞིག་ངེས་འགྲུབ་འགྱུར། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །སློབ་མས་པུས་མོའི་སླ་ང་ནི། །ས་ལ་དད་པས་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་བསྟོད་པ་ཡིས། །སྟོན་པ་ལ་ནི་ཞུ་བར་བྱ། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །འཁོར་ལོའི་བདག་པོའི་བཟླས་པ་འབུམ། །དཀྱིལ་འཁོར་ཅན་གྱི་དེ་བཞིན་བྲི། །ཚུལ་དང་སྐྱེ་བོ་མེད་གནས་དང༌། །དཀྱིལ་འཁོར་ཁང་པའི་ནང་དུ་ཡང༌། །དཀྱིལ་འཁོར་དམ་པ་བཞེངས་པར་བྱ། །གོང་གི་ཨ་སོགས་སྔགས་ཀྱིས་ནི། །དེ་ལ་གཏོར་མ་རྣམ་པར་སྦྱིན། །ཞེས་བྱ་བ་དང༌། དེ་ནས་དཀྱིལ་འཁོར་གྲུ་གསུམ་དང༌། །མཐེ་བོང་གསུམ་ནི་ལྷག་པར་བྱ། །ཞེས་བྱ་བ་དང༌། གོང་དུ་གསུངས་པའི་སྔགས་ཉིད་ཀྱིས། །མཁས་པས་འཛིན་མ་རྣམ་པར་སྦྱང༌། །ཇི་ལྟར་བསམ་གཏན་དེ་བཞིན་འདིར། །བསྲུང་བ་ཇི་ལྟར་གསུངས་པ་ཉིད། །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །དཀྱིལ་འཁོར་སྟ་གོན་ལ་གནས་པར་བྱ་བ་ལས་སྦྱིན་སྲེག་བྱས་ནས། གཏོར་མ་སྦྱིན་པར་བྱའོ། །ཇི་ལྟར་རེ་ཞིག་རྩ་བའི་བུམ་པ་ལ་སོགས་པ་ལྷག་པར་གནས་པ་བྱས་ནས། སློབ་མ་ལྷག་པར་གནས་པར་བྱའོ། །ཞེས་བྱ་བ་ནི་བཤད་པའི་རྒྱུད་གྱི་དུམ་བུའོ། །སར་པ་ལེགས་པར་བཀལ་བ་དང༌། །ཤིན་ཏུ་ཚད་མ་མཛེས་པ་ཡང༌། །སྲད་བུ་ཤེས་རབ་ཅན་གྱིས་གདབ། །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །དང་པོ་ཚངས་པའི་ཐིག་གདབ་ཅིང༌། །གཉིས་པ་མཚམས་ཀྱི་ཐིག་དང་ཡང༌། །གསུམ་པ་ངོས་བཞི་ཡི་ནི་བཞི། །ཐིག་ནི་རབ་ཏུ་གདབ་པར་བྱ། །ཚངས་ཐིག་ཆ་གཉིས་བོར་ནས་ནི། །ཆ་དྲུག་ཏུ་ནི་རབ་ཏུ་གདབ། །དེ་ནས་སྒོ་ཡི་ཚད་བོར་ནས། །དགུ་ཡི་ཆར་ནི་རབ་ཏུ་གདབ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་ཐར་པར་བྱེད། །ཀྱེ་ཡི་རྡོ་རྗེ་རྒྱལ་པོ་ཆེ། །དཀྱིལ་འཁོར་དམ་པ་བཞེངས་པར་བྱ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །འདོད་ཡོན་ལྔ་ཡིས་གང་བ་དང༌། །བླ་རེ་བྲེས་པས་ཉེར་འབར་བ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །དེར་ནི་རིགས་ལྔ་ལས་བྱུང་བའི། །རིག་མ་བཟང་པོ་རྣམ་པར་བཞུགས། །ཡང་ན་ཇི་ལྟར་གང་རྙེད་དེ། །དེ་ལྟར་བཅུ་དྲུག་ལོན་པ་ཉིད། །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །བདག་པོའི་རྣལ་འབྱོར་དང་ལྡན་པས་ལེགས་པའི་རྣལ་འབྱོར་གྱི་ལྷ་ཐམས་ཅད་ཀྱི་འཁོར་ལོ་རང་གི་བདག་ཉིད་ཀྱི་ནང་དུ་བསྒོམ་པར་བྱ་ཞིང་ཞེས་བྱ་བ་དང༌། དཀྱིལ་འཁོར་དུ་ལྷ་རྣམས་སྔ་མ་བཞིན་དུ་ཕྱུང་ནས་རང་གི་གནས་སུ་འཁོར་ལོ་བཞུགས་པར་བྱའོ་ཞེས་བྱ་བ་དང༌། སྒེག་མོ་ལ་སོགས་པ་སྔོན་གྱི་མཆོད་པ་རྣམས་ཀྱིས་མཆོད་པ་དང༌། ཞེས་བྱ་བ་ལ་སོགས་པ་ནི་བཤད་པའི་རྒྱུད་ཀྱི་དུམ་བུའོ། །སྔགས་ཀྱི་ལས་ནི་རྗེས་བཙལ་ནས། །གང་ཚེ་མཁས་པས་དབང་བསྐུར་བས། །སངས་རྒྱས་ཀུན་གྱི་མངོན་སུམ་དུ། །དཀྱིལ་འཁོར་བདེ་བར་གཤེགས་གནས་སུ། །འཇིག་རྟེན་ཁམས་ནི་མཐའ་ཡས་དག །རང་བྱིན་བརླབ་པའི་གནས་ཐོབ་ནས། །དམ་ཚིག་ཉམས་པས་འཇིགས་པ་ཡི། །བློ་དང་ལྡན་པས་དེ་བཞིན་བླང༌། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །དེ་ནས་ཐུན་ཚོད་གཉིས་པ་ལ། །གོས་ཀྱིས་མིག་ནི་བཀབ་ནས་སུ། །དེར་ནི་སློབ་མ་གཞུག་པ་ཉིད། །ཕྱི་ནས་དཀྱིལ་འཁོར་རབ་ཏུ་བསྟན། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །མང་དུ་རབ་ཏུ་བརྗོད་པས་ཅི། །ཇི་ལྟར་དེ་ཉིད་འདུས་པ་ཡི། །དཀྱིལ་འཁོར་ཆོ་ག་དེ་བཞིན་བྱ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །ཆུ་ཡི་དབང་གིས་དང་པོ་སྟེ། །ཅོད་པན་དབང་ལས་གཉིས་པའོ། །རྡོ་རྗེའི་དབང་ནི་གསུམ་པ་སྟེ། །རང་གི་བདག་པོ་བཞི་པ་ཉིད། །མིང་གི་དབང་བསྐུར་ལྔ་པ་སྟེ། །དྲུག་པ་རྫོགས་པའི་སངས་རྒྱས་ཉིད། །བུམ་པའི་དབང་ནི་བདུན་པ་སྟེ། །གསང་བའི་དབང་ནི་བརྒྱད་པའོ། །ཤེས་རབ་དབང་ལས་དགུ་པ་སྟེ། །དེ་ཉིད་རྡོ་རྗེའི་སྦྱོར་བ་ཡིས། །ཀུན་གྱིས་དེ་ཉིད་བརྟུལ་ཞུགས་བརྗོད། །སྟོན་པ་རང་གི་ལུང་བསྟན་ཏེ། །དེ་འདི་དབང་གི་ཆོ་གའོ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །བུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་ལ་ནི་གསང་བའི་དབང༌། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །ཇི་ལྟར་ལུས་ནི་དེ་བཞིན་གཤེགས། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །སློབ་དཔོན་གསང་བ་ཤེས་རབ་དང༌། །བཞི་པ་དེ་ཡང་དེ་བཞིན་ནོ། །དབང་ནི་བཞི་ཡི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །སྨིན་པར་བྱེད་པ་དབང་གི་ལམ་གྱི་དུམ་བུ་མདོར་བསྡུས་ཏེ་བསྟན་པའོ། །ཕྱི་ནས་དེ་ཉིད་ཡང་དག་བཤད། །རྣམ་དག་ཡེ་ཤེས་གཟུགས་ཅན་དང༌། །འཁོར་བ་རྣམ་པར་རྟོག་པ་གཉིས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །རང་རིག་ཡེ་ཤེས་ཉིད་དུ་འགྱུར། །རང་གཞན་ཡང་དག་རིག་པ་སྤངས། །མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད། །དངོས་དང་དངོས་མེད་སྟོང་ཉིད་མཆོག །ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་ཡི་གེ་དམ་པ་ཉིད། །དེ་ཉིད་འགྲོ་བའི་བདག་ཉིད་དེ། །དེ་ཉིད་ཐམས་ཅད་ཁྱབ་པ་པོ། །ཐམས་ཅད་ལུས་ལ་རྣམ་པར་གནས། །དངོས་དང་དངོས་མེད་དེ་ལས་བྱུང༌། །རྣམ་པར་ཤེས་པ་ཀུན་གྱི་ཚུལ། །སྐྱེས་བུ་སྔོན་རབས་དབང་ཕྱུག་དང༌། །བདག་དང་གསོ་བ་སེམས་ཅན་དང༌། །དུས་དང་གང་ཟག་ཉིད་དང་ནི། །དངོས་པོ་ཀུན་གྱི་རང་བཞིན་འདི། །སྒྱུ་མའི་གཟུགས་ཅན་ཉིད་དུ་འདོད། །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །འཁོར་བ་གཟུགས་དང་སྒྲ་ལ་སོགས། །འཁོར་བ་ཚོར་བ་ལ་སོགས་པ། །འཁོར་བ་དབང་པོ་རྣམས་ཉིད་དེ། །འཁོར་བ་ཞེ་སྡང་ལ་སོགས་པ། །འདི་རྣམས་ཆོས་ནི་མྱ་ངན་འདས། །རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པས་ནི། །འཁོར་བ་མྱ་ངན་འདས་པར་འགྱུར། །བྱང་ཆུབ་སེམས་ནི་མྱ་ངན་འདས། །ཀུན་རྫོབ་དོན་དམ་ཚུལ་ཅན་ནོ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །ཡུལ་དང་ཡུལ་ཅན་དག་གིས་ནི། །སྐྱེ་མཆེད་བཅུ་གཉིས་དག་ཏུ་འགྱུར། །ཕུང་པོ་ལྔ་ནི་གཟུགས་ལ་སོགས། །མཐར་ནི་རྣམ་ཤེས་སྙིང་རྗེ་ཆེ། །དབང་པོ་དང་ནི་ཡུལ་ཉིད་དང༌། །དབང་པོའི་རྣམ་པར་ཤེས་པ་ཉིད། །རྣལ་འབྱོར་མ་རྣམས་གོ་བྱའི་ཕྱིར། །ཁམས་ནི་བཅོ་བརྒྱད་དག་ཏུ་འདོད། །རང་བཞིན་གདོད་ནས་མ་སྐྱེས་པ། །བདེན་མིན་བརྫུན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་གྱིས། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་གང་ཟག་མེད། །རྣམ་པར་ཤེས་པའི་གནས་དོན་ནམ། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱའི་རང་བཞིན་སྐྱེས། །ཆོས་ཀྱི་དབྱིངས་ནི་མཆོག་ཏུ་ཞི། །འདི་ནི་རིན་ཆེན་སེམས་སུ་བརྗོད། །གཟུགས་དང་ཚོར་བ་འདུ་ཤེས་དང༌། །འདུ་བྱེད་དང་ནི་རྣམ་ཤེས་ཉིད། །འདི་དག་ཐམས་ཅད་སེམས་ལས་སྐྱེས། །ཐུབ་པ་འདི་ནི་གཞན་མི་འགྱུར། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །འདོད་དོན་འབྲས་བུ་རབ་སྟེར་བ། །སེམས་ཀྱི་དེ་ཉིད་རང་བཞིན་དག །སངས་རྒྱས་བྱང་ཆུབ་འབྲས་བུ་སྟེར། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཇི་ལྟར་ན་སེམས་སྟོང་པ་ལགས། སེམས་ལས་ཕྱི་རོལ་གྱི་དོན་མི་སྟོང་པར་རབ་ཏུ་འབྱུང་ཞེས་བགྱི། བཀའ་སྩལ་པ། ཐོག་མེད་སྲིད་པའི་བག་ཆགས་ཀྱིས། །ཕྱི་རོལ་དོན་ནི་རྣམ་པར་བརྟག །སེམས་ཀྱིས་ཐམས་ཅད་རྣམ་བརྟགས་པས། །སེམས་ནི་ཀུན་ཏུ་འགྲོ་བར་བརྗོད། །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །ངོ་བོས་གཟུགས་མེད་མཐོང་བ་མེད། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱང་བ་པོ་ཡང་མེད། །རེག་མེད་རེག་པ་པོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བའང་མེད། །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། །སྒྱུ་མ་སྨིག་རྒྱུ་ལྟ་བུ་དང༌། །འཕྲོག་པ་ཟླ་བའི་གྲོང་མཚུངས་དང༌། །རྨི་ལམ་རྩེ་བ་ལྟ་བུར་བལྟ། །སྒྱུ་མ་ཇི་བཞིན་ཐམས་ཅད་དུ། །བལྟ་བྱ་ཉིད་དང་རིག་པར་བྱ། །འགྲོ་བ་ཀུན་གྱི་གནས་པ་ནི། །གང་ལ་རྙེད་པར་མི་འགྱུར་ཏེ། །སྦྱོར་བ་འདུས་པ་བསམ་མི་བྱ། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །སྟོང་པ་བསྒོམ་པར་མི་བྱ་སྟེ། །སྟོང་མིན་བསྒོམ་པར་མི་བྱའོ། །སྟོང་པ་མི་སྤང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤང་ངོ༌། །སྟོང་དང་སྟོང་མིན་གཟུང་བ་ལས། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར། །ཡོངས་སུ་སྤངས་ན་ཀུན་རྟོག་སྟེ། །དེ་ཕྱིར་དེ་གཉིས་ཡོངས་སུ་སྤངས། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །སྟོང་མིན་སྟོང་པ་མིན་པའང་མིན། །དབུ་མར་དམིགས་པར་མི་འགྱུར་ཏེ། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །ཐབས་ནི་སྙིང་རྗེའི་བདག་ཉིད་དོ། །དེ་ནས་མཛེས་པའི་སྙིང་རྗེ་ཐབས། །ཤེས་རབ་ཕ་རོལ་ཕྱིན་གསལ་བ། །རྣམ་རྟོག་མེད་པའི་ཆོས་རྣམས་ལ། །དངོས་པོ་མེད་ཅིང་བསྒོམ་པའང་མེད། །རྣམ་རྟོག་མེད་ཅིང་ལྷག་མོས་ལའང༌། །བརྟག་པ་ཀུན་གྱིས་བཏག་པར་བྱ། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །འདི་ནི་གཉིས་སུ་མེད་པར་བརྗོད། །འདི་ནི་བྱང་ཆུབ་སེམས་མཆོག་ཉིད། །རྡོ་རྗེ་རྡོ་རྗེ་སེམས་དཔའ་དཔལ། །རྫོགས་པའི་སངས་རྒྱས་བྱང་ཆུབ་ཉིད། །འདི་ནི་ཤེས་རབ་ཕ་རོལ་ཕྱིན། །ཕ་རོལ་ཕྱིན་པ་ཀུན་གྱི་དངོས། །མཉམ་ཉིད་བསམ་བྱ་ཉིད་དུ་གསུང༌། །སངས་རྒྱས་ཀུན་མཆོག་བསྒོམ་པ་ཉིད། །ཅེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་བ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་ཕྱིར་བདེ་བ་དེ་ཉིད་མིན། །ལྷན་ཅིག་སྐྱེས་པས་གང་སྐྱེས་པ། །ལྷན་ཅིག་སྐྱེས་པར་དེ་བརྗོད་བྱ། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང༌། །བཞི་སྟོང་ཉིད་ཀྱི་ཆོ་ག་ཡིས། །ལུས་ཀྱི་དེ་ཉིད་མི་ཤེས་ན། །དེ་དག་ཐམས་ཅད་འབྲས་བུ་མེད། །དཀྱིལ་འཁོར་ལུས་སུ་གསུངས་པ་སྟེ། །དཀྱིལ་འཁོར་བྷ་གར་བརྗོད་པ་ཉིད། །དཀྱིལ་འཁོར་ཡང་ནི་བྱང་ཆུབ་སེམས། །དཀྱིལ་འཁོར་གསུམ་ནི་བརྟག་པར་བྱ། །ཞེས་བྱ་བ་ནི་བཤད་པའི་རྒྱུད་ཀྱི་དུམ་བུའོ། །སྙིང་སྟོབས་སྐུ་དང་རྡུལ་ངག་བཅས། །མུན་པ་སེམས་ཀྱི་རང་བཞིན་ལས། །སྙིང་སྟོབས་ཁུ་བ་རང་བཞིན་རྡུལ། །མུན་པ་སྐྱེད་པར་བྱེད་པ་ཉིད། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །དངོས་དང་དངོས་མེད་རོ་གཅིག་འགྱུར། །བདུད་རྩི་ལྔ་ཡི་གོང་བུའི་དངོས། །དེ་ཕྱིར་རྡོ་རྗེ་ཅན་དུ་གསུངས། །རུས་པ་རྐང་དང་ཁུ་བ་ནི། །ཕ་ལས་སྐྱེས་པར་དེ་བཞིན་གསུངས། །པགས་པ་དང་ནི་ཤ་དང་ཁྲག །མ་ལས་སྐྱེས་པ་ཞེས་བྱར་གྲགས། །གོང་བུ་གཅིག་པུ་གཉིས་སུ་འགྱུར། །གཉིས་སུ་གྱུར་པ་དུ་མ་རྣམས། །རྩ་ཡི་ཀུན་སྤྱོད་གཉིས་གསུངས་པ། །དེ་ཡི་སྒོ་ཡང་དེ་ཉིད་ལས། །དེ་རྣམས་འདུ་བའི་དུས་སུ་ནི། །ལྷ་ཡི་དམིགས་པར་འགྱུར་བ་ཡིན། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །ཟླ་བ་བཅུ་ཡང་ས་རྣམས་ཉིད། །སེམས་ཅན་ས་བཅུའི་དབང་ཕྱུག་གོ །འདི་དག་རྐྱེན་གྱིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །འཁོར་ལོ་བཞི་ཡི་རབ་དབྱེ་བས། །བརྒྱ་ཕྲག་གཅིག་དང་ཉི་ཤུ་ལྷག །བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས། །རྩ་རྣམས་སུམ་ཅུ་རྩ་གཉིས་མཆོག །ཅེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝྃ་གྱི་ནི་རྣམ་པར་གྲགས། །ཨེ་ཡི་རྣམ་པ་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་པར་འགྱུར། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །བྱང་སེམས་སུམ་ཅུ་རྩ་གཉིས་ཀྱིས། །གང་ཚེ་འདིར་ནི་གང་གྱུར་པ། །དབང་པོ་ཕུང་པོ་འབྱུང་བ་ཡི། །སངས་རྒྱས་དེ་ཡིས་དེ་མ་ཐག །ཅེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །དེ་ཡི་མགོན་པོ་བརྗོད་པའི་རླུང༌། །ཧ་ནི་ཀུན་ཏུ་འགྲོ་བར་བརྗོད། །ཅེས་པ་དང༌། དེ་ཡི་ལུས་ཀྱི་སྟེང་སྒོ་ལའང༌། །རྡོ་རྗེ་ཅན་གྱི་རྟག་རྒྱུན་བཞུགས། །སྟེང་གི་སྒོར་ནི་སྦྱོར་བ་གསུམ། །སྒོ་དགུ་རྣམས་ཀྱིས་ཡོངས་སུ་བསྐོར། །ཀ་བ་གཅིག་དང་སྒོ་དགུ་ཡང༌། །སྦོམ་པ་ལྔ་ནི་ལྷག་པའི་ལྷ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །མེ་ཉིད་དང་ནི་རླུང་ཉིད་དང༌། །དབང་ཆེན་དང་ནི་དེ་བཞིན་ཆུ། །འཁོར་ལོར་སེམས་ཀྱི་ཀུན་སྤྱོད་པ། །སྟེང་དང་ངོས་དང་དྲང་འོག་འགྲོ། །འོག་གི་སྒོས་ནི་རྣམ་པར་ཤེས། །སྟེང་གི་སྒོས་ནི་དབྱིངས་ཉིད་དེ། །རྣམ་སྣང་ལ་སོགས་སངས་རྒྱས་ལྔ། །སྟེང་གི་སྒོར་ནི་གཡོ་ཞིང་གནས། །དེ་རྣམས་འོད་དུ་རྣམ་པར་གནས། །སྟེང་གི་གཤེགས་སུ་གསོལ་བ་ཉིད། །དགུག་དང་གཤེགས་སུ་གསོལ་བ་ཡི། །ཚུལ་གྱིས་སེམས་ནི་རྟག་ཏུ་འགྲོ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །ཟླ་བ་དང༌། ཉི་མ་དང༌། ཨཱ་ལི་དང༌། ཀཱ་ལི་དང༌། འཕོ་བ་བཅུ་དྲུག་དང༌། དབྱུག་གུ་དྲུག་ཅུ་རྩ་བཞི་དང༌། ཆུ་ཚོད་སུམ་ཅུ་རྩ་གཉིས་དང༌། ཐུན་ཚོད་བཞི་སྟེ། དེ་ལྟར་ན་ཐམས་ཅད་བཞིའོ། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །མཁའ་འགྲོ་རྣལ་འབྱོར་མ་མོ་རྣམས། །འཇུག་པ་དང་ནི་ལྡོག་པ་ལ། །ཡོན་ཏན་སྐྱོན་ནི་རབ་བརྗོད་པས། །བདེ་དང་སྡུག་བསྔལ་རང་བཞིན་གྱིས། །ལྷན་ཅིག་སྐྱེས་པས་གྲུབ་པའི་གནས། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །བསྐྱེད་པ་ཡི་ནི་རིམ་པ་དང༌། །རྫོགས་པ་ཡི་ནི་རིམ་པ་ཉིད། །རིམ་གཉིས་རྣམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །ཕལ་པའི་གནས་སྐབས་གཞོམ་པའི་ཕྱིར། །བསྒོམ་པ་ཡང་དག་རབ་ཏུ་གྲགས། །རང་བཞིན་གནས་སྐབས་བསྒོམ་པ་ལས། །བསྒོམ་པ་མ་ཡིན་མི་བསྒོམ་མིན། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟོགས་པ་དེ་བཞིན་ཏེ། འོན་ཀྱང་མི་གཙང་བའི་ཚད་མཉམ་པ་སྦྱང་བའི་ཕྱིར་སངས་རྒྱས་ཀྱི་སྐུ་གཟུགས་བསྒོམ་པར་བྱའོ། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །སྤྲོས་པའང་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ཀྱིས་སྤྲོས་མེད་བྱེད། །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །དེ་ཕྱིར་ཐབས་ནི་བསྒྲུབ་བྱ་དང༌། །དེ་ནི་ཐབས་ཀྱི་གཟུགས་ཅན་ནོ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །སངས་རྒྱས་ང་རྒྱལ་དམིགས་ནས་ནི། །ཆོས་ཀྱི་དབྱིངས་ནི་འོད་གསལ་བ། །གང་ཞིག་བསྒོམ་པ་དེ་བས་ན། །སེམས་ཅན་སངས་རྒྱས་མཉམ་པར་འགྱུར། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །རྡོ་རྗེ་སྙིང་པོས་གསོལ་བ། རྫོགས་པའི་རིམ་པ་རྣལ་འབྱོར་འདི། །དེ་ཡི་བདེ་བ་བདེ་ཆེན་བརྗོད། །བསྐྱེད་པ་ཡིས་ནི་ཅི་ཞིག་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཨེ་མ་བྱང་ཆུབ་སེམས་དཔའ་ཆེ། །དད་པའི་ཤུགས་ཀྱིས་རབ་ཏུ་ཉམས། །ལུས་ཀྱི་དངོས་མེད་གང་ལས་བདེ། །བདེ་བ་སྨྲ་བར་མི་ནུས་སོ། །ཁྱབ་དང་ཁྱབ་བྱེད་ཚུལ་གྱིས་ནི། །བདེ་བས་འགྲོ་བ་ཁྱབ་པ་སྟེ། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་པས། །བདེ་བ་ཉིད་ཀྱང་དམིགས་མི་འགྱུར། །དངོས་ང་དངོས་པོ་མེད་པ་ང༌། །དངོས་པོ་རྟོགས་ཕྱིར་སངས་རྒྱས་ང༌། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །རིགས་དང་འབྱུང་བ་ལྔ་རྣམས་དང༌། །ཕུང་པོ་ལྔ་ཡི་རང་བཞིན་གྱིས། །རིགས་དང་བགྲང་བྱ་འདི་ཡིས་ནི། །རིགས་ཞེས་མངོན་པར་བརྗོད་པར་བྱ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །ཕུང་པོ་ལྔ་དང་དབང་པོ་དྲུག །སྐྱེ་མཆེད་དྲུག་དང་འབྱུང་ཆེན་ལྔ། །རང་བཞིན་གྱིས་ནི་རྣམ་པར་དག །ཉོན་མོངས་ཤེས་བྱའི་སྒྲིབ་སྦྱང་བྱ། །རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཡུལ་གྱི་དངོས་པོ་དག་པའི་ཕྱིར། །རང་གིས་རིག་པའི་བདེ་བ་མཆོག །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །དང་པོ་གོམས་པར་བྱེད་དུས་ཀྱི། །གནས་ནི་གང་དང་བསྔགས་པའི་སེམས། །གཅིག་ཏུ་མཉམ་གཞག་འགྲུབ་འགྱུར་བའི། །གནས་ནི་བཟང་པོ་ངེས་པར་བརྟག །རང་གི་ཁྱིམ་དུ་མཚན་དུས་སུ། །བདག་ཉིད་འགྲུབ་པའི་སེམས་ཀྱིས་ནི། །རྣལ་འབྱོར་མ་བསྒོམ་ཤེས་རབ་ཅན། །ཡང་ན་ཧེ་རུ་ཀ་དཔལ་གཟུགས། །འཐོར་འཐུང་སོ་རྩི་ཟ་བ་དང༌། །རྐང་པ་འཁྲུད་དང་ཟ་བ་དང༌། །འདུག་དང་ཁྲོ་དང་དགོད་པ་དང༌། །བཅོམ་ལྡན་འདས་མ་བསྟེན་པ་ནའང༌། །བརྟུལ་ཞུགས་ཅན་གྱིས་རྣམ་པར་བསྒོམ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །དཀྱིལ་འཁོར་རེ་རེ་བསྒོམ་པའམ། །ཡང་ན་བསྡུས་པའི་དཀྱིལ་འཁོར་རོ། །བརྒྱད་བརྒྱད་དབུས་སུ་གནས་པའམ། །ཡང་ན་ཉི་ཤུ་རྩ་ལྔའི་བར། །གང་ཚེ་དཀྱིལ་འཁོར་བསྡུ་བ་ཡི། །སྒོར་ནི་ལྕགས་ཀྱུ་ཞགས་པ་དང༌། །ལྕགས་སྒྲོག་དེ་བཞིན་དྲིལ་བུ་ཉིད། །འཇུག་པའི་སྒོ་སྲུང་བརྗོད་པར་བྱ། །སངས་རྒྱས་མགོན་པོ་གང་ཉིད་ཀྱིས། །དཀྱིལ་འཁོར་དབུས་སུ་གང་གྱུར་པ། །དེ་ཉིད་ཀྱི་ནི་དཀྱིལ་འཁོར་བརྗོད། །སྙིང་པོ་ཡོངས་སུ་བཟུང་དཀྱིལ་འཁོར། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །དང་པོ་སྟོང་པའི་བྱང་ཆུབ་སེམས། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །བླ་མ་རྡོ་རྗེ་རྣམས་མཆོད་ཅིང༌། །བདུན་པོ་རྣམ་པར་དག་པ་བྱ། །བྱང་ཆུབ་སེམས་ནི་བསྐྱེད་ནས་སུ། །ཆོས་ཀྱི་འབྱུང་གནས་རྣམ་པར་བསྒོམ། །དེ་ལས་སངས་རྒྱས་གནས་བསམས་ནས། །རྣམ་པ་ལྔ་ནི་བསྒོམ་པར་བྱ། །དང་པོར་སྐྱེས་བུ་བསམས་དེ་ནས། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །དྲི་ཟ་མཉམ་པར་ཞུགས་པ་ནི། །ཞུ་བ་རྗེས་སུ་དྲན་པར་བྱ། །མཚམས་ཀྱི་ལྷ་མོས་བསྐུལ་བར་བྱ། །འཁོར་ལོའི་འདྲེན་པས་བསྐུལ་ནས་ནི། །མིག་ལ་སོགས་པ་གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་དགོད། །ཕྱི་ནས་རྗེས་ཆགས་རྡོ་རྗེ་སྟེ། །ཡེ་ཤེས་རྣམ་པར་བཞུགས་པར་ཡང༌། །དབང་ནི་རིག་མ་བརྒྱད་རྣམས་ཀྱི། །ཡང་ནི་བདུད་རྩི་མྱང་བ་དང༌། །ལྷ་མོ་བརྒྱད་ཀྱི་མཆོད་པ་ཉིད། །འཁོར་ལོའི་འདྲེན་པ་བསྟོད་པའོ། །རང་བྱིན་བརླབས་པས་བྱིན་བརླབས་ཏེ། །དེ་ལ་ཡན་ལག་དྲུག་བསྒོམ་བྱ། །ཕྱི་ནས་ཡང་ནི་དམ་ཚིག་གི །ཆོ་ག་གོ་སྐབས་མེད་པས་སོ། །ཕྱག་མཚན་ཡང་དག་མཚོན་པར་བྱ། །དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་འདྲ་བ་ཡིན། །གསུམ་པ་མེ་ཁྱེར་འདྲ་བ་ཡིན། །བཞི་པ་མར་མེ་ཉེར་འབར་བ། །ལྔ་པ་རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་འདྲ་བ་ཉིད། །དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་འགྱུར་བ་ཡིན། །ཕྱི་ནས་སྒྱུ་མའི་རྣམ་པ་ལྟར། །རྨི་ལམ་སྒྱུ་མའི་སྐད་ཅིག་འགྱུར། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་འགྲུབ། །ཅེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །རྣལ་འབྱོར་མ་ལུས་དབུས་གནས་པ། །ཇི་ལྟར་ཕྱི་རོལ་དེ་ལྟར་ནང༌། །སྡོམ་པའི་དེ་ཉིད་རབ་ཏུ་ཕྱེ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །དེ་ཉིད་ཡང་དག་བཤད་པ་ནི། །དགའ་བ་ལ་སོགས་ས་རྣམས་ཏེ། །དབང་པོ་ལ་སོགས་རང་བཞིན་གྱི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས། །ཕུང་པོ་ལ་སོགས་ཁྱད་པར་གྱི། །སངས་རྒྱས་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །སངས་རྒྱས་ཉིད་ནི་མཆོག་ཏུ་འབབ། །ཅེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །གང་ཕྱིར་བཅུ་དྲུག་ཆ་མེད་པས། །འབད་པས་ཀུན་གྱི་ལྷག་མ་སྤང༌། །ཅིའི་སླད་དུ་ཞེ་ན། དོན་གྱི་བྱ་བ་མི་བྱེད་ཕྱིར། །བཅོ་ལྔའི་ཆ་ཡི་བདག་ཉིད་ཀྱི། །ཟླ་བ་བྱང་ཆུབ་སེམས་སུ་འགྱུར། །བདེ་བ་ཆེན་པོ་ཨཱ་ལིའི་གཟུགས། །རྣལ་འབྱོར་མ་རྣམས་དེ་ཡི་ཆ། །རྡོ་རྗེའི་སྙིང་པོས་གསོལ་པ། རྣལ་འབྱོར་མ་ཀུན་ལས་བྱུང་བ། །ལྷན་ཅིག་སྐྱེས་དགའི་རང་བཞིན་ཉིད། །འགྲིབ་མེད་བཏུང་མཆོག་ནམ་མཁའ་ཉིད། །ག་པུར་ངེས་པར་ཅིས་མི་སྤང༌། །བཀའ་སྩལ་པ། ཇི་ལྟར་སྨྲ་བ་དེ་བཞིན་ནོ། །གསོལ་པ། ཐབས་གང་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལགས། བཀའ་སྩལ་པ། དཀྱིལ་འཁོར་འཁོར་ལོའི་ཐབས་དང་ནི། །རང་བྱིན་བརླབས་པའི་རིམ་པས་ཀྱང༌། །ཀུན་རྫོབ་དོན་དམ་གཟུགས་ཅན་གྱི། །བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད། །ཅེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །མཁའ་འགྲོ་སྣ་ཡི་མཐར་གནས་པ། །ཡུངས་ཀར་ཙམ་དུ་རྣམ་པར་བསྒོམ། །ཡུངས་ཀར་ལ་ནི་འགྲོ་བ་ཀུན། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །དེ་ལྟར་སྒོམ་པར་བྱེད་པ་ཡིས། །རང་གི་བྱིན་བརླབ་རབ་ཏུ་འགྲུབ། །ཅེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང༌། །སྤྱན་ལ་སོགས་པ་ཡང་བསྲེགས་ནས། །བསྲེགས་པས་རི་བོང་ཅན་ཧཾ་འཛག །ཅེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །སྐྱེད་བྱེད་མ་དང་སྲིང་མོ་དང༌། །རྣལ་འབྱོར་རིག་པས་རྟག་ཏུ་མཆོད། །གར་མ་ཚོས་མ་རྡོ་རྗེ་མ། །གདོལ་པ་དེ་བཞིན་བྲམ་ཟེ་མོ། །ཐབས་དང་ཤེས་རབ་ཆོ་ག་ཡིས། །དེ་ཉིད་རིག་པས་རྟག་ཏུ་མཆོད། །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །མ་དང་སྲིང་མོ་ཉིད་དང་ཡང༌། །དེ་བཞིན་ཞང་པོའི་ཆུང་མ་ཉིད། །མ་ཡི་སྤུན་དང་སྒྱུག་མོ་དང༌། །དེ་བཞིན་ཕ་ཡི་སྲིང་མོ་ཉིད། །རིག་མ་བརྒྱད་དུ་རབ་ཏུ་གྲགས། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །བྲམ་ཟེ་མོ་དང་རྒྱལ་རིགས་དང༌། །རྗེ་བོ་དེ་བཞིན་དམངས་མོ་དང༌། །གར་མ་ཚོས་མ་གཡུང་མོ་དང༌། །དེ་བཞིན་དུ་ནི་གདོལ་པ་མོ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །བསྟན་པ་ལ་སྨོད་པའི་འཇིགས་པ་དང༌། སྐྱེ་བོ་གདུག་པ་ཅན་གྱི་ནང་དུ་ནི་རང་གི་སེམས་འབའ་ཞིག་དེ་ལ་བསམས་ལ་ལྷག་པར་མོས་པས་དེ་མངོན་དུ་བྱའོ། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །སྐད་ཅིག་དབྱེ་བས་ཕྱེ་བ་ཉིད། །དགའ་བ་དེ་ལས་སྐྱེ་བར་འགྱུར། །སྐད་ཅིག་ཤེས་ནས་བདེ་ཤེས་པ། །ཨེ་ཝྃ་རྣམ་པ་རབ་ཏུ་གནས། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །དང་པོར་དགའ་བ་ཙམ་ཉིད་དེ། །གཉིས་པའི་གྲངས་ལ་མཆོག་དགའ་ཉིད། །གསུམ་པ་ལ་ནི་དགའ་བྲལ་ཉིད། །བཞི་པ་ལྷན་ཅིག་སྐྱེས་པར་བརྗོད། །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །ལྷན་ཅིག་སྐྱེས་དགའི་རང་བཞིན་དུ། །མཆོག་མཐའ་དགའ་བྲལ་དང་པོར་ནི། །མུན་པ་ལ་ནི་མར་མེ་བཞིན། །དེ་བཞིན་བུས་ཀྱང་ཡིད་ཆེས་གྱིས། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །དགའ་བྲལ་དགའ་བ་དག་གི་མཐར། །རྟོག་པའི་དྲྭ་བ་རྣམ་པར་སྤངས། །འགྱུར་མེད་འཁྲུལ་པ་ལས་འདས་ཤིང༌། །ཀྱེ་ཡི་རྡོ་རྗེ་རྣམ་པར་གསལ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །རྣམ་པ་མེད་ཅིང་དོགས་པ་མེད། །འདོད་པ་མེད་ཅིང་སྡིག་པ་བྲལ། །ཐོག་མ་ཐ་མའི་རྟོག་ལས་གྲོལ། །མཁས་པས་ནམ་མཁའ་ལྟ་བུར་བསྒོམ། །སྙིང་རྗེར་ལྡན་པས་སེམས་ཅན་ལ། །རྒྱབ་ཀྱིས་ཕྱོགས་པར་མི་བྱ་ཞིང༌། །སེམས་ཅན་ཡོད་དང་ཡོད་མིན་ཞེས། །དེ་ལྟར་ཡོངས་སུ་བརྟག་མི་བྱ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །སྒོམ་པ་པོ་མེད་བསྒོམ་པའང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལ། །སྔགས་དང་ལྷ་ནི་ཡང་དག་གནས། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །ང་ལས་འགྲོ་བ་ཐམས་ཅད་བྱུང༌། །ང་ལས་གནས་གསུམ་པོ་ཡང་བྱུང༌། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌། །བཟའ་དང་བཏུང་དང་བླུགས་པ་དང༌། །ཉལ་དང་ལོག་དང་སེམས་པ་ན། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །དེ་ནས་མངོན་དུ་འགྲོ་བར་འགྱུར། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །དབང་པོ་གང་དང་གང་ལམ་འགྱུར། །དེ་ནི་དེ་ཡི་ངོ་བོར་བྱ། །མཉམ་པར་མ་བཞག་རྣལ་འབྱོར་ཉིད། །རྟག་པར་ཤིན་ཏུ་མཉམ་གཞག་ཉིད། །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །ས་དང་ཆུ་དང་རླུང་དང་ནི །མེ་དང་ནམ་མཁའ་ཉིད་དང་ནི། །རང་གཞན་རིག་པའི་ཚོར་བ་ཡིས། །ཀུན་གྱིས་སྐད་ཅིག་མི་ནོན་ནོ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །འཇིགས་སྨྱོ་དེ་བཞིན་སྡུག་བསྔལ་དང༌། །མྱ་ངན་གདུང་བ་འཚེ་བ་དང༌། །འདོད་ཆགས་ཞེ་སྡང་གཏི་མུག་ཆེས། །སྒྲུབ་པ་པོ་ནི་ཉོན་མི་མོངས། །ཕན་དང་གནོད་པའི་འབྲས་འབྱུང་བར། །དེ་ལྟར་ངེས་པར་ཤེས་པ་ཡིས། །རྣལ་འབྱོར་པས་ནི་སྐད་ཅིག་ཀྱང༌། །ངུ་འབོད་སོགས་པར་ཇི་ལྟར་འགྲོ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །རིམ་པ་གཉིས་ཀྱི་དེ་ཁོ་ན་ཉིད་བསྡུས་པ་བསྒོམ་པའི་དུམ་བུའོ།།  །།དེ་ནས་རྡོ་རྗེ་སློབ་དཔོན་གྱི། །མཚན་ཉིད་ཡང་དག་རབ་བཤད་བྱ། །དེ་ཡིས་ཉེ་བར་བསྟན་པའི་སྔགས། །སྒྲུབ་པ་པོ་ཡི་ཉེ་བར་འགྱུར། །དལ་ཞིང་ཟབ་མོའི་ཆོས་དང་ལྡན། །རིག་པ་ཐམས་ཅད་མཁས་པར་བཅས། །སྦྱིན་སྲེག་དཀྱིལ་འཁོར་སྔགས་ཤེས་ཤིང༌། །རབ་གནས་གཏོར་མའི་ཕ་རོལ་སོན། །དེ་ཉིད་བཅུ་ནི་རྣམ་པར་རིག །ཉན་ཐོས་སྤྱོད་པ་སྲུང་བ་པོ། །སྔགས་སྤྱོད་རིམ་པར་གུས་པ་དང༌། །གཟུགས་ལྡན་མཐོང་ན་དགའ་བ་དང༌། །དཀྱིལ་འཁོར་བྲི་ཞིང་བཟླས་པར་ལྡན། །རྩ་བའི་ལྟུང་བ་འཇོམས་པ་པོ། །སྔགས་དང་ལུས་སྐྱོབ་སྦྱོར་བ་ཡིས། །འཇིག་རྟེན་རྣམས་ནི་བདེ་བར་བྱེད། །ཅེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་སྦྱོར་གྱི་ངེས་པ་བྱས་ནས། བཀའི་གནང་བ་དང༌། རང་གི་དམ་ཚིག་ལ་གནས་པས་སྒོམ་པར་བྱེད་ན། ལག་པའི་ཕྱག་རྒྱ་དང༌། སྔགས་དང༌། གཟུགས་བརྙན་གྱི་ང་རྒྱལ་བསྒོམས་པས་ཐུན་མོང་གི་དངོས་གྲུབ་སྐྱེད་པར་བྱེད་པའི་དམ་ཚིག་ཡིན་ནོ། །ཞེས་བྱ་བས་ཅི་ཞིག་བྱ། གཞུང་ཐམས་ཅད་སྤངས་ནས་ཐོབ་པའི་གནས་ཀྱི་བསམ་གཏན་གྱི་རྣལ་འབྱོར་དེ་བཙན་པས་རང་རིག་པ་ཙམ་ལ་སྤྲོ་བས། ཉིན་མཚན་དུ་གོམས་པར་བྱེད་དོ། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །ཡོངས་སུ་རྫོགས་པའི་དབང་ནི་སློབ་དཔོན་གྱི་དབང་ཐམས་ཅད་དོ། །སློབ་མ་མཆོག་འབྲིང་ཐ་མ་ལས། ཐ་མ་ལ་དཀྱིལ་འཁོར་གྱི་དབང་དང་ཉིན་པར་གྱི་ཐིག་ལེའོ། །འབྲིང་བ་ལ་ནི་ཉ་ཕྱིས་ཀྱིས་སོ། །མཆོག་ཏུ་ནི་སངས་རྒྱས་གཅིག་པུའི་བདག་ཉིད་ཀྱིས་སྦྱིན་པར་བྱའོ། །ཞེས་བྱ་བ་ནི་བཤད་པའི་རྒྱུད་ཀྱི་དུམ་བུའོ། །བསྐལ་པ་བྱེ་བ་གྲངས་མེད་པས། །ཇི་སྲིད་སངས་རྒྱས་མ་ཐོབ་པ། །གང་གིས་དམ་པའི་བདེ་བ་ཁྱོད། །སྐྱེ་བ་འདིར་ནི་ཐོབ་པར་འགྱུར། །ཡང་ན་རྡོ་རྗེ་འཛིན་པ་ཉིད། །ཡང་ན་འཁོར་ལོས་སྒྱུར་བའམ། །འདིས་ནི་གྲུབ་པ་ཆེན་པོ་བརྒྱད། །གཞན་ཡང་ཡིད་ལ་འདོད་པ་ཐོབ། །ཅེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །གང་ཟག་གི་རིགས་རྣམ་པར་དབྱེ་བ་བསྟན་པའོ།།  །།སློབ་དཔོན་སྨད་པར་མི་བྱ་ཞིང༌། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །སྤུན་ལ་སྨད་པ་ཉིད་མི་བྱ། །སེམས་ཅན་རྣམས་ལ་གདུག་བྱམས་དང༌། །སྐལ་མེད་དེ་ཉིད་གཏམ་མི་བྱ། །སྐལ་ལྡན་སེམས་ཅན་སྤང་མི་བྱ། །བདག་གི་ལུས་ལ་ངེས་མི་སྨད། །ཆོས་ཉིད་ཚད་ནི་གཟུང་མི་བྱ། །གཞན་གྱི་ཆོས་ལ་སྨད་མི་བྱ། །བུད་མེད་ཉིད་ལའང་སྨད་མི་བྱ། །རྩ་བའི་ལྟུང་བ་རབ་ཏུ་སྤངས་པ་མདོར་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་གསུམ་ནི་སྤང་མི་བྱ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །རྡོ་རྗེ་དྲིལ་བུ་གཟུང་བར་བྱ། །གཙུག་ཏོར་རྟག་ཏུ་བཅང་བར་བྱ། །རྟག་ཏུ་སྦྱིན་སྲེག་དགང་བར་བྱ། །རྟག་ཏུ་དཀྱིལ་འཁོར་བཞེངས་པར་བྱ། །རྟག་ཏུ་བདེ་གཤེགས་རབ་གནས་བྱ། །འབྱུང་པོ་ཆེ་ལ་གཏོར་མ་སྦྱིན། །ཕྱག་རྒྱ་བཅིང་བ་རྣམ་སྤང་ཞིང༌། །མཆོད་རྟེན་ལས་ནི་མི་བྱ་སྟེ། །རྡོ་རྗེ་གསུམ་མཆོག་ཕྱག་མི་བྱ། །དཀྱིལ་འཁོར་ལ་སོགས་ལུས་ཀྱི་ལས། །རྨི་ལམ་དུ་ཡང་མི་བྱའོ། །སློབ་དཔོན་གཞན་ལ་ཕྱག་མི་བྱ། །བླ་མའི་རྒན་རབས་ཕྱག་འཚལ་ལོ། །རྟག་པར་རྒྱུན་དུ་སྔགས་བཟླས་ཤིང༌། །བསམ་གཏན་ཉིད་དང་འབྲལ་མི་བྱ། །རྟག་ཏུ་སློབ་མ་བསྡུ་བྱ་ཞིང༌། །རྟག་པ་རུ་ནི་བཤད་པར་གྱིས། །རྟག་ཏུ་སེམས་ཅན་བསྐྱང་བར་བྱ། །རྟག་ཏུ་སངས་རྒྱས་ཆེར་མཉེས་བྱ། །ཛམྦྷ་ལ་ལ་ཆུ་སྦྱིན་ཞིང༌། །ལས་རྣམས་ཐམས་ཅད་ཡང་དག་སྤྱད། །བྱེ་མའི་མཆོད་རྟེན་ལས་ལ་ཡང༌། །མཁས་པས་ཆོ་ག་བཞིན་དུ་བྱ། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །རྡོ་རྗེ་སྡོམ་པ་བྱིན་ནས་སུ། །བུམ་པའི་དབང་ནི་བསྐུར་ནས་ཀྱང༌། །རྡོ་རྗེ་ཐབ་ཁུང་རབ་སྦྱོར་བས། །སྦྱང་བར་ཡང་དག་བསྟན་པའོ། །ཉི་མ་དག་ནི་གསུམ་པ་ན། །རུས་པའི་ཕྲེང་བ་བསྡུ་བར་བྱ། །འོ་མ་དྲི་བཟང་བསང་གཏོར་ནས། །དེ་ཡིས་མཆོད་རྟེན་ཡང་དག་བརྩམ། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །དེ་ནས་རྡོ་རྗེ་འཛིན་རྒྱལ་ནི། །དབུགས་དབྱུང་ཐམས་ཅད་རབ་རྩོལ་བས། །དམ་ཚིག་རྡོ་རྗེ་བསྲུང་དོན་དུ། །སྦས་པའི་སྤྱོད་ཡུལ་འདི་གསུངས་པའོ། །ཞེས་བྱ་བ་ནི་རྒྱུད་གྱི་དུམ་བུའོ། །དང་པོ་རྡོ་རྗེ་དེ་ཉིད་དེ། །དྲིལ་བུ་ཡང་ནི་གཉིས་པའོ། །གསུམ་པ་ཕྲེང་བའི་དེ་ཉིད་དེ། །བཞི་པ་ཡེ་ཤེས་བསྟན་པའོ། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །གླེགས་བམ་དང་ནི་བྲིས་སྐུ་གཉིས། །སྐལ་མེད་མཐོང་ན་དངོས་གྲུབ་མེད། །ཡང་དག་རང་བཞིན་ལྡན་པ་ལ། །རེས་འགའ་ཙམ་ཞིག་བསྟན་པ་ཉིད། །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །ན་དང་ག་ཧ་དང་པོ་དང༌། །མཐའ་ཡི་ཤྭ་དང་དང་པོའི་ཤྭ །ཀྱེ་ཡི་རྡོ་རྗེའི་དངོས་གྲུབ་ཕྱིར། །བདུད་རྩི་ལྔ་ཡང་དེ་བཞིན་བཟའ། །བཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །དུར་ཁྲོད་རི་ཡི་བྱ་སྐྱིབས་དང༌། །དེ་བཞིན་མི་མེད་གྲོང་ཁྱེར་རམ། །ཡང་ན་དབེན་པའམ་རྒྱ་མཚོའི་མཐར། །བཟའ་བ་འདི་ནི་རབ་ཏུ་བཟའ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །ཡི་དྭགས་ཟླ་ཕྱེད་བཅུ་བཞི་དང༌། །དེ་བཞིན་དུ་ཡང་བརྒྱད་པ་ཉིད། །རྒྱལ་མཚན་དང་ནི་མཚོན་བསྣུན་དང༌། །ལན་བདུན་པ་ཡང་བཟའ་བར་བྱ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །གཟུགས་ཅན་མ་དང་འོ་བྱེད་མ། །ལཱ་མཱ་ཡོངས་གྱུར་བྱིས་བཅས་མོ། །མི་ལྡོག་པ་དང་འདོད་པ་མོ། །འདི་དག་མཁའ་འགྲོ་བདུན་དུ་གསུངས། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །དབུས་སུ་ཀྱེ་ཡི་རྡོ་རྗེའི་གཟུགས། །ཇི་ལྟར་སྔར་བཞིན་གནས་ཤེས་ནས། །ཕྱོགས་དང་ཕྱོགས་བྲལ་དག་ཏུ་ཡང༌། །དེ་ནས་རྣལ་འབྱོར་མ་རྣམས་དགོད། །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །བདེ་ཞིང་རེངས་ཤིང་གར་དང་ནི། །གླུ་དང་རོལ་མོའི་སྒྲ་བྱེད་དང༌། །དྲི་དང་ཕྲེང་བ་བྱུག་པ་ཡི། །རིག་པའི་རྒྱལ་པོ་རབ་ཏུ་འགྲུབ། །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །དེ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བཤད་པར་བྱའོ། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །རྣལ་འབྱོར་པ་དམ་ཚིག་ཉམས་པས་བག་མེད་པར་སྐྱེ་བར་འགྱུར་ཏེ། ཡང་བྱང་ཆུབ་སེམས་དཔའི་དམ་ཚིག་ཡང་དག་པར་བླངས་པར་བྱས་ནས། མི་ཕྱེད་པ་སྡོམ་པ་གཟུང་བར་བྱ་སྟེ། དེའི་ཕྱིར་ཀུན་གྱི་སྡོམ་པ་དང་ལྡན་པ་ཡིན་ཞིང༌། དེ་ཁོ་ན་ཉིད་ལ་གནས་པས་ཕྱག་རྒྱའི་རྣལ་འབྱོར་ཞེས་བྱའོ། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །གང་ཟག་ཐམས་ཅད་ཀྱི་ཡན་ལག་ཐུན་མོང་བ་བསྟན་པའོ། །ལྟ་སྟངས་དགུག་དང་བརྡ་ཆེན་དང༌། །དོན་བྱེད་རྣམ་མང་བརྗོད་པ་དང༌། །རེངས་པར་བྱེད་དང་སྐྲོད་པ་ཉིད། །སྡེ་རེངས་བྱེད་དང་མངོན་སྤྱོད་དང༌། །དོན་བྱེད་རྣམ་མང་ཡེ་ཤེས་དང༌། །ལྷ་རྣམས་ཇི་ལྟར་འབྱུང་བའོ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །འཕོ་བའི་རྣལ་འབྱོར་མཚན་ཉིད་ཀྱི། །དེ་ཉིད་ཇི་ལྟར་རྡོ་རྗེ་ཉོན། །བཟང་པོའི་ལམ་གྱི་རྣལ་འབྱོར་པའི། །འགྲོ་བ་མཛེས་པ་ཁྱོད་ལ་བསྟན། །ཞེས་བྱ་བ་ནས། འཆི་བའི་དུས་ནི་ཐོབ་པ་ཡི། །འཆི་བའི་མཚན་མ་བསྟན་པ་ཉིད། །རིམས་ལ་སོགས་པས་མ་ཕྱེ་བའི། །འཕོ་བའི་རྣལ་འབྱོར་དམ་པ་ཉིད། །ཅེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །བུ་ག་དགུ་ཡི་སྟེང་མཆོག་ནས། །འཕྲལ་དུ་ཡིད་ཀྱིས་འཕོ་བྱེད་ན། །ཉིན་ཞིང་བྲམ་ཟེ་གསོད་པ་དང༌། །མཚམས་མེད་ལྔ་ནི་བྱེད་པ་དང༌། །ཆོམ་རྐུན་ལས་ཀྱི་ལོངས་སྤྱོད་དང༌། །འདི་ཡི་ལམ་གྱིས་གྲོལ་བར་འགྱུར། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །གང་ཟག་ཐ་མ་དང་འབྲིང་གི་ལམ་གྱི་ཡན་ལག་གོ །སྨན་འདི་དང་ལྡན་པས་རྣལ་འབྱོར་པ་ལོ་བརྒྱ་ཕྲག་སྟོང་ལ་སོགས་པར་གནས་པར་བྱའོ། །དུས་ཀྱི་འཆི་བ་མི་རིག་པར། །གང་ཞིག་རྣལ་འབྱོར་པར་འདོད་པར། །དེ་ཡི་ངལ་བ་དོན་མེད་ཅིང༌། །དེ་ཉིད་འབྲས་བུ་ཐོབ་མི་འགྱུར། །ཡོ་གི་ཤིན་ཏུ་མཉམ་གཞག་པ། །དེ་ལྟར་ཆོ་ག་ཡིས་ནི་སྔགས། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །མིག་སྨན་དང་ནི་རྐང་བྱུག་དང༌། །རལ་གྲི་ས་འོག་གྲུབ་པ་དང༌། །རིལ་བུ་མཁའ་ལ་སྤྱོད་པ་དང༌། །མི་སྣང་བ་དང་བཅུད་ཀྱིས་ལེན། །རིག་འཛིན་འཁོར་ལོས་སྒྱུར་བ་དང༌། །བུ་མོ་དམ་པ་དགུག་པ་ནི། །བདག་མཉེས་པས་ནི་སྒྲུབ་པ་པོས། །དངོས་གྲུབ་རྡོ་རྗེ་རྣམས་ཐོབ་བོ། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །འབྲིང་གི་དངོས་གྲུབ་བསྟན་པའོ། །ཆོས་འབྱུང་གྲོང་ཁྱེར་ཡིད་འོང་བར། །གལ་ཏེ་དངོས་གྲུབ་མི་སྟེར་ན། །རྡོ་རྗེ་སེམས་དཔའ་གསད་པར་བྱ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །བརྩེ་བས་དངོས་གྲུབ་དོན་དུ་ཡང༌། །ཅུང་ཟད་དྲོད་ནི་ཐོབ་པ་ནི། །གལ་ཏེ་སྤྱོད་པ་བྱེད་འདོད་པས། །གལ་ཏེ་འགྲུབ་འགྱུར་འདོད་ཡོད་ན། །འདིས་ནི་སྤྱོད་པ་སྤྱད་པ་ཉིད། །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །གང་ཞིག་འགྲོ་ལ་ཕན་པའི་ཕྱིར། །ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་གསུངས། །དེ་ལྟར་མཆོག་ཏུ་བསམས་བྱས་ནས། །ཤིན་ཏུ་གསང་བར་ཡོ་གིས་བསྒོམ། །རྟོག་པ་ཐམས་ཅད་བྲལ་བ་ཡི། །དམ་ཚིག་ལ་ནི་གནས་པར་བྱ། །རྒྱུ་མཐུན་འབྲས་བུའི་རང་བཞིན་ལས། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །བྱང་ཆུབ་ལ་ནི་སེམས་བཞག་ནས། །ཕྱོགས་ལས་རྒྱལ་བའི་སྤྱོད་པ་བརྩམ། །ཐབས་དང་ཤེས་རབ་ལྡན་པའི་བདག །སྦྱོར་བ་ཀུན་ལ་རྒྱབ་ཀྱིས་ཕྱོགས། །དེ་ཉིད་གོམས་ཤིང་ངལ་བྱས་པས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །གང་བཤད་འཇིགས་པའི་གཟུགས་ཅན་གྱི། །སྤྱོད་པ་ལོངས་སྤྱོད་ཕྱིར་མ་གསུངས། །ཡིད་ནི་བརྟན་ནམ་གཡོ་འམ་ཅི། །རང་གི་སེམས་ནི་སོ་སོར་བརྟག །ཅེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །སེམས་ཅན་དོན་བྱའི་རྒྱུ་རུ་ནི། །བློ་ལྡན་ཆེན་པོ་རྒྱུ་བར་བྱ། །ཞེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །གང་ཟག་དབང་པོ་རབ་ཀྱི་ལམ་གྱི་ཡན་ལག་སྤྱོད་པ་བསྟན་པའོ། །སྤྱོད་པའི་མཐར་ཉེ་བའི་རྒྱུ་སྟོན། ཉི་མ་གཅིག་གིས་འགྲུབ་པར་འགྱུར། །ཉི་མ་གསུམ་གྱིས་སྦྱོར་བ་དང༌། །དེ་བཞིན་དུ་ནི་ཉི་མ་བཅུ། །ཉི་མ་ལྔ་ཡི་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །མེ་ཏོག་ལ་སོགས་མཆོད་བྱས་ནས། །བསམ་གཏན་གནས་སུ་འདུག་པ་དང༌། །ཕྱག་རྒྱ་ལྷན་ཅིག་ཞུགས་ནས་ནི། །རྡོ་རྗེ་སྦྱོར་བ་ཡང་དག་བརྩམ། །རྡོ་རྗེ་ཉི་མ་ནུབ་པ་ན། །སྦྱོར་བ་འདི་ནི་ཡང་དག་བརྩམ། །ཉི་མ་འཆར་བའི་དུས་སུ་ནི། །འགྲུབ་འགྱུར་འདི་ནི་ཐེ་ཚོམ་མེད། །འདོད་ཆགས་ཆེན་པོ་རྗེས་ཆགས་པས། །འདོད་ཆགས་ཆེན་པོའི་རང་བཞིན་ལས། །ཆགས་ཆེན་ཏིང་འཛིན་གནས་ནས་ནི། །ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་བྱ། །ཤིན་ཏུ་དགའ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །ཉེ་བའི་རྒྱུ་བསྟན་པའོ། །ཐབས་ཀྱི་རྒྱུད་ཀྱི་མདོར་བསྡུས་པའི་དུམ་བུ་རྣམས་སོ།།  །།གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་ཉིད་དང༌། །ཚནྡོ་ཉེ་བའི་ཚནྡོ་ཉིད། །དེ་བཞིན་འདུ་བ་ཉེ་འདུ་བ། །འཐུང་གཅོད་ཉེ་བའི་འཐུང་གཅོད་ཉིད། །དུར་ཁྲོད་ཉེ་བའི་དུར་ཁྲོད་ཉིད། །འདི་རྣམས་ས་ནི་བཅུ་གཉིས་ཏེ། །ས་བཅུའི་དབང་ཕྱུག་མགོན་པོ་ཉིད། །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་ཅན། །ཚནྡོ་མངོན་དུ་གྱུར་པར་ཤེས། །ཉེ་བའི་ཚནྡོ་སྦྱང་དཀའ་བ། །འདུ་བ་རིང་དུ་སོང་བ་ཉིད། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཕ་རོལ་ཕྱིན་བཅུའི་ས་རྣམས་ལ། །རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། །བུ་ལ་སོགས་པ་ཅི་གསུངས་པ། །ཕྱི་དང་ནང་དུ་ཡང་དག་བསམ། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །ཕྱག་རྒྱའི་དངོས་གྲུབ་དངོས་གྲུབ་ཆེ། །དངོས་གྲུབ་ཀུན་གྱི་སྤྱོད་ཡུལ་མིན། །དེ་དུས་དེ་ཡི་ལུས་ཐོབ་ཅིང༌། །སྐད་ཅིག་ན་ནི་བདེ་ཆེན་ཚུལ། །སྐད་ཅིག་ན་ནི་དེ་འཁོར་ལྡན། །བསྒོམ་པ་དང་ནི་སྔགས་ཉིད་དག