བརྟག་པ་གཉིས་པའི་རྣམ་པར་བཤད་པ་མ་དག་པ་རྣམས་འཇོམས་པར་བྱེད་པའི་རྣམ་འགྲེལ་དག་ལྡན། ༣

ལས་གསད་པའི་ལྟ་སྟངས་གསུངས་སོ་ཞེ་ན། གསོ་བ་གྲུབ་ནའོ། །སྤྱིར་རྩ་བ་བཞི་ཚར་གཅད་དང་རྗེས་སུ་གཟུང་བ་གྲུབ་ན་གསད་པ་དང༌། ནམ་མཁའ་ལ་འགྲོ་བ་ལ་སོགས་པ་ཡན་ལག་གི་ལྟ་སྟངས་བསམ་གྱིས་མི་ཁྱབ་པ་གྲུབ་པ་དང་བཟློག་པ་གཉིས་ཀ་འགྲུབ་པས་རྩ་རྒྱུད་འདིར་བཞི་གསུངས་ལ། སཾ་པུ་ཊ་ལ་སོགས་པ་གཞན་ནས་སྤྲོ་བའང་གསུངས་སོ། །མདོར་ན་ཚར་གཅད་དང་རྗེས་གཟུང་གཉིས་ཀ་མ་གྲུབ་ན་སེམས་ཅན་ལ་གནོད་པར་འགྱུར་ལ། གཉིས་ཀ་གྲུབ་ན་ཉེས་པ་མེད་དེ་ཐེག་པ་ཆེན་པོ་ནི་སྙིང་རྗེ་གཙོ་བོར་གྱུར་པས་སེམས་ཅན་སྡུད་པའི་ཕྱིར་བྱ་བ་མ་ཡིན་པ་ཐམས་ཅད་བྱ་སྟེ། སེམས་ཅན་གྱི་དོན་དུ་བཀག་པ་རྣམས་ཀྱང་གནང་བའམ། སེམས་ཅན་ལ་གནོད་པ་མ་ཡིན་ན་རང་གི་རྟོགས་པ་འཕེལ་བར་བྱ་བའི་ཕྱིར་ཡང་ཞེས་བྱ་བར་དགོངས་སོ། །ན་དང་ག་ཧ་དང་པོ་དང༌། །ཞེས་བྱ་བ་ལ་སོགས་པས་བཟའ་བའི་དམ་ཚིག་བསྟན་ཏེ། ཤ་ལྔ་བདུད་རྩི་ལྔ་ནི་ལས་དང་པོ་པས་རི་ལུ་ཆོ་ག་བཞིན་བྱས་ཏེ་བཟའ་འོ། །གོམས་ནས་ནི་ཇི་ལྟར་རིགས་པས་སོ། །དེའི་དགོས་པ་ནི་ཀྱེའི་རྡོ་རྗེའི་དངོས་གྲུབ་ཀྱི་རྒྱུ་སྟེ། མཐར་ཐུག་ཏུ་རྟོག་པ་ཐམས་ཅད་ཞི་བར་བྱེད་པའོ། །གནས་སྐབས་སུ་ནི་མཁའ་འགྲོ་ཐམས་ཅད་འདུ་བ་དང་གྲུབ་པའི་ཕྱིར་དང་བཅུད་ལེན་དུ་འགྱུར་བའི་ཕྱིར་ཏེ། དཔལ་གསང་བ་འདུས་པ་ལས། ཤ་ཆེན་དམ་ཚིག་མཆོག་གིས་ནི། །རྡོ་རྗེ་གསུམ་མཆོག་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་དང༌། རྡོ་རྗེ་གུར་ལས། མི་བསྐྱོད་བརྟེན་པའི་རྣལ་འབྱོར་པ། །ནད་རྣམས་ཐམས་ཅད་རྣམ་པར་སྤངས། །ཞེས་བྱ་བ་ལ་སོགས་པའོ། །འདི་དག་ཀྱང་དེ་བཞིན་གཤེགས་པ་ལྔར་ཤེས་པའི་རྣལ་འབྱོར་པས་ཡིན་གྱི། གཞན་དུ་ཁྱི་ཕག་གི་སྤྱོད་པ་ཡང་འགྱུར་ཏེ། དགོངས་པ་ལུང་བསྟན་པ་ལས། གསང་བ་འདུས་པ་མི་ཤེས་པར། །སྦས་པའི་དམ་ཚིག་སྤྱོད་བྱེད་ཅིང༌། །ཁྱི་དང་ཕག་དང་ཁྭ་རྣམས་ཀྱི། །སྤྱོད་པ་དག་ནི་སྟོན་པར་བྱེད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་བས་ན་ཤ་ལྔའང་དེ་བཞིན་གཤེགས་པ་ལྔར་གདན་བཞི་པ་ལས་གསུངས་པ། རྡོ་རྗེ་ལྕགས་ཀྱུ་མི་བསྐྱོད་པ། །གནས་ཀྱི་ལྕགས་ཀྱུ་རིན་ཆེན་འབྱུང༌། །དོན་ཡོད་རྒྱལ་པོའི་ལྕགས་ཀྱུ་སྟེ། །དཔག་མེད་གཡོ་བའི་ལྕགས་ཀྱུ་ཡིན། །ལྕགས་ཀྱུ་ཆེ་ལ་དགོད་པ་ནི། །ཡེ་ཤེས་ལྔ་རུ་གསུངས་པའོ། །ཞེས་སོ། །བདུད་རྩི་ལྔ་ནི་རིགས་ལྔའི་ངོ་བོར་གནས་པ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། རིན་ཆེན་འབྱུང་ལྡན་ཁྲག་ཅེས་བསྟན། །སྣང་བ་མཐའ་ཡས་ཁུ་བར་བརྗོད། །དོན་ཡོད་གྲུབ་པ་ཤ་ཆེན་ཏེ། །མི་བསྐྱོད་པ་ནི་རྡོ་རྗེ་ཆུ། །རྣམ་པར་སྣང་མཛད་དྲི་ཆེན་ཏེ། །ཞེས་སོ། །འདི་དག་གི་དབྱེ་བའང་བླ་མའི་མན་ངག་དང་བཅུད་ཀྱིས་ལེན་གྱི་བསྒྲུབ་པའི་གཞུང་དུ་ཤེས་པར་བྱའོ། །བཟའ་བ། གཞན་ཡང་སྐྱེ་བ་བདུན་པ་སྟེ། ཀྱེ་ཡི་རྡོ་རྗེ་གསུངས་མཚན་ཉིད། །ཅེས་བྱ་བ་ལ་སོགས་པ་སྟེ་རྒྱུད་རྒྱས་པར་གསུངས་ཞེས་བྱ་བའི་དོན་ཏེ། འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆེ་བ་བསམ་གྱིས་མི་ཁྱབ་པའོ། །ཀུ་རུ་ཀུལླེའི་སྒྲུབ་ཐབས་ནི་ལྟ་སྟངས་ཀྱི་ཁྱད་པར་གྱི་རྣལ་འབྱོར་ཏེ། ཀུ་རུ་ཀུལླེ་རང་བྱུང་བཞུགས་པའམ། སྒྲོལ་མ་སྐུ་མདོག་དམར་མོའི་ཁྱད་པར་རོ། །དེའི་སྒྲུབ་པ་རྒྱས་པ་ནི་རྒྱུད་རྒྱས་པའི་དགུ་པར་མངོན་རྟོགས་གསུངས། དངོས་གྲུབ་ཀྱི་རྟགས་ནི་བརྟག་པ་བཅུ་གཉིས་པར་ཀུ་རུ་ཀུལླེས་དངོས་གྲུབ་ཐམས་ཅད་སྒྲུབ་པར་གསུངས་པ་དེ་དབང་གི་ལས་ཙམ་དུ་བསྡུས་པའོ། །དེའི་མངོན་པར་རྟོགས་པ་ནི། རང་ཉིད་ཀུ་རུ་ཀུལླེར་སྐད་ཅིག་གིས་བསྐྱེད་ལ། དེའི་ཐུགས་ཀར་ཧྲཱིཿབསམས་ཏེ་དེ་ལས་འོད་བྱུང་བས་བླ་མ་དང་ཀུ་རུ་ཀུལླེ་སངས་རྒྱས་དང་བཅས་པ་སྤྱན་དྲངས་ལ། དེ་ལ་མཆོད་པ་དང༌། བདུན་པོ་དག་པ་དང༌། ཚངས་པའི་གནས་བཞི་བསྒོམ་པ་དང༌། སྟོང་པ་ཉིད་ཀྱི་བར་ཁ་བསྐང་ངོ༌། །དེ་ནས། ཧྲཱིཿལས་བྱུང་བའི་ལྷ་མོ་ནི། །ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་ཆོ་ག་ཡན་ལག་གསུམ་ལས་བསྐྱེད་པའི་ཁ་དོག་དམར་མོ་ནི་དབང་གི་ཡིན་གྱི། ལྟུང་བ་ལ་ནག་མོ་དགུག་པ་ལ་སེར་མོ། རེངས་པ་ལ་ལྗང་གུར་བྱའོ། །དེ་ལྟར་དམ་ཚིག་པ་བསྐྱེད་ནས། ཡེ་ཤེས་པ་གཞུག་པ་དང་དབང་བསྐུར་ནས་དབུ་རྒྱན་ལ་སྣང་བ་མཐའ་ཡས་ཀྱི་བར་ཡན་ལག་བཞི་རྫོགས་པར་བྱས་ལ། ཐུགས་ཀའི་ཟླ་བར་ཧྲཱིཿལ་སྔགས་ཀྱིས་བསྐོར་བ་ལ་དམིགས་ལ་སྔར་གྱི་སྔགས་བཟླའོ། །དེ་ལ་གང་ཟག་དབང་པོ་རབ་བསྒོམས་པ་ཙམ་གྱིས་གྲུབ་པའོ། །འབྲིང་བཟླས་བསྒོམ་གཉིས་ཀྱིས་གྲུབ་པ་ནི་འབུམ་ཕྲག་གཅིག་ཅེས་བྱ་བ་ལ་སོགས་པའོ། །ཐ་མ་རྫས་སྦྱོར་ལ་སོགས་པ་ནི་ལེའུ་གཉིས་པ་དང༌། གཞན་ལས་ཀྱང་གསུངས་སོ། །ལེའུ་བཅུ་གཅིག་པ་ཚིགས་སུ་བཅད་པ་བཅོ་ལྔའི་རྣམ་པར་འགྲེལ་པ་བསྟན་ཟིན་ཏོ།།  །།ཀྱེའི་རྡོ་རྗེ་ནི་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་དོན་ཡིན་ལ། དེའི་རྣམ་པ་ནི་ཁྲོ་ཆགས་ཀྱི་སྐུའོ། །མཁའ་འགྲོ་མ་ནི་དོན་ཆོས་ཀྱི་སྐུ་ནམ་མཁའ་ལྟར་མི་རྟོག་པས་མཁའ་འགྲོ་མ་ཡིན་ལ། དེའི་རྣམ་པ་གཟུགས་ཀྱི་སྐུ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བས་མཁའ་འགྲོའི་སྐུར་སྟོན་པའོ། །དྲྭ་བ་ནི་སྒྱུ་མའམ་ཚོགས་སོ། །སྡོམ་པ་ནི་སཾ་བ་ར་སྟེ། སཾ་སུ་ཁ་བདེ་བ། བ་ར་མཆོག་སྟེ་བདེ་བ་མཆོག་གོ །དེ་ལྟ་བུའི་བརྗོད་བྱ་སྟོན་པ་ནི་རྗོད་བྱེད་ཀྱི་རྒྱུད་དོ། །དེའང་བརྟག་པ་དང་པོ་མངོན་པར་རྟོགས་པའི་རིམ་པ་བཞིན་བསྟན་པའི་ཕྱིར། རྡོ་རྗེ་སྙིང་པོ་ཞེས་སྨོས་ཏེ། རྡོ་རྗེ་སྙིང་པོར་གྱུར་པས་རྡོ་རྗེ་སྙིང་པོ་སྟེ་རྒྱུ་དང་ལམ་དང་འབྲས་བུ་གསུམ་མོ། །དེ་ལྟར་ཡང་རྡོ་རྗེ་རྩེ་མོ་ལས། གདུལ་བྱ་འཕགས་པའི་སྐྱེས་མཆོག་ཉིད། །དེ་ནི་རྡོ་རྗེ་སྙིང་པོར་བརྗོད། །ཅེས་སོ། །དེའི་མངོན་རྟོགས་ཡིན་པས་ན་མངོན་པར་བྱང་ཆུབ་པའོ། །བརྟག་པ་ནི་རྟོག་པས་བརྟགས་པ་སྟེ། ཆོས་ཐམས་ཅད་བརྗོད་པ་དང་བྲལ་ཡང་སྒྲར་བརྟགས། གཟུགས་མེད་ཀྱང་གཟུགས་སུ་བརྟགས་ཏེ་ཉམས་སུ་བླང་བར་སྟོན་པ་ནི། ཆོས་ཀུན་ཚིག་གི་སྤྱོད་ཡུལ་མིན། །སྒྲ་རུ་ཡང་ནི་འདི་རུ་བརྟགས། །ཆོས་ཀུན་རྟོག་པའི་སྤྱོད་ཡུལ་མིན། །རྟོག་པར་ཡང་ནི་འདི་རུ་བསྟན། །དེ་བས་ངོ་མཚར་ཆོས་འདི་ལ། །རྟོག་པས་བརྟག་པ་ཡིན་པར་བཤད། །ཅེས་རྡོ་རྗེ་རྩེ་མོ་ལས་སོ། །དེ་ཉིད་བསྡུས་པ་ལས། སངས་རྒྱས་རྣམས་ཀྱི་རྟོག་མེད་པའི། །ཡེ་ཤེས་རྟག་པ་ཉིད་འགྱུར་བ། །མི་རྟོག་པ་ཡི་ཡེ་ཤེས་ལ། །བརྟགས་པས་རྟོག་པ་ཞེས་བརྗོད་དོ། །ཞེས་གསུངས་པའི་ཕྱིར་རོ། །བརྟག་པ་དང་པོའི་ཚིགས་སུ་བཅད་པ་སུམ་བརྒྱ་དང་ཉི་ཤུ་རྩ་ལྔའི་རྣམ་པར་བཤད་པའོ། །རྫོགས་སོ།།  །།སྤྲོས་བྲལ་བདེ་ཆེན་ལྷན་ཅིག་སྐྱེས། །ཆོས་དབྱིངས་ཡེ་ཤེས་བདག་མེད་མར། །ཕྱག་འཚལ་བླ་མའི་གསུང་བཞིན་དུ། །བརྟག་པ་གཉིས་པའི་བཤད་སྦྱར་བྲི། །དེ་ལྟར་བརྟག་པ་དང་པོ་མངོན་པར་རྟོགས་པའི་རིམ་པ་དང་སྦྱར་ནས་རྩ་བའི་རྒྱུད་ཀྱི་ཚུལ་དུ་བསྟན་ནས། བརྟག་པ་གཉིས་པ་རྒྱུད་ཕྱི་མའི་ཚུལ་དུ་འཆད་དོ། །དེའང་ཇི་ལྟར་རྒྱུད་ཕྱི་མ་ཡིན་སྙམ་ན། སྔ་མ་ལ་མ་ལྟོས་པའི་མངོན་པར་རྟོགས་པ་སོ་སོར་སྟོན་པ་ཡིན་ན་རྒྱུད་ཕྱི་མ་མ་ཡིན་མོད། འདི་ནི་སྔ་མའི་བཤད་པ་ཉིད་དུ་སྟོན་ཏེ། སྤྱོད་པའི་ལེའུ་ལས་གང་བཤད་པ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བྱེད་དོ། །དེ་བས་ན་རྒྱུད་འདི་མཐའ་དག་གིས་གང་ཟག་གཅིག་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆ་རྐྱེན་དུ་སྟོན་ལ། དེ་ནི་དམིགས་པར་བྱ་བའི་ཡུལ་འབྲས་བུའི་རྒྱུད་དང༌། དེ་ཐོབ་པར་བྱེད་པའི་ཐབས་ལ་རིམ་པ་གཉིས་འཁོར་དང་བཅས་པ་དང༌། དེ་ཉམས་སུ་ལེན་པ་ལ་སྣོད་དུ་རུང་བ་དགོས་པས་སྨིན་པར་བྱེད་པ་དབང་བསྐུར་བ་སྟེ། མངོན་པར་རྟོགས་པའི་གཙོ་བོ་རྣམས་རིམ་པ་བཞིན་བརྟག་པ་དང་པོར་བསྟན་ལ། བརྟག་པ་གཉིས་པ་འདིས་དེ་དག་གི་མ་ཚང་བ་ཁ་བསྐང་བ་དང་མི་གསལ་བ་གསལ་བར་བྱེད་པས་རྒྱུད་ཕྱི་མར་འཆད་དོ། །ལེའུའི་འབྲེལ་གྱི་དབང་དུ་བྱས་ན་སྤྱིར་རྒྱུད་ཕྱི་མ་འདིར་མི་གསུང་ཡང་ཅུང་ཟད་ཙམ་བརྗོད་ན། དེ་ལྟར་དབང་ཐོབ་པས་སེམས་ཅན་གྱི་དོན་བྱེད་པ་ལ་ལྟ་སྟངས་ཀྱི་སྒོ་ནས་སེམས་ཅན་གདུག་པ་ཅན་གཞུག་པ་བསྟན་ནས། གདུལ་བྱའི་སྐྱེ་བོ་དམན་པ་རྣམས་རྗེས་སུ་གཟུང་བའི་ཕྱིར་རབ་ཏུ་གནས་པ་དང་སྦྱིན་སྲེག་སྟོན་ཏོ་ཞེས་བྱ་བར་འབྲེལ་ལོ། །དེ་ལ་དུམ་བུ་བཅུ་གཉིས་སུ་གནས་པ་ལས་ཐམས་ཅད་ལ་ལྔ་ལྔ་སྟེ། བརྗོད་བྱ་དང༌། རྗོད་བྱེད་དང༌། མངོན་པར་རྟོགས་པ་དང༌། བཤད་པའི་རྒྱུད་ཀྱི་ཐད་སོ་གང་གིས་འཆད་པ་དང༌། རྩ་བའི་རྒྱུད་ཀྱི་ཐད་སོ་གང་དུ་ཁ་བསྐང་བའོ། །དེ་ལས་ལེའུ་དང་པོ་འདིའི་བརྗོད་བྱ་ནི་སྤྱི་དོན་ཡིན་ཞིང༌། རྗོད་བྱེད་ཡན་ལག་དང་ཡི་གེས་འཆད་དོ། །འདིའི་མངོན་པར་རྟོགས་པ་ནི་གཙོ་བོར་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་མངོན་པར་རྟོགས་པ་ལྔ་ལས་སྐུ་གཟུགས་ལ་སོགས་པ་བྱིན་གྱིས་བརླབ་པའི་དོན་དུ་རབ་ཏུ་གནས་པ་དང༌། ལས་མཐའ་དག་བསྒྲུབ་པའི་ཕྱིར་སྦྱིན་སྲེག་དང་འབྲེལ་ལོ། །བཤད་པའི་རྒྱུད་ནི་རྡོ་རྗེ་གུར་གྱི་ལེའུ་དགུ་པ་དང་བརྒྱད་པ་དང་བཅུ་བཞི་པ་དང༌། སཾ་པུ་ཊའི་བདུན་པའི་དང་པོ་དང་བདུན་པ་དངོས་དང་སྦྱར་བར་བྱའོ། །རྩ་བའི་རྒྱུད་ཀྱི་ལེའུ་གཉིས་པར་ཁ་བསྐངས་ལ། ཡང་ན་རྡོ་རྗེ་སློབ་དཔོན་གྱི་ལས་ནི་དབང་བསྐུར་བ་དང་རབ་ཏུ་གནས་པ་དང་སྦྱིན་སྲེག་གསུམ་གཙོ་བོ་ཡིན་ལ། དེའང་རབ་ཏུ་གནས་པའི་རྒྱུད་ལས། དཀྱིལ་འཁོར་སྦྱིན་སྲེག་མ་གཏོགས་པར། །རབ་གནས་གཞན་དུ་བསྟན་ཡོད་མིན། །ཞེས་གསུངས་པ་ལྟར་རབ་གནས་ནི་དཀྱིལ་འཁོར་དང་འབྲེལ་ལ། སྦྱིན་སྲེག་ནི་ལྷ་མཆོད་པ་ཉིད་ཀྱི་ཕྱིར་ཡང་ལེའུ་བཅུ་པར་མ་ཚང་བ་ཁ་བསྐང་བ་ཡིན་ནོ། །དེ་ལྟར་དོན་ལྔ་ལྔས་ལེའུ་འོག་མ་རྣམས་ལ་ཡང་ཞིབ་ཏུ་སྦྱར་བར་བྱའོ། །གཞུང་གི་དོན་ལ་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་རྣམས་ནི་ལེའུ་བཅུ་པར་མ་གསུངས་པས་ཞུས་པ་སྟེ། སངས་རྒྱས་ཐམས་ཅད་གཅིག་བསྡུས་པ་ནི་དོན་དམ་པར་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པར་འདུས་པས་དེ་ལ་ནི་རབ་ཏུ་གནས་པ་ལ་སོགས་པ་བྱར་མེད་ཀྱང་ཀུན་རྫོབ་ཏུ་ལས་དང་པོ་པ་སྤྲོས་པ་དང་ལྡན་པ་རྣམས་ལ་རྟེན་གཅིག་ལ་དེ་བཞིན་གཤེགས་པ་ཐམས་ཅད་སྡུད་པར་བྱེད་པའོ། །དེ་བས་ན་དེ་བྱིན་གྱིས་རློབ་པས་ན་རབ་ཏུ་གནས་པ་ཞེས་བྱ་ལ། དེས་སེམས་ཅན་ཐམས་ཅད་ཀྱི་དོན་ནུས་པའི་ཕྱིར་སྤྱན་དབྱེ་བ་ཞེས་བྱ་ཞིང༌། མཆོད་པའི་འོས་སུ་གྱུར་པའི་ཕྱིར་མངའ་དབུལ་བ་ཞེས་ཀྱང་བྱའོ། །མཚན་ཉིད་བཟང་པོ་ནི་ཆོ་ག་ཡོངས་སུ་དག་པ་ལས་བྱུང་བའི་ཕྱིར་བཟང་ཞིང་དགེ་བ་སྟེ་བཟང་པོ་དྲུག་གོ །རིམ་པ་ཇི་ལྟར་ཞེས་བྱ་བ་ནི། དེ་དང་འབྲེལ་པའི་སྦྱིན་སྲེག་ཀྱང་ཞེས་བྱ་བར་དགོངས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ལན་སྟོན་ཏེ། འདི་ལ་སྤྱིའི་དོན་དང་ཡན་ལག་གི་དོན་གཉིས་ལས། དང་པོ་ལ་བཟང་པོ་དྲུག་སྟེ། རྟེན་དང༌། དུས་དང༌། སློབ་དཔོན་དང༌། གནས་དང༌། ཡོ་བྱད་དང༌། ཆོ་ག་ཡོངས་སུ་དག་པ་བཟང་པོ་སྟེ་དེ་དག་ཀྱང་རྒྱུད་ཀྱི་མངོན་པར་རྟོགས་པར་བལྟ་བར་བྱའོ། །ཡན་ལག་གི་དོན་ལ་ཆོ་གའི་རིམ་པ་དང༌། སློབ་དཔོན་གྱི་མཚན་ཉིད་དང༌། མཆོད་པའི་ཆོ་ག་སྟེ། གཞུང་ལ་དུམ་བུ་གསུམ་དུ་གནས་པ་ལས། དང་པོ་ནི། ཅི་གསུང་སྦྱིན་སྲེག་བྱས་ནས་ནི། །ཞེས་བྱ་བ་ལ་སོགས་པའོ། །གཉིས་པ་ནི། སྔགས་ཀྱི་ཕ་རོལ་ཏུ་སོན་པ་སྟེ། དེ་ཉིད་བཅུ་ལ་སོགས་པ་ཤེས་པ་དང༌། སྔོན་ཆད་དེ་སྔགས་ཀྱི་ཕ་རོལ་ཏུ་སོན་པ་དང༌། རབ་མཐོང་སྟེ་སྔོན་ཆད་ལས་ཀྱི་ཆོ་ག་མཐོང་བ་དང༌། རང་འདོད་ལྷ་མཉམ་སྟེ་རྣལ་འབྱོར་ལ་གནས་ཤིང་བསྙེན་པ་རྫོགས་པར་བྱས་པའོ། །གསུམ་པ་ནི། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ཞེས་བྱ་བ་ལ་སོགས་པའོ། །ཚིག་གི་དོན་ནི་གོ་སླའོ། །ཞི་བར་ཞེས་བྱ་བ་ལ་སོགས་པས་སྦྱིན་སྲེག་སྟོན་ཏེ། དེའང༌། གསང་སྔགས་མ་བཟླས་མི་འགྲུབ་ཅིང༌། །སྦྱིན་སྲེག་མ་བྱས་འབྲས་མི་འབྱིན། །གསང་སྔགས་འབུམ་ཕྲག་གཅིག་ལ་ནི། །སྦྱིན་སྲེག་ཁྲི་ཕྲག་བྱ་བར་བཤད། །ཅེས་འབྱུང་བས་ན་སྔགས་མ་གྲུབ་པ་གྲུབ་པར་བྱེད་པ་དང༌། གྲུབ་པའི་འབྲས་བུ་མྱུར་དུ་འབྱིན་པར་བྱེད་པའོ། །ཡང་དབང་བསྐུར་བ་དང་རབ་ཏུ་གནས་པ་དང་ཡང་འབྲེལ་ཏེ། དེ་ཡང་སྟ་གོན་གྱི་དུས་སུ་སློབ་དཔོན་དང་སློབ་མའི་སྡིག་པ་ཞི་བར་བྱ་བའི་ཕྱིར་ཞི་བའི་སྦྱིན་སྲེག དངོས་གཞི་ལ་ལྷ་ཚིམ་པར་བྱ་བའི་ཕྱིར་རྒྱས་པའི་སྦྱིན་སྲེག མཇུག་ཏུ་ལྷག་ཆད་ཁ་བསྐང་བའི་ཕྱིར་ཞི་བའི་སྦྱིན་སྲེག་གོ །སྦྱིན་སྲེག་གི་ཆོ་ག་ལ་སྦྱོར་བ་དང་དངོས་གཞི་དང་མཇུག་གསུམ་པོ་རེ་རེ་ལ་ཆོས་དྲུག་དྲུག་སྟེ་དྲུག་གསུམ་བཅོ་བརྒྱད་དུ་ཤེས་པར་བྱ་སྟེ། མངོན་པར་རྟོགས་པར་བལྟ་བར་བྱའོ། །མ་མ་རིན་ཆེན་ཞེས་བྱ་བ་ནི་སའི་ལྷ་མོ་ལ་མཁྱེན་པར་གསོལ་བ་སྟེ། འདི་ནི་དཀྱིལ་འཁོར་དང་རབ་གནས་དང༌། སྦྱིན་སྲེག་གསུམ་ཀ་དང་འབྲེལ་པ་ཡིན་ནོ། །ཚིག་གི་དོན་ལྷག་མ་རྣམས་རྟོགས་པར་སླའོ། །རབ་གནས་ཀྱི་ལེའུ་ཚིགས་སུ་བཅད་པ་བཅོ་ལྔའི་རྣམ་པར་འགྲེལ་པ་བསྟན་ཟིན་ཏོ།།  །།ད་ནི་ལེའུ་གཉིས་པ་བསྟན་པར་བྱ་སྟེ། དེ་ལ་ལེའུའི་འབྲལ་ཅུང་ཟད་ཙམ་བརྗོད་ན། དེ་ལྟར་རྡོ་རྗེ་སློབ་དཔོན་དུ་དབང་ཐོབ་པ་དེས་སེམས་ཅན་དམན་པ་རྗེས་སུ་འཛིན་པའི་རབ་གནས་དང་སྦྱིན་སྲེག་གསུངས་ཀྱང༌། མཆོག་རྗེས་སུ་འཛིན་པའི་མཆོག་གི་དངོས་གྲུབ་གསལ་བར་བསྟན་པར་བྱ་བའི་ཕྱིར་ལེའུ་གཉིས་པ་གསུངས་སོ། །ལེའུ་འདིའི་བརྗོད་པར་བྱ་བའི་དོན་ནི་སྤྱི་དང་སྦས་པ་མཐར་ཐུག་གསུམ་ཀ་ཡིན་ལ། རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་ཡི་གེ་བསྡུས་དོན་གསུམ་ཀ་ཡིན་ཞིང༌། མངོན་པར་རྟོགས་པ་ནི་ལྟ་བ་ཞར་ལས་འབྱུང་བའི་མཆོག་གི་དངོས་གྲུབ་སྒྲུབ་པའི་མངོན་པར་རྟོགས་པ་ལྔ་ཀ་ཡིན་ནོ། །བཤད་པའི་རྒྱུད་ནི་མཆོག་གི་དངོས་གྲུབ་ཀྱི་མངོན་པར་རྟོགས་པ་ལྔ་སྟོན་པ་ཐམས་ཅད་ཡིན་མོད་ཀྱང༌། བྱེ་བྲག་ཅུང་ཟད་བརྗོད་ན། རྡོ་རྗེ་གུར་གྱི་ལེའུ་བཞི་པ་དང་བཅུ་གཉིས་པ་ནས་བསྐྱེད་རིམ་གྱི་གནས་དང་བསྒོམ་ཚུལ་ཅུང་ཟད་བསྟན། ལེའུ་བཅུ་པ་དང་བཅོ་ལྔ་པ་ནས་སྤྱོད་པ་དང་ཉེ་རྒྱུ། བཅུ་བཞི་པ་ནས་རིམ་པ་གཉིས་ཀྱི་ངག་ཅུང་ཟད་གསུངས་སོ། །སཾ་པུ་ཊའི་གཉིས་པའི་གསུམ་པའི་སྟོད་དང༌། ལྔ་པའི་འོག་མ་གཉིས་དང༌། དྲུག་པ་དངོས་དང༌། དགུ་པའི་དང་པོ་དང་བཅུ་པའི་དང་པོ་དང་འབྲེལ་ལ། བརྟག་པ་དང་པོ་དངོས་ནས་རིམ་པ་གཉིས་ཀྱི་ངག་ཅུང་ཟད་འབྱུང་བ་ཡིན་ནོ། །རྩ་བའི་རྒྱུད་ཀྱི་གང་དུ་ཁ་བསྐང་ན། ལེའུ་གསུམ་གྱི་གནས་སྐབས་བཞིར་ཁ་བསྐང་སྟེ། ལེའུ་དང་པོར་ལྷའི་རྣལ་འབྱོར་གྱིས་གྲོལ་བར་གསུངས་པའི་དོན་གསལ་བར་བཤད་པ་དང༌། ལེའུ་དྲུག་པའི་སྤྱོད་པའི་དོན་གསལ་བར་བཤད་པ་དང༌། ལེའུ་བརྒྱད་པ་ཐུན་མོང་དུ་ཉེ་བའི་རྒྱུར་གསལ་བར་བྱ་བའི་ཕྱིར་བཤད་པ་དང༌། ལེའུ་དེ་ཉིད་ཀྱི་རིམ་པ་གཉིས་ཀྱི་དོན་གསལ་བར་བཤད་པའོ། །དང་པོ་ལ་ཞུས་པ་དང་ལན་གཉིས་ལས། ཞུས་པའི་དོན་ནི་ལེའུ་དང་པོར། དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང༌། །ཞེས་ལྷའི་དངོས་པོས་གྲོལ་བར་གསུངས་པ་ལ་ལྷ་གང་གི་རྣལ་འབྱོར་གྱིས་གྲོལ་བར་མ་གསུངས་པའི་དོན་གསལ་བར་བཤད་པ་ལ། ཡན་ལག་གི་དོན་བརྗོད་པར་བྱ་སྟེ། ནམ་མཁའ་ལྟ་བུའི་ཆོས་ཀུན་ལ། །ཞེས་བྱ་བ་ལ། ནམ་མཁའ་ནི་གཟུགས་ཅན་གྱི་གོ་འབྱེད་པའི་ཕྱིར་ཏེ། དེ་ལ་ནམ་མཁའ་མི་སྒྲིབ་པ། །ཞེས་བཤད་དོ། །དེ་དང་འདྲ་བས་ན་དེ་ལྟ་བུ་སྟེ་དགེ་བ་དང་མི་དགེ་བ་ལ་སོགས་པའི་གོ་འབྱེད་པའི་ཕྱིར་རོ། །དེ་ལྟ་བུའི་ཆོས་ཀུན་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་རྣམས་ལའོ། །ཆོས་དེ་རྣམས་ནི་རྒྱ་མཚོ་དང་ཡང་འདྲ་སྟེ་མཐའ་ཡས་ཤིང་འདོད་ཆགས་ལ་སོགས་པའི་ཆུ་སྲིན་ལ་སོགས་པས་རབ་ཏུ་གང་བའོ། །དེ་རྣམས་ལ་རང་གི་སེམས་ནི་ཀུ་བ་དང་འདྲ་སྟེ། ཇི་ལྟར་རྒྱ་མཚོར་ཀུ་བ་ཕྱོགས་ཀུན་ཏུ་རླུང་གིས་དེད་ནས་འཕྱོ་བ་དེ་བཞིན་དུ་དགེ་བ་དང་མི་དགེ་བའི་དབང་གིས་མཐོ་རིས་དང་ངན་སོང་ལ་སོགས་པ་རྣམས་སུ་འཕྱོ་བ་དེ་ལ་ཀུ་བ་ལུས་ཀྱིས་འདྲེན་པ་དང་འདྲ་བར་རང་གི་ལྷའི་སྐུས་འགྲུབ་པར་འགྱུར་རོ་ཞེས་གསུངས་ན། ལྷ་གང་གི་རྣལ་འབྱོར་གྱིས་འགྲུབ་པར་འགྱུར་ཞེས་ཞུ་བའི་དོན་ཏོ། །དེའི་ལན་ལ། བདག་མེད་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ནི་གང་ཟག་དང་ཆོས་ཀྱི་བདག་གོ །མེད་པ་ནི་དེས་སྟོང་པ་སྟེ་ང་མེད་ན་ང་ཡིར་འཛིན་པའང་མེད་པས་བདག་གཉིས་ཀྱིས་སྟོང་པའོ། །དེ་ནི་ལྟ་བའི་ཡེ་ཤེས་སམ། དེའི་རྣམ་པ་གང་ལ་ཡོད་པ་ནི་བདག་མེད་རྣལ་འབྱོར་ཏེ་ལེའུ་བརྒྱད་པར་བསྟན་པ་གང་ཡིན་པའོ། །ཡང་ན་དཔལ་ཤྲཱི་ཧེ་རུ་ཀ་ཞེས་བྱ་བ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་བྱ་བའོ། །དེའང་ལྟ་བའམ་ཡེ་ཤེས་སོ། །དེའི་རྣམ་པ་ནི་ཞལ་བརྒྱད་པ། ཕྱག་བཅུ་དྲུག་པ། ཞབས་བཞི་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པའོ། །གཞན་པའི་སེམས་ཀྱིས་ཞེས་བྱ་བ་ནི་བདག་མེད་གཉིས་དང་ཡེ་ཤེས་དང་བྲལ་བའི་ལྷ་གཞན་ཀུ་རུ་ཀུལླེ་ལ་སོགས་པ་ཤེས་རབ་ཀྱི་རྣལ་འབྱོར་གཞན་དང༌། ཕྱག་གཉིས་པ་ལ་སོགས་པ་ཐབས་ཀྱི་རྣལ་འབྱོར་གཞན་ལ་གནས་པར་མི་བྱའོ། །ཇི་ལྟར་ཞེ་ན། འབྲས་བུ་འབྱུང་བ་མེད་པའི་ཕྱིར་དང༌། དཔལ་གྱི་འོས་མ་ཡིན་པའི་ཕྱིར་རོ། །དེ་ལ་འབྲས་བུ་འབྱུང་བ་མེད་པ་ནི་སྤྱིར་གསང་སྔགས་འབྲས་བུ་ལམ་དུ་བྱེད་པས་རྒྱུ་འདྲ་བས་འབྲས་བུ་འདྲ་བ་སྒྲུབ་པར་བྱེད་པ་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཡིན་ལ། དེ་རྣམ་པ་གཞན་གྱིས་ཐོབ་པར་ག་ལ་འགྱུར། ལོངས་སྤྱོད་རྫོགས་པའི་སྐུ་དེ་ལྟར་བཞུགས་པར་ཅིས་ཤེས་སྙམ་ན། ཆོས་ཀྱི་སྐུའི་དབང་དུ་བྱས་ནས་རྣམ་པ་གཞན་དཔལ་གྱི་འོས་མ་ཡིན་པའི་ཕྱིར་ཏེ། ཆོས་ཀྱི་སྐུ་ནི་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་ཡིན་ལ། སྟོང་པ་ཉིད་ནི་ཕྱག་བཅུ་དྲུག་དང་རྟོགས་པའི་ཁྱད་པར་ནི་ཞལ་བརྒྱད་སྤྲུལ་ལ། སྙིང་རྗེའི་སྤྱོད་པ་ནི་བསྡུ་བའི་དངོས་པོ་བཞིའི་ཞབས་བཞིར་སྤྲུལ་ཏོ། །དེ་བས་ན་རྣམ་པ་འདིར་རིགས་སོ། །གལ་ཏེ་རྣམ་པ་དེ་ལྟ་བུ་གཞན་ལའང་སྦྱར་དུ་རུང་མོད་སྙམ་ན། བདེན་མོད་ཀྱི། བཅོམ་ལྡན་འདས་ཀྱི་ཆོས་རྣམས་ཀྱིས་གདུལ་བྱ་གང་དང་གང་གིས་འདུལ་བ་ལ་དེ་དང་དེའི་རྣམ་པ་གཙོར་སྟོན་པ་ཡིན་པས། རྒྱུད་འདིར་སྟོན་པས་དེ་ལྟ་བུའི་རྣམ་པར་འཕྲུལ་པ་གཙོ་བོར་གྱུར་པར་མཛད་ནས་ཆོས་གསུངས་སོ། །དེ་བས་ན་གཙོ་བོ་ཡིན་པའི་ཕྱིར་འདི་ཁོ་ན་བསྒོམ་པར་རིགས་སོ་ཞེས་བསྟན་གྱི། རྣམ་པ་ཐམས་ཅད་དུ་མི་འགྲུབ་ཅེས་པའང་མ་ཡིན་ནོ། །རྣམ་པ་དེ་ལྟར་ཡིན་པར་ཡང༌། འོག་ནས། ཕྱག་ནི་བཅུ་དྲུག་ཞལ་བརྒྱད་པ། །ཞེས་གསུངས་པས་ཤེས་པར་ནུས་སོ། །སློབ་དཔོན་འགྲེལ་པ་བྱེད་པ་གཞན་དག་ནི་དཔལ་ཧེ་རུ་ཀ་དང་བདག་མེད་མ་ནི་མཚོན་པ་ཙམ་དུ་ཟད་ཀྱི། དེས་མཚོན་ནས་ལྷའི་རྣལ་འབྱོར་གཞན་ཡང་གཟུང་ངོ༌། །གཞན་པའི་སེམས་ཞེས་བྱ་བ་ནི་བདག་དང་བཅས་པའམ། ཐ་མལ་པའི་སེམས་སམ། ཞི་གནས་ཀྱི་མཚན་མ་ཅན་ཡིད་ལ་བྱེད་པས་ཞེས་བྱ་བར་འཆད་དོ། །དེ་ལྟར་ལྷའི་རྣལ་འབྱོར་ལ་གནས་པ་དེས་གནས་གང་དུ་བསྒོམ་ཞེ་ན། དང་པོར་གོམས་པར་བྱེད་དུས་ཀྱི། །གནས་ནི་རང་ཁྱིམ་ཞེས་བྱ་བར་སྦྱར་ཏེ། རང་གི་ཁྱིམ་མམ་ཡིད་འཐད་པའམ་བཀྲ་ཤིས་པ་ནི་བློ་སྦྱང་བའི་གནས་ཡིན་ལ། ཕྱིས་གོམས་ནས་དུར་ཁྲོད་ལ་སོགས་པར་བྱའོ་ཞེས་ཤུགས་ལས་ཤེས་པར་ནུས་ཏེ། དེ་བཞིན་གཤེགས་པ་རིགས་ལྔ་སོ་སོའི་བསྒོམ་གནས་རྡོ་རྗེ་གུར་ལས་བཤད་པ་བཞིན་ནོ། །དུས་ནམ་བསྒོམ་ཞེ་ན། ལས་དང་པོ་པའི་དུས་ནི་སེམས་སྦྱོང་བ་ལ་གཡེང་བ་ཉུང་བས་མཚན་དུས་ཡིན་ལ། ཕྱིས་གོམས་ནས་ནི་རྐང་པ་འཁྱུད་པ་ལ་སོགས་པ་ཡིན་ནོ་ཞེས་བྱ་བའམ། ཡང་ན་མཚན་དུས་ནི་གཡེང་བ་ཉུང་བ་སྟེ་མཉམ་པར་བཞག་པར་བྱ་ལ། རྐང་པ་འཁྲུད་པ་ལ་སོགས་པ་ནི་མཉམ་པར་མ་བཞག་པའི་རྣལ་འབྱོར་དུ་བྱའོ། །དེ་ནས་ལེའུ་དྲུག་པའི་གསལ་བར་བྱེད་པ་ནི་བསམ་གཏན་འདི་ནི་ཉོན་མོངས་པ་ཐམས་ཅད་འཇིག་པར་བྱེད་པ་སྟེ་རྡོ་རྗེ་སྙིང་པོ་ཁྱོད་ལ་བཤད་དོ་ཞེས་སྦྱར་རོ། །དེ་ལྟར་རྣལ་འབྱོར་ལ་གནས་པ་རྣམས་ལ། ཅུང་ཟད་དྲོད་ནི་ཐོབ་པ་ན། །སྤྱོད་པ་སྤྱད་ཅེས་གསུངས་པ་ཡིན་ན། དྲོད་ཐོབ་པར་བྱེད་པའི་ཐབས་མྱུར་བའི་རྒྱུ་གང་ཡིན། དྲོད་རང་གི་ངོ་བོ་ནི་གང༌། དེ་ལྟ་བུ་ལ་གནས་ན་གང་ཟག་གང་གིས་ནི་འགྲུབ། སྤྱོད་པ་བསྒྲུབ་པའི་རིམ་པ་ནི་གང༌། ཀུན་འདར་གྱི་སྤྱོད་པའི་དགོས་པ་ནི་གང་ཡིན་ཞེས་རྣམ་པར་རྟོག་པ་ལྔ་བསལ་བའི་ཕྱིར། བརྩེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དྲོད་ཐོབ་པ་བརྟན་པར་བྱེད་པའི་ཐབས་ནི་རང་བྱིན་གྱིས་རློབ་པ་དང༌། དཀྱིལ་འཁོར་འཁོར་ལོ་སྟེ། དེ་དག་བསྒོམ་པའི་དུས་ནི་བདག་རང་གི་ཉམས་ལ་དྲོད་ཆེན་པོ་ངེས་པར་ཐོབ་བོ་སྙམ་པའི་ངེས་པ་བྱུང་བ་ན་ཟླ་བ་ཕྱེད་དུ་ཞེས་བྱ་བར་སྦྱར་རོ། །དགོས་པ་ནི་དྲོད་ཀྱི་དངོས་གྲུབ་ཀྱི་དོན་དུ་ཡང་ངོ༌། །བསྒོམ་པའི་ཚུལ་གྱི་གྲོགས་ནི། བརྩེ་བས་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལ་རོལ་པས་སོ། །བསམ་པ་ཐམས་ཅད་སྤང་བ་ནི་རྣམ་པར་རྟོག་པ་མ་ལུས་པའོ། །ཉི་མ་གཅིག་ཏུ་མ་ཆད་པ་ནི་སྐད་ཅིག་ཀྱང་བར་མ་ཆད་པའོ། །གང་བསྒོམ་སྙམ་ན་ལྷའི་གཟུགས་ཞེས་བྱ་བ་ནི་རང་བྱིན་གྱིས་བརླབ་པ་སྟེ་བདེ་བ་ལ་རོལ་བ་དང་ལུས་ལས་བྱུང་བས་ན་ལྷའོ། །ཡང་ན་རང་གཞན་དོན་ནི་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་འཁོར་ལོའི་ཐབས་བསྟན་ཏོ། །གལ་ཏེ་དེ་ལྟར་བསྒྲུབས་པས་བསམ་གཏན་ཉོན་མོངས་འཇིག་བྱེད་ཅེས་བྱ་བའི་དྲོད་སྐྱེད་པར་ནུས་སམ་སྙམ་ན་ཡིད་ཆེས་པར་བྱ་བའི་ཕྱིར་དེའི་རྟགས་དྲོད་རང་གི་ངོ་བོ་བསྟན་པ་ནི། འཇིགས་སྨྱོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་དྲོད་ཅེས་བྱ་བ་ནི་བསྒོམས་པ་ལས་བྱུང་བའི་རྣལ་འབྱོར་པའི་སེམས་ཀྱི་མཐུའོ། །དེ་ལ་ཆེ་འབྲིང་གསུམ་མོ། །དེ་ལ་དྲོད་ནི་རྣམ་པ་གསུམ་སྟེ། དེའི་དང་པོ་ནི་འཇིག་རྟེན་གྱི་ཆོས་ཀྱི་རྣམ་པར་རྟོག་པས་མི་རྫི་བ་སྟེ། འཇིགས་སྨྱོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེའང་འཇིག་རྟེན་གྱི་ཆོས་བསྟོད་པ་ལ་སོགས་པ་བརྒྱད་ལ་དགོས་པ་མེད་དོ་ཞེས་ངེས་པར་ཤེས་པ་ནི་མ་ཡིན་ཏེ། རང་གི་ནང་ནས་ཏིང་ངེ་འཛིན་གྱི་ཉམས་ཀྱི་སྣང་བ་ལ་ཐམས་ཅད་ལ་མཉམ་པ་ཉིད་དུ་འཆར་བ་སྟེ། སྟེའུ་དང་ཙནྡན་དུ་མཉམ་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དྲོད་འབྲིང་དང་ཆེན་པོ་ནི། ཕན་དང་གནོད་པའི་འབྲས་འབྱུང་བ། །ཞེས་བྱ་བ་སྟེ། ཕན་པ་ནི་རྗེས་སུ་གཟུང་བའོ། །གནོད་པ་ནི་ཚར་གཅད་པའོ། །དེ་དག་ཀྱང་སྔགས་ལ་སོགས་པ་ལས་བྱུང་བའི་ནུས་པ་ལྟ་བུ་མ་ཡིན་ཏེ། རང་གི་སེམས་ཀྱི་མཐུས་ཞེས་བྱ་བའོ། །དེ་དག་ཀྱང་ཚར་གཅད་དམ་རྗེས་སུ་གཟུང་བ་གང་རུང་ཞིག་ནུས་པ་ནི་འབྲིང་ཡིན་ལ་གཉིས་ཀ་ནུས་པ་ནི་ཆེན་པོའོ། །དེ་ལྟར་གྲུབ་ན་སྤྱོད་པ་སྤྱད་པར་གདམས་པ་ནི། དེ་ལྟར་ངེས་པར་ཤེས་ནས་ནི། །སྤྱོད་པ་སྤྱད་ཅེས་གསུངས་ཏེ། དེ་བས་ན་དེ་ཁོ་ན་ཉིད་དང་ལྡན་པའི་སེམས་ཀྱི་མཐུ་ཡོད་པ་རྣམས་ཀྱིས་སྤྱད་ན་འབྲས་བུ་འགྲུབ་པར་འགྱུར་ལ། དེ་ལྟ་མ་ཡིན་ན་ནི་ངུ་འབོད་དུ་གནས་པར་འགྱུར་ཞེས་བྱ་བའི་དོན་ཏེ། དཔལ་གསང་བ་གྲུབ་པ་ལས། དཔེར་ན་སྐྱེས་བུ་ལ་ལ་ཞིག །སྨན་དང་སྔགས་སོགས་མི་འཛིན་པར། །དུག་སྦྲུལ་མགོ་ལ་འཛིན་བྱེད་པ། །གཤིན་རྗེའི་ཁར་འགྲོ་ཁོ་ནར་ཟད། །དེ་བཞིན་དེ་ཉིད་མེད་བཞིན་དུ། །ངོ་མཚར་ཆེ་བ་ལྟར་བྱེད་པ། །ཇི་སྲིད་ནམ་མཁའ་གནས་ཀྱི་བར། །ཤི་བའི་འོག་ཏུ་དམྱལ་བར་འགྲོ། །ཞེས་གསུངས་པ་ལྟ་བུའོ། །གལ་ཏེ་སྤྱོད་པ་དེ་ལྟ་བུ་ལ་གནས་ཀྱང་སྡིག་པ་ཅན་ལ་སོགས་པ་དག་གིས་འགྲུབ་པར་མི་འགྱུར་རོ་སྙམ་ན། དེ་དག་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ་ཞེས་རྒྱུད་ཀྱི་ཆེ་བ་བསྟན་པའི་ཕྱིར། མཚམས་མེད་ལྔ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཚམས་མེད་ལྔ་ནི། ཕ་དང་མ་དང་དགྲ་བཅོམ་པ་གསོད་པ་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང༌། དགེ་འདུན་གྱི་དབྱེན་བྱེད་པའོ། །མ་རུངས་པའི་ལས་བྱེད་པ་ཞེས་བྱ་བ་ནི་དེ་དང་ཉེ་བ་ལྔ་བྱེད་པ་སྟེ། མ་དགྲ་བཅོམ་པ་སུན་བྱས་དང༌། །བྱང་ཆུབ་སེམས་དཔའ་ངེས་གནས་དང༌། །སློབ་པ་གསོད་དང་དགེ་འདུན་གྱི། །འདུ་བའི་སྒོ་ནི་འཕྲོག་པ་དག །མཚམས་མེད་པ་དང་ཆ་འདྲ་སྟེ། །ལྔ་པ་མཆོད་རྟེན་བཤིག་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །སྲོག་ཆགས་གསོད་ལ་དགའ་བ་ཞེས་བྱ་བས་ནི་མི་དགེ་བ་ལྷག་མ་རྣམས་ཀྱང་གཟུང་ངོ༌། །སྔར་ཡན་ཆད་དེ་ལྟར་སྤྱོད་པས་ཀྱང་འགྲུབ་སྟེ་མདོར་ན་ཉན་ཐོས་ཀྱི་ཐེག་པ་ལས་གང་འགྲུབ་པའི་གེགས་སུ་བཤད་པ་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་འདིར་འགྲུབ་པར་གསུངས་ཏེ། དཔལ་གསང་བ་འདུས་པ་ལས། གདོལ་པ་སྨྱིག་མ་མཁན་ལ་སོགས། །གསོད་དོན་དོན་དུ་སེམས་པ་པོ། །དེ་རྣམས་ཀྱིས་ཀྱང་ཐེག་པ་ཡི། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། །ཞེས་གསུངས་སོ། །གལ་ཏེ་དེ་ལྟར་ན་ཆོས་དང་ལྡན་པ་རྣམས་འགྲུབ་པར་མི་འགྱུར་རམ་སྙམ་ན། དགེ་བ་བཅུ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕ་རོལ་ཏུ་ཕྱིན་པས་བརྒྱུད་སྦྱང་བ་བྱས་པ་རྣམས་ནི་ངེས་པར་འགྲུབ་པར་འགྱུར་རོ། །དེ་ལྟར་སེམས་ཀྱི་མཐུ་ཐོབ་པ་རྣམས་ཀྱི་སྤྱོད་པ་བསྒྲུབ་པའི་རིམ་པ་བསྟན་པའི་ཕྱིར། ཟླ་བ་གཅིག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་དོན་ནི་འདི་ཡིན་ཏེ། ཐོག་མ་ཁོ་ནར་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་གནས་པས་དྲོད་ཆུང་ངུ་ཐོབ་པར་བྱའོ། །དེ་ནས་བདག་གི་རྟོགས་པ་དེ་བརྟན་ནམ་མི་བརྟན་ཞེས་བརྟག་པའི་ཕྱིར་ཉིན་མོར་ཟླ་བོ་དང་མཐུན་པའི་སྤྱོད་པ་བྱས་ལ། མཚན་མོར་ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་བྱའོ། །དེས་རྟོགས་པ་དེ་ལ་གནོད་པར་གྱུར་ན་སླར་ཡང་བསྡུས་ལ་བསྒོམ་པ་ལ་འབད་པར་བྱའོ། །རྟོགས་པ་ལ་མི་གནོད་པ་ནི་དྲོད་ཆུང་ངུ་ཐོབ་པར་ངེས་པ་ཡིན་པས། རང་གི་ཡུལ་འཁོར་ནས་སྤགས་ཏེ་སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པ་འཇིག་རྟེན་པའི་མངོན་དུ་སྤྱད་དེ། ཇི་སྲིད་དྲོད་འབྲིང་པོ་ཐོབ་ཀྱི་བར་ཡིན་གྱི་འདི་ལ་ངེས་པ་མེད་དོ། །དྲོད་འབྲིང་པོ་ཐོབ་པ་ན་ཀུན་འདར་འཇིག་རྟེན་པའི་མངོན་དུ་སྤྱད་ལ་ཀུན་ཏུ་བཟང་པོ་གསང་སྟེ་སྤྱོད་པ་རྣལ་འབྱོར་པར་ཁས་མི་ལེན་པའི་ཕྱིར་གསང་སྤྱོད་དུ་མིང་ཐོབ་པས་སྤྱོད་པ་ཟླ་བ་གཅིག་ཏུ་གསང་ལ་སྤྱད་ཅེས་བྱའོ། །དེ་ལ་གྲོགས་ཕྱག་རྒྱ་བཞི་སྟེ། དང་པོ་ནས་གོམས་པ་དང༌། ལུང་བསྟན་པ་དང༌། མཐུས་བཀུག་པ་དང༌། གྲུབ་པ་ཐོབ་པ་ལས། དང་པོ་ནི་ལེའུ་དྲུག་པ་ལས་གསུངས་པས། དང་པོ་ནས་གོམས་པའི་ཕྱག་རྒྱ་དང་ལྡན་པ་རྣམས་ལ་ནི་ལུང་བསྟན་པའི་ཕྱག་རྒྱ་མི་དགོས་ཀྱི། ལྷག་མ་རྣམས་ལ་ནི། ཇི་སྲིད་ཕྱག་རྒྱ་མ་རྙེད་པ། །དེ་སྲིད་ཀྱི་བར་ཞེས་སྦྱར་རོ། །དེ་ལ་གློ་བུར་གྱི་ཕྱག་རྒྱ་རྣམ་པ་གསུམ་གསུངས་ཏེ། ལུང་བསྟན་པའི་ཕྱག་རྒྱ་ནི། གནང་བ་རྙེད་འགྱུར་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་བརྟན་པའི་སྤྱོད་པ་ནི། ཟླ་བ་གཅིག་གིས་སྐལ་ལྡན་པར། །ཞེས་བྱ་བས་ཀུན་བཟང་གི་སྤྱོད་པའི་དུས་བསྟན་ཏོ། །ཡང་ན་རྟོགས་པ་མཉམ་པའི་ཕྱག་རྒྱ་ནི་མཆོག་ཐོབ་པའི་བུད་མེད་ཡིན་ནོ། །ནུས་པས་བཀུག་པ་ནི། ཡང་ན་ཞེས་བྱ་བ་ལ་སོགས་པ་སྟེ་ཚིག་གི་དོན་རྟོགས་སླའོ། །སྤྱོད་པ་དེའི་དགོས་པ་ནི། གང་བཤད་ཅེས་བྱ་བ་ལ་སོགས་པའོ།།  །།ད་ནི་ཉེ་བའི་རྒྱུ་བསྟན་པར་བྱ་སྟེ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ནི་ཕྱག་རྒྱ་ལ་བརྟེན་པའི་ཕྱིར་ཏེ། རྡོ་རྗེ་གུར་ལས། མི་ཡི་ཕྱག་རྒྱ་བླངས་ནས་ནི། །དེ་ལ་ཆོས་ནི་རབ་ཏུ་དབྱེ། །དེ་དང་ལྷན་ཅིག་དངོས་གྲུབ་འགྱུར། །ཕྱག་རྒྱའི་དངོས་གྲུབ་ཅེས་སུ་བཤད། །ཅེས་གསུངས་ལ། གཞན་ལས་ཀྱང་དེ་བཞིན་དུ་གསུངས་སོ། །དེ་བས་ན་དང་པོ་དབང་དུས། བར་དུ་ལམ་དུས། ཐ་མ་འབྲས་བུ་མངོན་དུ་བྱེད་པའི་དུས་གསུམ་ལས། དུས་གསུམ་གར་བསྟེན་པ་དང༌། དང་པོ་དང་ཐ་མར་བསྟེན་ལ་བར་དུ་མི་བསྟེན་པ་དང༌། དང་པོ་དང་བར་པ་གཉིས་ཀ་ལ་ཡེ་ཤེས་ཀྱི་ཕྱག་རྒྱ་ཙམ་ལས་དངོས་སུ་མི་བསྟེན་ལ་ཐ་མར་བསྟེན་པ་སྟེ། གང་ལྟར་ཡང་ཕྱག་རྒྱ་མ་བསྟེན་པར་མ་རིག་པའི་རྩ་བ་ལས་བྱུང་བའི་སྲེད་པ་མི་སྤོང་བའི་ཕྱིར་ཕྱག་རྒྱའི་རྣལ་འབྱོར་ལ་བསྔགས་སོ། །འདིར་ཉེ་བའི་རྒྱུའི་མངོན་པར་རྟོགས་པ་བསྟན་པར་བྱ་སྟེ་མངོན་པར་རྟོགས་པར་བལྟའོ། །དེ་ལ་རྩོད་པ་སྤང་བའི་དོན་ནི། དེ་ལྟར་འདིར་ཡང་ཕྱག་རྒྱའི་རྣལ་འབྱོར་གསུངས་ལ། ལེའུ་བཅུ་པ་ལས་ཀྱང༌། དངོས་གྲུབ་མཚན་ཉིད་མི་ཕྱེད་པ། །ཕྱག་རྒྱ་རྣལ་འབྱོར་པ་ཡིས་འགྲུབ། །ཅེས་གསུངས་ན་ཕྱག་རྒྱ་བདག་མེད་མ་བསྒོམ་པའི་རྣལ་འབྱོར་མས་ཕྱག་རྒྱའི་དངོས་གྲུབ་ཇི་ལྟར་ཐོབ་ཅེས་རྒོལ་བ་ནི། རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པའོ། །དེའི་ལན་ལ་སྤྱིར་ཤེས་རབ་ཀྱི་རྐྱེན་གྱིས་ཐབས་གྲོལ་བར་མི་འགྱུར་ཏེ། ཤེས་རབ་སྟོང་པ་ཉིད་ཡིན་པས་བྱ་བྱེད་ཀྱི་སྤྲོས་པ་དང་བྲལ་བའི་ཕྱིར་རོ། །ཐབས་ཀྱི་རྐྱེན་གྱིས་ཤེས་རབ་གྲོལ་བར་འགྱུར་ཏེ། ཐབས་གསལ་བས་ཤེས་རབ་རྟོགས་པའི་ཕྱིར་རོ། །དེས་ན་བདག་དང་རྟོགས་པ་མཉམ་པའི་ཐབས་རྙེད་ན་ནི་རྒྱུད་གཉིས་ཅིག་ཅར་གྲོལ་བར་འགྱུར་ལ། གལ་ཏེ་མ་རྙེད་ན་དེའི་ཚེ་རང་གི་ལུས་ཐབས་སུ་བསྒྱུར་ལ་བྱའོ་ཞེས་སྟོན་པ་ནི། བུད་མེད་གཟུགས་ནི་སྤངས་ནས་གཞན། །ཞེས་བྱ་བ་ལ་སོགས་པའོ། །འབད་པ་མེད་པ་ནི་དཀའ་བ་མེད་པ་སྟེ་དེའི་འཐད་པ། གསལ་བར་ནུས་པའི་ཞེས་པ་སྟེ་རང་གི་སེམས་ལ་དབང་ཐོབ་པའི་ཕྱིར་རོ་ཞེས་དགོངས་སོ། །ད་ནི་དེས་བསྒྲུབས་པའི་འབྲས་བུ་མི་གནས་པའི་མྱ་ངན་ལས་འདས་པ་སྟོན་པ་ནི། ཆགས་དང་འཇིག་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་གཉིས་ཏེ། འབྲས་བུ་དངོས་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ལས། དང་པོ་མཐའ་གཉིས་ལ་མི་གནས་པའི་ཚུལ་ནི། ཆགས་པ་ནི་སྐྱེ་བའོ། །འཇིག་པ་ནི་ཟད་པ་སྟེ། དེ་ལྟ་བུའི་སྐྱེ་འཇིག་གིས་འབྲས་བུའི་མཆོག་དེ་ལ་གནོན་པར་མི་འགྱུར་ཞེས་སྦྱར་རོ། །འབྲས་བུ་ཇི་ལྟ་བུ་ཞིག་ཅེ་ན། ཐབས་དང་ཤེས་རབ་ཅེས་སྨོས་ཏེ། དེ་ལ་ཐབས་ནི་རྣལ་འབྱོར་པའོ། །ཤེས་རབ་ནི་ཕྱག་རྒྱ་སྟེ་རྒྱུད་གཉིས་དུས་གཅིག་ཏུ་གྲོལ་བའི་གང་ཟག་ཅེས་མིང་དུ་བྱའོ། །ཡང་ན་ཐབས་ནི་དམིགས་པ་མེད་པའི་སྙིང་རྗེ་ཡིན་ལ། ཤེས་རབ་ནི་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་ཡིན་པས་དེ་ལྟ་བུའི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་ནི་ཕྱག་རྒྱ་ཆེན་པོ་ཡིན་པས་དེ་ལ་སྔར་བཤད་པའི་ཆགས་པ་དང་འཇིག་པས་གནོན་པར་མི་འགྱུར་རོ་ཞེས་སྦྱར་རོ། །གཉིས་པ་དེའི་འཐད་པ་ནི། གང་ཕྱིར་ཐབས་ནི་འབྱུང་བ་ཉིད། །འཇིག་པ་ཤེས་རབ་སྲིད་མཐར་བྱེད། །ཅེས་སྨོས་ཏེ། ཐབས་སྐྱེ་བ་ནི་འཁོར་བའི་མཐར་ལྟུང་ལ། འཇིག་པ་ཤེས་རབ་ནི་སྲིད་པ་མཐར་བྱས་པའི་མྱ་ངན་ལས་འདས་པའི་མཐར་ལྷུང་བའི་ཕྱིར་རོ་ཞེས་དགོངས་སོ། །དེས་ན་འབྲས་བུ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་དོན་བསྡུས་ཏེ་བསྟན་པ་ནི། དེས་ན་རབ་འཇིག་ཡོད་མ་ཡིན། །དེ་ཉིད་ལ་ནི་ཆགས་པ་མེད། །ཅེས་སྨོས་ཏེ། འཇིག་པ་མེད་པ་ནི་དེ་བཞིན་གཤེགས་པ་དེ་ཟག་པ་མེད་པའི་ཆོས་སྟོབས་དང་མི་འཇིགས་པ་ལ་སོགས་པ་མཁྱེན་པའི་ཆ་མཐའ་དག་དང་ལྡན་པའི་ཐུགས་རྗེས་འཁོར་བ་མི་གཏོང་བས་མྱ་ངན་ལས་འདས་པ་ལ་མི་གནས་པའོ། །དེ་ཉིད་ལ་ནི་ཆགས་པ་མེད། །ཅེས་པ་ནི་ཟད་པ་དང་མི་སྐྱེ་བ་ལ་སོགས་པ་སྤངས་པའི་ཆ་མཐའ་དག་དང་ལྡན་པའི་ཤེས་རབ་ཀྱིས་མྱ་ངན་ལས་འདས་པ་མི་གཏོང་བས་འཁོར་བ་ལ་མི་གནས་པའོ། །གཉིས་པ་དེ་ལ་རྩོད་པ་ནི། དེ་ལྟར་སྙིང་རྗེ་འཁོར་བ་མི་གཏོང་བ་ཉིད་ཆགས་པ་ཡིན་ལ། ཤེས་རབ་ཀྱིས་མྱ་ངན་ལས་འདས་པ་མི་གཏོང་བ་ཉིད་ཟད་པ་ཡིན་ནོ་ཞེ་ན། དེ་དགག་པ་ནི། ལ་ལ་འཇིག་པས་འཇིག་པར་འགྱུར། །འཇིག་པའི་དངོས་མེད་ཟད་པ་མེད། །ཅེས་སྨོས་ཏེ། སྐྱེ་འཇིག་ནི་རྒྱུ་ལས་དང་ཉོན་མོངས་པས་བསྐྱེད་པའི་ཀུན་རྫོབ་ཡིན་ལ། འདི་ལ་ནི་རྒྱུ་ལས་དང་ཉོན་མོངས་པ་ཟད་པས་འབྲས་བུ་སྐྱེ་བ་དང་འཇིག་པ་མི་འབྱུང་སྟེ། ཐེག་བསྡུས་ལས། ཉོན་མོངས་པ་ཡོངས་སུ་བཏང་བ་དང་བཅས་པའི་འཁོར་བ་ཡོངས་སུ་མི་གཏོང་བ་སྟེ་མི་གནས་པའི་མྱ་ངན་ལས་འདས་པའོ་ཞེས་བཤད་ལ། བྱམས་པས་ཀྱང༌། ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་པ། །ཞེས་པ་དང༌། ཞི་བའི་ལྷས་ཀྱང༌། རྨོངས་པ་སྡུག་བསྔལ་ཅན་དོན་དུ། །ཆགས་དང་འཇིག་མཐའ་ལས་གྲོལ་བས། །འཁོར་བར་གནས་པ་གྲུབ་པ་ནི། །འདི་ནི་སྟོང་ཉིད་འབྲས་བུ་ཡིན། །ཞེས་བཤད་དོ། །ཉེ་བའི་རྒྱུས་བསྒྲུབས་པའི་འབྲས་བུ་བཤད་ཟིན་ཏོ།།  །།ད་ནི་ལེའུ་བརྒྱད་པར་རིམ་པ་གཉིས་ཀྱི་དོན་གསལ་བར་བྱེད་པ་འཆད་དོ། །འདི་ལ་གཉིས་ཏེ། རིམ་པ་གཉིས་འབྲེལ་པ་ཅན་དུ་བསྒོམ་པའི་འཐད་པ་དང༌། དེས་གྲོལ་བའི་རྒྱུ་མཚན་ནོ། །དང་པོ་ལ་གསུམ་སྟེ། སྤང་བྱ་གཉིས་ཡིན་པ་དང༌། རྟེན་དང་བརྟེན་པ་ཡིན་པ་དང༌། འབྲས་བུ་གཉིས་ཡིན་པའོ། །དང་པོ་ནི། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བསྐྱེད་པའི་རིམ་པ་ཞེས་བྱ་བ་ནི་ལྷའི་རྣམ་པ་གསལ་བར་བསྐྱེད་པའོ། །དེ་གང་གིས་བསྒོམས་ན་བརྟུལ་ཞུགས་ཅན་ཏེ་ཐ་མལ་གྱི་རྟོག་པ་བརྟུལ་ནས་ལྷའི་རྣལ་འབྱོར་ལ་ཞུགས་པས་སོ། །ཇི་ལྟར་བསྒོམ་ན་སྤྲོས་པ་སྟེ་ཕྱི་རོལ་གྱི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལྷའི་རྣམ་པར་བསྒོམ་པའོ། །དེ་ལྟར་བསྒོམས་པས་ཐ་མལ་གྱི་རྣམ་རྟོག་སྦྱངས་ནས་གྱ་ནོམ་པ་ལྷར་ཞེན་པ་སྦྱང་བའི་ཕྱིར་རྫོགས་པའི་རིམ་པ་བསྒོམ་པར་བྱའོ་ཞེས་སྟོན་པ་ནི། སྤྲོས་པ་རྨི་ལམ་ཞེས་བྱ་བ་ལ་སོགས་པའོ། །ཅི་རྨི་ལམ་སྒྱུ་མ་ལྟ་བུ་ནི་ལྟ་བ་ཡིན་ལ། དེ་ནི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ཡོད་པས་རྫོགས་པའི་རིམ་པར་མི་རུང་ངོ་སྙམ་ན་མ་ཡིན་ཏེ། ཨཱརྻ་དེ་ཝས། ཆོས་ཀུན་རྨི་ལམ་སྒྱུ་འདྲ་ཞེས། །སངས་རྒྱས་པ་ཀུན་སྨྲ་མོད་ཀྱི། །བདག་བྱིན་བརླབ་ལ་ཕྱིར་ཕྱོགས་པས། །རྨི་ལམ་སྒྱུ་འདྲར་མཐོང་བ་མེད། །ཅེས་གསུངས་པས་རྫོགས་པའི་རིམ་པ་མ་བསྒོམས་པ་རྣམས་ཀྱིས་རྨི་ལམ་སྒྱུ་མར་མི་རྟོགས་སོ། །དེས་ན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། བསྐྱེད་པའི་རིམ་ལ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཞེས་གསུངས་ལ། ཌོཾ་བི་བས་ཀྱང༌། བློ་བཟང་དང་པོ་བསྐྱེད་པའི་རིམ་པ་བསྒོམ་པར་བྱེད་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་བསྐྱེད་པས་ཐ་མལ་གྱི་རྣམ་རྟོག་སྦྱངས་ནས་ལྷར་ཞེན་པ་རྫོགས་པས་སྦྱངས་ཏེ་ཟུང་དུ་ཆུད་པ་ནི། ཇི་ལྟར་སྒྱུ་མ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་བསྐྱེད་པའི་རིམ་པ་སྤྲོས་པ་མེད་པར་བྱེད་པའི་རྫོགས་པའི་རིམ་པའི་ཡེ་ཤེས་དེ་ཇི་ལྟ་བུ། དེ་གང་དུ་ཤེས་སྙམ་ན། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བར། །ཞེས་སྨོས་ཏེ་ཕྱག་རྒྱའི་དབང་བསྐུར་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ཡིན་ལ། དེ་ལས་རྟོགས་པ་ནི་ཇི་ལྟར་ཤེས་པའི་བདེ་བ་ཆེན་པོ་སྟེ་སྤྲོས་པ་དང་བྲལ་བའོ། །དེ་རྟོགས་ན་གྱ་ནོམ་པ་ལྷར་ཞེན་པ་སྦྱོང་ངོ་ཞེས་སྟོན་པ་ནི། དེ་ཡི་འདི་ནི་བྱིན་རླབས་ཡིན། །ཞེས་བྱའོ། །དེ་ལས་ཐབས་གཞན་གྱིས་མི་རྟོགས་པ་ནི། གཞན་ལས་དཀྱིལ་འཁོར་འབྱུང་བ་མེད། །ཅེས་བྱའོ། །དེ་ལྟ་བུའི་ཡེ་ཤེས་དེ་ཐམས་ཅད་ཀྱི་བདག་ཉིད་ཡིན་ཞིང་ཐམས་ཅད་ལ་ཁྱབ་བོ་ཞེས་སྟོན་པ་ནི། བདེ་བ་གནག་ཅིང་ཞེས་བྱ་བ་ལ་སོགས་པའོ། །གཉིས་པ་རྟེན་དང་བརྟེན་པ་ཡིན་པའི་ཕྱིར་བསྒོམ་པར་འཐད་པ་ནི། གལ་ཏེ་དེ་ལྟར་ན་བསྐྱེད་པའི་རིམ་པ་ཉིད་ཀྱང་རྫོགས་པས་སྦྱོང་བས་ན་རྫོགས་པའི་རིམ་པ་ཉིད་བདེ་བ་ཆེན་པོ་ཡིན་པས་ན་བསྐྱེད་པའི་རིམ་པ་བསྒོམ་པ་དགོས་པ་མེད་དོ་ཞེས་འདྲི་བ་ནི། རྡོ་རྗེ་སྙིང་པོས་གསོལ་བ་ཞེས་བྱ་བ་ལ་སོགས་པའོ། །དེའི་ལན་ནི་དེ་ལྟར་ཡིན་པ་བདེན་མོད་ཀྱི་འོན་ཀྱང་རྟེན་བསྐྱེད་པ་མེད་པར་བརྟེན་པ་རྫོགས་པའི་ཡེ་ཤེས་མི་སྐྱེའོ་ཞེས་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ལ་སོགས་པ་སྟེ། དེའང་མེ་ཏོག་དང་མེ་ཏོག་གི་དྲིའི་ཚུལ་གྱིས་རྫོགས་པའི་ཡེ་ཤེས་སྐྱེ་བར་འདོད་པས་སྔོན་དུ་རྟེན་བསྐྱེད་པ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་བསྐྱེད་པའི་རིམ་པ་ཁོ་ན་བསྒོམས་པས་ཆོག་གི་རྫོགས་པ་བསྒོམ་པ་དོན་མེད་དེ་དྲི་དོན་དུ་གཉེར་བ་རྣམས་ཀྱིས་མེ་ཏོག་ཉིད་ལེན་པ་བཞིན་ནོ་སྙམ་ན། བདེན་མོད་ཀྱི་དྲི་ལ་མེ་ཏོག་དགོས་ཀྱང་མེ་ཏོག་དྲི་དང་བྲལ་བ་མི་འགལ་བ་ལྟར་བསྐྱེད་པ་ལ་རྫོགས་པས་མ་ཁྱབ་ཀྱང་རྫོགས་པ་ལ་སྔོན་དུ་རྟེན་བསྐྱེད་པ་བསྒོམ་དགོས་པས་ཁྱབ་པ་ཡིན་ནོ། །དེས་ན་ལང་ཀར་གཤེགས་པ་ལས། རང་གི་སེམས་ཀྱི་རྒྱུད་རིམ་གྱིས་དག་པར་འགྱུར་གྱི་ཅིག་ཅར་ནི་མ་ཡིན་ནོ་ཞེས་གསུངས་སོ། །ཚིག་གི་དོན་རྟོགས་པར་སླའོ།།  །།ད་ནི་གསུམ་པ་འབྲས་བུ་གཉིས་ཡིན་པའི་ཕྱིར་བསྒོམ་པའི་དང་པོ་ཆོས་ཀྱི་སྐུའི་དབང་དུ་བྱས་ན་རང་བཞིན་ཆོས་ཀྱི་སྐུས་ཐམས་ཅད་ལ་ཁྱབ་པས་ན། དངོས་ང་དངོས་པོ་མེད་པ་ང༌། །ཞེས་བྱ་བའམ། དཔེ་ཁ་ཅིག་ལས། དངོས་ང་དངོས་པོ་ང་མ་ཡིན། །ཞེས་འབྱུང་བ་ལྟར་ན་བརྟག་པའི་ཡུལ་ཐམས་ཅད་ལ་རང་བཞིན་ཆོས་ཀྱི་སྐུས་ཁྱབ་པས་ན་དངོས་པོ་ཐམས་ཅད་ངའོ། །དེ་ལྟར་ཁྱབ་ཀྱང་ཆོས་ཀྱི་སྐུ་ལ་དངོས་པོའི་དྲི་མས་མ་གོས་པས་ན་དངོས་པོ་ང་མ་ཡིན་ཞེས་སྦྱར་རོ། །རྟོགས་པ་ཆོས་ཀྱི་སྐུས་ནི་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཐའ་དག་མཁྱེན་པས་ན། དངོས་པོ་རྟོགས་ཕྱིར་སངས་རྒྱས་ང༌། །ཞེས་སྨོས་སོ། །གལ་ཏེ་དེ་ལྟར་རང་བཞིན་ཆོས་ཀྱི་སྐུས་ཐམས་ཅད་ལ་ཁྱབ་ན་རྟོགས་པ་ཆོས་ཀྱི་སྐུ་ཅིའི་ཕྱིར་མི་འགྲུབ་སྙམ་ན། གང་ཞིག་ལེ་ལོས་བསྣུན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེ་ལོས་བསྣུན་པ་ནི་བསམས་བྱུང་དང་བསྒོམས་བྱུང་གི་ཤེས་རབ་མེད་པའོ། །རྨོངས་པ་ནི་ཐོས་བྱུང་གི་ཤེས་རབ་མེད་པའོ། །དེས་ནི་མཆོག་ཏུ་ཟབ་པའི་རྟོགས་པ་ཆོས་ཀྱི་སྐུ་ང་མི་ཤེས་ཞེས་བྱ་བའི་དོན་ཏོ། །གཉིས་པ་གཟུགས་ཀྱི་སྐུའི་དབང་དུ་བྱས་པ་ལས་དང་པོ་ལོངས་སྐུའི་རྒྱུ་མཐུན་གྱི་གནས་རྡོ་རྗེ་བཙུན་མོའི་བྷ་ག་སྟེ་སྲུང་འཁོར་གྱི་ནང་ངོ༌། །སངས་རྒྱས་རིན་ཆེན་ཟ་མ་ཏོག་ནི་གཞལ་ཡས་ཁང་སྟེ་དེ་ནི་ཕྱི་དབྱིབས་ཀྱི་བདེ་བ་ཅན་ནོ། །འཆད་པ་པོ་གཙོ་བོ། ཆོས་སྔགས། ཚོགས་འཁོར། བསྒྲུབ་བྱ་མཛད་པ། འཇིག་རྟེན་དུར་ཁྲོད། འདས་པ་ལྷ། ལྷན་སྐྱེས་ནི་ལྷའི་ཁ་དོག་གི་ཞེན་པ་དང་བྲལ་བ་ལེའུ་བརྒྱད་པ་བཞིན་ནོ། །དེས་ན་མཆོག་མཐའ་དགའ་བྲལ་དང་པོ་སྟེ། ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱི་དུས་དང་འདྲ་བར་ཞེན་པ་དང་བྲལ་བའི་ཚེ་སྐྱེ་བའོ། །མཚན་དཔེ་ནི་མངོན་བྱང་དང་སྐུའི་རྣམ་འཕྲུལ་གཉིས་ཀ་སྟེ་ལོངས་སྐུའོ། །ཞུ་བ་ནི་རྒྱུ་རྡོ་རྗེ་འཛིན་པ་སྟེ་ཆོས་སྐུའོ། །སྤྲུལ་སྐུ་ནི་ལྷའི་རྣལ་འབྱོར་ལས་བདེ་བ་སྟེ་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པའོ། །སྐུ་གསུམ་རྫོགས་པའི་རིམ་པ་ལ་སྦྱར་ན་འདི་ལྟར་རྫོགས་པའི་རིམ་པ་འདིས་རྣམ་པར་མི་རྟོག་པ་ཙམ་ཞིག་ཐོབ་ཀྱི་གཟུགས་ཀྱི་སྐུ་ནི་མི་ཐོབ་སྟེ། གཟུགས་ཀྱི་སྐུ་དེ་ནི་གནས་དང་འཁོར་ལ་སོགས་པའི་དབྱེ་བར་སྣང་བའི་ཕྱིར་རོ། །གལ་ཏེ་དེ་ནི་བསྐྱེད་པའི་རིམ་པ་ཁོ་ནས་ཐོབ་པར་བྱེད་པ་ཡིན་ནོ་སྙམ་ན། དེ་ལྟ་མོད་ཀྱི་འོན་ཀྱང་རྫོགས་པའི་རིམ་པ་འདི་ཉིད་ནི་ཆོས་ཐམས་ཅད་ཀྱི་ས་བོན་འཛིན་པ་དང་རྒྱུ་ཡིན་པས་སྐུ་གསུམ་ཚང་སྟེ། རྫོགས་པའི་རིམ་པ་དག་ཀྱང་རྡོ་རྗེ་བཙུན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟར་བསྒྲུབ་པར་བྱ་བའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་ནི་ཞིང་ཁམས་དག་པ་བདེ་བ་ཅན་ན་བཞུགས་པ་ལྟར་འདིར་རྡོ་རྗེ་བཙུན་མོའི་སྟེ་སྤྱན་མ་ལ་སོགས་པ་རྣམས་ཀྱི་བྷ་ག་ལ་བཞུགས་པའོ། །ཞིང་ཁམས་དག་པ་དེ་ཉིད་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོ་ཉིད་མཚོན་པས་ཨེའི་རྣམ་པའི་ཆ་བྱད་དེ་ཟུར་གསུམ་པའོ། །དེ་ཉིད་སངས་རྒྱས་རིན་ཆེན་ཟ་མ་ཏོག་སྟེ་བདུད་རྩི་ལྔ་ལ་སོགས་པའོ། །བདེ་བ་ཅན་ཞེས་པ་ནི་ནང་སྔགས་ཀྱི་བདེ་བ་ཅན་ནི་ལྟེ་བ་ཡིན་ལ། གསང་བ་དབང་གི་བདེ་བ་ཅན་ནི་ཆོས་འབྱུང་ངོ༌། །དེར་བཞུགས་པའི་སྟོན་པ་ནི་འཆད་པ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞུ་བ་དང་བདེ་བ་དབྱེར་མི་ཕྱེད་པ་དེ་ཉིད་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ལོངས་སྤྱོད་པའི་གཞིར་གྱུར་པ་དང་མཚུངས་པར་རྣམ་པར་རྟོག་པ་དང་རྟོག་པ་མེད་པ་དང་བདུད་རྩི་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་རོ། །ཆོས་ཀྱང་ང་སྟེ་ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་དང་རྟོགས་པའི་ཆོས་ཐམས་ཅད་ཀྱང་རྒྱུ་དེ་ལས་བྱུང་བའི་ཕྱིར་རོ། །རང་གི་ཚོགས་ལྡན་ཉན་པ་ང༌། །ཞེས་བྱ་བ་ནི་ཇི་་ལྟར་ལོངས་སྤྱོད་རྫོགས་པའི་སྐུ་ལ་རང་བཞིན་གྱི་སྨོན་ལམ་གྱི་རྒྱུ་ལས་བྱུང་བའི་འཁོར་གྱིས་བསྐོར་བ་ལྟར་བདུད་རྩི་ལྔ་ནི་དེ་བཞིན་གཤེགས་པ། འབྱུང་བ་བཞི་ལྷ་མོ། སྐྱེ་མཆེད་ཀྱི་དངས་མ་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་བའོ། །དེ་ཉིད་ཀྱི་ཕྱིར་འཇིག་རྟེན་སྟོན་པ་སྟེ་སྤྲུལ་པའི་སྐུའོ། །བསྒྲུབ་བྱ་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་ལྟར་བདེ་བ་ཆེན་པོའི་བདག་ཉིད་ཀྱིས་སོ། །ཟག་པ་དང་བཅས་པའི་ལུས་དང་ཟག་མེད་ཀྱི་ཡེ་ཤེས་གཉིས་སུ་སྣང་བ་འདིའང་འདི་ལས་བྱུང་བས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །གལ་ཏེ་བསྒྲུབ་པར་བྱ་བའི་སངས་རྒྱས་དེ་ནི་དུས་བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པ་འབྱུང་བ་ཡིན་ན་འདིར་སངས་རྒྱས་ཀྱི་དུས་གསུངས་ཤིག་ཅེ་ན། མཆོག་མཐའ་དགའ་བྲལ་དང་པོར་ནི། །ཞེས་བྱ་བ་སྨོས་སོ། །དེ་ལ་མཆོག་ཅེས་བྱ་བ་ནི་དགའ་བ་གསུམ་ལས་མཆོག་ཏུ་གྱུར་པས་ལྷན་སྐྱེས་ཡིན་ལ། དེ་ལ་བཞི་ཡོད་པ་ལས་ལྷན་སྐྱེས་ཀྱི་ལྷན་སྐྱེས་ནི་མཐའ་ཡིན་ལ། དགའ་བྲལ་ཞེས་བྱ་བ་ནི་ཐིག་ལེ་ལྷུང་བ་སྟེ། དེའི་དང་པོ་ནི་མ་ལྷུང་བ་ཡིན་པས་དགའ་བ་བཞི་བའི་དུས་སུ་ཞེས་བྱ་བའོ། །གལ་ཏེ་རྨོངས་པ་དག་འདི་སྐད་དུ་མཆོག་མཐའ་ཞེས་བྱ་བ་འདིས་ནི་མཆོག་དགའི་མཐའ་དང་དགའ་བྲལ་གྱི་དང་པོ་ཞེས་བྱ་བ་འདིས་དགའ་བ་གསུམ་པ་ཉིད་དུ་འགྲུབ་པར་འགྱུར་རོ་ཞེ་ན། དེ་དག་གིས་ནི། དང་པོ་དགའ་བ་ཙམ་ཉིད་དེ། །གཉིས་པའི་གྲངས་ལ་མཆོག་དགའ་ཉིད། །གསུམ་པ་ལ་ནི་དགའ་བྲལ་ཉིད། །བཞི་པ་ལྷན་ཅིག་སྐྱེས་པ་ཉིད། །ཅེས་གསུངས་པ་དེ་མ་དྲན་པ་ཡིན་ནོ། །གལ་ཏེ་དེ་ནི་དགོངས་པ་ཅན་ཡིན་ལ། འདིས་ནི་དགོངས་པ་ཅན་མ་ཡིན་པ་ཉིད་དོ་སྙམ་ན། དེ་ནི་མ་ཡིན་ཏེ། མཆོག་དགའི་དགའ་བ་དང་མཆོག་དགའ་གཉིས་ནི་ཐ་དད་དེ། དང་པོ་ནི་དགའ་བ་གཉིས་པ་ཡིན་ལ། གཉིས་པ་ནི་ལྷན་སྐྱེས་ཡིན་ཏེ། ལེའུ་བཅུ་བར། མཆོག་དགར་བསྒོམ་པ་མེད་ཅིང་སྒོམ་པ་པོ་ཡང་མེད། །ཅེས་བྱ་བ་ལ་སོགས་པ་ལྷན་སྐྱེས་ཉིད་དགའ་བ་གསུམ་ལས་མཆོག་ཏུ་གྱུར་པའི་ཕྱིར་མཆོག་དགར་བཏགས་པ་དེ་དག་ཇི་ལྟར་དྲང༌། སྐྱོན་གཞན་ཡང་འཁོར་ལོ་དང༌། བདེན་པ་དང༌། དེ་ཁོ་ན་ཉིད་དང༌། སྐུ་དང༌། སྡེ་པ་བཞི་ལ་སོགས་པ་ཐམས་ཅད་འཁྲུགས་པར་འགྱུར་བས་འདི་ནི་མི་རུང་ངོ༌། །སྐྱོན་གཞན་ཡང༌། དགའ་བྲལ་གྱི་དགའ་བ་ཐིག་ལེ་ལྷུང་བ་ཡིན་ན། བྱང་ཆུབ་སེམས་ནི་ལྷུང་གྱུར་ན། །རྣམ་ཤེས་ཕུང་པོ་བརྒྱལ་འགྱུར་བས། །མ་སྨད་དངོས་གྲུབ་ག་ལ་ཡོད། །ཅེས་གསུངས་པ་ཇི་ལྟར་དྲང༌། གལ་ཏེ་དེ་ནི་ལམ་གྱི་དུས་ཡིན་ལ། འདིར་དབང་གི་དུས་ཡིན་པས་དགོངས་པ་སོ་སོ་ཡིན་ནོ་སྙམ་ན། དབང་གི་དུས་ཉིད་དུའང་ལམ་དུ་མི་འགྱུར་བ་དེའང་མི་རིགས་ལ། དབང་དང་ལམ་འགལ་བའང་མི་རིགས་ཤིང༌། གཞུང་འདིའང་དབང་གི་སྐབས་མ་ཡིན་ལ། དབང་གི་སྐབས་འཆད་པར་འགྱུར་བའི་ལེའུ་གསུམ་པར་ཡང་སྐད་ཅིག་མ་བཞི་པར་བཤད་པ་དང༌། ལམ་དུ་བྱེད་པ་ན་དགའ་བ་བཞི་མེད་པའི་ཕྱིར་བདེན་པ་བཞི་ལ་སོགས་པ་ཐམས་ཅད་ཀྱང་མི་འགྲིག་པར་འགྱུར་བའི་ཕྱིར་འདི་མི་རུང་ངོ༌། །སློབ་དཔོན་ཁ་ཅིག་ནི་མཆོག་མཐའ་ནི་དགའ་བྲལ་ཡིན་ལ། དེ་དག་དང་པོར་སོང་བའི་ཕྱི་ནས་ཞེས་འཆད་པར་བྱེད་པ་དེའང་ཚིག་གི་དོན་འགྲིག་པ་མ་ཡིན་ནོ། །ལྷན་ཅིག་སྐྱེས་པ་གསུམ་པར་འདོད་པ་ལ་སྐྱོན་གཞན་ཡང་བླ་མས་འཆད་པར་འགྱུར་བས་རྣམ་པར་སྤྲོས་པས་ཆོག་གོ །དེའི་དུས་སུ་ཡེ་ཤེས་དེ་ཇི་ལྟར་ཤེས་པར་འགྱུར་སྙམ་ན། མུན་པ་ལ་ནི་མར་མེ་ལྟར་ཏེ་མར་མེས་མུན་པ་འཇོམས་ཤིང་དངོས་པོ་རྣམས་གསལ་བར་བྱེད་པ་བཞིན་ནོ། །དེ་བཞིན་བུས་ཀྱང་ཡིད་ཆེས་གྱིས། །ཞེས་བྱ་བ་ནི་ཡེ་ཤེས་འདིས་མ་རིག་པས་བསྒྲིབས་པ་ཐམས་ཅད་བཅོམ་ནས། དངོས་པོའི་དོན་གསལ་བར་རྟོགས་པར་གྱིས་ཤིག་ཅེས་བྱ་བའོ། །དེས་ན་དཔེའི་ཡེ་ཤེས་སུ་མཚོན་པ་ནི་མར་མེས་དངོས་པོ་ཐམས་ཅད་མཚོན་པ་ལྟར་ཡེ་ཤེས་འདིས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་མཚོན་པར་གྱིས་ཤིག་ཅེས་བྱ་བར་སྦྱར་རོ། །དེ་ལྟ་བུའི་སྟོན་པ་བཙུན་མོའི་བྷ་ག་ན་བཞུགས་པ་དེ་ཇི་ལྟ་བུ་ཡིན་སྙམ་ན། སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །ཞེས་བྱ་བ་སྟེ། ཕྱག་ཞབས་འཁོར་ལོས་མཚན་པ་ལ་སོགས་པ་སྟེ། དེ་ལྟ་བུའི་སྐུ་ནི་ལུས་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཨཱ་ལི་དང་ཀཱ་ལིའི་རྣམ་པས་གནས་པ་དེ་ནི་མཚན་དཔེའི་ས་བོན་ཏེ། ཨ་སོགས་དབྱངས་ཡིག་ཐམས་ཅད་ནི། །སྒེག་པ་སྔོན་འགྲོའི་རོ་རྣམས་སོ། །ཡིག་འབྲུ་ལྷ་ཡི་གཟུགས་ཀྱིས་ནི། །ལྷ་ལ་སོགས་པར་ཡང་དག་གནས། །ཞེས་གསུངས་ཏེ་ལོངས་སྐུའོ། །ཆོས་སྐུ་ནི་དེ་བས་ན་ཆོས་ཀྱི་སྐུ་དེའང་ལོངས་སྤྱོད་རྫོགས་པའི་སྐུའི་ཐུགས་ཡིན་པའི་ཕྱིར་དེ་ལ་བརྟེན་ལ། ལོངས་སྤྱོད་རྫོགས་སྐུ་དེའང་ཆོས་ཀྱི་སྐུ་ལས་འབྱུང་ངོ་ཞེས་སྟོན་པ་ནི། ཁུ་བ་ཞེས་བྱའི་རྣམ་པར་གནས། །དེ་མེད་པས་ན་བདེ་མེད་འགྱུར། །བདེ་བ་མེད་ན་དེ་མེད་འགྱུར། །ཞེས་བྱ་བ་གསུངས་ཏེ། གོང་གི་ལྷན་སྐྱེས་ཆོས་སྐུ་ཡིན་ལ། དེའང་རྟེན་དང་བརྟེན་པའི་ཚུལ་གྱིས་འདིར་ཡང་ཤེས་པར་བྱའོ། །སྤྲུལ་སྐུའི་སྒོ་ནས་མཇུག་བསྡུ་བ་ནི། ལྷ་ཡི་རྣལ་འབྱོར་ལས་བདེ་བ། །དེ་ཕྱིར་སངས་རྒྱས་དངོས་པོ་མིན། །དེ་ཉིད་དངོས་མེད་ཚུལ་ཡང་མིན། །ཞེས་སྨོས་ཏེ། སངས་རྒྱས་དངོས་མེད་མིན་པས་སྤྲུལ་སྐུར་སྣང་ལ་ཆོས་སྐུ་ལས་མ་གཡོས་པས་བདེ་སྟོང་གི་རང་བཞིན་ཡིན་པའི་ཕྱིར་སངས་རྒྱས་དངོས་པོ་མིན་ཞིང་རྒྱུའི་ཞུ་བས་སྤྲུལ་སྐུ་རྒྱུན་མི་འཆད་པས་དངོས་མེད་ཀྱང་མིན་ཞེས་བྱ་བར་སྦྱར་ཏེ། ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། མྱ་ངན་འདས་པ་དངོས་མེད་པའང༌། །མིན་ན་དངོས་དེ་ག་ལ་ཡིན། །ཞེས་གསུངས་པ་ལྟ་བུའོ། །ད་ནི་དག་པ་གསུམ་གྱི་རང་བཞིན་དུ་བསྟན་པ་ནི། ཅི་གལ་ཏེ་དེ་ལྟར་འབྲས་བུ་ནི་ཆོས་སྐུ་དང་གཟུགས་སྐུ་དབྱེར་མེད་པ་ཡིན་ལ། ལམ་གྱི་དུས་སུའང་དབྱེར་མེད་པ་ཡིན་མོད། རྒྱུའི་རྒྱུད་རང་བཞིན་གྱིས་རྣམ་པར་དག་པ་མ་ཡིན་ན་ནི་གྲོལ་བར་མི་འགྱུར་ལ། ཡིན་ན་ལམ་ལ་འབད་པ་དོན་མེད་པར་འགྱུར་ཏོ་སྙམ་ན། དེ་ལ་རང་བཞིན་གྱིས་སངས་རྒྱས་ཀྱི་རྒྱུ་གནས་སོ་ཞེས་སྟོན་པ་ནི། ཞལ་ཕྱག་རྣམ་པ་ཞེས་བྱ་བ་ལ་སོགས་པ་ཚིག་དགུས་སྟོན་པར་བྱེད་དེ། དེ་ལ། ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་འདི་ནི་ཞལ་དང་ཕྱག་གི་རྣམ་པ་ཅན་སྒྱུ་མ་ལྟ་བུའི་སྐུ་ཡིན་ལ། དེ་སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་ཉིད་དུ་གནས་སོ་ཞེས་བྱ་བ་སྟེ། ལྷ་ཡི་རྣམ་པའི་གཟུགས་ཀྱིས་ནི། །ཞེས་བྱ་བ་རྐང་པ་གསུམ་གྱིས་རྒྱས་པར་བཤད་དོ། །མཆོག་ཏུ་བདེ་བ་གཟུགས་མེད་པ། །རྣམ་དག་རྣམ་པའི་གཟུགས་ཀྱིས་ནི། །རང་བཞིན་མྱ་ངན་འདས་པ་ཉིད། །ཅེས་བྱ་བས་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ནི་དམིགས་པ་ཐམས་ཅད་ལས་རབ་ཏུ་གྲོལ་བར་གནས་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱང་རང་བཞིན་གྱིས་རྣམ་པར་དག་པར་སྟོན་ཏོ། །དེའི་ཕྱིར་འགྲོ་བ་ཀུན་ལ་ལྷན་ཅིག་སྐྱེས་ཏེ་སངས་རྒྱས་ཀྱི་རྒྱུ་ཉིད་རང་བཞིན་གྱིས་ལྷན་ཅིག་སྐྱེས་སོ་སྟོན་ཏོ། །འོ་ན་རང་བཞིན་གྱིས་སངས་རྒྱས་ཡིན་ན་ལམ་ལ་འབད་པ་དོན་མེད་པར་འགྱུར་རོ་སྙམ་ན། འོན་ཀྱང་བག་ཆགས་ཕལ་བས་སོ། །ཞེས་སྨོས་ཏེ། གློ་བུར་གྱི་དྲི་མས་བསྒྲིབས་པ་སྤོང་ཞེས་བྱ་བའི་དོན་ཏེ་འདིར་རྒྱུད་གསུམ་གྱི་དག་པ་རྒྱས་པར་བརྗོད་པར་བྱའོ། །གཉིས་པ་གློ་བུར་གྱི་དྲི་མ་སེལ་བར་བྱེད་པའི་ཐབས་ཁྱད་པར་ཅན་གྱིས་ཟིན་པ་ལས། ཐོག་མར་རིགས་འདྲ་བ་གཉེན་པོར་ཆེ་བ་ནི། གཡོ་བའི་དུག་གི་གཉེན་པོར་གནས་པའི་དུག་འགྲོ་བ་བཞིན་ཉོན་མོངས་པའི་གཉེན་པོར་ཉོན་མོངས་པ་ཉིད་འགྲོ་བ་ནི། དུག་གི་དུམ་བུ་ཞེས་བྱ་བ་ལ་སོགས་པའོ། །རྟོག་པས་རྟོག་པ་འདག་པའི་དཔེ་བསྣན་པ་གཉེན་པོར་ཆེ་བ་ནི། ཇི་ལྟར་རླུང་གིས་ཟིན་པ་ལ། །ཞེས་བྱ་བ་ལ་སོགས་པ་སྟེ། རླུང་ཆུང་ངུའི་འཕྱེན་ནད་ཀྱིས་ཟིན་པ་ལ་རླུང་ཆེན་པོ་མོན་སྲན་གྱི་བཟའ་བས་སེལ་བར་བྱེད་དོ། །གལ་ཏེ་སྲིད་པའི་དེ་ཁོ་ན་ཉིད་ཀྱིས་སྲིད་པ་དང་བྲལ་དུ་ཆུག་ཀྱང་རྣམ་པར་རྟོག་པ་མི་ཟད་དེ། ལམ་དེ་ཉིད་ཀྱང་རྣམ་པར་རྟོག་པ་ཡིན་པའི་ཕྱིར་རོ། །དེས་ན་རྣམ་རྟོག་མ་ཟད་ན་གྲོལ་བར་ག་ལ་འགྱུར་སྙམ་ན། རྣམ་རྟོག་ལས་ནི་རྣམ་རྟོག་དང༌། །ཞེས་སྨོས་ཏེ། འདི་ལྟར་བསྐྱེད་པ་དང་རྫོགས་པ་བསྒོམས་པས་དེ་ཉིད་རྣམ་པར་རྟོག་པ་ཡིན་ཡང་ཐ་མལ་གྱི་རྟོག་པའི་གེགས་བྱེད་པ་ལ་འགལ་བ་མེད་དེ། མཁན་པོ་ཞི་བའི་ལྷས་ཀྱང༌། དཔེར་ན་རྨི་ལམ་བུ་ཤི་ལ། །དེ་མེད་སྙམ་དུ་རྣམ་རྟོག་ནི། །དེ་ཡོད་རྣམ་པར་རྟོག་པ་ཡི། །གེགས་ཡིན་དེ་ཡང་བརྫུན་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །གལ་ཏེ་མྱ་ངན་ལས་འདས་པ་ནི་སྲིད་པའི་སྐྱེ་བ་དང་འཇིག་པ་ལས་འདས་པ་ཡིན་ལ། དེ་ཐོབ་པར་བྱེད་པའི་ཐབས་ནི་སྲིད་པ་འཁོར་བ་ཡིན་པས་དེས་གློ་བུར་གྱི་དྲི་མ་སེལ་བར་ག་ལ་འགྱུར་སྙམ་ན། སྲིད་པ་ཉིད་ཀྱིས་སྲིད་པ་དག །ཅེས་སྨོས་ཏེ། སྲིད་པ་ནི་འཇིག་རྟེན་གྱི་སྣོད་དང་བཅུད་ཡིན་ལ་དེ་སྦྱོང་བ་གཞལ་ཡས་ཁང་དང་སྐྱེད་ཆོག་བཞི་ལ་སོགས་པ་ཡིན་ལ། དེ་བསྒོམ་པའི་ལམ་གྱིས་དེ་ཉིད་དག་པར་བྱེད་དོ། །སྦམས་པ་གཉེན་པོར་ཆེ་བ་ནི། ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཞེས་བྱ་བ་ལ་སོགས་པ་སྟེ། ཐ་མལ་གྱི་རྣམ་པར་རྟོག་པས་རབ་ཏུ་གཡེངས་པ་ལ། རྣམ་པར་ངེས་པ་ཞེས་བྱ་བ་ལྷའི་རྣམ་པར་རྟོག་པས་སྦྱོང་བར་བྱེད་དོ། །བསྣན་པ་གཉེན་པོར་ཆེ་པ་ནི། ཇི་ལྟར་འཚེད་པས་ཚིག་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདོད་ཆགས་ཀྱི་མེས་ཚིག་པ་ལ་འདོད་ཆགས་ཉིད་ཀྱིས་སེལ་གྱི་གཞན་གང་གིས་ཀྱང་སེལ་བར་མི་འགྱུར་ཏེ། རྡོ་རྗེ་གུར་གྱི་རྒྱུད་ལས་ཀྱང༌། འདོད་ཆགས་ཀྱིས་བསྐྱེད་འཇིག་རྟེན་པ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །རྡོ་རྗེ་ཆགས་པ་ཡོངས་ཤེས་པས། །ཡིད་ནི་རྡོ་རྗེ་སེམས་དཔའ་གྱུར། །ཞེས་གསུངས་པ་ལྟ་བུའོ། །གལ་ཏེ་དེ་ལྟ་བུའི་ལམ་དེ་སྤང་བྱ་དང་འགལ་བས་གྲོལ་ལམ་མི་འགལ་བས་གྲོལ། འགལ་བས་གྲོལ་ན་སྔར་བསྟན་པ་དང་འགལ་ལ། མི་འགལ་བས་གྲོལ་ན་སོ་སོ་སྐྱེ་བོ་རྣམས་དང་ཁྱད་ཅི་ཡོད་སྙམ་ན། མི་འགལ་བས་མི་གྲོལ་བ་ནི། སྐྱེ་བོ་མི་བཟད་པ་ཡི་ལས། །ཞེས་བྱ་བ་ལ་སོགས་པས་མཇུག་བསྡུས་ནས་སྟོན་ཏེ། མདོར་ན་རྨོངས་པ་རྣམས་ནི་གང་དང་གང་གིས་བཅིངས་པ་སྟེ། ཉོན་མོངས་པ་འདོད་ཆགས་ལ་སོགས་པས་སོ། །འོ་ན་འགལ་བས་གྲོལ་ན་སྔར་བསྟན་པ་དང་མི་འགལ་ལམ་སྙམ་ན། ཐབས་དང་བཅས་ན་དེ་ཉིད་ཀྱིས་གྲོལ་ཏེ། སྤང་བྱའི་རྒྱུ་དང་རྒྱུད་དེ་འགལ་བས་གྲོལ་བའི་ཐབས་ཡོད་ལ། དངོས་སུ་མི་འགལ་བས་ལམ་ཁྱད་པར་དུ་འཕགས་སོ། །དེས་ན་འཕགས་པ་འོད་སྲུངས་ཀྱིས་ཞུས་པའི་མདོ་ལས། འོད་སྲུངས་གྲོང་ཁྱེར་གྱི་ལུད་གང་ཡིན་པ་དེ་འབྲས་ཀྱི་ཞིང་དང་ཏིལ་གྱི་ཞིང་དང་བུ་རམ་གྱི་ཞིང་ལ་ཕན་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཉོན་མོངས་པའི་ལུད་གང་ཡིན་པ་དེ་བླ་ན་མེད་པའི་བྱང་ཆུབ་ཀྱི་ཞིང་ལ་ཕན་པར་འགྱུར་རོ་ཞེས་གསུངས་སོ། །འཕགས་པ་བྱམས་པས་ཀྱང༌། ཐབས་ཆེན་དག་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །འཁོར་བ་ཞི་བའི་ཐབས་ཉིད་པས། །དེ་ཕྱིར་རྒྱལ་སྲས་བསམ་མི་ཁྱབ། །ཅེས་གསུངས་པ་ལྟ་བུ་སྟེ། དེ་ལྟར་ཐེག་པ་ཆེན་པོའི་མདོ་དང་རྒྱུད་དང་རྟོག་པ་ཐམས་ཅད་ལས་གསུངས་ཏེ་ཡི་གེ་མངས་པས་འཇིགས་པས་མ་བྲིས་སོ། །དེ་ལྟ་བུ་དེ་ནི། སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་བྱ་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་སངས་རྒྱས་པ་ཡིན་ཡང༌། ཐེག་པ་ཆེན་པོའི་ལམ་ཟབ་པ་དང་རྒྱ་ཆེ་བ་ལ་ཞེ་སྡང་བས་མུ་སྟེགས་བྱེད་དང་འདྲ་བས་འཕགས་པ་ཉན་ཐོས་རྣམས་ཀྱིས་མི་ཤེས་ཞེས་བྱ་བའི་དོན་ཏོ། །ད་ནི་གསུམ་པ་རིགས་དང་རིགས་ཀྱི་བདག་པོ་ཡིན་པའི་ཕྱིར་གྲོལ་བར་འཐད་པ་ནི། འབྱུང་བ་ལྔ་ཡི་རང་བཞིན་ལས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་དུ་ལེའུ་བཅུ་པ་ལས་གསུངས་པའི་ཞུ་བདེ་འབྱུང་བ་ལ་བརྟེན་པའི་རྒྱས་པར་བཤད་པར་ཡང་འགྱུར་རོ། །དེའང་ཞེ་སྡང་འདྲེན་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་རྒྱུ་ལ་འབྲས་བུའི་རིགས་དང༌། འབྲས་བུ་ལ་རྒྱུའི་རིགས་སུ་གཞག་པ་སྟེ། ཞེ་སྡང་དག་པས་ཞེ་སྡང་དུ་འགྱུར་བ་ལ་སོགས་པ་སྟེ། བུད་ཤིང་བསྲེགས་པའི་རིགས་པ་ཡིས། །དགྱེས་པའི་རྒྱལ་བ་གར་མཁན་མཆོག །ཅེས་བྱ་བ་ལ་སོགས་པ་དཔལ་ཁ་སྦྱོར་ལས་གསུངས་ཏེ། སྔར་ལེའུ་ལྔ་པར་བཤད་དོ། །ཚིག་གི་དོན་ཕལ་ཆེར་ནི་གོ་སླའོ། །རིགས་ཀྱི་རབ་ཏུ་དབྱེ་བ་རྒྱས་བསྡུས་བསྟན་པའི་ཕྱིར། དེ་རྣམས་རིགས་ལ་རིགས་ནི་རྣམ་པ་བརྒྱ། །ཞེས་བྱ་བའི་སྐབས་སུ་འདི་ལྟར་རྟོགས་པར་བྱ་སྟེ། སྤྱིར་རྟེན་དང་བརྟེན་པའི་དབང་དུ་བྱས་པ་ལས་རགས་པ་འབྱུང་བ་རྟེན། རྣམ་པར་ཤེས་པ་བརྟེན་པར་བྱས་ཀྱང་བཏུབ། རྣམ་ཤེས་ལས་ནི་སྐྱེས་པ་རླུང༌། །ཞེས་བྱ་བའི་ཚུལ་གྱིས་རྣམ་པར་ཤེས་པ་རྒྱུའམ། རྟེན་ནམ། དེ་ལས་འབྱུང་བ་ལྔ་རིམ་གྱིས་སྐྱེས་པར་བྱས་ཀྱང་བཏུབ་མོད་ཀྱི། འབྱུང་བ་ལྔ་པོ་རེ་རེའི་སྟེང་ནའང་ཉོན་མོངས་པ་ལྔ་ལྔ་གནས་པས་ཉི་ཤུ་རྩ་ལྔ། དེ་རེ་རེ་ཡང་ནང་གསེས་ཀྱིས་ཕྱེ་ན་ཤ་ཆེན་སྤྱི་ཁྱབ་ཏུ་བཏང་བའི་བདུད་རྩི་བཞི་བཞི་སྟེ་རྒྱུའི་རིགས་བརྒྱའོ། །བསྐྱེད་པའི་རིམ་པའི་དབང་དུ་བྱས་ན་རིགས་ལྔ་པོ་རེ་རེའང་མངོན་བྱང་ལྔ་ལྔ། ཡེ་ཤེས་ལྔ་ལྔས་ཕྱེ་བས་ཉི་ཤུ་རྩ་ལྔ། དེ་རེ་རེའང་འཁོར་ཡུམ་བཞི་བཞི་དང་ལྡན་པས་བརྒྱའོ། །དེ་ཉིད་འདིར་ཐིག་ལེ་གཅིག་ལ་སྦྱར་ན་ཐིག་ལེ་ཕྲ་མོ་གཅིག་ལ་འབྱུང་བ་ལྔ་དང་ལྡན་པ་ལ། དེ་རེ་རེ་ཡང་བདུད་རྩི་བཞི་བཞིས་ཕྱེ་ན་ཉི་ཤུ། རྟེན་ཐིག་ལེ་རེ་རེ་ལ་ཡང་མཚོན་བྱེད་དཔེའི་ཡེ་ཤེས་ལྔ་ལྔ་དང་ལྡན་པས་བརྒྱའོ། །དེ་ལྟར་བསྐྱེད་རྫོགས་གཉིས་ནི་ལམ་གྱི་རིགས་བརྒྱའོ། །འབྲས་བུའི་དབང་དུ་བྱས་ན་སྤྲུལ་པའི་སྐུ་རིགས་ལྔ་པོ་རེ་རེ་ལའང་ཡེ་ཤེས་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔ། དེ་ཚད་མེད་བཞིའམ་ལྷ་མོ་བཞི་བཞི་དང་ལྡན་པས་བརྒྱའོ། །དེ་ལྟར་ན། མཆོག་ཏུ་དགའ་བའི་རིགས་ལས་བྱུང༌། །ཞེས་གསུངས་ཏེ། རྟེན་ཐིག་ལེ་གཅིག་གི་སྟེང་དུའང་ཆོས་ཅན་ལྔ་དང་ཉི་ཤུ་རྩ་ལྔ་དང་བརྒྱ་དང་བསམ་གྱིས་མི་ཁྱབ་པའི་བར་དུ་འགྱུར་ལ། བརྟེན་པ་སེམས་ལ་ཡང་ལྔ་དང་ཉི་ཤུ་རྩ་ལྔ་དང་བརྒྱ་དང་བསམ་གྱིས་མི་ཁྱབ་པའི་བར་དུ་འགྱུར་རོ། །དེ་ལྟར་ན་ཆོས་ཅན་གཅིག་ལ་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཚང་དུ་རུང་བས། སཾ་པུ་ཊ་ལས། སྐྲ་ཡི་ཁྱོན་ཙམ་ཕྲ་བ་ལ། །སངས་རྒྱས་དུ་མ་དོག་མིན་ཞིང༌། །གཟིར་མིན་སྟོབས་བཅུ་མངའ་བའི་ལྷ། །བཞེངས་ཤིག་བཞེངས་ཤིག་བདག་གི་ནི། །སྡུམ་པར་སྟོན་མོ་བཞེས་པར་འཚལ། །ཞེས་གསུངས་སོ། །དེ་ལྟར་ན་རྒྱུ་འཁོར་བ་སྦྱང་གཞི་ལ་སངས་རྒྱས་དང་ཡེ་ཤེས་ཀྱི་སྦྱོང་བྱེད་ཀྱི་རྒྱས་གདབ་པ་དང༌། འབྲས་བུ་གནས་གྱུར་ལ་ཡང་རྒྱུའི་རྒྱས་བཏབ་པར་ཤེས་པར་བྱས་ནས་ལམ་ཉམས་སུ་བླངས་ན་སྦྱང་གཞི་དང་སྦྱོང་བྱེད་ངོ་འཕྲོད་པས་ངེས་པར་གྲོལ་བར་འགྱུར་རོ། །ལེའུ་གཉིས་པ་ཚིགས་སུ་བཅད་པ་དྲུག་ཅུ་རྩ་བཞིའི་རྣམ་པར་འགྲེལ་པ་བསྟན་ཟིན་ཏོ།།  །།ད་ནི་ལེའུ་གསུམ་པ་བརྗོད་པར་བྱ་སྟེ། དེ་ལ་ལེའུའི་འབྲེལ་ཅུང་ཟད་བརྗོད་ན། ལེའུ་གཉིས་པར། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བར། །ཞེས་འབྱུང་བའི་ཡེ་ཤེས་རྟོགས་པ་ལ་དབང་དང་རྫོགས་པའི་རིམ་པ་དགོས་པས་དེ་གསལ་བར་སྟོན་པ་ལེའུ་གསུམ་པ་འབྱུང་ངོ༌། །ལེའུ་འདིའི་བརྗོད་བྱ་ནི་སྤྱི་དང་སྦས་པ། རྗོད་བྱེད་ཡན་ལག་དང་བསྡུས་དོན་གཙོ་ཆེ་ལ། དཀྱིལ་འཁོར་འཁོར་ལོའི་སྐབས་སུ་ཡི་གེའི་དོན་ཡང་ཅུང་ཟད་འཇུག་གོ །མངོན་པར་རྟོགས་པ་ནི་སྨིན་པར་བྱེད་པ་དབང་དང༌། དེ་དང་འབྲེལ་པའི་ལྟ་བ་དང༌། བསྐྱེད་པའི་རིམ་པའི་སྐྱེ་མཆེད་བྱིན་གྱིས་བརླབ་པ། རྫོགས་པའི་རིམ་པའི་སྡོམ་པའི་རབ་དབྱེ། ཀུན་འདར་གྱི་སྤྱོད་པའི་བསྒྲུབ་པའི་རིམ་གྲོ། དགོངས་ཏེ་གསུངས་པ་དང་ཁྱད་པར་གྱི་བཟའ་བའི་དམ་ཚིག་གི་བརྡའི་སྐད་གསུངས་སོ། །བཤད་པའི་རྒྱུད་ནི་དབང་དང་དམ་ཚིག་དང་མཆོག་གི་དངོས་གྲུབ་ཀྱི་ཆོས་བཞི་ཀའང་སྟོན་པ་ཡིན་མོད་ཀྱི། ཁྱད་པར་དུ་ཉེ་བར་མཁོ་བ་ཅུང་ཟད་དང་སྦྱར་ན་རྡོ་རྗེ་གུར་གྱི་ལེའུ་བཞི་པ་དང༌། བདུན་པ་དང༌། བཅོ་ལྔ་པ་ནས་དབང་དང་དམ་ཚིག་འབྱུང༌། བཅུ་པ་ནས་སྤྱོད་པ་དང་སྐྱེ་མཆེད་བྱིན་གྱིས་བརླབ་པ། གཉིས་པ་དང་བཅུ་བཞི་པ་ནས་རྫོགས་རིམ། སཾ་པུ་ཊའི་གཉིས་པའི་དང་པོ་དང་བཅུ་པ་དངོས་ནས་དབང་དང་དམ་ཚིག དང་པོའི་དང་པོ་དང་གཉིས་པའི་གཉིས་པ་ནས་ལྟ་བ་དང་རྫོགས་རིམ། ལྔ་པའི་འོག་མ་གཉིས་ནས་སྤྱོད་པ། བཞི་པའི་རབ་བྱེད་བཞི་དང༌། ལྔ་པའི་དང་པོ། བདུན་པའི་དང་པོ་ནས་བརྡ་འབྱུང་བ་ཡིན་ནོ། །རྩ་བའི་རྒྱུད་ཀྱི་གང་དུ་ཁ་བསྐང་ན། ལེའུ་དང་པོའི་སྡོམ་པའི་རབ་དབྱེ་ཚུལ་མི་འདྲ་བར་བཤད་པ་དང༌། བཅུ་པར་དབང༌། དྲུག་པར་སྤྱོད་པ། དགུ་པར་སྐྱེ་མཆེད། བདུན་པར་ངག་གི་བརྡ་ཁ་བསྐང་བ་སྟེ་ལེའུ་ལྔའི་གསལ་བྱེད་ཡིན་ནོ། །གཞུང་གི་དོན་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །རྒྱས་པར་བཤད་པ་ལ་དོན་ལྔའི་དང་པོ་སྡོམ་པའི་རབ་ཏུ་དབྱེ་བ་ལ། སངས་རྒྱས་ཀྱི་སྡོམ་པ་ལ་ཚུལ་གསུམ་དང༌། རྣལ་འབྱོར་མའི་སྡོམ་པའི་ཞུས་ལན་གཉིས་ཀྱི་ལན་ལ་ཡང་ཚུལ་གསུམ་དུ་གནས་པ་ལས། རང་གི་ངོ་བོ་སྐད་ཅིག་མ་བཞིའི་དབང་དུ་བྱས་ན་སྐད་ཅིག་ནི་བཞི་པར་ངེས་ཏེ། གསུམ་པར་བྱས་ན་སྐད་ཅིག་མ་བཞི་དང་དགའ་བའི་གོ་རིམ་འཁྲུགས་པར་འགྱུར་ལ། དབང་དང་དྲི་མ་འཁྲུད་པའི་གོ་རིམ་ལ་སོགས་པ་མང་པོ་འཁྲུགས་པར་འགྱུར་བ་ཡིན་ཏེ། དཔལ་བདེ་བ་ཆེན་པོ་ལས། འཁྱུད་དང་ཙུམྦ་ལ་སོགས་པ། །སྣ་ཚོགས་དགའ་བ་སྣ་ཚོགས་ཉིད། །བྷ་གར་ལིངྒ་རབ་སྦྱོར་བ། །རྣམ་པར་སྨིན་པའི་ཡེ་ཤེས་མཆོག །ཕྱག་རྒྱ་ཉིད་ཕྱིར་རྣམ་པར་ཉེད། །མཚན་ཉིད་བྲལ་བས་ངེས་མཚོན་བྱ། །ཞེས་གསུངས་སོ། །ཞིབ་ཏུ་རྒྱུད་ཀྱི་མངོན་པར་རྟོགས་པར་ཤེས་པར་བྱའོ། །ཚིག་གི་དོན་ཕལ་ཆེར་ནི་གོ་སླ་ལ། དགའ་བ་བཞིས་རྒྱུད་བཞི་མཚོན་ཅིང་དབང་བཞིའི་དྲི་མ་དག་པའི་སྐབས་སུ་སློབ་དཔོན་ཞེས་བྱ་བ་ནི་ཐུན་མོང་གི་དབང་དྲུག་སྔོན་དུ་སོང་ནས། དབང་བདུན་པས་རྡོ་རྗེ་སློབ་དཔོན་དུ་བྱེད་པ་ཡིན་ནོ། །རྫས་གསང་བ་ལྕེ་ལ་སྟེར་བའི་ཕྱིར་གསང་བ། ཤེས་རབ་ལ་བརྟེན་ནས་ཡེ་ཤེས་དགའ་བ་བཞི་སྐྱེད་པར་བྱེད་པས་ཤེས་རབ་ཡེ་ཤེས། བཞི་པ་དེའང་དེ་བཞིན་དུ་མཚོན་པར་བྱེད་པ་སྟེ། གསུམ་པའི་ཡེ་ཤེས་དེ་སངས་རྒྱས་ཀྱི་ཡེ་ཤེས་དང་འདྲའོ་ཞེས་ཚིག་ལ་བརྟེན་ནས་རྟོགས་པ་བསྐྱེད་པ་ནི་ཚིག་གི་བཞི་པ། གསུམ་པ་ལ་ཡེ་ཤེས་ངོས་མ་ཟིན་ན་བཞི་པ་རྟེན་ཅན། སྤྲོས་བྲལ་གྱི་ཡེ་ཤེས་སྐྱོང་བ་ནི་དོན་གྱི་བཞི་པ། ལམ་དང་འབྲས་བུའི་དུས་སུའང་དེ་ལྟར་བསྐྱངས་པས་འབྲས་བུ་དང་མཚམས་སྦྱོར་བ་ནི་འབྲས་བུ་མངོན་དུ་བྱེད་པའི་བཞི་པའོ། །དབང་ནི་བཞི་ཡི་གྲངས་ཀྱིས་ནི། །ཞེས་བྱ་བ་ནི་རྒྱུད་བཞིའི་དབང་གི་མཐར་ཐུག་དབང་བཞི་དང༌། སྐད་ཅིག་མ་བཞིའི་དུས་སུ་ཉམས་སུ་མྱོང་བའི་དགའ་བ་བཞི་གྲངས་དང༌། གོ་རིམ་དང༌། དྲི་མ་འཁྲུད་པར་ཆོས་མཐུན་ཏེ། དེ་ལ་དབང་བཞིར་གྲངས་ངེས་པ་བཞིན་དུ་དགའ་བ་ཡང་བཞིར་གྲངས་ངེས་སོ། །གོ་རིམ་ཀྱང་འདྲ་སྟེ་དབང་སྔ་མ་མ་བསྐུར་བར་ཕྱི་མ་བསྐུར་དུ་མི་རུང་བ་བཞིན་དགའ་བ་ཡང་སྔ་མ་ལ་མ་ལྟོས་པར་ཕྱི་མ་མི་སྐྱེའོ། །དྲི་མ་འཁྲུད་པར་ཡང་ཆོས་མཐུན་ཏེ། དགོད་པ་དག་པ་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་པས་ཕྱག་རྒྱ་ལ་བློ་སྦྱོང་བའི་སྐབས་སུ་ཡོལ་བའི་ཕྱི་རོལ་དུ་དགོད་པ་ལ་སོགས་པའི་སྒྲ་ལ་བརྟེན་ཏེ་བློ་སྦྱང༌། དེ་ནས་མདུན་དུ་གཟུགས་ལ་བལྟ་ཞིང་སྦྱང༌། དེ་ནས་འཁྱུད་པ་དང་ཙུམྦས་སྦྱང༌། དེ་ནས་གཉིས་ཀྱིས་གཉིས་སྙོམས་པར་འཇུག་པས་སྦྱོང་བ་བཞིན་དུ་དབང་བཞིའི་རིམ་པ་ཡང་དེ་ལྟར་སྦྱོང་བས་འདྲ་བ་ཡིན་ནོ། །འདོད་ཁམས་ཀྱི་འདོད་ཆགས་ཀྱི་དྲི་མ་སྦྱོང་ཚུལ་དང་དབང་བཞི་སྦྱོར་ན་ནི། ལྟ་བ་དག་པ་སློབ་དཔོན་ཉིད། །དགོད་པ་གསང་བ་དེ་བཞིན་ནོ། །ཞེས་གཞུང་བསྒྱུར་ལ། ལྟ་བའི་ཆགས་པ་ནི་གཞན་འཕྲུལ་དབང་བྱེད་པ་ཡིན་ལ། དེ་ཙམ་གྱི་བདེ་བ་གནང་ཞིང་དེ་དག་པ་ནི་བྱ་བའི་རྒྱུད་ཡིན་ཏེ། དེའི་དབང་ནི་བུམ་པའི་ཆུས་སྤྱི་བོ་ནས་མར་དབང་བསྐུར་ནས་དཀྱིལ་འཁོར་དང་སློབ་དཔོན་གྱི་ལས་སྟོན་པ་ཡིན་ནོ། །དེ་ཙམ་གྱི་ཉམས་མྱོང་ནི་དགའ་བའི་ཡེ་ཤེས་ལ་ཡང་ཡོད་དོ། །དགོད་པའི་ཆགས་པ་ནི་འཕྲུལ་དགའ་བའི་ལྷ་ཡིན་ལ། དེའི་བདེ་བ་གནང་ཞིང་དེ་དག་པ་ནི་སྤྱོད་པའི་རྒྱུད་ཡིན་ལ། དེའི་དབང་ནི་ཕྱག་མཚན་ཕྲ་མོ་གསང་ནས་སྟེར་བས་ན་གསང་བའི་དབང་ངོ༌། །དེ་ཙམ་གྱི་ཉམས་མྱོང་ནི་མཆོག་དགའ་ལ་ཡང་ཡོད་དོ། །ལག་བཅངས་ཀྱི་ཆགས་པ་ནི་དགའ་ལྡན་པ་དང་འཐབ་བྲལ་བ་ཡིན་ལ། དེའི་བདེ་བ་གནང་ཞིང་དེའི་དྲི་མ་དག་པར་བྱེད་པ་ནི་རྣལ་འབྱོར་གྱི་རྒྱུད་ཡིན་ལ། དེའི་དབང་ནི་རྡོ་རྗེ་དྲིལ་བུ་ཐབས་དང་ཤེས་རབ་ཏུ་བྱས་ནས་སྟེར་བ་ཡིན་ལ། དེ་ཙམ་གྱི་ཉམས་མྱོང་ནི་དགའ་བྲལ་ལ་ཡང་ཡོད་དེ་ལག་བཅངས་ཀྱི་དྲི་མ་དག་པར་བྱེད་དོ། །གཉིས་ཀྱིས་གཉིས་སྤྲོད་པའི་ཆགས་པ་ནི་སུམ་ཅུ་རྩ་གསུམ་ནས་གླིང་བཞི་པའི་བར་ཡིན་ལ། དེ་ཙམ་གྱི་བདེ་བ་གནང་ཞིང་དེའི་དྲི་མ་དག་པར་བྱེད་པ་ནི་རྣལ་འབྱོར་བླ་ན་མེད་པ་སྟེ། དེའི་དབང་ནི་བཞི་པ་ཡིན་ལ། དེའི་ཉམས་མྱོང་ལྷན་ཅིག་སྐྱེད་པའི་ཡེ་ཤེས་ལ་ཡང་ཡོད་པས་ན། གཉིས་ཀྱིས་གཉིས་སྙོམས་པར་འཇུག་པའི་དྲི་མ་དག་པར་བྱེད་པ་ཡིན་ནོ། །དེས་ན་རྣལ་འབྱོར་ཆེན་པོའི་ཐུན་མོང་མ་ཡིན་པའི་དབང་བཞི་ནི་རྒྱུད་སྡེ་དེ་རྣམས་ལ་ཡོད་པ་མ་ཡིན་ཏེ། མིང་མཐུན་པ་ཙམ་ཡིན་ཏེ། ཡེ་ཤེས་ཐིག་ལེ་ལས། བུམ་པའི་ཆུ་ཡིས་དབང་བསྐུར་བ། །བྱ་བའི་རྒྱུད་ལ་ཞུགས་པ་ཡིན། །དེ་བཞིན་དབུ་རྒྱན་ཕྱག་མཚན་དབང༌། །སྤྱོད་པའི་རྒྱུད་ལ་ཞུགས་པ་ཡིན། །དེ་ནས་མིང་གི་དབང་བསྐུར་བ། །རྣལ་འབྱོར་རྒྱུད་ལ་ཞུགས་པ་ཡིན། །ཐུན་མོང་མ་ཡིན་དབང་བཞི་ནི། །རྣལ་འབྱོར་ཆེན་པོ་ཉིད་ཀྱི་དོན། །ཞེས་གསུངས་པ་ཡིན་ནོ། །ཡང་ན་དགོད་པ་དག་པ་ནི་སློབ་དཔོན་ཡིན་ལ། དགའ་བས་ཀྱང་དེ་དག་པར་བྱེད་དོ། །ལྟ་བ་དག་པ་ནི་གསང་དབང་གི་བྱང་སེམས་ལྕེ་ལ་སྟེར་བ་ཡིན་ལ། མཆོག་དགའ་ལ་ལྟ་བ་སྟེ་རྡོ་རྗེ་པདྨ་ལྟ་བས་དེས་དེ་དག་པར་བྱེད་དོ། །ལག་བཅངས་དག་པ་ནི་ཤེས་རབ་ཡེ་ཤེས་ཡིན་ལ། ལག་པ་ཉེད་པས་རྣམ་པར་ཉེད་པ་ནི་དགའ་བྲལ་ཏེ་དེས་ཀྱང་དེ་དག་པར་བྱེད་དོ། །གཉིས་ཀྱིས་གཉིས་འཁྱུད་དག་པ་ནི་དབང་བཞི་པ་ཡིན་ལ། མཚན་ཉིད་བྲལ་བའི་དུས་སུ་བྱང་ཆུབ་ཀྱི་སེམས་གཉིས་འཁྱུད་པས་ལྷན་སྐྱེས་ཏེ་འདིས་དག་པར་བྱེད་དོ། །སྤྱི་དོན་གཉིས་པ་ལེའུ་བཅུ་པའི་དོན་གསལ་བར་བྱེད་པ་ལ་གསུམ་གྱི་དང་པོ་དབང་དངོས་ལའང་དོན་གསུམ་ལས། དང་པོ་དབང་གི་དགོས་པ་ནི། སེམས་ཅན་རྣམས་ཀྱི་དངོས་གྲུབ་ཕྱིར། །ཞེས་བྱ་བ་སྟེ། དབང་མེད་ན་གྲུབ་པ་མེད་དེ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་བཞིན། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ། །ཞེས་པས་སོ། །དབང་ཐོབ་པ་ནི་དབང་བཞིས་འབྲས་བུ་སྐུ་བཞི་ཐོབ་པར་བྱེད་ཅེས་བྱ་བའི་དོན་ཏོ། །གཉིས་པ་ངེས་པའི་ཚིག་ནི། གཏོར་དང་བླུགས་པ་ཞེས་བྱ་བ་སྟེ། བུམ་དབང་གི་དུས་སུ་སྤྱི་བོ་ནས། གསང་དབང་གི་དུས་སུ་ལྕེ་ལ། ཤེས་རབ་ཡེ་ཤེས་ཀྱི་དུས་སུ་དབང་གི་གནས་སུ། བཞི་པ་ལ་རང་གི་སེམས་ལ་གཏོར་ཞིང་བླུགས་པ་སྟེ། ཨ་བྷི་ཥེ་ཀ་ཏ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཨ་བྷི་ཥིཉྩ་ནི་དབང་བར་བྱས་པས་ན་དབང་སྟེ། དབང་བཞི་ཐོབ་པས་བསྐྱེད་རིམ་དང༌། ཙཎྜཱ་ལཱི་དང༌། དཀྱིལ་འཁོར་འཁོར་ལོ་དང༌། བཞི་པའི་ལམ་བསྒོམ་པ་ལ་དབང་བར་བྱས་པས་སོ། །ཡང་སྣཱ་ཏ་ན་ནི་འཁྲུད་པར་བྱེད་པས་དབང་སྟེ། བུམ་དབང་གིས་ལུས་ཀྱི་དྲི་མ་འཁྲུད་ཅེས་བྱ་བ་ནས། དེ་བཞིན་དུ་ངག་དང༌། ཡིད་དང༌། ཀུན་གྱི་དྲི་མ་འཁྲུད་ཅེས་བྱ་བའོ། །ཡང་པྲ་ཐེཀྵ་ཞེས་བྱ་བ་ནི་སྐལ་བ་དང་ལྡན་པ་སྟེ། བུམ་དབང་ཐོབ་པས་བསྐྱེད་རིམ་བསྒོམ་པའི་སྐལ་བ་དང་ལྡན་པར་བྱས་པས། བདག་བྱིན་བརླབ་དང༌། དཀྱིལ་འཁོར་འཁོར་ལོ་དང༌། དབང་བཞི་པའི་ལམ་བསྒོམ་པའི་སྐལ་བ་དང་ལྡན་པར་བྱས་ཞེས་བྱ་བའི་དོན་ཏོ། །གསུམ་པ་དབང་བཞི་སོ་སོའི་མཚན་ཉིད་ཀྱི་ཚིག་གི་དོན་ནི་གོ་སླའོ། །དམ་ཚིག་དང་སྡོམ་པ་ནི། དེ་ལ་དང་པོ་ཐོབ་པ་ལ་དམ་ཚིག་མི་ཉམས་པར་བསྲུང་བ་ལ་སྡོམ་པ་ཞེས་བྱ་བའམ། བཟའ་བ་ལ་དམ་ཚིག བསྲུང་བ་ལ་སྡོམ་པ་ཞེས་བྱ་བའམ། གཉེན་པོ་བསྟེན་པ་ལ་དམ་ཚིག སྤང་བྱ་སྤོང་བ་ལ་སྡོམ་པ་ཞེས་བྱ་བའམ། དེ་གཉིས་མིང་གི་རྣམ་གྲངས་སུའང་འགྱུར་རོ། །དེ་ལ་སྒྲ་ཇི་བཞིན་པ་རྣམས་ནི་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་རྣམས་དང༌། དེ་ཉིད་འདུས་པ་ལ་སོགས་པ་རྣམས་སུ་གསུངས་པས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ཐུན་མོང་གི་སྡོམ་པ་ཡིན་ནོ། །སྒྲ་ཇི་བཞིན་མ་ཡིན་པ་ནི་རྣམ་པར་རྟོག་པ་ཉིད་སྲོག་ཡིན་པའི་ཕྱིར་རྟོག་པ་ཟད་པ་དང༌། ཡང་དག་པར་ན་བསྒྲལ་བར་བྱ་རྒྱུ་མེད་པའི་ཕྱིར་བསྒྲལ་ལོ་ཞེས་པ་བརྫུན་གྱི་ཚིག་དང༌། བཙུན་མོའི་ཁུ་བ་ནི་དེས་མ་བྱིན་པར་རླུང་འདྲེན་པའི་སྟོབས་ཀྱིས་སོ། །ཡང་བཙུན་མོ་ནི་རྡོ་རྗེའི་བཙུན་མོའོ། །དེའི་ཁུ་བ་ནི་བདེ་བ་ཆེན་པོའི་ཡེ་ཤེས་སོ། །གཞན་གྱི་བུད་མེད་ནི་མཆོག་གི་སྟེ་དོན་དམ་པ་སྟོང་པའི་བཙུན་མོའོ། །རང་མཚུངས་མཛེས་ནི་རང་གི་སེམས་ཀྱི་སྤྲུལ་པར་དགོངས་སོ། །དབང་གི་སྤྱི་དོན་གསུམ་པ་ཡེ་ཤེས་དེས་ཡུལ་ལ་སོགས་པ་སྦྱང་བ་ལས། དེ་ལ་ཡུལ་ནི་དབང་པོ་དང་རྣམ་པར་ཤེས་པའི་ཡུལ་དུ་གྱུར་པ་སྟེ་གཟུགས་ལ་སོགས་པའོ། །དབང་པོ་ནི་རྣམ་པར་ཤེས་པ་ཡུལ་ལ་དབང་བྱེད་པའི་ཕྱིར་ཏེ། ཡུལ་ཁ་དོག་ལ་སོགས་པ་སོ་སོ་ལ་དམིགས་པ་གཟུགས་དང་པོའོ། །སྐྱེ་མཆེད་ནི་རྣམ་པར་ཤེས་པ་སྐྱེ་བའི་སྒོའི་ཕྱིར་རོ། །སྤུངས་པའི་ཕྱིར་ཕུང་པོའོ། །རིགས་ཀྱི་དོན་གྱིས་ན་ཁམས་སོ། །མཛོད་ལས། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་སོ། །ཞེས་སོ། །གཟུགས་སུ་རུང་བས་ན་གཟུགས་སོ། །ཉམས་སུ་མྱོང་བས་ན་ཚོར་བའོ། །ཡུལ་ལ་མཚན་མར་འཛིན་པས་ན་འདུ་ཤེས་སོ། །ཡུལ་མངོན་པར་འདུ་བྱེད་པས་ན་འདུ་བྱེད་དོ། །རྣམ་པར་རིགས་པས་ན་རྣམ་པར་ཤེས་པའོ། །དེ་ལྟ་བུའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ། རྣལ་འབྱོར་མ་རྣམས་གོ་བྱའི་ཕྱིར་ཏེ་དེའང་རྣལ་འབྱོར་མ་རྣམས་ཀྱིས་མ་གོ་བ་ནི་མ་ཡིན་ལ། འོན་ཀྱང་དེ་རྣམས་ཀྱིས་མ་འོངས་པའི་བསམ་ངོ་བསུ་ནས་ཞུས་པས། བཅོམ་ལྡན་འདས་ཀྱིས་ཞུ་བ་པོ་ལ་བོས་ནས་བཀའ་སྩལ་པ་ཡིན་ཏེ། དེའང་ཕལ་པ་དང་མུ་སྟེགས་བྱེད་དག་རིལ་པོ་ལ་བདག་ཏུ་འཛིན་པའི་གཉེན་པོར་ཕུང་པོ་ལྔ་བསྟན། གཟུགས་ལ་བདག་ཏུ་འཛིན་པའི་གཉེན་པོར་སྐྱེ་མཆེད་བཅུ་གཉིས་བསྟན། ཡུལ་དང་སེམས་གཉིས་གཅིག་ལ་བདག་ཏུ་འཛིན་པའི་གཉེན་པོར་ཁམས་བཅོ་བརྒྱད་གསུངས་པ་ཡིན་ནོ། །འདི་ལ་སློབ་དཔོན་མི་ཐུབ་ཟླ་བས་གལ་ཏེ་དེ་དག་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་གོ་ན་རྣལ་འབྱོར་མས་ཅིའི་ཕྱིར་མི་གོ་སྙམ་ན། གོ་བ་ནི་བོ་དྷི་བྱ་བ་ཡིན་ལ། བོ་དྷི་ནི་བྱང་ཆུབ་པ་ཡིན་པས་ཕུང་པོ་ལ་སོགས་པ་རང་བཞིན་མེད་པར་བྱང་ཞིང་དངོས་པོ་མེད་པར་ཆུབ་པར་བྱ་བ་ཡིན་ནོ་ཞེས་གསུངས་སོ། །འདི་རྣམས་ཀྱི་ཆོས་ཉིད་གང་ཡིན་ཞེ་ན། རང་བཞིན་གདོད་ནས་མ་སྐྱེས་པ། །ཞེས་བྱ་སྟེ། རང་བཞིན་ནམ་ངོ་བོས་མ་གྲུབ་ཅེས་བྱ་བ་གོང་དུ་རྒྱས་པར་བསྟན་ཟིན་ཏོ། །གདོད་མ་ནས་མ་སྐྱེས་ན་སྣང་བར་འགལ་ལོ་སྙམ་ན། ཡང་དག་པར་མ་གྲུབ་པས་བདེན་པ་མིན་ལ། ཀུན་རྫོབ་ཏུ་སྣང་ཚོད་མི་འགག་པས་བརྫུན་པ་མིན་ཏེ། དངོས་པོ་ཐམས་ཅད་ཆུའི་ཟླ་བ་ལྟ་བུའོ། །སྐྱེ་བ་དང་འགག་པའང་རྒྱུ་དུ་མ་འཚོགས་པ་དང་འགག་པ་ལས་བྱེད་པ་སྟེ། གཙུབས་ཤིང་ལ་སོགས་པ་རེ་རེ་ལ་ཡང་མེད་ལ། རེ་རེ་ལ་མེད་པས་ཚོགས་པ་ལ་ཡང་མེད་ཀྱང་ཀུན་རྫོབ་ཏུ་རྒྱུ་འཚོགས་པ་ལས་མེར་སྣང་ལ། འགག་པར་སྣང་བའི་ཚེའང་དང་པོ་སྐྱེ་བ་མ་གྲུབ་པས་འགག་པའང་ཀུན་རྫོབ་ཏུ་འགག་པར་སྣང་བ་ཙམ་ཡིན་ནོ། །དེས་ན་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ནས་ལེའུ་དྲུག་པའི་ཀུན་འདར་གྱི་སྤྱོད་པའི་བསྒྲུབ་པའི་རིམ་པ་ནི་རྟོགས་པར་སླའོ། །ལེའུ་དགུ་པའི་སྐྱེ་མཆེད་ཀྱི་དག་པ་མ་ཚང་བ་ཁ་བསྐང་བ་ནི། དབང་པོ་རྣམས་ནི་དག་བྱའི་ཕྱིར། །ཞེས་བྱ་བ་ནི་ཐ་མལ་གྱི་རྣམ་པར་རྟོག་པའི་བློ་སྦྱོང་བ་ཡིན་ལ། གོ་ཆ་ནི་བར་དུ་གཅོད་པ་བསྲུང་བ་ཡིན་ཞིང༌། སེམས་དཔའ་ཆེ་ཞེས་བྱ་བ་ནི་མངོན་པར་ཤེས་པ་དྲུག་འཆར་བ་ཡིན་ནོ། །ལེའུ་བདུན་པའི་བརྡའི་སྐད་ཀྱི་གསལ་བྱེད་གནས་བཞི་ལས་སྐྱེས་ཞེས་བྱ་བ་ལ། ཡུལ་གྱི་སྟོབས་ཀྱིས་མཁའ་འགྲོ་མར་གྱུར་པ་ནི་གནས་ལས་སྐྱེས་པ་ཞེས་བྱ། མ་མོ་མཁའ་འགྲོ་མའི་བུ་མོ་མཁའ་འགྲོ་མ་ནི་རིགས་ལས་སྐྱེས་པ། སྔགས་བཟླས་པས་གྲུབ་པ་ནི་སྔགས་ལས་སྐྱེས་པ། སྐྱེ་བ་སྔ་མའི་ལས་ཀྱིས་རྫུ་འཕྲུལ་ཐོབ་པ་ནི་ལས་ལས་སྐྱེས་པའོ། །ཡང་ན་འཛམ་བུ་གླིང་ན་བཞུགས་པའི་སྤྲུལ་པའི་སྐུ་ནི་མ་མོ་མཁའ་འགྲོ། དེའི་འཁོར་ལས་དང་སྔགས་ལས་སྐྱེས་པ་ནི་ལས་ཀྱི་མཁའ་འགྲོ་དང་ཤ་ཟ་མཁའ་འགྲོ། ལོངས་སྐུ་ནི་ལྷན་ཅིག་སྐྱེས་པའི་མཁའ་འགྲོའོ་ཞེས་ཀྱང་གསུངས་སོ། །ཚིག་གི་དོན་ལྷག་མ་རྣམས་ནི་གཞུང་ཉིད་ཀྱི་སྟེང་དུ་རྟོགས་པར་ནུས་པས་ན་མ་བྲིས་སོ། །ལེའུ་གསུམ་པ་ཚིགས་སུ་བཅད་པ་བདུན་ཅུ་རྩ་དྲུག་གི་རྣམ་པར་འགྲེལ་པ་བསྟན་ཟིན་ཏོ།།  །།ད་ནི་ལེའུ་བཞི་པ་བཤད་པར་བྱ་སྟེ། དེ་ལ་ལེའུའི་འབྲེལ་ཅུང་ཟད་བརྗོད་ན། བརྟག་པ་དང་པོའི་ལེའུ་བཅུ་པའི་དབང་ལ་སོགས་པ་ལྔའི་དོན་མི་གསལ་བ་གསལ་བར་བཤད་ཀྱང༌། གླུ་ལ་སོགས་པ་ཁྱད་པར་མང་པོའི་དོན་གསལ་བར་བསྟན་པར་བྱ་བའི་ཕྱིར་ལེའུ་བཞི་པ་གསུངས་སོ། །ལེའུ་འདིའི་བརྗོད་བྱའི་དོན་ནི་སྤྱི་དང་སྦས་པ། རྗོད་བྱེད་ཡན་ལག་ཡི་གེ་བསྡུས་དོན་གསུམ་ཀ མངོན་པར་རྟོགས་པ་རྒྱུའི་རྒྱུད་དང༌། ཐབས་ལས་མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུ་མ་ཡིན་པའི་ཆོས་བཞི་དང༌། དངོས་གྲུབ་མཐའ་དག་གི་གཏོར་མ་དང༌། གླུ་གར་ནི་ཚོགས་འཁོར་གྱི་ཚེའང་བྱེད་པས་དམ་ཚིག་དང་ཡང་འབྲེལ་ལོ། །བཤད་པའི་རྒྱུད་ནི་སྤྱིར་མངོན་པར་རྟོགས་པ་དེ་རྣམས་སྟོན་པའི་སྐབས་ཐམས་ཅད་དང་ཡང་འབྲེལ་མོད་ཀྱི། ཉེ་བར་མཁོ་བ་ཅུང་ཟད་དང་སྦྱར་ན་རྡོ་རྗེ་གུར་གྱི་ལེའུ་གསུམ་པ་ནས་གཏོར་མ། བཅུ་བཞི་པ་ནས་གླུ་གར་རྒྱས་པར་གསུངས་སོ། །སཾ་པུ་ཊའི་བརྟག་པ་དང་པོའི་དང་པོ་དང་གཉིས་པའི་གཉིས་པ་ནས་ལྟ་བ། བཞི་པའི་དང་པོ་ནས་གླུ། དྲུག་པ་དངོས་ནས་སྡོམ་པའི་རབ་ཏུ་དབྱེ་བ། དགུ་པའི་གཉིས་པ་ནས་གཏོར་མའི་བྱིན་རླབས་གསུངས་སོ། །ལྷག་མ་རྣམས་ནི་ཕྱོགས་མཐུན་ཙམ་ལས་གསལ་པོར་སྦྱར་བ་ནི་མེད་དོ། །རྩ་བའི་རྒྱུད་ཀྱི་ཐད་སོ་གང་དུ་ཁ་བསྐང་ན། ལེའུ་དྲུག་པར་གླུ་གར། ལེའུ་བཞི་པར་དབུ་རྒྱན། ལེའུ་གཉིས་པར་ལྷ་མོའི་ས་བོན་དང་གཏོར་མ། ལེའུ་དང་པོར་རྟེན་དཀྱིལ་འཁོར་གསུམ་གྱི་དོན་གསལ་བར་བྱེད་པ་ཡིན་ནོ། །གཞུང་གི་དོན་ལ་གཉིས། ཞུས་པ་དང༌། ལན་ནོ། །ལན་ལ་གཉིས། ཞུས་པ་དང་རྗེས་སུ་མཐུན་པའི་ལན་དང༌། གནས་སྐབས་ཀྱི་ཞུས་ལན་གྱི་སྒོ་ནས་བརྟག་པ་དང་པོ་དང་འདས་མ་ཐག་པ་དང་ཐུན་མོང་གི་གསལ་བྱེད་དོ། །དང་པོ་ལ་བཞི་ལས། ཐོག་མར་ལེའུ་དྲུག་པའི་གསལ་བྱེད་ལ་རྡོ་རྗེའི་གླུ་ནི། ཀོལླ་ཞེས་བྱ་བ་ལ་སོགས་པ་སྒྲ་ཇི་བཞིན་མ་ཡིན་པ་སྟེ། ཚིག་གི་དོན་ལ་བཤད་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་འབྱུང་བ་ཡིན་མོད་ཀྱི། འདིར་ཚོགས་ཀྱི་འཁོར་ལོ་དང་སྦྱར་བའི་བཤད་ཚུལ་ཅུང་ཟད་ཅིག་འབྱུང་བ་ནི་གཞུང་དུ་རྟོགས་པར་སླའོ། །གར་བྱ་བ་ལ་དྲན་པ་མི་འཕྲོགས་པ་ནི་སེམས་མ་ཡེངས་པའོ། །གར་གྱི་བཀོད་པ་ནི་རྡོ་རྗེ་གུར་ལེའུ་བཅུ་བཞི་པ་ལས་འབྱུང་ངོ༌། །ལྷག་མ་ནི་གོ་སླའོ། །གཉིས་པ་རིགས་ཀྱི་བདག་པོ་ལ། ཕྱག་རྒྱའི་ངེས་པའི་ཚིག་ནི་རྟགས་དང་མཚན་མ་སྟེ་མཚོན་པར་བྱེད་པ་ཡིན་ནོ། །ཕྱག་རྒྱས་མ་བཏབ་པའི་ཉེས་དམིགས་ནི་ལུས་དང་སེམས་དང་རྒྱུ་དང་འབྲས་བུ་ལ་སོགས་པ་འཆོལ་བར་འགྱུར་བས་མི་འཆོལ་བར་བྱ་བའི་ཕྱིར་རྒྱས་གདབ་པར་བྱ་སྟེ་འོག་ཏུ་རྒྱས་པར་བཤད་པར་བྱའོ། །ལེའུ་གཉིས་པའི་གསལ་བྱེད་ལྷ་མོའི་ས་བོན་ཡང་རྟོགས་པར་སླའོ། །ལེའུ་དང་པོའི་དོན་བཤད་པ་ལ་གསུམ་ལས། དང་པོ་ཡེ་ཤེས་ཀྱི་རྟེན་དཀྱིལ་འཁོར་གསུམ་ནི། རྩ་ནི་གཉིས་གཉིས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལས་བགྲོད་པའི་དབང་དུ་བྱས་ན་ཐོག་མ་ནས་རྩ་གཉིས་གཉིས་ལྷ་མོ་རེ་རེར་བྱས་ནས་བདུད་འདྲལ་མ་སྤངས་ནས་སྦས་པའི་རྩ་ལྔ་དང་ས་བཅུ་གསུམ་པ་བགྲོད་པའི་ཚུལ་ནི། ལེའུ་དང་པོ་དང་བདུན་པར་བཤད་ཟིན་ལ། འདིར་བྱང་ཆུབ་ཀྱི་སེམས་འཕོ་བའི་འགྲོས་སུ་བྱས་ན། བདུད་འདྲལ་མ་སྤངས་པའི་མི་ཕྱེད་མ་དང་གཏུམ་མོ་ནི་མཁའ་སྤྱོད་མ། ཕྲ་གཟུགས་མ་དང་ཁྱིམ་མ་ས་སྤྱོད་མ་ཞེས་བྱ་བ་ནས་རྩ་ཐོག་མཐའ་གཉིས་གཉིས་ནས་རེ་རེ་ལྷ་མོ་ཕྱི་རོལ་ནས་དབུས་སུ་བསྡུས་ཏེ། རྩ་གསུམ་བདག་མེད་མར་བྱེད་པའི་བར་དུ་རྐང་པ་གཉིས་ཀྱི་མཐེ་བོ་ནས་སྤྱི་གཙུག་ཏུ་ཐིམ་པའི་བར་གྱིས་རྟོགས་པར་བྱའོ། །དེ་ལྟར་ན་ས་བགྲོད་པ་གནས་དང༌། རྩའི་འཕོ་བའི་གནས་ཀྱི་སྡོད་ས་མི་འདྲ་བ་དེ་མི་འགལ་ལམ་ཞེ་ན། མི་འགལ་ཏེ་དཔེར་ན་རྒྱལ་པོ་ཆེན་པོའི་ཕོ་བྲང་དང༌། དེས་མངའ་རིས་སོ་སོ་ལ་ལོངས་སྤྱོད་པའི་ཚུལ་དང་འདྲའོ། །གཉིས་པ་བཅུ་དྲུག་པ་མ་བཤད་པའི་འཐད་པའི་སྤྱིའི་ངག་དོན་ནི་ཞིབ་ཏུ་བདག་མེད་མའི་བསྟོད་པ་དང༌། རྒྱུད་ཀྱི་མངོན་པར་རྟོགས་པར་ཤེས་པར་བྱས་ལ་འདིར་བརྟན་པར་བྱ་ལ། དེའི་དོན་ཅུང་ཟད་ཙམ་བརྗོད་ན་གསུམ་སྟེ། གང་དག་སྦྱང་བར་བྱ་བའི་དངོས་པོ་དང༌། གང་གིས་སྤྱོད་པར་བྱེད་པའི་ལྷ་དང༌། དེས་ཇི་ལྟར་སྦྱོང་བར་བྱེད་པའི་ཚུལ་ལོ། །དང་པོ་ནི་བདུན་ཏེ། ཚེས་དང༌། འཕོ་བ་དང༌། རྩ་དང༌། ཡི་གེ་དང༌། བྱང་ཆུབ་ཀྱི་སེམས་དང༌། དགའ་བ་དང༌། དེ་དག་གང་ན་གནས་པའི་གནས་སོ། །དང་པོ་ཆོས་ནི་ཡར་ངོ་དང་མར་ངོ་གཉིས་ལ་བཅོ་ལྔ་བཅོ་ལྔ་ཡིན་མོད་ཀྱང་ཡར་ངོའི་ཉ་ལ་ཉིན་མཚན་གཉིས་སུ་ཕྱེ་བས་བཅུ་དྲུག མར་ངོའི་གནམ་སྟོང་ལ་ཉིན་མཚན་གཉིས་སུ་ཕྱེ་བས་བཅུ་དྲུག་ཏུ་འགྱུར་རོ། །གཉིས་པ་འཕོ་བ་ནི། ལུག་གླང་འཁྲིག་པ་ཀརྐ་ཊ། །སེངྒེ་བུ་མོ་སྲང་སྡིག་པ། །གཞུ་དང་ཆུ་སྲིན་བུམ་པ་ཉ། །དེ་ལྟར་བཅུ་གཉིས་ཀྱི་སྟེང་དུ་ཟླ་བ་གཟས་ཟིན་དང༌། ཉི་མ་གཟས་ཟིན་དང༌། ཐིག་ལེ་འགོག་པ་དང༌། ནམ་མཁའ་འགོག་པ་སྟེ་བཞི་བསྣན་པས་བཅུ་དྲུག་གོ །གསུམ་པ་རྩ་ནི་རོ་རྐྱང་ཀུན་འདར་གསུམ་ནི་གཅིག་ལ། ལྷག་མ་རྣམས་གཉིས་གཉིས་རེ་རེར་བསྡུས་པས་བཅོ་ལྔ། ཐ་མའི་བདུད་འདྲལ་མ་དང་བཅུ་དྲུག་གོ །བཞི་པ་ཡི་གེ་ནི་ཨཱ་ལི་བཅུ་དྲུག་གོ །ལྔ་པ་བྱང་ཆུབ་ཀྱི་སེམས་ནི་རྣམ་པར་ཤེས་པའི་རྟེན་ཁམས་དྭངས་མ་སྟེ། དེའང་གནས་དང་ལས་ལ་སོགས་པའི་དབྱེ་བས་བཅུ་དྲུག་གོ །དྲུག་པ་དགའ་བ་བཞི་པོ་རེ་རེ་ལ་དགའ་བའི་དགའ་བ་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་གོ །བདུན་པ་གང་ན་གནས་པའི་གནས་ནི་ལུས་ཀྱི་གཡས་པ་དང་གཡོན་པའི་ངོས་རེ་རེ་ལ་བཅུ་དྲུག་བཅུ་དྲུག་སྟེ། རྐང་པ་གཡས་པའི་མཐེ་བོ་དང༌། བྱིན་པ་གཡས་དང༌། བརླ་གཡས་དང༌། གསང་གནས་ཀྱི་གཡས་ཀྱི་ཆ་དང༌། ལྟེ་བའི་ཆ་གཡས་པ་དང༌། སྙིང་གའི་གཡས་པའི་ཆ་དང༌། ནུ་མ་གཡས་པ་དང༌། ལྐོག་མ་གཡས་དང༌། ལག་པ་གཡས་པའི་མཐིལ་དང༌། མཆུ་གཡས་ཆ་དང༌། མཁུར་ཚོས་གཡས་དང༌། མིག་གཡས་དང༌། རྣ་བ་གཡས་དང༌། ཀླད་པ་གཡས་ཀྱི་ཆ་དང༌། གཡས་རོ་མ་དང༌། དབུས་ཀུན་འདར་མའོ། །ཚུལ་དེ་བཞིན་དུ་གཡོན་རྣམས་ཀྱང་ངོ༌། །སྤྱི་དོན་གཉིས་པ་གང་གིས་སྦྱོང་བར་བྱེད་པའི་ལྷ་ནི། ཡུམ་ལྷ་མོ་བཅོ་ལྔ་དང༌། ཡབ་ཧེ་རུ་ཀ་སྟེ་བཅུ་དྲུག་གོ །དེ་ཡང་ཡུམ་རྣམས་ནི་ཤེས་རབ་སྟོང་པ་ཉིད་ཀྱི་ཆ་ཡིན་ལ། ཡབ་ནི་ཐབས་སྙིང་རྗེ་ཆེན་པོའི་ཆ་ཡིན་ནོ། །སྤྱི་དོན་གསུམ་པ་དེས་ཇི་ལྟར་སྦྱོང་བའི་ཚུལ་ལ་གཉིས་ཏེ། གཞན་ལུགས་དགག་པ་དང༌། རང་ལུགས་གཞག་པའོ། །དང་པོ་ནི་སློབ་དཔོན་ཤཱནྟི་པ་ལ་སོགས་པ་ཁ་ཅིག་སྦྱང་གཞི་རྩ་རྣམས་ཁོ་ན་ཡིན་ལ། དེའང་ཐོག་མའི་བདག་མེད་མས་རྩ་གསུམ་བསྡུས་པ་དེ་བཞིན་དུ་ཐ་མའི་མཁའ་སྤྱོད་མས་ཀྱང་གསུམ་བསྡུས་པར་ཤེས་པར་བྱའོ་ཞེས་གསུང་ངོ༌། །དེ་དགག་པ་ལ་གཉིས་ཏེ། གཞུང་དང་འགལ་བ་དང༌། དོན་དང་འགལ་བའོ། །དང་པོ་ལ་གཉིས་ཏེ། ཀུན་གྱི་ཚིག་འགལ་བ་དང༌། སྤང་བའི་ཚིག་འགལ་བའོ། །དང་པོ་ནི་གང་གི་ཕྱིར་བཅུ་དྲུག་པའི་ཆ་ལྷ་མོ་མེད་པས། དེའི་ཕྱིར་འབད་པས་རྩ་དང་འཕོ་བ་དང་ཡི་གེ་ལ་སོགས་པ་ཀུན་གྱི་ལྷག་མ་སྤང་ཞེས་པའི་གཞུང་འདི་ཁྱེད་ལ་འགལ་ཏེ་རྩ་འབའ་ཞིག་ལ་སྦྱོར་ན་ཀུན་ཞེས་པའི་ཚིག་འདི་སྦྱར་དུ་མི་བཏུབ་པའི་ཕྱིར་རོ། །གཉིས་པ་ཡང་མཁའ་སྤྱོད་མས་རྩ་གསུམ་བསྡུས་ན་ལྷག་མ་སྤང་ཞེས་པའི་ཚིག་འདི་སྦྱར་དུ་མི་རུང་སྟེ། ལྷག་མའི་དོན་མི་གནས་པའི་ཕྱིར་རོ། །གཉིས་པ་དོན་དང་འགལ་བ་ལ་གཉིས་ཏེ། སྟོང་པས་སྟོང་པ་སྦྱོང་བར་འགལ་བ་དང༌། ཟུང་འཇུག་གི་ལམ་མི་རུང་བས་འགལ་བའོ། །དང་པོ་ནི་རྩ་སུམ་ཅུ་སོ་གཉིས་པོ་ལྷ་མོ་བཅོ་ལྔས་སྦྱོང་ན། ལྷ་མོ་སྟོང་པ་ཉིད་ཡིན་ལ། བདུད་འདྲལ་མ་ཡང་སྤྲོས་པ་དང་བྲལ་བའི་ཆ་སྟོང་པ་ཉིད་ཡིན་པས་སྟོང་པས་སྟོང་པ་སྦྱང་བར་མི་ནུས་ཏེ། ནམ་མཁའི་མེ་ཏོག་གིས་རི་བོང་གི་རྭ་མཛེས་པར་མི་ནུས་པ་བཞིན་ནོ། །དེས་ན་མདོ་ལས། སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱིས་གླགས་རྙེད་པར་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གཉིས་པ་ཟུང་འཇུག་གི་ལམ་མི་རུང་སྟེ་བདེ་བ་ཆེན་པོའི་ངོ་བོ་ཡབ་ཀྱིས་སྟོང་པའི་ངོ་བོ་བདུད་འདྲལ་མ་སྦྱངས་ན་ཟུང་འཇུག་ཏུ་འགྱུར་བ་ལས། ཁྱེད་སྟོང་པས་སྟོང་པ་སྦྱང་བའི་ཕྱིར་རོ། །གལ་ཏེ་ཟུང་འཇུག་ཏུ་མ་གྱུར་ན་གསང་སྔགས་དང་ཕ་རོལ་ཏུ་ཕྱིན་པ་མཐའ་དག་དང་འགལ་བར་འགྱུར་རོ། །སྤྱི་དོན་གཉིས་པ་རང་ལུགས་གཞག་པ་ལ་གཉིས་ཏེ། སྤྱིའི་དོན་ངེས་པར་བྱ་བ་དང༌། འཕོ་བའི་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གང་ཕྱིར་བཅུ་དྲུག་ཆ་མེད་པས། །འབད་པས་ཀུན་གྱི་ལྷག་མ་སྤང༌། །ཞེས་པ་སྟེ། བཅུ་དྲུག་པའི་ཆ་མེད་པ་ནི་ལྷ་མོ་སྟེ་བཅོ་ལྔ་ལས་མེད་པའི་ཕྱིར་རོ། །འོ་ན་སྦྱང་གཞི་རྩ་དང་འཕོ་བ་ལ་སོགས་པ་སྔར་བཤད་པ་བཅུ་དྲུག་ཡོད་ལ། དེ་སྦྱོང་བྱེད་ལྷ་མོ་བཅོ་ལྔས་སྦྱངས་ན་ལྷག་མ་གཅིག་ལུས་པར་འགྱུར་རོ་ཞེ་ན། དེ་ཡི་ལན་ནི་ལྷག་མ་སྤང༌། །ཞེས་སྦྱར་རོ། །གལ་ཏེ་ལྷག་མ་སྤོང་བ་ཡིན་ན་རྩ་འབའ་ཞིག་སྤོང་བ་ཡིན་ནམ། འོན་ཏེ་འཕོ་བ་དང༌། ཡི་གེ་དང༌། དགའ་བ་ལ་སོགས་པ་གཞན་གྱིའང་སྤང་ཞེ་ན། ཀུན་གྱི་ལྷག་མ་སྤང་ཞེས་སྨོས་ཏེ། གཞན་རྣམས་ཀྱི་ཡང་སྤོང་ངོ༌། །སྤང་བྱའི་ལྷག་མ་ཉིད་གང་ཡིན་སྙམ་ན། རྩ་རྣམས་ལས་བདུད་འདྲལ་མ། འཕོ་བ་ལས་ནམ་མཁའ་འགོག་པ། ཡི་གེ་ཨཿཚེག་དྲག་ཅན། དགའ་བ་ལྷན་སྐྱེས་ཀྱི་ལྷན་སྐྱེས་ཚེས་བཅུ་དྲུག་པ། བྱང་ཆུབ་ཀྱི་སེམས་བཅུ་དྲུག་པ། གནས་སྤྱི་གཙུག་གི་ཆ་སྟེ་དེ་རྣམས་སྤང་བར་བྱའོ། །སྤོང་བའི་འཐད་པ་ནི། དོན་གྱི་བྱ་བ་མི་བྱེད་ཕྱིར། །ཞེས་སྨོས་ཏེ། བཅུ་དྲུག་པའི་ཆ་དེ་དག་གིས་ལྷ་མོ་བསྐྱེད་པའམ། སྤྲོས་པ་བསྐྱེད་པ་ལ་སོགས་པའི་བྱ་བ་མི་བྱེད་པ་སྟེ། དཔེར་ན་ཚེས་བཅོ་ལྔ་ཡན་ཆད་ཀྱིས་ཟླ་བ་འཕེལ་བའི་བྱ་བ་བྱེད་ལ། བཅུ་དྲུག་པས་མི་བྱེད་པ་བཞིན་ནོ། །འོ་ན་བཅོ་ལྔ་པོ་རྣམས་ཀྱིས་དོན་གྱི་བྱ་བ་གང་བྱེད་ཅེ་ན། རྩ་རྣམས་ཀྱིས་ཐ་མལ་པའི་དུས་ན་རྣམ་རྟོག་བསྐྱེད་དེ། དེའང་གཡས་ན་གནས་པའི་རྩ་རྣམས་ཀྱིས་གཟུང་བའི་རྣམ་རྟོག་བསྐྱེད་ཅིང༌། གཡོན་ན་གནས་པའི་རྩ་རྣམས་ཀྱིས་འཛིན་པའི་རྟོག་པ་བསྐྱེད་དོ། །ཨ་ལ་སོགས་པའི་ཡི་གེ་རྣམས་ཀྱིས་ལྷ་མོར་རྣམས་བསྐྱེད་དོ། །དགའ་བ་བཅོ་ལྔ་པོས་རྟོག་པ་བསྐྱེད་དོ། །དེ་བཞིན་དུ་འཕོ་བ་དང་བྱང་ཆུབ་ཀྱི་སེམས་བཅོ་ལྔ་པོས་ཀྱང་འཕོ་བ་དང་འགྲོ་བ་ལ་སོགས་པའི་བྱ་བ་བྱེད་དོ། །དེའི་དཔེ། བཅོ་ལྔའི་ཆ་ཡི་བདག་ཉིད་ཀྱི། །ཟླ་བ་བྱང་ཆུབ་སེམས་སུ་འགྱུར། །ཞེས་བྱ་སྟེ། ཚེས་བཅོ་ལྔའི་བར་གྱི་ཟླ་བ་ལྟར་གོང་དུ་བསྟན་པའི་བཅོ་ལྔ་པོ་རྣམས་ཀྱིས་ཀྱང་འཕེལ་བའི་བྱ་བ་བྱེད་ལ། བཅུ་དྲུག་པས་མི་བྱེད་དོ་ཞེས་ཤེས་པར་བྱའོ། །དེས་ན་བཅོ་ལྔ་པ་རྣམས་ནི་ཐབས་སྤྲོས་པའི་ཆ་བདེ་བ་ཆེན་པོའི་ངོ་བོ་ཡབ་ཡིན་ལ། བཅུ་དྲུག་པའི་ཆ་རྣམས་ནི་ཤེས་རབ་སྤྲོས་པ་དང་བྲལ་བའི་ཆ་སྟོང་པ་ཉིད་ཀྱི་ངོ་བོ་ཡུམ་ཡིན་ནོ། །དེ་ལྟར་ཡིན་པར་ཅིས་ཤེས་ཤེ་ན། བདེ་བ་ཆེན་པོ་ཨཱ་ལིའི་གཟུགས། །རྣལ་འབྱོར་མ་རྣམས་དེ་ཡི་ཆ། །ཞེས་གསུངས་ཏེ། བདེ་བ་ཆེན་པོའི་ངོ་བོ་ནི་ཨཱ་ལིའི་གཟུགས་བཅོ་ལྔ་པོ་ཡིན་ལ། སྟོང་པའི་ངོ་བོ་ཡུམ་ནི་དེའི་ཆ་སྟེ་བཅུ་དྲུག་པ་རྣམས་ཡིན་ནོ་ཞེས་དགོངས་སོ། །ཡེ་ཤེས་ཐིག་ལེ་ལས་ཀྱང༌། བཅོ་ལྔ་པ་ནི་འབྱུང་བའི་རྒྱུ། །བཅུ་དྲུག་པ་ལ་རྟོག་མི་བྱེད། །ཅེས་གསུངས་སོ། །དེས་ན་ཡབ་བདེ་བ་ཆེན་པོའི་ངོ་བོ་བཅོ་ལྔ་པོ་རྣམས་ནི་ཡུམ་སྟོང་པ་ཉིད་ཀྱི་ངོ་བོ་ལྷ་མོས་སྦྱངས་ལ། ཡུམ་སྟོང་པའི་ངོ་བོ་བཅུ་དྲུག་པ་ནི་ཡབ་བདེ་བ་ཆེན་པོའི་ངོ་བོས་སྦྱངས་པས་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་ཟུང་དུ་འཇུག་པ་མཚོན་པ་ཡིན་ཏེ། རྡོ་རྗེ་གུར་ལས། སྟོང་པ་སྙིང་རྗེ་ཐ་དད་མེད། །གང་དུ་སེམས་ནི་རྣམ་བསྒོམས་པ། །དེ་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ཡང་བསྟན་པའོ། །ཞེས་གསུངས་པ་དང༌། རང་གི་གཞུང་གི་ཆ་དག་ལས་ཀྱང༌། དེས་ན་རྡོ་རྗེ་ཐེག་པའི་ཟབ་དོན་ཀུན། །ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལ། །ཁོ་བོའི་སེམས་ནི་མཆོག་ཏུ་དད་པ་ཡིས། །རྡོ་རྗེ་ཐེག་ལ་གུས་པར་ཕྱག་འཚལ་ལོ། །ཞེས་བྱ་བ་སྨྲས་པ་ཡིན་ནོ། །དོན་གཉིས་པ་འཕོ་བའི་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། གང་དུ་འཕོ་བའི་ཡུལ་དང༌། ཇི་ལྟར་འཕོ་བའི་ཚུལ་དང༌། དེ་ལྟར་འཕོ་བའི་འཐད་པའོ། །དང་པོ་ནི་སྐྱེས་པ་དང་བུད་མེད་ཀྱི་ལུས་ཏེ། དེའང་སྔར་སྨོས་པའི་ལུས་ཀྱི་གནས་རྐང་པ་གཡོན་པའི་མཐེ་བོ་ནས་གཡས་པའི་མཐེ་བོའི་བར་ལ་རིམ་པ་བཞིན་དུ་མི་ཕྱེད་མ་ནས་གཏུམ་མོའི་བར་རྩ་སུམ་ཅུ་སོ་གཅིག་པོའི་ནུས་པ་གནས་པ་སྟེ་དེ་རྣམས་སུ་འཕོ་བར་བྱེད་དོ། །གཉིས་པ་ཇི་ལྟར་འཕོ་བའི་ཚུལ་ལ་དྲུག་སྟེ། དུས་ནམ་འཕོ་བ་དང༌། ངོ་བོ་གང་འཕོ་བ་དང༌། རྣམ་པ་ཇི་ལྟར་འཕོ་བ་དང༌། དགའ་བའི་ངོ་བོ་གང་ཡིན་པ་དང༌། ལྷ་མོ་གང་གིས་དབང་བྱས་པ་དང༌། འཕོ་བའི་མིང་གང་ཡིན་པའོ། །དང་པོ་ནི་སྔར་བཤད་པའི་ཡར་ངོ་དང་མར་ངོའི་དབྱེ་བས་ཚེས་གཅིག་ལ་སོགས་པའི་ཚེ་འཕོ་བ་སྟེ། དེའང་ཡར་ངོའི་ཚེས་གཅིག་ལ་སྐྱེས་པའི་རྐང་པ་གཡས་པའི་མཐེ་བོའི་གཏུམ་མོ་ནས་མགོ་འཛིན་ལ། བུད་མེད་ལ་གཡོན་པའི་མཐེ་བོ་མི་ཕྱེད་མ་ནས་མགོ་འཛིན་ནོ། །མར་ངོ་ལ་བུད་མེད་ཀྱི་གཡས་པའི་མཐེ་བོ་གཏུམ་མོ་ནས་མགོ་འཛིན་ལ། སྐྱེས་པའི་གཡོན་མི་ཕྱེད་མ་ནས་མགོ་འཛིན་ཏོ། །གང་ལྟར་ཡང་ཚེས་གཅིག་ནས་བཅུ་བཞིའི་བར་རིམ་པ་བཞིན་དུ་འཕོས་ནས་བཅོ་ལྔ་པ་ལ་ཉིན་མཚན་གཉིས་སུ་ཕྱེ་བའི་ཉིན་མོ་སྐྱེས་པའི་གཡས་རོ་མའི་སྟེང་ན་གནས་སོ། །བུད་མེད་ཀྱི་གཡོན་རྐྱང་མའི་སྟེང་ན་གནས་སོ། །མཚན་མོ་སྐྱེས་པ་དང་བུད་མེད་གཉིས་ཀའི་སྤྱི་གཙུག་ཀུན་འདར་གྱི་སྟེང་ན་གནས་ཏེ། དེ་ནས་དེ་ཉིད་དུ་ཨཿའི་རྣམ་པར་བྱས་ཏེ་ཐིམ་པར་འགྱུར་རོ། །དེ་ནས་ཡང་མར་ངོའི་ཚེས་གཅིག་ནས་སྔར་བརྗོད་པ་ལྟར་སྐྱེས་པ་དང་བུད་མེད་ཀྱི་དབྱེ་བས་ཉི་ཤུ་དགུའི་བར་དུ་འཕོས་ནས་གནམ་སྟོང་ལ་ཉིན་མཚན་གཉིས་སུ་ཕྱེ་བའི་ཉིན་མོ་སྐྱེས་པའི་གཡོན་རྐྱང་མའི་གནས་ན་གནས་སོ། །བུད་མེད་ཀྱི་གཡས་རོ་མ་ནའོ། །མཚན་མོ་སྐྱེས་པ་དང་བུད་མེད་གཉིས་ཀའི་སྤྱི་གཙུག་ཀུན་འདར་གྱི་གནས་ན་གནས་ཏེ། དེ་ནས་ཡང་དེ་ཉིད་དུ་ཧཱུྃ་གི་རྣམ་པར་བྱས་ཏེ་ཐིམ་པར་འགྱུར་རོ། །དེ་ནས་ཡང་ཡར་ངོའི་ཚེས་གཅིག་ནས་སྔར་བཞིན་དུ་འཕོ་བར་འགྱུར་རོ། །འདིའི་དོན་འབུམ་ཕྲག་ལྔ་པའི་གཞུང་གི་ཆ་དག་ལས་ཀྱང་རྩ་སུམ་ཅུ་རྩ་གཉིས་ལ་གནས་ཇི་ལྟ་བར་ཡི་གེ་བཅུ་དྲུག་དང༌། ཚེས་གཅིག་ལ་སོགས་པར་རིམ་པ་དང་རིམ་པ་ལས་བཟློག་པའི་ཕྱིར་རོ་ཞེས་པ་དང༌། ཡེ་ཤེས་ཐིག་ལེ་ལས་ཀྱང༌། ཉ་གང་བ་ལ་དབང་ནི་ཤར། །བཅོ་ལྔ་པ་ཡི་ཐིག་ལེས་སོ། །དཔའ་བོ་བཅུ་དྲུག་པ་ཡི་ཆ། །གཞན་ནི་གང་དུའང་མི་གནས་སོ། །ཞེས་པ་དང༌། དགའ་བའི་བྱེ་བྲག་ལྷན་ཅིག་སྐྱེས། །བཅུ་དྲུག་པ་ཡི་དོན་དུ་ཡོད། །ཆར་ཡང་བཅུ་དྲུག་འདི་རུ་ནི། །ཡོད་པ་མ་ཡིན་མེད་པ་མིན། །གཡས་དང་གཡོན་གྱི་ཡན་ལག་ཏུ། །ཡར་ངོ་དེ་བཞིན་མར་ངོ་ཡི། །འདོད་པ་ཡིས་ནི་འཇུག་པའི་ཚེ། །བཅུ་དང་ལྔ་ནི་གཉིས་མེད་སྦྱོར། །ཞེས་གསུངས་པ་ལྟ་བུའོ། །དོན་གཉིས་པ་ངོ་བོ་གང་འཕོ་བ་ནི། འོ་ན་སྔར་བཤད་པའི་འཕོ་བ་ཞེས་བྱ་བ་དེ་རང་གི་ངོ་བོ་ཇི་ལྟ་བུ་ཞིག་ཅེ་ན། དེའི་ངོ་བོ་ནི་ལུས་ཐམས་ཅད་ཀྱི་ཁམས་དྭངས་མ་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་ངོ་བོ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པ་ཞིག་འཕོ་བར་བྱེད་དོ། །དེའང་འཕོ་ཞེས་པ་ནི་མཐེ་བོ་ན་གནས་པའི་ཁམས་དེ་ཉིད་བྱིན་པར་འཕོས་ནས་ལས་བྱེད་པ་ལྟ་བུ་མ་ཡིན་གྱི་འོན་ཀྱང་རང་རང་གི་གནས་ཉིད་དུ་ལས་བྱས་ཤིང་རང་རང་གི་གནས་སུ་ཐིམ་པ་ཙམ་ལ་འཕོ་བ་ཞེས་བརྡ་མཛད་པའོ། །དོན་འདི་ལ་གསོ་བའི་བསྟན་བཅོས་ལས་གནད་ཀྱི་གནས་ཞེས་ཀྱང་ཟེར་རོ། །དོན་གསུམ་པ་འཕོ་བ་དེའི་རྣམ་པ་ཇི་ལྟ་བུས་འཕོ་ཞེ་ན། ཡི་གེ་ཨཱ་ལིའི་རྣམ་པས་འཕོའོ། །བཞི་པ་དགའ་བའི་ངོ་བོ་ནི་རིམ་པ་བཞིན་དགའ་བའི་དགའ་བ་ལ་སོགས་པའོ། །ལྔ་པ་ལྷ་མོ་གང་གིས་དབང་བྱས་པ་ནི་རིམ་པ་བཞིན་རྩ་གཉིས་གཉིས་ལྷ་མོ་རེ་རེས་དབང་བྱས་སོ། །དྲུག་པ་འཕོ་བ་དེ་དག་གི་མིང་ནི་ལུག་དང་གླང་ལ་སོགས་པའོ། །དོན་གསུམ་པ་དེ་ལྟར་འཕོ་བའི་འཐད་པ་ལ་གསུམ་སྟེ། ཕྱི་རོལ་ན་ཇི་ལྟར་འཕོ་བའི་ཚུལ་དང༌། དེ་ཉིད་ནང་ལ་སྦྱར་བ་དང༌། དེས་ན་ཆོས་ཐམས་ཅད་སེམས་སུ་བསྡུ་བའོ། །དང་པོ་ནི་ཕྱི་རོལ་ན་ཤར་ལ་སོགས་པའི་ཕྱོགས་མཚམས་རྣམས་ན་རྒྱུ་སྐར་རྣམས་ལ་དབང་བྱེད་པའི་ལུག་ལ་སོགས་པའི་ཁྱིམ་བཅུ་གཉིས་གནས་སོ། །ཁྱིམ་དེ་དག་ཏུ་ཉི་མ་དང་ཟླ་བ་ལྷོ་བགྲོད་དང་བྱང་བགྲོད་ཀྱི་ཚུལ་གྱིས་རིམ་གྱིས་འཕོ་བར་བྱེད་དོ། །དེའང་ཞག་སུམ་ཅུ་ན་ཟླ་བ་གཅིག་གོ །དེ་བཅུ་གཉིས་ལ་ལོ་གཅིག་གོ །དེ་ལྟ་བུའི་ལོ་དང་ཟླ་བ་ཡང་དུས་དུས་སུ་ཤོལ་འདོར་བར་བྱེད་དོ། །ཉི་མ་དང་ཟླ་བ་ཡང་དུས་དུས་སུ་གཟས་འཛིན་པར་བྱེད་དོ། །དེ་དག་གི་དབང་གིས་དབྱར་དང་དགུན་ལ་སོགས་པའི་དུས་དང་བསྐལ་པ་ལ་སོགས་པའི་ཚད་ཀྱང་འཛིན་པར་བྱེད་དོ། །ཕྱི་རོལ་ན་ཇི་ལྟར་གནས་པའི་ཚུལ་མདོ་ཙམ་མོ། །གཉིས་པ་དེ་ཉིད་ནང་ལ་སྦྱར་བ་ནི། ཕྱི་རོལ་དུ་དེ་ལྟར་འབྱུང་བ་ཉིད་ཀྱང་ནང་ན་འདི་ལྟར་གནས་པས་ཡིན་ཏེ། དེའང་རང་གི་ལུས་ལ་རྒྱུ་སྐར་དང་འདྲ་བའི་རྩ་རྣམས་ལ་དབང་བྱེད་པའི་མཐེ་བོ་ལ་སོགས་པའི་གནས་རྣམས་ན་རྡོ་རྗེ་མ་ལ་སོགས་པའི་ལྷ་རྣམས་གནས་སོ། །ཉི་ཟླ་གཉིས་ནི་ཁུ་ཁྲག་གཉིས་སོ། །ལྷོ་བྱང་དུ་བགྲོད་པ་ནི་ལུས་ཀྱི་གཡས་གཡོན་ཏེ་དེ་དག་ཏུ་ཁམས་འཕོ་བར་བྱེད་དོ། །དེའང་ཚེས་གཅིག་ནས་རིམ་པ་བཞིན་མཐེ་བོ་ནས་བརྩམས་ཏེ་འཕོས་ནས་བཅོ་ལྔའི་ཉ་ལ་ཉིན་མཚན་གཉིས་སུ་ཕྱེ་བའི་ཉིན་མོ་རོ་མའམ་རྐྱང་མའི་གནས་ན་གནས་ནས་མཚན་མོ་ཀུན་འདར་དུ་ཐིམ་པ་ཡིན་ལ། དེས་ན་གནས་དང་ཞག་བཅོ་ལྔ་ལ་འཕོ་བ་བཅུ་དྲུག་ཏུ་བགྲོད་པས་དེའི་ཤུགས་ཀྱིས་ནང་དུ་འཕོ་བ་རྣམས་ལ་ལྷག་ཆད་འབྱུང་ལ། དེའི་དབང་གིས་ཕྱི་རོལ་དུ་ཟླ་བ་དང་ཚེས་ལ་ཤོལ་འདོར་བར་འགྱུར་རོ། །ནང་གི་གནས་དེ་དག་ཏུ་ཁུ་བ་དང་ཁྲག་འདྲས་པའི་སྟོབས་ཀྱིས་ཕྱི་རོལ་དུ་ཉི་མ་དང་ཟླ་བ་གཟས་འཛིན་པར་འགྱུར་རོ། །དེ་དག་གི་དབང་གིས་ནང་དུ་ཁམས་རྣམས་ལ་འཕེལ་འགྲིབ་འབྱུང་ལ། དེའི་སྟོབས་ཀྱིས་ཕྱི་རོལ་དུ་དབྱར་དང་དགུན་དང་སྟོན་དང་དཔྱིད་ལ་སོགས་པ་དུས་ཐ་དད་དུ་འབྱུང་བ་ཡིན་ནོ། །གསུམ་པ་དེས་ན་ཆོས་ཐམས་ཅད་སེམས་སུ་བསྡུ་བ་ནི། ནང་ན་གནས་པའི་སྟོབས་ཀྱིས་ཕྱི་རོལ་ན་ཡང་དེ་ལྟར་གནས་ལ། དེ་ལྟར་འབྱུང་བ་ཉིད་ཀྱང་རང་གི་སེམས་ལ་བག་ཆགས་གནས་པས་ཡིན་ཏེ། མདོ་ལས་ཀྱང༌། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་ལ། རྡོ་རྗེ་གུར་ལས་ཀྱང༌། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་གང་ཟག་མེད། །ཅེས་བྱ་བ་ལ་སོགས་པས་གསལ་ལོ། །འོན་ཀྱང་སེམས་དེ་ཉིད་ལ་རང་བཞིན་ཡོད་དམ་ཞེ་ན་མེད་དེ། དང་པོའི་ལེའུ་ལྔ་པ་ལས། སེམས་མེད་སེམས་ལས་བྱུང་བའང་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོར་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གྲུབ་བོ། །སྤྱི་དོན་གཉིས་པ་དེ་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་མི་སྤང་བའི་ཚུལ་ནི། བརྟེན་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་རིག་པའི་ཕྱིར་འགྲིབ་པ་མེད་པ། བདེ་བ་ཆེན་པོའི་ཕྱིར་བཏུང་བའི་མཆོག