སྐད་ཅིག་སངས་རྒྱས་རྣམ་སྣང་མཛད། །སྤྱན་གྱིས་ཕྲག་ནས་འཁྱུད་པའོ། །ཞེས་བྱ་བ་ནས། ཐམས་ཅད་འདྲེན་པར་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །གང་དུ་རིག་མའི་སྐྱེས་བུ་གྲུབ་པ་དེ་འདི་ལྟ་བུའི་ཕུན་སུམ་ཚོགས་པ་འབྱུང་སྟེ། ས་འདི་དགའ་ཞིང་མགུ་ལ་རྣམ་པ་དྲུག་ཏུ་གཡོས་ཏེ། བདུད་ཀྱི་གནས་སུ་ཆ་ལང་ལྟ་བུའི་སྒྲ་གྲག་པ་དང༌། ཞེས་བྱ་བ་ལ་སོགས་པ་རྒྱུད་སྡེའི་དུམ་བུའོ། །འབྱུང་པོ་འགྲོ་དང་འོང་བ་ནི། །རང་གི་ཀུན་མཁྱེན་ལྟ་བུར་གཟིགས། །སངས་རྒྱས་སངས་རྒྱས་སྲས་པོ་དང༌། །ཡན་ལག་ཀུན་དང་བུ་ག་ཀུན། །མགོ་ཡི་དྲྭ་བ་སྐུད་པར་བཅས། །ལུས་འདི་ཡོད་མིན་ལྟར་གཟིགས་ཤིང༌། །སྐད་ཅིག་ཀྱེ་རྡོ་རྗེ་གཟུགས་འཛིན། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །སངས་རྒྱས་ཉིད་དོ། །དེ་ཅི་ལགས། རྣམ་པ་ཐམས་ཅད་མཁྱེན་པའོ། །དེ་ཅི་ལགས། ལུས་ཅན་འདི་ནི་བདེན་པའོ། །དེ་རྒྱུ་ཅིའི་སླད་དུ་ཞེ་ན། རྡོ་རྗེ་འཛིན་པས་བཀའ་སྩལ་པ། འདི་ལྟར་ང་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་ཞིང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའོ། །དེ་ཅི་ཕྱིར་ཞེ་ན། མི་འདྲ་བའི་ཕྱིར་བསྒྲུབ་པར་བྱ་བ་ཡིན་ནོ། །ཕྱག་ན་རྡོ་རྗེས་གསོལ་པ། ཅི་བཅོམ་ལྡན་འདས་བེམས་པོ་ལགས་སམ། རྡོ་རྗེ་འཛིན་པས་བཀའ་སྩལ་པ། ང་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་དེ་ཅི་ལགས། རྡོ་རྗེ་འཛིན་པས་བཀའ་སྩལ་པ། བདེན་པ་ཡང་མ་ཡིན་པ་དང༌། བརྫུན་པ་ཡང་མ་ཡིན་པ་དང༌། རྒྱུ་མ་ཡིན་པ་དང༌། རྐྱེན་མ་ཡིན་པ་དང༌། དེ་ལྟར་ང་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། ང་ཉིད་སོ་སོར་རྟོག་པའི་ཡེ་ཤེས་དང༌། དེ་ལྟར་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམ་པ་དང་བྲལ་བའི་བྱང་ཆུབ་དེ་སྐད་མ་སྨྲ་ཞིག ང་ཉིད་དངོས་པོ་དངོས་མེད་པར། །དང་པོའི་དེ་བཞིན་གཤེགས་པར་བརྗོད། །གཟུགས་མེད་གཟུགས་དང་ལྡན་པའི་མཆོག །ཟབ་མོ་ཞི་བའི་གཟུགས་དང་ལྡན། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །ཆགས་དང་འཇིག་པ་དག་གིས་ཀྱང༌། །ཐབས་དང་ཤེས་རབ་གནོན་མི་འགྱུར། །གང་ཕྱིར་ཐབས་ནི་འབྱུང་བ་ཉིད། །འཇིག་པ་ཤེས་རབ་སྲིད་མཐར་བྱེད། །དེས་ན་རབ་འཇིག་ཡོད་མ་ཡིན། །དེ་ཉིད་ལ་ནི་ཆགས་པ་མེད། །ལ་ལ་འཇིག་པས་འཇིག་པར་འགྱུར། །འཇིག་པའི་དངོས་མེད་ཟད་པ་མེད། །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །རིག་མའི་སྐྱེས་བུ་གྲུབ་པ་ནི། གང་དུའང་མི་འགྲོ། གང་དུའང་མི་གནས། ཐོག་མ་དང་ཐ་མ་དབུས་དང་བྲལ་བ། གཉིས་སུ་མེད་པ། གནས་གསུམ་དུ་སྣང་བ། ཞེས་བྱ་བ་ལ་སོགས་པ་རྒྱུད་སྡེའི་དུམ་བུའོ། །འདི་ནི་རང་བྱུང་བཅོམ་ལྡན་འདས། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །རིགས་དང་བྱང་ཆུབ་བྱེད་པ་དང༌། །དེ་བཞིན་དུ་ནི་ལྷར་གཤེགས་དང༌། །ཁྱིམ་ནས་འབྱུང་བར་བྱེད་པ་དང༌། །རབ་ཏུ་འབྱུང་བ་འཛིན་པ་དང༌། །སྐྱེ་བ་ཡོངས་སུ་ལེན་པ་དང༌། །ཡོངས་སུ་མྱ་ངན་འདའ་བ་སྟོན། །འདུལ་བའི་འཇིག་རྟེན་མཐོང་ནས་ནི། །འདི་ནི་གཟུགས་ནི་དུ་མར་བྱེད། །སངས་རྒྱས་སེམས་ཅན་བསྐྱབ་བཞེད་པས། །སངས་རྒྱས་གར་ནི་རོལ་པར་མཛད། །རི་བོང་སྟག་དང་སེང་གེ་དང༌། །གླང་པོ་རྣམས་ཀྱི་རིགས་སུ་ཡང༌། །སྙིང་རྗེ་ཕན་པའི་སེམས་ཀྱིས་ནི། །སངས་རྒྱས་གྲུབ་པ་སྐྱེ་བར་འགྱུར། །བུད་མེད་སྒྱུ་མའི་སྤྲོས་པ་ཡིས། །འདོད་ཆགས་ཅན་ལ་ཆོས་གསུངས་སོ། །བུད་མེད་སྒྱུ་མ་སངས་རྒྱས་ཉིད། །སྒྱུ་མ་ཐམས་ཅད་སེལ་བར་བྱེད། །ཅེས་བྱ་བ་ནི་རྒྱུད་ཀྱི་དུམ་བུའོ། །རིགས་ཀྱི་བུ་འདི་ལྟར་ཁྱད་པར་དུ་མར་རྨི་ལམ་ལྟ་བུར་སངས་རྒྱས་ཀྱི་རོལ་པར་མཆོག་ཏུ་སྟོན་པ་མཛད་དོ། །གང་ཞིག་གྲུབ་པ་སྒྱུ་མའི་ཚུལ་གྱིས་འགྲོ་བ་ཐམས་ཅད་ཀྱི་དོན་མཛད་དོ། །ཞེས་བྱ་བ་ནི་རྒྱུད་སྡེའི་དུམ་བུའོ། །འབྲས་བུའི་རྒྱུད་བསྟན་པའོ། །མངོན་པར་རྟོགས་པའི་གོ་རིམ་བཞིན་མདོར་བསྡུས་པའི་དུམ་བུའོ།།  །།ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡངྐུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཿ རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་ཀྱེ་ཡི་རྡོ་རྗེ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་རྣམས་ཀློག་པ་ད་ང༌། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་འགྱུར་བ། །དེས་ནི་སངས་རྒྱས་ཉིད་འགྲུབ་ཤོག །མ་བསྒྲལ་བ་དག་བསྒྲལ་བར་བགྱི། །མ་གྲོལ་བ་དག་གྲོལ་བར་བགྱི། །རྣལ་འབྱོར་གཙུག་ལག་བསྟན་བཅོས་ལ། །ད་ལྟ་ཉིད་དུ་འཇུག་འགྱུར་ཤོག །བླ་མའི་མན་ངག་གི་རྒྱུད་ཀྱི་མངོན་པར་རྟོགས་པའི་རིམ་པའི་དོན་བསྡུས་པའི་རྒྱུད་ཀྱི་རྟོགས་པར་དཀའ་བའི་མདོ། རྒྱུད་སྡེའི་དུམ་བུ་བརྒྱ་བཅུ་གསུམ་ཡོངས་སུ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*