མཐའ་དང་བྲལ་བའི་ཕྱིར་ནམ་མཁའ་དང་འདྲ་བ་དེའི་རྟེན་ཞུ་བ། གསང་བ་དབང་གི་བདག་མེད་མ་དེ་ཅི་ནས་ཀྱང་ངེས་པར་མི་སྤང་ངམ་ཞེ་ན། ལན་མི་སྤང་པར་སྟོན་པ་ནི་ཇི་སྐད་སྨྲས་པ་དེ་བཞིན་ནོ་ཞེས་གསུངས་སོ། །དེ་བསྐྱེད་པའི་ཐབས་ལ་ཞུས་ལན་གཉིས་ཀྱི་ལན་ལ་མདོར་བསྟན་རྒྱས་བཤད་གཉིས་ལས། མདོར་བསྟན་པ་ནི། དཀྱིལ་འཁོར་འཁོར་ལོའི་ཐབས་དང་ནི། །ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལ་སྤྱིའི་དོན་དང་ཡན་ལག་གི་དོན་གཉིས་ལས། དང་པོ་ནི་འདིར་རྫོགས་པའི་རིམ་པའི་མངོན་པར་རྟོགས་པ་ཞིབ་ཏུ་བརྗོད་པར་བྱ་སྟེ། མངོན་པར་རྟོགས་པའི་སྟེང་དུ་རྟོགས་པར་བྱའོ། །ཡན་ལག་གི་དོན་ལ། དཀྱིལ་འཁོར་འཁོར་ལོའི་ཐབས་དང་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དཀྱིལ་འཁོར་འཁོར་ལོ་ལས་སྐྱེས་པ་དེ་རགས་པའམ་གསལ་བས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཞེས་བྱ། རང་བྱིན་བརླབ་ཕྲ་བའམ་གཞན་རྐྱེན་ལ་མ་ལྟོས་པའི་ཕྱིར་དོན་དམ་ཞེས་བྱ། ཡང་གཉིས་ཀའི་རྟེན་ཞུ་བ་ཀུནྡ་ལྟ་བུ་དེ་ལ་ཀུན་རྫོབ་ཅེས་བྱ། དེ་ལ་བརྟན་པའི་བདེ་བ་ལ་དོན་དམ་ཞེས་བྱའོ། །དེ་ལྟར་ན་ཁྱེད་རང་བྱིན་བརླབ་སྔོན་ལ་བསྒོམས་ལ། དཀྱིལ་འཁོར་འཁོར་ལོ་ཕྱི་ནས་བསྒོམ་པའི་ཕྱིར་དོན་དམ་དང་ཀུན་རྫོབ་གོང་འོག་ལོག་གོ་སྙམ་ན། འདི་ལ་ཐུན་མོང་གི་ཐེག་པ་ནའང་ངེས་པ་མེད་དེ། དོན་དམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་བྱས་ནས། ཀུན་རྫོབ་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་འཇུག་པ་དང༌། ཀུན་རྫོབ་ཆོས་ཅན་རྟོགས་པར་བྱས་ནས། དོན་དམ་བདག་མེད་པའི་རྒྱས་འདེབས་པ་དང༌། དོན་དམ་སྟོང་པ་ཉིད་ཀྱི་ངང་ལས་ཀུན་རྫོབ་སྒྱུ་མ་ལྟ་བུའི་སྐུར་ལྡང་བ་དང༌། འབྲས་བུའི་སྐབས་སུ་ཡང༌། ཆོས་སྐུ་ལས་གཟུགས་སྐུར་ལྡང་བ་དང༌། གཟུགས་སྐུ་ཆོས་སྐུ་ལ་ཐིམ་པའི་ཚུལ་གྱིས་ཀྱང་ཤེས་པར་ནུས་སོ། །དེ་བཞིན་དུ་འདིར་ཡང་བསྐྱེད་པའི་རིམ་པ་ལ་གནས་ནས། རང་བྱིན་བརླབ་ཀྱི་དམིགས་པས་རླུང་ལས་རྣམ་པར་རྒྱལ་བ་སྔོན་དུ་འགྲོ་སྟེ། དེ་སྔོན་དུ་མ་སོང་ན་ཐིག་ལེ་ལ་དབང་མི་ཐོབ་པའི་ཕྱིར་རོ། །ཐིག་ལེ་ལ་དབང་ཐོབ་པས་ཕྱག་རྒྱའི་ལམ་དཀྱིལ་འཁོར་འཁོར་ལོ་ཀུན་རྫོབ་བསྒོམ་མོ། །དེ་ནས་འབད་རྩོལ་དོར་ཏེ་རང་བྱིན་བརླབ་དོན་དམ་བསྒོམ་མོ། །དེ་བཞིན་དུ་འདྲེ་ཞིང་འདྲེ་ཞིང་འབྱུང་བ་ཡིན་ནོ། །རྒྱས་པར་བཤད་པ་ལས་དཀྱིལ་འཁོར་འཁོར་ལོ་ལ་དྲུག་ཡོད་པའི་གཉིས་པ་དེར་མངོན་དུ་བྱས་པའི་ཡེ་ཤེས་ཀྱི་མཚན་ཉིད་ནི། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ལྟ་བ་འཁོར་འདས་དབྱེར་མེད་དུ་བསྒྲུབ་པར་བྱ་བའི་ཕྱིར་བདེན་པ་གཉིས་ཀྱི་མཚན་ཉིད་རྒྱས་པར་བཤད་དགོས་ཏེ། དེ་ནི་རྒྱུད་ཀྱི་མངོན་པར་རྟོགས་པར་བསྟན་པས་དེར་རྟོགས་པར་བྱའོ། །ཚིག་གི་དོན་ཅུང་ཟད་བརྗོད་ན། དང་པོར་ཚིགས་སུ་བཅད་པ་གཅིག་གིས་འཁོར་འདས་དབྱེར་མེད་ཉིད་དུ་བསྒྲུབ་པ་སྟེ། འདི་ཉིད་ཅེས་བྱ་བ་ནི་ཆོས་ཅན་གྱི་ཕྱོགས་ཐམས་ཅད་དོ། །འཁོར་བ་ཞེས་བྱ་སྟེ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པས་ཁམས་གསུམ་དུ་འཁོར་ལོ་བཞིན་དུ་ཀུན་ཏུ་འཁོར་བའི་ཕྱིར་རོ། །འདི་ཉིད་མྱ་ངན་འདས་པ་ཉིད། །ཅེས་བྱ་བ་ནི་དེ་ཉིད་ཀྱི་ཆོས་ཉིད་རྟོགས་ན་སྡུག་བསྔལ་གྱི་ཕུང་པོ་ལས་ཡོངས་སུ་གྲོལ་བའི་ཕྱིར་མྱ་ངན་ལས་འདས་པའོ། །དེས་ན། འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་བྱ་སྟེ། འཁོར་བ་ཡང་དག་པར་མ་གྲུབ་པ་ཉིད་མྱ་ངན་ལས་འདས་པ་ཞེས་བྱ་བ་ལས། གནས་ས་གཞན་ཞིག་ཏུ་སྐྱེས་ལ་འགྲོ་ས་མེད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། འཁོར་བ་སྤངས་པར་གྱུར་པ་ཡི། །མྱ་ངན་འདས་ཁྱོད་མི་བཞེད་ཀྱི། །འཁོར་བ་མི་དམིགས་པ་ཡི་ནི། །ཞི་ཉིད་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་གསུངས་སོ། །འདིས་ནི་བདེན་པ་གཉིས་ཀྱི་དབྱེ་བའི་གཞི་ཡང་གྲུབ་བོ། །དེ་ནས་ཚིགས་སུ་བཅད་པ་གཅིག་གིས་ཆོས་ཅན་གྱི་ཕྱོགས་བསྟན་ཏེ། འཁོར་བ་ཚོར་བ་ལ་སོགས་པ། །ཞེས་བྱ་བ་ནི་ཕུང་པོ་ལྔའོ། །འཁོར་བ་གཟུགས་དང་སྒྲ་ལ་སོགས་པ་ནི་ཡུལ་དྲུག་སྟེ། འདིའི་ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་ཙམ་ཞིག་མྱ་ངན་ལས་འདས་པ་ཡིན་ཡང་འདིར་འཁོར་བའི་ཤུགས་ལས་བསྟན་ཏོ། །འཁོར་བ་དབང་པོ་རྣམས་ཉིད་དེ། །ཞེས་བྱ་བ་ན་ཡུལ་ཅན་དྲུག་གོ །འཁོར་བ་ཞེས་སྡང་ལ་སོགས་པ། །ཞེས་བྱ་བ་ནི་ཉོན་མོངས་པ་ལྔའོ། །དེ་ལྟར་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་ཉོན་མོངས་པ་གང་ལྟར་བསྔོས་ཀྱང་རུང་སྟེ་ཆོས་ཅན་འཁོར་བ་ཞེས་བྱ་བ་ཡིན་ནོ། །འདི་རྣམས་ཆོས་ནི་མྱ་ངན་འདས། །ཞེས་བྱ་བ་ནི་འདི་རྣམས་ཀྱི་ཆོས་ཉིད་རང་བཞིན་མེད་པའམ། ངོ་བོས་མེད་པའམ། ཡང་དག་པར་གྲུབ་པ་མེད་པ་ནི་དོན་དམ་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུའི་སྣང་བ་དང་སྟོང་པ་དབྱེར་མེད་པ་ལ་ནི་ཟུང་འཇུག་ཅེས་བྱ་བའམ། འཁོར་འདས་དབྱེར་མེད་ཅེས་བྱ་བ་ཡིན་ནོ། །དེ་ནས་ཚིགས་སུ་བཅད་པ་གཅིག་གིས་ནི་བདེན་པ་གཉིས་སུ་གྲངས་ངེས་པའམ། མཚན་གཞི་ངེས་པར་བྱེད་པའི་ཚད་མ་ཡིན་ཏེ། བློ་ལ་རྨོངས་མ་རྨོངས་སམ། ཡུལ་ལ་དཔྱད་བཟོད་མི་བཟོད་གཉིས་སུ་གནས་པའི་ཕྱིར། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ནི་ཆོས་ཅན་འཁོར་བ་སྟེ་ཀུན་རྫོབ་ཡིན་ལ། རྨོངས་མེད་འཁོར་བ་དག་པ་ནི་ཆོས་ཉིད་མྱ་ངན་ལས་འདས་པ་སྟེ་དོན་དམ་པ་ཡིན་ནོ། །དེས་ན་འཁོར་བ་མྱ་ངན་འདས་པར་འགྱུར་ཏེ་འཁོར་བ་ཡང་དག་པར་མ་གྲུབ་པ་ཉིད་མྱ་ངན་ལས་འདས་པ་ཡིན་ནོ། །བྱང་ཆུབ་སེམས་ནི་མྱ་ངན་འདས། །ཞེས་བྱ་བ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཏེ། སྟོང་པ་ཉིད་དམ་རང་བཞིན་མེད། །ཅེས་བྱ་བ་སྟེ། བྱང་ཆུབ་སེམས་འགྲེལ་ལས། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་པོ་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་བསྒྲིབས་ཤིང༌། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །ཅེས་གསུངས་སོ། །ཀུན་རྫོབ་དོན་དམ་ཚུལ་ཅན་ནོ། །ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་སྟེ། འདིས་ནི་བདེན་པ་གཉིས་སུ་རབ་ཏུ་དབྱེ་བའམ་མིང་གི་དོན་ནམ་བདེན་པ་གཉིས་ཟུང་དུ་འཇུག་པ་འཁོར་འདས་དབྱེར་མེད་ཅེས་བྱ་བའོ། །ཚིག་གི་དོན་ལྷག་མ་རྣམས་ནི་རྟོགས་པར་སླ་བས་གཞུང་ཉིད་ཀྱི་སྟེང་དུ་རྟོགས་པར་བྱའོ། །རང་བྱིན་གྱིས་བརླབ་པའི་རིམ་པའི་སྐབས་ཀྱི་ཡེ་ཤེས་ལྔའི་རང་བཞིན་ནི་དཔེའི་ཡེ་ཤེས་སུ་བསྒྲུབ་པ་སྟེ། མཚོན་བྱ་ལ་མཚོན་བྱེད་ཀྱི་དེ་ཁོ་ན་ཉིད་དེ་དང་པོའི་ལེའུ་ལྔ་པར་བཤད་པ་བཞིན་རྟོགས་པར་བྱའོ། །སྡོམ་པའི་རབ་ཏུ་དབྱེ་བ་ནི། སྤྱིར་བསྐྱེད་པའི་རིམ་པ་དང༌། དཀྱིལ་འཁོར་འཁོར་ལོ་དང༌། རང་བྱིན་བརླབ་ལ་སོགས་པ་ཐམས་ཅད་གཅིག་ཏུ་བསྲེ་བའི་དགོངས་པ་ཡིན་ཏེ། བསྐྱེད་པའི་རིམ་པ་ནི་ལེའུ་བརྒྱད་པ་དང་དགུ་པར་བསྟན། དཀྱིལ་འཁོར་འཁོར་ལོ་ནི་འདས་མ་ཐག་པའི་ལེའུ་གསུམ་པར་བསྟན། རང་བྱིན་བརླབ་ནི་ལེའུ་དང་པོར་མདོར་བསྟན། འདི་ཉིད་ཀྱི་འདས་མ་ཐག་པར་ཡང་བསྐྱེད་རིམ་དང་ཡེ་ཤེས་ལྔ་ཡང་ནང་དུ་སྡོམ་པར་བསྟན་ནས། འདིར་རྒྱས་པར་འཆད་དོ། །དེ་ལ་སྤྱིའི་དོན་དང༌། ཡན་ལག་གི་དོན་ཏོ། །དང་པོ་ལ་ལྔ་ལས། གང་སྡོམ་ན་མི་མཐུན་པའི་ཕྱོགས་ཐམས་ཅད་སྡོམ་པ་དང༌། གང་གིས་སྡོམ་ན་གཏུམ་མོ་འབར་འཛག་གི་ཐབས་དང༌། དཀྱིལ་འཁོར་འཁོར་ལོའི་ཐབས་གཉིས་ལས། དང་པོ་ནི་གཙོར་ལེའུ་དང་པོར་བསྟན་ལ། དཀྱིལ་འཁོར་འཁོར་ལོ་དང་སྡོམ་པ་རང་གི་ངོ་བོ་ནི་ཡེ་ཤེས་ལྔའི་ཚུལ་གྱིས་འདས་མ་ཐག་པར་བསྟན་ཞིང༌། གང་དུ་སྡོམ་པ་དང༌། ཇི་སྙེད་ཅིག་སྡོམ་པ་འདིར་འབྱུང་བ་ལས། གང་དུ་སྡོམ་པ་ནི་ཨེ་ཝྃ་དང་འཁོར་ལོ་བཞིའོ། །ཇི་སྙེད་ཅིག་སྡོམ་པ་ལ་འདིར་ནང་གི་སྙོམས་འཇུག་དང༌། འཁོར་ལོ་བཞི་ལ་སྐུ་གསུམ་དུ་གཞག་པ་དང༌། འཁོར་ལོ་བཞི་ལ་འབྲས་བུ་བཞིར་བཞག་པ་དང༌། འཁོར་ལོ་བཞི་ལ་སྡེ་པ་བཞིར་བཞག་པ་སྟེ་བཞི་དང༌། སེམས་ཅན་རྣམས་རང་བཞིན་གྱིས་སངས་རྒྱས་ཡིན་ཞིང་གནས་སྐབས་ཀྱིས་ཆོས་མཐུན་གྱི་སངས་རྒྱས་སུ་བསྟན་པས་སྡོམ་པ་དང་ལྡན་པའི་གང་ཟག་ཏུ་བསྟན་པའོ། །དེ་ལ་འབྲས་བུ་གཞིར་བཞག་པ་ནི། ཨེ་ཝྃ་ཞེས་བྱ་བ་ལ་སོགས་པ་སྟེ། འབྲས་བུ་བཞི་པོ་ཉིད་ལྔར་ཡང་དབྱེར་བཏུབ་སྟེ། ཆུང་ངུ་ལ་ཁད་ཀྱིས་ཆེར་སྨིན་པས་སམ། སོ་སོ་རང་གིས་ཆེར་སྨིན་པ་སྟེ། རྒྱུ་བས་ཆེར་སྨིན་པ་ནི་རྣམ་སྨིན་གྱི་འབྲས་བུའོ། །རྒྱུ་དང་འདྲ་བས་ན་རྒྱུ་མཐུན་པའོ། །འགགས་པས་ན་དྲི་མ་མེད་པའམ་བྲལ་བའི་འབྲས་བུའོ། །སྟོབས་ཀྱིས་སྐྱེ་བས་ན་སྐྱེས་བུ་བྱེད་པའི་འབྲས་བུའོ། །སྔོན་མེད་བྱུང་བ་བདག་པོའི་འབྲས་བུ་སྟེ་དེ་གཉིས་ནི་འདྲའོ། །དེ་ལྟར་ཡང་མཛོད་ལས། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །སེམས་ཅན་བརྗོད་ལུང་བསྟན་ཕྱིས་འབྱུང༌། །རྒྱུ་མཐུན་རྒྱུ་དང་འདྲ་བའོ། །བྲལ་བ་བློ་ཡིས་ཟད་པའོ། །གང་གི་སྟོབས་ཀྱིས་གང་སྐྱེས་པའི། །འབྲས་དེ་སྐྱེས་བུ་བྱེད་ལས་སྐྱེས། །སྔོན་བྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ནའི་བདག་པོའི་འབྲས། །ཞེས་སོ། །དེ་ལ་ལས་ཀྱི་རླུང་གིས་གཏུམ་མོའི་མེ་སྦར་བའི་རྒྱུ་ལས་རང་བྱུང་གི་ཡེ་ཤེས་ཉམས་སུ་མྱོང་བས་ན་ལྟེ་བར་རྒྱུ་མཐུན་པའི་འབྲས་བུ་ལས་མ་བྱས་པར་ཡེ་ཤེས་ཉམས་སུ་མྱོང་བས་ན་སྙིང་གར་རྣམ་པར་སྨིན་པའི་འབྲས་བུ། སྐྱེས་བུས་འདུས་བྱས་ཏེ་རོ་ལ་ལོངས་སྤྱོད་པའི་ཕྱིར་སྐྱེས་བུས་བྱེད་པ་ནི་མགྲིན་པར་ཡང་འགྱུར་ལ། ལམ་གྱི་དྲི་མ་སྦྱངས་ན་འབྲས་བུ་སྐྱེ་བའི་ཕྱིར་མགྲིན་པ་དྲི་མ་མེད་པར་ཡང་འགྱུར་རོ། །དྲི་མ་དང་བྲལ་བ་ཉིད་སངས་རྒྱས་ཡིན་པས་སམ། སྐྱེས་བུས་བྱེད་པ་མ་བཅོས་པ་དང་བདག་པོའི་འབྲས་བུའང་སངས་རྒྱས་ཡིན་པའི་ཕྱིར་སྤྱི་བོ་ནི་སྐྱེས་བུས་བྱེད་པ་དང་དྲི་མ་མེད་པའི་འབྲས་བུར་ཡང་འགྱུར་རོ། །སྡེ་པ་བཞིར་གཞག་པ་ནི་ཕྱི་རོལ་དུ་རྩོད་པ་མེད་པར་གནས་མི་འགྱུར་བར་སྡོད་པ་ནི་གནས་བརྟན་པ། ནང་དུ་ལྟེ་བ་ལུས་ཀྱི་གཞི་འགྲུབ་པའི་ཐོག་མ་གནས་བརྟན་པོ་ཡིན་པའི་ཕྱིར་རོ། །ཤེས་བྱའི་གཞི་ལྔ་དང༌། དུས་གསུམ་པོ་ཐམས་ཅད་རྫས་སུ་ཡོད་པར་སྨྲ་བ་ནི་ཐམས་ཅད་ཡོད་པར་སྨྲ་བའོ། །དེ་ཉིད་ཆོས་ཐམས་ཅད་ཡོད་པར་སྨྲ་བའི་རྒྱུ་སེམས་ཡིན་ལ་སེམས་ཀྱི་རྟེན་སྙིང་ག་ན་ཡོད་པས་ཆོས་ཀྱི་འཁོར་ལོ་ནི་ཐམས་ཅད་ཡོད་པར་སྨྲ་བའོ། །རྒྱལ་པོའི་བུ་རབ་ཏུ་བྱུང་བ་ཀུན་གྱིས་བཀུར་བ་བཞིན་རོ་དྲུག་ཀུན་གྱིས་བཀུར་བས་ན་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ནི་ཀུན་གྱིས་བཀུར་བའོ། །རྩོད་པ་བྱུང་བའི་ཚེ་རྩོད་པ་མེད་པའི་དགེ་འདུན་མང་པོ་ལྷན་ཅིག་ཏུ་གནས་པ་བཞིན། བྱང་ཆུབ་ཀྱི་སེམས་ཕལ་ཆེ་བ་སྤྱི་བོ་ན་གནས་པས་སྤྱི་བོ་བདེ་ཆེན་འཁོར་ལོ་ནི་དགེ་འདུན་ཕལ་ཆེན་སྡེའོ། །སེམས་ཅན་རྣམས་རང་བཞིན་གྱིས་སངས་རྒྱས་ཡིན་པས་སྡོམ་པའི་ངོ་བོ་ཉིད་དུ་གཞག་པ་ནི། སྡེ་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་འདི་སྙམ་དུ་སྡོམ་པའི་ངོ་བོ་དང༌། སྡེ་པ་བཞིའི་དོན་འདྲ་བར་སྣང་ཡང་སྡེ་པའི་གཙོ་བོ་ནི་སྡོམ་པ་དང་འདུན་པའི་གང་ཟག་ལ་ལྟོས་ལ། དེའང་རབ་ཏུ་བྱུང་བ་ཡིན་པས་དེའང་འདིར་མེད་ལ། ཡང་སྡོམ་པ་དང་སྡེ་པ་ཐམས་ཅད་ཀྱི་རྩ་བ་སངས་རྒྱས་ཡིན་ལ། དེའང་འདིར་མ་ཚང་ཞིང༌། ཡང་མུ་སྟེགས་བྱེད་ལ་ཁྱབ་འཇུག་གི་འཇུག་པ་བཅུ་ཡོད་ལ། དེའང་འདིར་མ་ཚང་ངོ་སྙམ་ན། རབ་ཏུ་བྱུང་བ་དང་སངས་རྒྱས་ཀྱང་འདིར་ཚང་ལ། འཇུག་པ་བཅུ་ཡང་མངལ་གྱི་གནས་སྐབས་དགུ་ཡིན་ཞིང་ཕྱིར་འབྱུང་བ་ནི་སངས་རྒྱས་ཀྱི་འཇུག་པ་ཡིན་ཏེ། ཞིབ་ཏུ་མངོན་རྟོགས་ཀྱི་སྟེང་དུ་རྟོགས་པར་བྱས་ལ་འདིར་བརྗོད་པར་བྱའོ། །ཚིག་གི་དོན་ལས་སྡེ་པ་ནི། ནི་ཀཾ་ཞེས་བྱ་སྟེ་ཚོགས་པའམ་འདུས་པ་ཡིན་ལ། དེ་ལ་ཀཱ་ཡ་ཞེས་ལུས་ཀྱི་སྒྲ་ཡང་ཡོད་པས་ལུས་འདུས་པའམ་ཚོགས་པ་ནི་སྡེ་པ་ཡིན་ནོ། །རབ་ཏུ་བྱུང་བ་ནི། ལྟེ་བ་གནས་སུ་བརྗོད་པ་ཡིན། །ཞེས་བྱ་བ་ལ་སོགས་པས་ཤེས་སོ། །སངས་རྒྱས་ཀྱི་ཆོས་བརྩི་བ་ཡང༌། ཟླ་བ་བཅུ་ཡངས་རྣམས་ཉིད། །ཅེས་བྱ་བ་ལ་སོགས་པས་ཤེས་སོ། །ལྷ་མོ་རྣམས་བརྒྱལ་བ་ལས་བསླང་བའི་དོན་གྱི་སྐབས་སུ་རྡོ་རྗེ་ལྷ་མོ་མཆོག་ཏུ་གྱུར་པ་རྣམས་དེ་ལྟ་བུའི་ཆོས་མཐུན་ལ་བརྒྱལ་བར་མི་རིགས་སོ་སྙམ་ན། མ་འོངས་པའི་བློ་དམན་པ་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར་དྲང་བའི་དོན་ཙམ་ཡིན་ནོ། །ཡང་འདིར་ངེས་པའི་དོན་ཅུང་ཟད་ཙམ་བརྗོད་པར་བྱ་སྟེ། འབྱུང་བ་བཞི་ལས་གྲུབ་པའི་ལུས་ལ་བརྟེན་ནས་རང་བྱིན་བརླབ་བམ། དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་མི་རྟོག་པ་ཞི་གནས་སྐྱེས་པ་ནི་བརྒྱལ་བ་ཡིན་ལ། དེ་ལ་བརྟེན་ནས་ཟུང་འཇུག་གི་ཡེ་ཤེས་ལྷག་མཐོང་སྐྱེས་པ་ནི་བསླང་བ་ཡིན་ནོ། །དེས་ན་ལྷ་མོ་དུ་མ་ཡོད་པའི་ནང་ནས་ཀྱང༌། ས་དང་ཆུ་རླུང་བྱིན་ཟ་ཡི། །ཞེས་གསུངས་པའང་ནང་དོན་ལ་དགོངས་པའོ། །ཐེ་ཚོམ་སེལ་བར་བྱེད་པ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའི་རྒྱས་བཤད་ལ་ལྔར་གནས་པའི་ཐོག་མ། སེམས་ཅན་རྣམས་རང་བཞིན་གྱིས་སངས་རྒྱས་ཡིན་པས་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་བསྟན་པ་ནི། རང་དང་རང་གི་རྟོག་པ་ལས། །ཞེས་བྱ་བ་སྟེ། རྣམ་པར་རྟོག་པའི་ཆོས་ཉིད་ཐམས་ཅད་ཀྱང་ཡེ་ཤེས་ཡིན་པའི་ཕྱིར་རོ། །དམྱལ་བ་ལ་སོགས་པ་ནི་རིགས་དྲུག་གོ །བཤང་བའི་སྲིན་བུ་ལ་སོགས་པ་ནི་དུད་འགྲོའི་ནང་ཚན་ཏེ། དམན་པ་ལ་ཡེ་ཤེས་ཆུང་ངམ་སྙམ་པའི་རྣམ་རྟོག་བཟློག་པའོ། །ལྷ་དང་ལྷ་མ་ཡིན་ནི་ཆེན་པོ་ལ་ཡེ་ཤེས་ཆེའམ་སྙམ་པའི་རྣམ་རྟོག་བཟློག་པའོ། །མདོར་ན་སེམས་ཅན་ཐམས་ཅད་ཆོས་ཉིད་གཅིག་སྟེ་སེམས་རྟོགས་ན་སངས་རྒྱས་ཡིན་པའི་ཕྱིར་རོ། །འཕགས་པ་འདའ་ཀ་ཡེ་ཤེས་ལས་ཀྱང༌། སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ་ཞེས་གསུངས་ལ། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་རྣམས། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་སོ། །ལམ་མི་ཤེས་པའི་ཉེས་དམིགས་ནི། བྱིས་པ་མེ་ཤེས་པས་བསྒྲིབས་པ། །ཞེས་བྱ་བ་སྟེ། མ་རིག་པ་དང་སྲེད་པ་དང་ལེན་པ་སྟེ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་འབྱུང་བ་དེ་ལ་བརྟེན་ནས་འདུ་བྱེད་དང་སྲིད་པ་སྟེ་ལས་ཀྱི་ཀུན་ནས་ཉོན་མོངས་པ་འབྱུང་ལ། དེ་ལ་བརྟེན་ནས་རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྐྱེ་བ་དང༌། རྒ་ཤི་སྟེ་བདུན་སྐྱེ་བའི་ཀུན་ནས་ཉོན་མོངས་པ་འབྱུང་སྟེ། རྟེན་འབྲེལ་བཅུ་གཉིས་ཉོན་མོངས་པ་གསུམ་གྱིས་བསྡུས་པས་སྲིད་པའི་སྡུག་བསྔལ་ཁོར་ཡུག་ཏུ་སྐྱེད་པར་བྱེད་པ་སྟེ། སློབ་དཔོན་འཕགས་པས། དང་པོ་བརྒྱད་དང་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ཡིན། །བཅུ་གཉིས་ཆོས་ནི་གསུམ་དུ་འདུས། །གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང༌། །གསུམ་འབྱུང་སྲིད་པའི་འཁོར་ལོ་ནི། །ཉིད་ནི་ཡང་ནས་ཡང་དུ་འཁོར། །ཞེས་པ་དང༌། རྒྱ་ཆེར་རོལ་པ་ལས། སྲེད་སྲེད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་གནས་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་རྣམས་སུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཕང་ལོ་འཁོར་བ་བཞིན། །ཞེས་གསུངས་སོ། །ལམ་ཤེས་པའི་ཕན་ཡོན་ནི། ཀྱེའི་རྡོ་རྗེ་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་ཡིན་ལ། ཐབས་ནི་ཟབ་པ་དང་རྒྱ་ཆེ་བའི་བསྐྱེད་རྫོགས་གཉིས་འཁོར་དང་བཅས་པ་ཡིན་པས། དེས་ཡུལ་དུ་ཞེན་པའི་རྟོག་པ་རྣམས་བཅོམ་ན་རྟེན་འབྲེལ་བཅུ་གཉིས་ལུགས་བཟློག་ཏུ་འགག་པར་འགྱུར་ཏེ། སློབ་དཔོན་འཕགས་པས། མ་རིག་འགགས་པར་གྱུར་པ་ནི། །ཤེས་པས་དེ་ཉིད་བསྒོམས་པས་སོ། །དེ་དང་དེ་ནི་འགགས་གྱུར་པས། །དེ་དང་དེ་ནི་མངོན་མི་འབྱུང༌། །ཞེས་སོ། །དེ་ལྟར་གྱུར་ན་གཞན་དོན་དུ་སྐུ་གསུམ་ཡེ་ཤེས་ལྔ་ལྡན་འགྲུབ་པར་འགྱུར་བས། དེས་ནི་བླ་མེད་རྙེད་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །ད་ནི་འདས་མ་ཐག་པ་དང་ཐུན་མོང་གི་གསལ་བྱེད་རིགས་ཀྱི་བདག་པོའི་རྒྱས་གདབ་པ་སྟོན་པ་ལས། སྤྱིའི་དོན་དང༌། ཡན་ལག་གི་དོན་གཉིས་ལས། དང་པོ་ནི་སྤྱིར་རྡོ་རྗེ་ཐེག་པའི་ལམ་དང་འབྲས་བུ་ཐམས་ཅད་ཕྱག་རྒྱས་མཚོན་པར་ནུས་ལ། དེའང་བསྐྱེད་པའི་རིམ་པའི་སྟེང་དུ་མཚོན་པས་ལམ་ཐམས་ཅད་མཚོན་པར་ནུས་པ་ཡིན་ནོ། །དེ་ལ་ལྔ་སྟེ། ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་ཕྱག་རྒྱ། ལུས་ལ་སེམས་ཀྱི་ཕྱག་རྒྱ། སེམས་ལ་ལུས་ཀྱི་ཕྱག་རྒྱ། རྒྱུ་ལ་འབྲས་བུའི་ཕྱག་རྒྱ། འབྲས་བུ་ལ་རྒྱུའི་ཕྱག་རྒྱའོ། །དང་པོ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ལ་རང་བཞིན་གྱིས་རྣམ་པར་དག་པར་ཤེས་པ་ནི་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱ་སྟེ། སཾ་པུ་ཊ་ལས། འདོད་ཆགས་དག་པས་འདོད་ཆགས་ཉིད། །ཞེ་སྡང་དག་པས་ཞེ་སྡང་ཉིད། །གཏི་མུག་དག་པས་གཏི་མུག་སྟེ། །ཐམས་ཅད་རྣམ་དག་རྡོར་འཛིན་མགོན། །ཞེས་བྱ་བ་དང༌། དཔལ་མཆོག་ལས་ཀྱང༌། འདོད་ཆགས་རྣམ་པར་དག་པའི་གནས་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གནས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ཉིད་ལས་ཀྱང༌། ངོ་བོས་གཟུགས་མེད་མཐོང་བ་པོ། །ཞེས་བྱ་བ་ལ་སོགས་པའང་དེའི་དོན་ཡིན་ཏེ། དེ་མཚོན་པ་ནི། གཙོ་བོ་དང་ནང་གི་རྣལ་འབྱོར་མ་རྣམས་དང་སྟེང་འོག་ལའང་རང་གི་རིགས་ཀྱིས་དབུ་རྒྱན་བྱས་པས་ངོ་བོ་ཉིད་ལ་ངོ་བོ་ཉིད་མཚོན་པ་ཡིན་ནོ། །ལུས་ལ་སེམས་ཀྱི་ཕྱག་རྒྱ་ནི། ཕྱི་དང་ནང་གིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ལས་མ་གཏོགས་པར་གུད་ན་མེད་དོ་ཞེས་རྟོགས་པར་བྱ་བ་དེ་མཚོན་པ་ནི། པུཀྐ་སཱི་ས་རྣམ་པར་དག་པ་དང༌། གཽ་རཱི་གཟུགས་དང་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་རྣམ་པར་སྣང་མཛད་ཀྱི་ངོ་བོ་ལ་སེམས་ཀྱི་ངོ་བོ་མི་བསྐྱོད་པའི་རྒྱས་བཏབ་པ་འདིས་མཚོན་ནོ། །དེའང་རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་གང་ཟག་མེད། །རྣམ་པར་ཤེས་པའི་གནས་དོན་ནམ། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཅེས་བྱ་བ་དང༌། །འཕགས་པ་ས་བཅུ་པ་ལས་ཀྱང༌། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་པ་ཡིན་ནོ། །སེམས་ལ་ལུས་ཀྱི་ཕྱག་རྒྱ་ནི་སྲུང་བའི་འཁོར་ལོ་དང་གཞལ་ཡས་ཁང་ལ་སོགས་པ་ལུས་དང་ཕྱི་རོལ་བེམས་པོའི་རྣམ་འཕྲུལ་ཐམས་ཅད་སེམས་ཀྱིས་བྱེད་པ་ནི་སེམས་ལུས་སུ་སྒྲུབ་པ་སྟེ། དེ་མཚོན་པ་ནི་ཆུ་རྣམ་པར་དག་པ་ཤ་བ་རཱི་དང༌། སྒྲ་དང་ཚོར་བ་རྣམ་པར་དག་པ་ཙཽ་རཱི་གཉིས་མི་བསྐྱོད་པའི་ངོ་བོ་སེམས་ལ་རྣམ་པར་སྣང་མཛད་ལུས་ཀྱིས་དབུར་བརྒྱན་པ་ནི་སེམས་ལ་ལུས་ཀྱི་ཕྱག་རྒྱ་སྟེ། དེ་གཉིས་ཀའང་དཔལ་གསང་བ་འདུས་པ་ལས། རིགས་ཀྱི་བུ་ཁྱེད་ཀྱི་ལུས་སེམས་ལྟ་བུ་དང༌། སེམས་ལུས་ལྟ་བུ་དང༌། སེམས་ཚིགས་ཏུ་བརྗོད་པ་ལྟ་བུར་ཀུན་ཏུ་སྒོམས་ཤིག་ཅེས་གསུང་བའི་དོན་ཡང་དེ་ཡིན་ནོ། །རྒྱུ་ལ་འབྲས་བུའི་ཕྱག་རྒྱ་ཞེས་བྱ་བ་ནི། མ་དག་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་དག་པ་དེ་བཞིན་གཤེགས་པ་རིགས་ལྔ་དང་བྱང་ཆུབ་སེམས་དཔའ་ལ་སོགས་པར་བྱིན་གྱིས་རློབ་པ་ནི་རྒྱུ་ལ་འབྲས་བུ་གནས་པ་འབྲེལ་པ་ཅན་དུ་སྒོམ་པ་སྟེ། དེ་ནི་ཙཎྜཱ་ལཱི་མེ་རྣམ་པར་དག་པ་དང༌། བེ་ཏཱ་ལཱི་དྲི་དང་འདུ་ཤེས་རྣམ་པར་དག་པ་འོད་དཔག་ཏུ་མེད་པའི་ངོ་བོ་རྒྱུ་འདོད་ཆགས་རྣམ་པར་དག་པ་ལ། འདོད་ཆགས་ཀྱི་འབྲས་བུ་སེར་སྣ་རྣམ་པར་དག་པ་རིན་ཆེན་འབྱུང་ལྡན་གྱི་རྒྱས་བཏབ་པས་དེ་མཚོན་པ་ཡིན་ཏེ། གཟུགས་ཕུང་རྡོ་རྗེ་མ་ཞེས་བྱ་བ་ལ་སོགས་པའི་དོན་ཡང་རྒྱུ་འབྲས་བུར་བྱིན་གྱིས་རློབ་པའི་དོན་ཡང་དེ་ཡིན་ནོ། །འབྲས་བུ་ལ་རྒྱུའི་ཕྱག་རྒྱ་ཞེས་བྱ་བ་ནི། དག་པ་རིགས་ལྔ་དང་ཡེ་ཤེས་ལྔའམ་རྒྱུ་ཕུང་པོ་དང་ཉོན་མོངས་པ་གནས་གྱུར་ལས་བྱུང་ཞེས་སྟོན་པ་ནི་རླུང་རྣམ་པར་དག་པ་གཡུང་མོ་དང༌། རོ་དང་འདུ་བྱེད་རྣམ་པར་དག་པ་གྷསྨ་རཱི་གཉིས་དོན་ཡོད་གྲུབ་པ་འབྲས་བུ་ཕྲག་དོག་གི་ངོ་བོ་ལ་རྒྱུ་འདོད་ཆགས་རྣམ་པར་དག་པ་འོད་དཔག་ཏུ་མེད་པས་རྒྱས་བཏབ་པས་དེ་མཚོན་པ་ཡིན་ཏེ། འབྲས་བུ་དེའང་རྒྱུའི་རིགས་ལས་བྱུང་བ་མཚོན་པར་བྱ་བའི་ཕྱིར་རོ། །དེའང་རྡོ་རྗེ་གུར་ལས། ཐུབ་པ་རྣམ་པར་སྣང་མཛད་རྨོངས། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །འདོད་ཆགས་དཔག་མེད་རྡོ་རྗེ་སྟེ། །སེར་སྣ་རྡོ་རྗེ་སྣང་བྱེད་ཉིད། །དོན་ཡོད་སྐྱོན་ནི་ཐམས་ཅད་བྱེད། །འདྲེན་པ་ལྔ་ནི་སྐྱོན་པ་ལྡན་ནོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་རྒྱུ་འབྲས་ཀྱི་རྒྱ་མཚོན་པ་དེ་གཉིས་ཀའི་ལུང་ཡང༌། ཐམས་ཅད་གསང་བ་ལས། རྒྱུ་ལ་འབྲས་བུའི་རྒྱས་གདབ་ཅིང༌། །འབྲས་བུ་ལ་ཡང་རྒྱུའི་རྒྱས་གདབ། །གཞན་དུ་བསྐལ་པ་བྱེ་བར་ནི། །གྲངས་མེད་པར་ཡང་འགྲུབ་མི་འགྱུར། །ཞེས་གསུངས་ལ། སཾ་པུ་ཊ་ལས་ཀྱང༌། བུད་ཤིང་བསྲེགས་པའི་རིགས་པ་ཡིས། །དགྱེས་པའི་རྒྱལ་བ་གར་མཁན་མཆོག །ཅེས་གསུངས་ཏེ། བུད་ཤིང་ལ་མེའི་རིགས་དང་མེ་ལ་བུད་ཤིང་གི་རིགས་ཞེས་བརྗོད་པ་དང་འདྲ་བ་ཡིན་ནོ། །དེ་ཡང་རྒྱུ་འདོད་ཆགས་ལ་འབྲས་བུ་སེར་སྣ་དང་ཕྲག་དོག་འབྱུང་བས་རྒྱུ་འབྲས་དེ་གཉིས་ནི་ཕན་ཚུན་མི་སླུ་བའི་ཕྱིར་དེ་ཙམ་དཔེར་བཞག་ནས་འཁོར་བའི་རྒྱུ་འབྲས་དག་བྱ་དང་དག་བྱེད་ངོ་སྤྲད་པའི་ལམ་འདིས་འབྲས་བུ་སངས་རྒྱས་འགྲུབ་པ་མི་སླུ་བ་ཡིན་ནོ། །ཡང་ཁ་ཅིག་འདི་སྐད་དུ། ཕྱོགས་ཀྱི་ལྷ་མོ་ནི་ཕུང་པོར་གང་ནས་བཤད། དྲི་དག་པ་ནི་རིན་ཆེན་འབྱུང་ལྡན་ཡིན་ལ། རོ་དག་པ་ནི་འོད་དཔག་ཏུ་མེད་པ་ཡིན་པས་དེ་གཉིས་ཀྱི་ངོ་བོ་བེ་ཏཱ་ལཱི་དང་གྷསྨ་རཱི་གཉིས་ལ་རང་གི་རིགས་ཀྱི་དབུ་རྒྱན་འབྱུང་བས་ན་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱར་མི་འགྱུར་རམ་ཞེ་ན། ཕྱོགས་ཀྱི་ལྷ་མོ་ཕུང་པོར་བཤད་པ་ནི་རྒྱུད་འབུམ་པའི་ལུང་སློབ་དཔོན་མཚོ་སྐྱེས་ཀྱིས་གསུངས་ལ། དྲི་དང་རོ་དག་པའང་སྦྱང་གཞི་དྲི་སེར་སྣའི་ངོ་བོ་འབྲས་བུ་ལ་སྦྱོང་བྱེད་བེ་ཏཱ་ལཱི་རྒྱུ་འདོད་ཆགས་ཀྱིས་སྦྱོང་ལ། དེ་ལ་ཡང་འབྲས་བུ་སེར་སྣའི་ངོ་བོ་རིན་འབྱུང་གི་རྒྱས་བཏབ་པས་ན་སུམ་སྦྲག་ཡིན་ལ། རོ་འདོད་ཆགས་རྒྱུ་ལ་གྷསྨ་རཱི་འབྲས་བུ་ཕྲག་དོག་གིས་སྦྱངས་ལ། དེ་ལ་འདོད་ཆགས་འོད་དཔག་ཏུ་མེད་པའི་རྒྱས་བཏབ་པ་རྒྱ་སུམ་སྦྲག་ཡིན་ནོ། །དེ་ལྟར་ན་ལུས་སེམས་ལ་ཉིས་སྦྲག་ལས་མི་འོང་ལ། རྒྱུ་འབྲས་ལ་སུམ་སྦྲག་འོང་བ་ཅིའི་ཕྱིར་ཞེ་ན། རྒྱུ་འབྲས་འདི་ལམ་གྱི་གཙོ་བོ་ཡིན་པའི་ཕྱིར་སྦྱང་གཞི་ནས་མཚོན་དགོས་ལ། ལུས་སེམས་ཀྱི་དག་བྱ་དག་བྱེད་ནི་དེ་ཉིད་ཀྱིས་རྫོགས་ཏེ། དེ་ཐམས་ཅད་ལ་ཡང་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱ་ཞེས་བྱ་བས་ཁྱབ་དགོས་པས་དབུ་རྒྱན་རྣམས་ཀྱི་སྤྱི་བོར་ཡང་རང་གི་རིགས་ཀྱི་ཕྱག་མཚན་བསྒོམ་དགོས་ཏེ། རྡོ་རྗེ་གུར་ལས། སྤྱི་བོར་རྡོ་རྗེ་འཛིན་པ་མཆོག །དེ་ཡང་རྡོ་རྗེ་མདོག་ནག་པོ། །ཞེས་བྱ་བ་དང༌། ཆོས་ཀྱི་འཁོར་ལོ་སྤྱི་བོ་འཛིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་ཁ་ཅིག་ལོག་པར་རྟོག་པ་འདི་སྐད་དུ། པུཀྐ་སཱི་ལ་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་ན་ལུས་བརྩེགས་ན་དོན་མེད་ཅིང༌། ཤ་བ་རཱི་ལ་མི་བསྐྱོད་པས་དབུར་བརྒྱན་པ་ནི་ལུས་མེད་པའི་སེམས་ལ་རྟེན་མེད་པས་ན་མི་མཛེས་སོ་ཞེས་བྱ་བ་ལྷའི་དབུ་རྒྱན་རྐྱང་པ་ཙམ་མཐོང་བས། གཞུང་འདི་ཉིད་ཀྱི་གོང་དུ་བསྟན་པ་ཙམ་ཡང་མ་དྲན་པས་ལོག་པར་སྨྲ་བ་དེ་ནི་མ་ཡིན་ཏེ། དེ་ལྟར་ན་བདག་མེད་མ་ལ་མི་བསྐྱོད་པ་དང༌། རྡོ་རྗེ་མ་ལ་རྣམ་སྣང་གིས་དབུར་བརྒྱན་ཡང་མི་མཛེས་པར་འགྱུར་རོ། །དེ་ལྟར་ན། ལུས་སྤངས་ནས་ནི་སེམས་ཀྱིས་ནི། །ཞེས་པ་དང༌། སེམས་སྤངས་ནས་ནི་ལུས་ཀྱིས་ནི། །ཞེས་བྱ་བའི་གཞུང་ཇི་ལྟར་དྲང་ཞེ་ན། དེ་ཉིད་སྔར་སྨོས་པ་བཞིན་དུ་ཆོས་ཐམས་ཅད་སེམས་སུ་བསྒྲུབ་པ་དང༌། སེམས་ཉིད་ཀྱང་རྟེན་དུ་བསྒྲུབ་པ་ལ་སོགས་པའི་དགོས་པ་ཡིན་ཏེ། མདོར་ན་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ཕྱག་རྒྱའི་གདབ་ཚུལ་ལྔ་པོ་འདིས་མཚོན་པ་ཡིན་ནོ། །ཚིག་གི་དོན་ནི་རྟོགས་པར་སླའོ། །གཏོར་མའི་སྐབས་སུ་ཆོ་ག་རྒྱས་བསྡུས་གསུམ་ནི་མངོན་པར་རྟོགས་པའི་སྟེང་དུ་རྟོགས་པས་དེ་འདིར་བརྗོད་པར་བྱའོ། །སྔགས་ལ། ཨོཾ་ཞེས་བྱ་བ་ནས་སྭཱ་ཧཱ་གོང་མ་ཡན་ཆད་ཀྱིས་ལོངས་སྤྱོད་པ་པོ་མགྲོན་གྱི་སྔགས་ཏེ། དེའང་ཨིནྡྲ་ལ་སོགས་པས་ཕྱོགས་སྐྱོང་བ་བརྒྱད་དེ་དངོས་སུ་བསྟན། ཨསྠ་སཔྤ་ནི་སྦྲུལ་བརྒྱད་དེ་ཀླུ་ཆེན་བརྒྱད་བསྟན། སཔྤ་ནི་ཕ་སྟེ་ཚངས་པ་ཡིན་ལ། དེས་མཚོན་ནས་ལྷ་ཆེན་བརྒྱད་བསྟན། ཙནྡ་སུཛྫ་ས་ནི་གཟའ་ཆེན་པོ་བརྒྱད་བསྟན་ཏེ། དེ་ལྟར་ན་འབྱུང་པོ་སུམ་ཅུ་སོ་གཉིས་ཡིན་ལ། ཉི་ཤུ་རྩ་བཞིར་བྱེད་ན་གཟའ་རྣམས་ལྷའི་ཁོངས་སུ་བསྡུ་བར་བྱའོ། །ཨི་དཾ་ཞེས་བྱ་བ་ལ་སོགས་པས་ནི་གསོལ་བར་ཞུ་བའོ། །ཨཾ་བྷ་ཞེས་བྱ་བ་ལ་སོགས་པས་ནི་འདོད་པ་བསླང་བའོ། །ཁནྟི་ཞེས་བྱ་བ་ལ་སོགས་པས་ནི་བཟོད་པར་གསོལ་བའོ། །ཨོཾ་ཨ་ཀཱ་རོ་ལ་སོགས་པས་ནི་བྱིན་གྱིས་བརླབ་པའོ། །བྱིན་གྱིས་བརླབ་པ་མ་གཏོགས་པའི་སྐད་རྣམས་ན་པྲ་ཀྲྀ་ཏའི་སྐད་དེ། འདི་སཾ་སྐྲྀ་ཏར་བསྒྱུར་བར་མི་བྱ་སྟེ། སངས་རྒྱས་ཀྱི་གསུང་ལ་རས་ཆོད་དུ་འགྱུར་རོ། །ལྷ་མོ་གསུམ་གྱི་ཕྱག་རྒྱ་ནི་གནས་འོག་ནས་གནས་པས་འོག་ལྡན་ནམ། ས་སྤྱོད་ཡུལ་དུ་བྱེད་པས་སམ། ཞལ་སྟེང་དུ་གཟིགས་པས་སྟེང་ཞལ་ཏེ་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་ལ། ལུས་རྟེན་དུ་བྱ་བའི་ཕྱིར་འོག་ཏུ་བཞུགས་པ་ཡིན་ནོ། །སྟེང་ན་གནས་པའམ། ནམ་མཁའ་སྤྱོད་ཡུལ་དུ་བྱེད་པའམ། ཞལ་འོག་ཏུ་གཟིགས་པས་འོག་ཞལ་ཏེ། འོད་དཔག་ཏུ་མེད་པས་དབུར་བརྒྱན་ལ། གཞན་ལ་སྟོན་པ་གསལ་བས་ན་གསུང་སྟེང་དུ་བཞུགས་སོ། །སེམས་ཅན་ཆོས་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པའི་ཕྱིར། ཐུགས་རྡོ་རྗེ་བདག་མེད་མ་ལ་མི་བསྐྱོད་པས་དབུར་བརྒྱན་ལ་དབུས་སུ་བཞུགས་པར་བྱའོ། །ཡང་ན་འཁོར་ལོ་གསུམ་མཚོན་པ་སྟེ་ལུས་འགྲུབ་པ་ལྟེ་བ། སེམས་གནས་པ་སྙིང་ག ངག་འབྱུང་བ་མགྲིན་པ་སྟེ་དེ་དག་མཚོན་པའི་དོན་དུ་ལྷ་མོ་གསུམ་བརྟག་པར་བྱའོ། །རིགས་ཀྱི་གྲངས་ཀྱི་དབྱེ་བ་ནི་ཕུང་པོ་དང་ཉོན་མོངས་པ་དང་འབྱུང་བ་ཐམས་ཅད་ལྔ་ཡིན་ལ། ཆོས་ཉིད་དང་རིགས་དྲུག་གོ །ཆོས་ཉིད་སྤྱི་ཁྱབ་ཏུ་བཏང་ན་ལྔའོ། །ཕྲག་དོག་དང་སེར་སྣ་ནི་ཡོན་ཏན་ནམ་ཕྲིན་ལས་ཡིན་པས་དེའང་སྤྱི་ཁྱབ་ཏུ་བཏང་ན་ལུས་ངག་ཡིད་གསུམ་མམ་ཉོན་མོངས་པ་དུག་གསུམ་གྱིས་རིགས་གསུམ་མོ། །ལུས་ངག་ཀྱང་ཡིད་དུ་འདུ་བས་ཐུགས་ཀྱི་བདག་པོ་རིགས་གཅིག་ཏུ་བསྡུའོ། །ཚིག་གི་དོན་ལྷག་མ་རྣམས་ནི་རྟོགས་པར་སླའོ། །ལེའུ་བཞི་པ་ཚིགས་སུ་བཅད་པ་བརྒྱད་ཅུ་རྩ་གཅིག་གི་རྣམ་པར་བཤད་པ་བསྟན་ཟིན་ཏོ།།  །།ད་ནི་ལེའུ་ལྔ་པ་བརྗོད་པར་བྱ་སྟེ། དེ་ལྟར་ལེའུ་བཞི་པ་ཡན་ཆད་དུ་རྣམ་གྲངས་དུ་མ་བརྗོད་ཀྱང་གསུང་བ་པོ་སྟོན་པ་ཉིད་ཀྱིས་སྐུ་གསུང་ཐུགས་གསལ་བར་མ་གསུངས་པས་དེ་གསལ་བར་སྟོན་ཏོ་ཞེས་བྱ་བ་ནི་ལེའུའི་འབྲེལ་ཅུང་ཟད་ཙམ་བརྗོད་དོ། །ལེའུ་འདིའི་བརྗོད་པར་བྱ་བ་ལ་སོགས་པ་ཕྱོགས་གཅིག་ཏུ་བརྗོད་ན། བརྗོད་བྱ་ནི་སྤྱི་དང་སྦས་པ། རྗོད་བྱེད་ནི་ཡན་ལག་དང་ཡི་གེ་མན་ངག་གསུམ་ཀ མངོན་པར་རྟོགས་པ་ནི་སྨིན་བྱེད་དང༌། བསྐྱེད་རིམ་དང་བཟླས་པ། བཤད་པའི་རྒྱུད་ནི་དེ་གསུམ་སྟོན་པ་མཐའ་དག་ཡིན་མོད་ཀྱི། ཉེ་བར་མཁོ་བ་ཅུང་ཟད་དང་སྦྱར་ན་རྡོ་རྗེ་གུར་གྱི་ལེའུ་བཞི་པ་དང༌། ལྔ་པ་དང༌། བདུན་པ་དང༌། དགུ་པ་དང༌། བཅུ་གཉིས་པ་ལས་བསྐྱེད་རིམ་འབྱུང་ངོ༌། །དྲུག་པ་དང་དགུ་པ་ལས་སྔགས། བཞི་པ་དང་བདུན་པ་དང་བཅོ་ལྔ་པ་ལས་དབང་བསྟན་ཏོ། །སཾ་པུ་ཊའི་གསུམ་པའི་དང་པོ་ལས་བསྐྱེད་རིམ། བརྒྱད་པའི་གཉིས་པ་དང་བཞི་པ་ལས་སྔགས། གཉིས་པའི་དང་པོ་དང་རྒྱུད་ཕྱི་མས་དབང་བསྟན་ཏོ། །རྩ་བའི་རྒྱུད་ཀྱི་གང་དུ་ཁ་བསྐང་ན། ལེའུ་གསུམ་པ་དང་བརྒྱད་པར་ཧེ་རུ་ཀ་གསུམ་དང་ཡུམ་གསུངས་ཀྱང་གཙོ་བོ་སྟོན་པ་མ་གསུངས་པས་སྐུ་ཁ་བསྐང༌། ལེའུ་གཉིས་པར་རྩ་སྔགས་མ་གསུངས་པས་གསུང་ཁ་བསྐང༌། ལེའུ་བཅུ་པར་རྗེ་བཙུན་ཡབ་ཀྱི་དབང་མ་གསུངས་པས་དབང་ཡེ་ཤེས་ཡིན་པའི་ཕྱིར་ཐུགས་ཁ་བསྐང་ཞེས་བྱའོ། །གཞུང་གི་དོན་ལ་སྐུ་ཁ་བསྐང་ལ་ཞུས་ལན་གཉིས་ལས་ཞུས་པ་ནི། གང་ལ་ཞུས་ན་སྟོན་པ་ཞལ་བརྒྱད་ཕྱག་ཅུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ལ། གང་གིས་ཞུས་ན་བདག་མེད་མས། གང་ཞུས་ན་བཅོམ་ལྡན་འདས་རྗེ་བཙུན་ཡབ་ཀྱི་སྒྲུབ་ཐབས་སོ། །དེའང༌། བཅོ་ལྔ་ཡོངས་སུ་བསྐོར་བ་ཡི། །ཞེས་བྱ་བ་ལ། སྐད་སོར་བཞག་ན་པཉྩ་ད་ཤ་ཞེས་བྱ་བ་ལྔ་བཅུས་བསྐོར་བ་ཞེས་བྱ་བར་འགྱུར་ཏེ། ནང་གི་ལྔ་ལ་ཕྱིའི་བཅུས་བསྐོར་བ་ཡིན་ནོ། །ཡང་ན་གཅིག་བཅོ་ལྔས་བསྐོར་བ་དྲུག་པ་བདག་པོའི་སྒྲ་མ་ཡིན་ཏེ། གྲངས་བཅོ་ལྔ་ཕྲེང་ལ་སོགས་པར་མ་ཡིན་ཏེ་ཡོངས་སུ་བསྐོར་བ་དང་བཅས་པ་གནས་གཞིའི་སྒྲ་ཡིན་ནོ། །ལན་ལ་ཐོག་མར་མཉན་པར་གདམས་པའི་སྐབས་སུ། བདག་མེད་ཙུམྦ་ན་མཛད་ནས། །ཞེས་བྱ་བ་ལ་སོགས་པ་འདི་མན་ཆད་ན་མར་འདི་ལྟ་བུ་མང་དུ་འབྱུང་བས་ཐམས་ཅད་ལ་འདི་ལྟར་རྟོགས་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་འདི་ལྟ་བུའི་རྣམ་འཕྲུལ་མཛད་པ་དེ་གདུལ་བྱ་འདོད་ཆགས་ཅན་ཉེ་བར་གཞུག་པ་དང༌། མ་འོངས་པའི་གང་ཟག་ལ་དགའ་བ་བཞིའི་མངོན་པར་རྟོགས་པ་བསྐྱེད་པའི་དགོས་པ་ཡིན་ནོ་ཞེས་ཐུན་མོང་དུ་འདི་ཙམ་ཞིག་གསུངས་སོ། །ད་ནི་སྦས་ཏེ་གསུང་བ་བརྩེ་བའི་བསམ་པས་བརྗོད་པར་བྱ་སྟེ། དེའང་བསྐྱེད་པའི་རིམ་པའི་མངོན་རྟོགས་ཐམས་ཅད་གསུམ་དུ་འགྱུར་ཏེ། སྔོན་བྱུང་དང༌། གནས་སྐབས་དང༌། རྗེས་འཇུག་གོ །དང་པོ་ནི། སྔོན་བྱུང་གཟུགས་ཀྱི་སྐུའི་རྣམ་འཕྲུལ་འདི་ལྟར་མཛད་པ་ལ་དགོས་པ་རྣམ་པ་གསུམ་སྟེ། འབྲས་བུ་ཆོས་ཀྱི་སྐུ་མཚོན་པ་ནི་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ། གང་ཟག་དང་ཆོས་ཀྱི་བདག་གཉིས་ཀྱིས་སྟོང་པའི་ཕྱིར་ཡུམ་ནི་ཤེས་རབ་ཆེན་པོ། ཟུང་དུ་འཇུག་པར་བྱ་བའི་ཕྱིར་ཙུམྦ། རྡོ་རྗེ་ནི་སྟོང་པ་ཉིད། ཐོད་པ་ནི་བདེ་སྐྱོང༌། ཟུང་དུ་ཆུད་པ་ནི་སྙོམས་པར་ཞུགས་པ། ནུ་མ་ནི་འོ་མ་འཛིན་པ་སྟེ་འོ་མས་སེམས་ཅན་གསོ་བ་བཞིན་སྙིང་རྗེ་ཆེན་པོས་སེམས་ཅན་སྐྱོང་བར་བྱེད་པའི་གཟུགས་ཀྱི་སྐུ་འབྱུང་བ་ནི་ཉེད་པ། སྐབས་འདི་ན་མེད་ཀྱང་མཆན་ཁུང་སེན་མོས་རྨ་མཛད་པ་ནི་སྙིང་གི་རྩ་སེན་མོས་བསྐུལ་བ་བཞིན། བདག་མེད་ཆོས་ཀྱི་སྐུ་ལས་སྙིང་རྗེ་ཆེན་པོས་གཟུགས་སྐུར་སྤྲུལ་པ། མ་མཆུས་སྦྲང་རྩི་འཇིབ་པའམ། ཚེམས་ཀྱིས་འཛིན་པ་ནི་སྔར་གྱི་ཙུམྦའི་དོན་དང་མཚུངས་སོ། །གཉིས་པ་གནས་སྐབས་ཀྱི་དྲག་པོ་གདུལ་བ་ནི་དྲག་པོ་དབང་ཕྱུག་ཅེས་བྱ་བ་འཁོར་ཚངས་པ་ལ་སོགས་པ་དྲེགས་པ་ཅན་བརྒྱད་དང་ཆུང་མ་བརྒྱད་ཀྱིས་བསྐོར་ནས། ཉོན་མོངས་པ་དུག་གསུམ་གྱིས་དྲེགས་པ་དེ་གདུལ་བའི་ཕྱིར་དབང་ཕྱུག་རང་དང་དེ་བས་ཆེ་བ་གསུམ་དང་བཅས་པ་ཉིད་ཀྱི་གདན་དུ་མཛད། དྲེགས་པ་ཅན་བརྒྱད་ནི་ལྷ་མོ་བརྒྱད་ཀྱི་གདན་དུ་བཏིང༌། ཆུང་མ་བརྒྱད་ནི་དུར་ཁྲོད་དུ་ཕོ་ཉར་བཀྱེ་བས་དེའི་ཞེ་སྡང་བཏུལ། ཙུམྦ་ལ་སོགས་པ་འདི་ལྟ་བུའི་བདེ་བ་ཆེན་པོའི་རྣམ་འཕྲུལ་མཛད་པས་དེའི་འདོད་ཆགས་བཏུལ། སྔགས་ལ་སོགས་པ་གསུང་གི་སྒྲས་དེའི་གཏི་མུག་བཏུལ་བར་མཛད་དོ། །གསུམ་པ་རྗེས་འཇུག་མ་འོངས་པའི་གང་ཟག་བསྐྱེད་རིམ་བསྒོམ་པ་ལ་དགོས་པ་ནི། གོང་གི་དགོས་པ་གཉིས་པོས་ཤེས་པས་མ་དག་པ་སྦྱང་བའི་ཕྱིར་དག་བྱ་དག་བྱེད་ངོ་སྤྲད་པ་དང་གསུམ་གྱིས་བསྐྱེད་པའི་རིམ་པ་བསྒོམ་པ་ཉིད་ཀྱང་ཡིན་ལ། ཡང་ཁྱད་པར་དུ་ཆོས་སྐུའི་མཚོན་བྱེད་བཞིན་དུ་སྟོང་པ་དང་སྙིང་རྗེ་ཟུང་འཇུག་སྔོན་དུ་སོང་བས་ལམ་ཐམས་ཅད་བསྒོམ་པ་དང༌། རྡོ་རྗེ་ཐོད་པའི་བདེ་སྟོང་གི་ཉམས་ཀྱིས་ལམ་ཐམས་ཅད་བསྐྱང་བ་དང༌། སྙིང་རྗེ་ཆེན་པོས་བསྐུལ་ཏེ་དུས་རྟག་ཏུ་གཞན་དོན་བྱའོ་ཞེས་བྱ་བའི་མངོན་རྟོགས་ལ་སྦྱར་བར་བྱའོ། །དེས་ན་སྔོན་བྱུང་བསྐྱེད་པའི་རིམ་པའི་རྣམ་འཕྲུལ་དེ་དག་སྲེད་པ་དང་བཅས་པའི་སྒྲ་ཇི་བཞིན་པར་ནི་འཚོལ་བར་མི་བྱའོ། །ད་ནི་གཞུང་གི་དོན་དངོས་ལ། འཁོར་ལོ་ཇི་ལྟར་སྔར་གསུངས་པ། །ཞེས་བྱ་བའི་དོན་བརྗོད་པར་བྱ་སྟེ། དེ་ལ་མངོན་པར་རྟོགས་པ་ཅུང་ཟད་ཙམ་བརྗོད་ན། སྔོན་དུ་འགྲོ་བ་ཚོགས་གཉིས་བསག་པ་དང༌། སྲུང་བའི་འཁོར་ལོ་དང༌། གཞིའི་ཡན་ལག་ཆོས་ཀྱི་འབྱུང་གནས་དང༌། རྒྱུའི་ཡན་ལག་འབྱུང་བ་རིམ་བརྩེགས་བསྒོམ་པ་ནི་ལེའུ་གསུམ་པ་དང༌། རྡོ་རྗེ་གུར་ལེའུ་བཅུ་གཉིས་པ་དང༌། འདི་ཉིད་ཀྱི་ལེའུ་བརྒྱད་པས་ཁ་བསྐངས་ལ། གཞལ་ཡས་ཁང་གདན་དང་བཅས་པ་བསྒོམ་པ་ནི། འཁོར་ལོ་ཇི་ལྟར་སྔར་གསུངས་པ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་དང༌། འོག་ནས་ཚངས་པ་དབང་པོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏེ། ཡན་ལག་དང་པོ་རྣམ་པར་སྣང་མཛད་དོ། །ཡན་ལག་གཉིས་པ་ལས། དང་པོ་རྒྱུ་རྡོ་རྗེ་འཆང་བསྐྱེད་པ་ནི། འདོད་ཆགས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏེ། དེ་སྐྱེད་པའི་མངོན་པར་བྱང་ཆུབ་པ་ལྔ་ནི་ལེའུ་བརྒྱད་པར་བསྟན་ཏོ། །དེ་ནས་མཁའ་གསང་བྱིན་གྱིས་བརླབ་པའི་སྔགས་ནི་ཕྱི་མའི་ལེའུ་བཅུ་གཉིས་པར་བསྟན་ཏོ། །སྙོམས་པར་ཞུགས་པས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཞལ་དུ་ཞུགས་སྙིང་གར་འོད་དུ་ཞུ། དབང་གི་གནས་སུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ས་བོན་བརྒྱད་དུ་གྱུར་པ་ནི། གྃ་ཙྃ་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །དེ་ལས་ལྷ་མོར་གྱུར་ནས་ཕྱི་རོལ་དུ་སྤྲོ་བ་ནི། གྲོང་ཁྱེར་ཉམས་དགར་ཁྱོད་དང་ང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་དྲུག་གིས་བསྟན་ཏོ། །ལྷ་མོ་རྣམས་ཀྱི་ཁ་དོག་ནི། གཽ་རཱི་ཁ་དོག་ནག་མོར་འགྱུར། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ། །དེ་དག་གི་ཕྱག་མཚན་ནི། དཀར་མོའི་གཡས་ན་གྲི་གུག་སྟེ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྔས་བསྟན་ཏོ། །དེ་ནས་རྒྱུ་རྡོ་རྗེ་འཛིན་པ་འོད་དུ་ཞུ་བ་ལས་གླུས་བསྐུལ་བ་ནི། དེ་ནས་རྡོ་རྗེ་ཆགས་ཆེན་ལས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྔས་བསྟན་ཏོ། །དེ་ནས་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པའི་ས་བོན་དང་བཅས་པ་ནི། ཨྃ་དང་ཧཱུྃ་གིས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་དང༌། བདག་པོའི་ས་བོན་དག་གིས་ནི། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་བསྟན་ཏོ། །དེའི་ཞལ་ཕྱག་དང་ཁ་དོག་ལ་སོགས་པ་རྒྱས་པར་བསྟན་པ་ནི། ཞལ་བརྒྱད་པ་ལ་ཞབས་བཞི་པ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྔས་བསྟན་ཏོ། །དེ་ནས་ཕྱག་མཚན་དང་ཉམས་དགུ་ནི། གླང་པོ་རྟ་བོང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་ཏོ། །དེ་ནས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་འཁོར་ལོ་དགུག་གཞུག་བྱ་བ་ནི་ལེའུ་གསུམ་པ་དང་རྡོ་རྗེ་གུར་གྱིས་ཁ་བསྐང་ཡན་ལག་གཉིས་པའོ། །ཡན་ལག་གསུམ་པ་དབང་བསྐུར་ཞིང་རིགས་ཀྱི་བདག་པོའི་རྒྱས་གདབ་པ་ནི་བརྟག་པ་གོང་འོག་གི་ལེའུ་བཞི་པ་གཉིས་ཀྱིས་ཁ་བསྐང་ངོ༌། །མཆོད་པ་བདུད་རྩི་མྱང་བ་སྟེ། ཡན་ལག་ལྷག་མ་གསུམ་ནི་རྡོ་རྗེ་གུར་གྱིས་ཁ་བསྐང་བ་ཡིན་ནོ། །དེ་ནས་རྫོགས་རིམ་ཅུང་ཟད་བསྒོམས་ལ། གོང་འོག་གི་ལེའུ་དགུ་པ་གཉིས་ནས་འབྱུང་བའི་ཚུལ་གྱིས་དག་པ་རྗེས་སུ་དྲན་པ་བྱས་ལ་དཀྱིལ་འཁོར་བསྡུས་ཏེ་གཙོ་བོའི་ང་རྒྱལ་གྱིས་བཟླས་པ་དང་སྤྱོད་ལམ་ལ་སོགས་པ་ཕྲིན་ལས་ཐམས་ཅད་ལ་འཇུག་པར་བྱེད་པ་ཡིན་ནོ། །འདི་ནི་སློབ་དཔོན་མི་ཐུབ་ཟླ་བའི་དགོངས་པ་གཙོ་བོ་གཞུང་འཁྲུགས་སུ་བསྡེབས་ནས་ཐུན་མོང་དུ་གསུང་བ་ཙམ་ཡིན་ནོ།།  །།ད་ནི་འདིར་རྫེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་གདམས་ངག་རྗེ་བླ་མས་སྦས་ཏེ་གསུངས་པ་བརྩེ་བའི་བསམ་པས་བྲི་བར་བྱའོ། །དེ་ལ་འདིར་འཁྲུགས་མེད་པར་ལེའུ་བརྒྱད་པ་དང་བསྡེབས་ཏེ་བརྗོད་ན། ཐོག་མར་གང་ཟག་རྟོགས་པ་མཆོག་ཏུ་གྱུར་པའམ། རྡོ་རྗེ་སློབ་དཔོན་དུ་དབང་ཐོབ་ཅིང་དད་པ་ཆེན་པོ་དང་ལྡན་ཡང་བློ་གྲོས་ཤིན་ཏུ་དམན་པར་གྱུར་པས་བསྒོམ་པར་བྱ་བ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས་བསྡུས་གང་ཡང་རུང་བ་སྔོན་དུ་སོང་ནས་སྲུང་བའི་འཁོར་ལོ་དང་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་སྐད་ཅིག་ཙམ་གྱིས་གཞལ་ཡས་ཁང་བསྒོམ་པ་ནི། འཁོར་ལོ་ཇི་ལྟར་སྔར་གསུངས་པ། །ཞེས་བྱ་བ་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ། །དེ་ནས་བདུད་བཞིའི་གདན་གྱི་སྟེང་དུ་སྐད་ཅིག་ཙམ་གྱིས་རྒྱུ་རྡོ་རྗེ་འཛིན་པ་ནག་པོའི་རྣམ་པར་བསྐྱེད་ལ་གསལ་གདབ་པར་བྱ་སྟེ། དེ་ནི། འདོད་ཆགས་ཆེན་པོས་རྗེས་ཆགས་པས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་དྲུག་གིས་བསྟན་ཏོ། །དེ་ནས་མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་པའི་སྒྱུ་མའི་བདེ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ནས་ཞལ་དུ་ཞུགས། སྙིང་ཁར་ཞུ། དབང་གི་གནས་སུ་ཐིག་ལེར་བབས། ཐིག་ལེ་ཙམ་ལས་ལྷ་མོ་བརྒྱད་དུ་གྱུར་ནས་ཕྱོགས་མཚམས་བརྒྱད་དུ་སྤྲོ་བ་ནི། གྲོང་ཁྱེར་ཉམས་དགར་ཁྱོད་དང་ང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་དྲུག་གིས་བསྟན་ཏོ། །དེ་ནས་རྒྱུ་རྡོ་རྗེ་འཛིན་པ་འོད་དུ་ཞུ་ནས་གླུས་བསྐུལ་བ་ནི། དེ་ནས་རྡོ་རྗེ་ཆགས་ཆེན་ལས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྔས་བསྟན་ཏོ། །དེའི་སྐད་ཅིག་ལས་འབྲས་བུ་རྡོ་རྗེ་འཛིན་པར་བསྐྱེད་པ་ནི། གླང་པོ་རྟ་བོང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་ཏོ། །ཆོ་ག་ལྷག་མ་རྣམས་ནི་སྔ་མ་དང་འདྲའོ། །མངོན་པར་རྟོགས་པ་དང་པོའོ། །ཡང་ཡས་རིམ་དུ་སྦྱར་ན་རྟོགས་པ་སྔ་མ་བས་ཅུང་ཟད་དམའ་བ་དང༌། མས་རིམ་དུ་སྦྱར་ན་བློ་གྲོས་ཐ་ལྟག་ཙམ་དུ་གྱུར་པས་ས་བོན་ཙམ་ལས་བསྐྱེད་པ་ནི་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་ཡན་ཆད་སྔ་མ་དང་འདྲ་ལ། དབུས་ཀྱི་གདན་གྱི་སྟེང་དུ་ཨྃ་དང་ཧཱུྃ་ལས་གཙོ་བོ་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་ནི། ཨྃ་དང་ཧཱུྃ་གིས་རྡོ་རྗེ་ཆེ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་ཡིན་ནོ། །དེ་ནས་མཁའ་གསང་བྱིན་གྱིས་བརླབ་པ་དང་མཁར་ཐིག་ལེར་གྱུར་པའི་བར་ནི་སྔ་མ་དང་འདྲ་ལ། ཐིག་ལེ་ས་བོན་བརྒྱད་དུ་གྱུར་ནས་ས་བོན་ལས་ལྷ་མོར་གྱུར་ཏེ་ཕྱིར་སྤྲོ་བ་ནི། གྃ་ཙྃ་ཞེས་བྱ་བ་ལ་སོགས་པ་ཚིག་རྐང་གཉིས་ཀྱིས་བསྟན་ཏོ། །དེ་ནས་རྒྱུ་རྡོ་རྗེ་འཛིན་པ་འོད་དུ་ཞུ་ནས་གླུས་བསྐུལ་བ་ལས་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་ས་བོན་ཙམ་ལས་བསྐྱེད་པ་ནི། བདག་པོའི་ས་བོན་དག་གིས་ནི། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་བསྟན་ཏོ། །ཆོ་ག་ལྷག་མ་རྣམས་ནི་སྔ་མ་དང་འདྲའོ། །མངོན་པར་རྟོགས་པ་གཉིས་པའོ། །དཀར་མོའི་གཡས་ན་གྲི་གུག་སྟེ། །ཞེས་བྱ་བ་ལ་སོགས་པ་ལྷག་མ་ཚིགས་སུ་བཅད་པ་བརྒྱད་ཀྱིས་ནི་ཆོ་ག་གང་གིས་བསྐྱེད་ན་ཡང་བསྐྱེད། ལྷ་མོ་རྣམས་ཀྱི་ཕྱག་མཚན་དང་སྐུ་མདོག་དང་གདན་རྣམས་བསྟན་པ་ཡིན་ནོ། །ད་ནི་གང་ཟག་དང་བློ་གྲོས་འབྲིང་དུ་གྱུར་པས་བསྒོམ་པའི་མངོན་པར་རྟོགས་པ་ནི་ལེའུ་བརྒྱད་པས་ཁ་བསྐངས་ཏེ་བརྗོད་པར་བྱ་སྟེ། དེ་ལ་ཡང་ཚོགས་ཀྱི་ཞིང་སྤྱན་དྲང་བ་ནས་ཡན་ལག་བཞིས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པའི་བར་དུ་ནི་མངོན་པར་རྟོགས་པ་འཁྲུགས་ཅན་དུ་བསྟན་པ་དང་འདྲ་ལ། གདན་གྱི་དབུས་སུ་ཨཱ་ལི་ཀཱ་ལི་སྤངས་པའི་མངོན་བྱང་ལྔ་ལས་རྒྱུ་རྡོ་རྗེ་འཛིན་པ་བསྒོམ་ཞིང༌། འཁོར་གྱི་ལྷ་མོ་རྣམས་ནི་ཨཱ་ལི་ཀཱ་ལི་སྤངས་པའི་ཉི་ཟླའི་བར་དུ་དབང་གི་གནས་ནས་ས་བོན་སྤྲོས་པ་ལས་མངོན་བྱང་ལྔར་བསྒྲུབས་ཏེ་བསྐྱེད་པའམ། ས་བོན་ལས་ལྷ་མོར་བསྒྲུབས་ཏེ་སྤྲོ་བ་གང་རུང་བྱའོ། །ཡང་ལྷ་མོ་ལ་མངོན་བྱང་མེད་པའི་ཚེ་འབྲས་བུ་རྡོ་རྗེ་འཛིན་པའང་ས་བོན་ལས་བསྐྱེད་དོ། །དེའི་ས་བོན་སྤངས་པ་ནི། དེ་ཡི་སྟེང་དུ་ཟླ་བ་ཡིན། །ཞེས་བྱ་བ་ཨཱ་ལི་ཀཱ་ལི་སྤངས་པའི་གཞུང་དེ་ཡིན་ནོ། །ཆོ་ག་ལྷག་མ་རྣམས་ནི་སྔ་མ་དང་འདྲའོ། །མངོན་པར་རྟོགས་པ་གསུམ་པ་སྟེ་འཁོར་གྱི་ལྷ་མོའི་སྐྱེད་ཆོག་མི་འདྲ་བ་གཉིས་ཡོད་པས་ན་སྒྲུབ་པའི་ཐབས་གཉིས་ཡིན་ནོ། །གང་ཟག་ཏིང་ངེ་འཛིན་གྱི་རྟོགས་པ་ནི་མེད་ལ། བློ་གྲོས་དང་ལྡན་པས་བསྒོམ་པར་བྱ་བ་ནི་གཉིས་ཏེ། མངོན་པར་བྱང་ཆུབ་པ་མི་མཉམ་པར་སྦྱོར་བ་དང༌། མཉམ་པར་སྦྱོར་བའོ། །དང་པོ་ནི་ཆོ་ག་ཐམས་ཅད་འདས་མ་ཐག་པ་དེ་ཉིད་དང་འདྲ་བ་ལས། ཉི་ཟླའི་རྒྱུ་ནི་ཨཱ་ལི་ཀཱ་ལི་ལས་གྱུར་པ་ཡིན་ཏེ། ཨཱ་ལི་ཟླ་བའི་གཟུགས་ཀྱིས་གནས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཡང་འཁོར་རྣམས་ཀྱང་མངོན་བྱང་ལས་སྐྱེད་པར་གྱུར་པ་དེའི་ཚེ་རྒྱུ་རྡོ་རྗེ་འཛིན་པ་ནག་པོར་བྱས་སྟེ་མངོན་པར་རྟོགས་པ་རྒྱས་པ་ཞེས་གསུང་ལ། འཁོར་རྣམས་མངལ་དུ་ས་བོན་ལས་སྐུར་གྱུར་ཏེ་ཕྱོགས་མཚམས་སུ་སྤྲོ་བ་དེའི་ཚེ་རྒྱུ་རྡོ་རྗེ་འཛིན་པ་དཀར་པོར་བྱ་སྟེ་མངོན་པར་རྟོགས་པ་འབྲིང་པོ་ཞེས་གསུང་ངོ༌། །དེ་ལ་མངོན་པར་རྟོགས་པ་རྒྱས་པ་ཡན་ཆད་ཚུལ་བཞི་ནི་རྣལ་འབྱོར་གྱི་དབང་ཕྱུག་པདྨ་བཛྲ་སྙིང་རྗེ་ཆེན་པོ་དང་ཡང་ཚུལ་མཚུངས་ལ། མངོན་པར་རྟོགས་པ་འབྲིང་པོ་ནི་སློབ་དཔོན་ཌོམྦི་ཧེ་རུ་ཀའི་རྗེས་སུ་འབྲང་བ་དང་ཡང་ཚུལ་མཚུངས་པ་ཡིན་ནོ། །སྒྲུབ་པའི་ཐབས་བཞི་པའོ།།  །།མངོན་པར་བྱང་ཆུབ་པ་མཉམ་པ་ལས་བསྐྱེད་པར་འདོད་ན་ཚོགས་ཀྱི་ཞིང་སྤྱན་དྲང་བ་ནས་གདན་བསྐྱེད་པ་ཡན་ཆད་ནི་སྔ་མ་དང་འདྲ་ལ། གདན་གྱི་དབུས་སུ་ལེའུ་བརྒྱད་པར་བསྟན་པ་བཞིན་ཟླ་བ་གྲུ་གསུམ་ཉིས་བརྩེགས་ཀྱི་མངོན་བྱང་ལས་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད། འཁོར་གྱི་ལྷ་མོ་རྣམས་ནི་མངལ་ནས་ས་བོན་ནམ་སྐུ་ཡོངས་སུ་རྫོགས་པ་ལས་བསྐྱེད་ཀྱང་རུང༌། གཙོ་ཆེ་བར་ནི་ཨཱ་ལི་ཀཱ་ལི་ལས་ཉི་ཟླ་གྲུབ་པའི་བར་དུ་དབང་གི་གནས་ནས་ཐིག་ལེ་རྐྱང་པའམ་ས་བོན་སྤྲོས་པའི་མངོན་བྱང་མི་མཉམ་སྦྱོར་རྫོགས་པ་ལས་བསྐྱེད་པར་བྱ་སྟེ། དེའང་ལེའུ་བརྒྱད་པ་ལས། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །ཞེས་བྱ་བ་ཚིགས་སུ་བཅད་པ་གཉིས་ཀྱིས་གཙོ་བོ་བསྐྱེད་པའི་རྗེས་ཁོ་ན་ལ། ཐབས་དང་ཤེས་རབ་རང་བཞིན་ལས། །ཞེས་བྱ་བ་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་འཁོར་བསྐྱེད་པ་བསྟན་པ་ཡིན་ནོ། །ཆོ་ག་ལྷག་མ་རྣམས་ནི་སྔ་མ་དང་འདྲའོ། །མངོན་པར་རྟོགས་པ་ལྔ་པའོ།།  །།ཆོ་ག་འདི་རྣམས་སྔར་མ་བརྗོད་ཀྱང་ལེའུ་བརྒྱད་པའི་སྟེང་དུ་ཡང་དྲན་ཞིང་བརྗོད་པར་བྱའོ། །དེ་ལྟར་ན་ལེའུ་བརྒྱད་པར་ཡང་ཡབ་ཀྱི་མངོན་རྟོགས་གསུངས་པའི་ཕྱིར། ཁྱོད་ཀྱི་དཀྱིལ་འཁོར་ཇི་ལྟར་ལགས། །ཞེས་བྱ་བའི་དྲི་བ་མི་འཐད་དོ་ཞེ་ན། ཆོ་ག་ཙམ་གསུངས་ཀྱང་ཕྱག་མཚན་ལ་སོགས་པ་དཀྱིལ་འཁོར་གྱི་རྣམ་འཕྲུལ་རྒྱས་པར་མ་གསུངས་པས་ཞུ་བ་འབྱུང་བ་ཡིན་ནོ། །མངོན་པར་རྟོགས་པ་ལྔ་པ་འདི་ལ་ཡང་འཁོར་གྱི་ལྷ་མོ་མངོན་བྱང་ལས་བསྐྱེད་པ་དང་མི་བསྐྱེད་པའི་བྱེ་བྲག་གིས་རྒྱས་འབྲིང་གཉིས་སུ་འགྱུར་རོ། །དེ་ལྟར་ན་མཉམ་སྦྱོར་གྱི་རྒྱས་འབྲིང་གཉིས་དང་མི་མཉམ་སྦྱོར་གྱི་རྒྱས་འབྲིང་གཉིས་པོ་འདི་ནི་གང་ཟག་ལས་དང་པོ་པ་ནས་ཐམས་ཅད་ཀྱིས་བསྒོམ་པར་བྱ་བ་ཡིན་ནོ། །དེ་ལ་གོང་གི་རྒྱས་པ་གཉིས་ཀྱི་འབྲས་བུ་རྡོ་རྗེ་འཛིན་པ་ནི་མངོན་བྱང་ལས་བསྐྱེད་ལ། འབྲིང་པོ་གཉིས་ནི་གླུས་བསྐུལ་མ་ཐག་ས་བོན་ཙམ་ལས་བསྐྱེད་པ་ཡིན་ནོ། །མངོན་པར་རྟོགས་པ་འབྲིང་པོ་རྣམས་ཀྱི་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་དང༌། འཁོར་གྱི་ལྷ་མོ་དབྱུང་བ་གཉིས་ཀྱི་ལུང་ནི་མངོན་པར་རྟོགས་པ་གཉིས་པ་ས་བོན་ལས་བསྐྱེད་པས་ཟིན་པ་ཡིན་ནོ། །ད་ནི་མངོན་པར་རྟོགས་པ་དེ་དག་གི་གྲངས་ཅུང་ཟད་བརྗོད་ན། མངོན་པར་རྟོགས་པ་ལྔའི་དང་པོ་གཉིས་ལ་ནི་དབྱེ་བ་མེད་ལ། འོག་མ་གསུམ་གྱི་འབྲས་བུ་རྡོ་རྗེ་འཛིན་པ་ལ་བཞེངས་ལུགས་གཉིས་ཡོད་ཅིང་འཁོར་གྱི་ལྷ་མོ་ལ་ཡང་མངོན་བྱང་ཡོད་མེད་གཉིས་ཡོད་པས་མངོན་པར་རྟོགས་པ་དྲུག་ཏུ་འགྱུར་ལ། འཁོར་གྱི་ལྷ་མོ་མངོན་བྱང་ཡོད་པ་ལ་ཡང་ཉི་ཟླའི་བར་དུ་ཐིག་ལེར་སྤྲོ་བ་དང༌། ས་བོན་དུ་སྤྲོ་བ་གཉིས། འཁོར་ལ་མངོན་བྱང་མེད་པ་ལ་ཡང་མངལ་དུ་ལྷ་མོར་གྱུར་ནས་སྤྲོ་བ་དང༌། ས་བོན་སྤྲོས་པ་ལས་ལྷ་མོར་གྱུར་པ་སྟེ་གཉིས་ཀྱིས་ཕྱེ་བས་བཅུ་གཉིས་སུ་འགྱུར་བས་མངོན་རྟོགས་དང་པོ་གཉིས་དང་བཅུ་བཞི་ཡོད་དོ། །མངོན་པར་རྟོགས་པའི་རབ་ཏུ་དབྱེ་བ་བསྟན་ཟིན་ཏོ།།  །།ཚིག་གི་དོན་ལྷག་མ་རྣམས་ནི་རྟོགས་པར་སླ་ལ། ཕྱག་མཚན་གྱི་སྐབས་སུ་གཡས་པའི་ཐོད་པ་བརྒྱད་ཀྱི་ནང་ན་གནས་པའི་གླང་པོ་ལ་སོགས་པ་བརྒྱད་ཀྱིས་ནད་བརྒྱད་སེལ་བ་ནི། རྡོ་རྗེ་གུར་ལས། གློ་དང་དབུགས་དང་དེ་བཞིན་སྨྱོ། །ཁོང་སྐེམ་མཛེས་དང་བིརྫི་ཀ །མཆིན་པ་མཚེར་པའི་ནད་རྣམས་ལ། །གླང་པོ་ལ་སོགས་རིམ་ཤེས་བྱ། །ཞེས་གསུངས་སོ། །ནད་བརྒྱད་ཀྱིས་མཚོན་ནས་མི་ཁོམ་པ་བརྒྱད་སྤངས་པ་ཡིན་ནོ། །གཡོན་པའི་ཕྱག་མཚན་བརྒྱད་ཀྱིས་དབང་ཕྱུག་བརྒྱད་སྩོལ་བ་ནི། འབྱུང་བ་བཞི་དང་ཉི་ཟླ་ལ་དབང་འབྱོར་པས་ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་བ་དང༌། མི་མཐུན་པའི་ཕྱོགས་ཐམས་ཅད་འགྲིབ་པར་བྱེད་པ་དང་གཉིས་ཀའི་གཞིར་གྱུར་པ་ཡིན་ལ། གཤིན་རྗེས་ནི་མི་མཐུན་པའི་ཕྱོགས་འགྲིབ་པ་འབའ་ཞིག་གི་བྱ་བ་བྱེད་ལ། ནོར་སྦྱིན་གྱིས་ནི་མཐུན་པའི་ཕྱོགས་འཕེལ་བ་འབའ་ཞིག་གི་བྱ་བ་བྱེད་པ་ཡིན་ནོ། །ཡང་དག་པར་ན་སངས་རྒྱས་ཀྱི་དབང་ཕྱུག་བརྒྱད་མཚོན་ནོ། །ཉམས་དགུ་ལ་བཤད་པ་བསམ་གྱིས་མི་ཁྱབ་པ་ཅིག་འབྱུང་ཡང༌། སྐབས་འདིར་བདག་གི་བླ་མ་འདི་ཙམ་ཞིག་གསུང་སྟེ། སྒེག་ཅིང་དཔའ་བ་མི་སྡུག་པ་ནི་སྐུའི་ཉམས་གསུམ་སྟེ། དེའང་སྒེག་པ་ནི་རྒྱན་སྣ་ཚོགས་དང་བཞུགས་ཚུལ་དུ་མ་སྟེ། དེའང་སྐུ་བལྟ་བས་ཆོག་མི་ཤེས་པ་དང་ལྡན་པས་གདུལ་བྱ་འདོད་ཆགས་ཅན་འདུལ་བར་བྱེད་པ་ཡིན་ནོ། །དཔའ་བ་ནི་བདུད་བཞི་མཉམ་པར་མནན་ཅིང་སྐུ་ཆེ་ཞིང་བརྗིད་པ་སྟེ་ཞེ་སྡང་ཅན་འདུལ་བར་བྱེད་པ་ཡིན་ནོ། །མི་སྡུག་པ་ནི་གཏི་མུག་ཅན་ལ་བྱེ་བྲག་ཏུ་སྣང་བ་སྟེ། ཞལ་སྨིན་མ་དང་དཔྲལ་བར་བསྡུས་ཤིང་རྣམ་འགྱུར་དུ་མ་དང་ལྡན་པ་སྟེ་གཏི་མུག་ཅན་འདུལ་བར་བྱེད་པ་ཡིན་ནོ། །དགོད་ཅིང་དྲག་ཤུལ་འཇིགས་སུ་རུང་བ་ནི་གསུང་གི་ཉམས་གསུམ་སྟེ། དེ་ལ་དགོད་པ་ནི་རབ་ཏུ་དགའ་ཞིང་ཆགས་པའི་བཞེད་སྒྲས་འདོད་ཆགས་ཅན་འདུལ་ལ། ཧཱུྃ་དང་ཕཊ་ལ་སོགས་པ་དྲག་ཤུལ་གྱི་ང་རོས་ཞེ་སྡང་ཅན་འདུལ་ཞིང་རྟག་པ་དང་ཆད་པར་འཛིན་པ་རྣམས་འཇིགས་པར་བྱེད་པའི་སྒྲ་སྟེ་སྟོང་པ་ཉིད་དང་ཟུང་དུ་འཇུག་པའི་གསུང་ཡིན་ནོ། །སྙིང་རྗེ་རྔམ་དང་ཞི་བ་ནི་ཐུགས་ཀྱི་ཉམས་གསུམ་སྟེ། སྙིང་རྗེ་ནི་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པར་བཞེད་པ་སྟེ་འདོད་ཆགས་ཅན་འདུལ་ལ། རྔམ་པ་ནི་བྱམས་པ་ཆེན་པོས་རབ་ཏུ་ཁྲོ་བར་མཛད་པས་ཞེ་སྡང་ཅན་འདུལ་ཞིང༌། ཟུང་དུ་འཇུག་པ་ཞི་བ་ཆེན་པོའི་ཐུགས་ཀྱིས་ལོག་པར་ལྟ་བ་དང་ལྡན་པའི་གཏི་མུག་ཅན་འདུལ་བར་བྱེད་པ་ཡིན་ནོ། །གདན་གྱི་སྐབས་སུ་བཅོམ་ལྡན་འདས་ཀྱི་གདན་ཚངས་པ་ནི་གཟུགས་ཀྱི་ཁམས་ཀྱི་ཚངས་པའོ། །དབང་པོ་ནི་སུམ་ཅུ་རྩ་གསུམ་གྱི་བརྒྱ་བྱིན་ནོ། །ཉེ་དབང་ནི་གཞན་འཕྲུལ་དབང་བྱེད་ཀྱི་བདུད་སྡིག་ཅན་ནོ། །དྲག་པོ་ནི་འཇིགས་བྱེད་དོ། །འཁོར་གྱི་ཚངས་པ་ནི་འདོད་ཁམས་ཀྱིའོ། །དབང་པོ་ནི་ཤར་ཕྱོགས་ཀྱི། ཉེ་དབང་ནི་ཁྱབ་འཇུག དྲག་པོ་ནི་དབང་ལྡན། གཤིན་རྗེ་ནི་ལྷོ་ཕྱོགས་ཀྱི། ནོར་སྦྱིན་ནི་རྣམ་ཐོས་སྲས། སྲིན་པོ་ནི་ལྷོ་ནུབ་ཀྱི། ཐགས་ཟངས་རིས་ནི་ལྷ་མ་ཡིན་གྱི་དབང་པོ་ཡིན་ནོ། །འདི་རྣམས་ཀྱི་དག་བྱ་དང་དག་བྱེད་ནི་བླ་མས་སྟོན་པར་འགྱུར་རོ། །སྐུ་མ་ཚང་བ་ཁ་བསྐང་བ་བསྟན་ཟིན་ཏོ། །གསུང་མངོན་པར་འབྱུང་བ་ལ་དོན་ལྔ་ལས། རྗེས་འཇུག་གི་ཕྲིན་ལས་ཇི་ལྟར་བསྒྲུབ་པའི་དོན་ནི། བཟླས་པ་ཁྲི་ཡིས་ཞེས་བྱ་བ་སྟེ་བསྙེན་སྒྲུབ་གཉིས་སྔོན་དུ་སོང་ནས་ལས་ལ་སྦྱོར་བའི་སྐབས་སུའོ། །འདི་མན་ཆད་ནི་བཟླས་པའི་མན་ངག་སྟེ། གསལ་བ་ནི་གོ་བ། རིང་བ་ནི་རིག་བྱེད་འདོན་པ་ལྟར་རིང་བ་རྣམས་ཀྱང་གཞན་གྱི་བས་ཤིན་ཏུ་རིང་ལ། ཐུང་བ་རྣམས་ཀྱང་གཞན་ལས་རིང་བའི་ཚད་ཙམ་དུ་འདོན་པའོ། །བཟང་བ་ནི་རིང་ཐུང་དང་དྲག་གཞན་ལ་སོགས་པ་ཐམས་ཅད་ཕྱེད་པ་ཡིན་ནོ། །ཀྱེའི་རྡོ་རྗེ་སྦྱོར་ལྡན་པས་ནི་ལྷའི་ང་རྒྱལ་དང་མ་བྲལ་བས་ལྷ་ཉིད་ལ་དམིགས་པའམ། འཁོར་བའམ། སྤྲོ་བསྡུའམ། འགོག་པའམ། ཤུ་བུའམ། རྡོ་རྗེའི་ཕྲིན་ལས་ལ་དམིགས་པའི་བཟླས་པ་བྱའོ། །འབུམ་ནི་བསྙེན་པའི་དུས་ཏེ་འདི་ནི་རྫོགས་ལྡན་ལ་དགོངས་པ་ཡིན་ལ། རྩོད་དུས་སུ་ནི་བཞི་འབུམ་མམ་བརྒྱད་འབུམ་བྱས་ལ་སྒྲུབ་པ་སྔོན་དུ་སོང་ནས་ལས་ལ་སྦྱར་བར་བྱའོ། །ལྔ་པ་སྔགས་དངོས་བཏུ་བ་ནི། སྤྱིར་ལུས་དང་ཡན་ལག་གི་བཏུ་བ། བཟློག་སྟེ་བཏུ་བ། སྤེལ་ཏེ་བཏུ་བ། ཚིགས་སུ་བཅད་པའི་བཏུ་བ་སྟེ་ཚུལ་བཞི་ཡོད་པ་ལས། དང་པོ་ནི་སྡེ་ཚན་ལས་བཏུ་བ་དང༌། ས་བོན་ལས་བཏུ་བ་དང༌། འཁོར་ལོ་ལས་བཏུ་བ་དང་གསུམ་ཡིན་པ་ལས། དང་པོ་གཉིས་འོག་ལེའུ་དགུ་པ་ནས་འབྱུང༌། འཁོར་བ་དང་བཟློག་པ་དང་སྤེལ་བ་གསུམ་ཐིག་ལེའི་སྐོར་དང་བདེ་མཆོག་ལས་འབྱུང༌། ཚིགས་སུ་བཅད་པའི་བཏུ་བ་ནི་རྡོ་རྗེ་ཕྲེང་བ་དང་དགོངས་པ་ལུང་སྟོན་པའི་རྒྱུད་ལས་ཀྱང་འབྱུང་ལ་རྩ་བའི་སྔགས་འདིའང་དེའི་བཏུ་ལུགས་ཡིན་ནོ། །དེ་ལ་རིག་བྱེད་རྣམས་ཀྱི་དང་པོ་ཞེས་བྱ་བ་འདི་ལ་སློབ་དཔོན་སྦྱང་དཀའ་ཟླ་བས་ངེས་བརྗོད་ནི་ཨོ། སྙན་དངགས་ནི་ཨུ། སྲིད་སྲུང་ནི་ཨུྃ། མཆོད་སྦྱིན་ནི་ཨ་སྟེ་ཡི་གེ་བཞི་པོའི་ཚད་དུ་འདྲེན་པའོ་ཞེས་གསུང་ངོ༌། །བླ་མ་རྗེ་བཙུན་ནི་ཨོ་ཡི་གེ་བཞིའི་ཚད་དུ་འདྲེན་པ་ལ་བཞེད་དོ། །ཟླ་བ་ཕྱེད་པ་དང་ཐིག་ལེ་ནི་ཨྃ་སྟེ་ཨོཾ་ཞེས་བྱ་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔགས་དག་པར་བྱེད་པ་སྟེ། དེ་ལ་སྤྱིར་རྗེས་སུ་བསྔགས་པའི་ཚིགས་བཅད་ནི་ཡི་གེ་བཅུ་དྲུག་ལ་རྐང་པ་གཉིས་ཏེ་དེ་ལ་ཤད་གཅིག་བྱེད། དེ་ནས་ཡང་ཡི་གེ་བཅུ་དྲུག་རྫོགས་ནས་ཚིགས་སུ་བཅད་པ་གཅིག་ཏུ་ལངས་ཙམ་ན་ཤད་གཉིས་བྱེད། དེས་ན་ཤློ་ཀ་གཅིག་ལ་ཡི་གེ་སུམ་ཅུ་སོ་གཉིས་འབྱུང་བ་ལས་འདིར་རྐང་པ་བརྒྱད་ལ་ཡི་གེ་དྲུག་ཅུ་རྩ་བཞི་འབྱུང་དགོས་པ་ལ་སྔགས་ཀྱི་ངོ་བོ་ལ་ཡི་གེ་དྲུག་ཅུ་ལས་མེད་པས། པཤྩད་ཅེས་བྱ་བ་དེ་ནས་ཡི་གེ་གཉིས་དང༌། ཏ་ད་ནུ་ཞེས་བྱ་བ་དེའི་རྗེས་སུ་ཡི་གེ་གཉིས་ཏེ་ཡི་གེ་བཞི་ཁ་བསྐངས་ཏེ་ཚིགས་སུ་བཅད་པར་བྱས་པས་ཆད་ལྷག་མེད་པར་འགྱུར་ལ། ཟློས་པའི་དུས་སུ་ཡི་གེ་བཞི་པོར་ཏེ་བཟླས་པས་དག་པར་འགྱུར་བ་ཡིན་ནོ། །མཱ་ར་ནས་སྭཱ་ཧཱའི་བར་ལ་ཡང་ཡི་གེ་དྲུག་ཅུ་རྩ་བཞི་ཡོད་དེ། དེ་ཡང་སཔྟ་ཡི་གེ་གཉིས་དང༌། ག་རཱ་ན་ཡི་གེ་གཉིས་དང༌། ཨཥྚ་ཡི་གེ་གཉིས་དང༌། ཀཱན་ཡི་གེ་གཅིག་དང༌། ཏྲཱུན་ཡི་གེ་གཅིག་ཡིན་པ་རྣམས་འདྲི་བའི་དུས་སུ་ཁ་ཕྲལ་བར་མི་བྱ་སྟེ། ཟློས་པའི་ཚེ་ན་ཡི་གེ་གཉིས་པ་རྣམས་གསུམ་པའི་སྒྲ་ཅུང་ཟད་འདྲ་བར་འདོན་པ་ཡིན་ཏེ། མདོར་ན་བཀླག་ཐབས་ནི་བླ་མ་ལས་བསླབ་པར་བྱའོ། །ཧ་ཧཱ་ལ་སོགས་པ་ནི་ཡུམ་གྱི་ཨཱ་ལིའི་དོད་སྟེ་ཕོ་སྐད་ཀྱི་ཡི་གེ་ཧ་ལ་དབྱངས་བཅུ་གཉིས་སྦྱར་བས་བཞད་པའི་ཉམས་བཅུ་གཉིས་སུ་འགྱུར་བ་ཡིན་ཏེ། གསང་སྔགས་ཀྱི་དངོས་གཞི་ལྟ་བུ་ཡིན་ནོ། །སྔགས་ཀྱི་ཚིག་གི་དོན་ལྷག་མ་ནི་རྟོགས་པར་སླའོ། །དབང་མངོན་པར་འབྱུང་བ་ལ་ཞུས་ལན་གཉིས་ལས། ལན་ལ་དོན་གསུམ་སྟེ། དཀྱིལ་འཁོར་གྱི་བྱ་བ་དང༌། སློབ་མ་གཞུག་པ་དང༌། དབང་བསྐུར་བའོ། །དང་པོ་ལ་ལྔའི་དང་པོ་དཀྱིལ་འཁོར་གྱི་མཚན་ཉིད་ནི། དེ་ལ་སྟོན་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་དབང་བསྐོར་བའི་ཆོ་ག་ཅི་རིགས་པ་ཅིག་མངོན་རྟོགས་ལས་འབྱུང་བ་བཞིན་འདིར་བསྙད་ལ། གོང་ལེའུ་བཅུ་པར་གསུངས་པ་དང་མི་འདྲ་བའི་ཁྱད་པར་འདི་དག་ཡིན་ནོ་ཞེས་ངོ་སྤྲད་པར་བྱའོ། །དེའང་རྒྱུད་འདི་ན་མེད་པ་རྣམས་ནི་རྡོ་རྗེ་གུར་དུ་བཙལ་བར་བྱ་ཞིང༌། དེ་ནའང་མི་སྣང་བ་རྣམས་འདི་ཉིད་ཀྱིས་ཁ་འཕངས་པས་ན་དེ་ཉིད་འདུས་པར་བལྟ་ལ། དེ་ནའང་མི་གསལ་བ་གསང་བ་སྤྱི་རྒྱུད་ལས། གང་དག་ཏུ་ནི་སློབ་དཔོན་གྱི། །ལས་ཀྱི་ཆོ་ག་རྣམས་མེད་པ། །དེ་ནི་སྤྱི་ཡི་རྒྱུད་དག་ལས། །གསུངས་པའི་ཆོ་ག་མཁས་པས་བསྟེན། །ཞེས་གསུངས་པས་དེར་བལྟའོ། །སྤྱིར་དུ་ཡང་སློབ་དཔོན་ཀོངྐ་ནས། །སློབ་མ་དབང་བསྐུར་ཆོ་ག་ནི། །གང་ནའང་གཅིག་གིས་རྫོགས་པ་མེད། །དེ་ཕྱིར་མཁས་པས་ཆོ་ག་ནི། །རྒྱུད་ཀུན་ལས་ནི་བཏུ་བར་བྱ། །ཞེས་གསུངས་སོ། །ལག་ཏུ་བླང་པའི་ཆོ་ག་ནི་དབང་གི་ཆུ་བོའམ་བཟང་པོ་ཡོངས་སུ་བཟུང་བར་བལྟ་བར་བྱའོ། །གཉིས་པ་རྡུལ་ཚོན་ནི་ཤེས་པར་སླ་ལ། གདན་གྱི་སྐྱོན་ཡང་མང་དུ་གསུངས་ཏེ། དེས་ན་ཕྱག་རྒྱའི་གཟུགས་སུ་བྲི། །ཞེས་གསུངས་སོ། །ལྔ་པ་རིག་མ་གཞུག་པའི་སྐབས་སུ་རྡོ་རྗེ་སློབ་དཔོན་རྟོགས་པ་དང་ལྡན་ཞིང་བསྟན་པ་ལ་སྨོད་པའི་འཇིགས་པ་མེད་ན་ནི་དངོས་ཀྱི་ཕྱག་རྒྱ་ཡིན་ལ། དེ་མ་ཡིན་ན་ཡེ་ཤེས་ཀྱི་ཕྱག་རྒྱ་ཡིན་ཏེ། ཁ་སྦྱོར་ལས། བསྟན་པ་ལ་སྨོད་པའི་འཇིགས་པ་དང་སྐྱེ་བོ་གདུག་པ་ཅན་གྱི་ནང་དུ་ནི་རྣལ་འབྱོར་པ་རང་གི་སེམས་འབའ་ཞིག་ལ་ལྷག་པར་མོས་པ་མངོན་དུ་བྱའོ་ཞེས་གསུངས་སོ། །དངོས་ཀྱི་ཕྱག་རྒྱ་ནི་མ་ལ་སོགས་པ་ལ་སྒྲ་ཇི་བཞིན་པ་དང་ཇི་བཞིན་མ་ཡིན་པ་དང༌། ཡོན་ཏན་གྱི་ལྡོག་པ་ལ་སྦྱར་བ་རྣམས་སྔར་བསྟན་ཟིན་ལ། དབང་གི་ཡོན་ཏན་དང་སྦྱར་ན་བྲམ་ཟེ་མོ་ལ་སོགས་པ་རེ་རེའི་སྟེང་ན་ཡང་དབང་གིས་ཕྱེ་བའི་ཡོན་ཏན་བརྒྱད་བརྒྱད་ཡོད་དེ། བྲམ་ཟེ་མོ་ལྟ་བུ་གཅིག་གསང་དབང་གི་རྟེན་དུ་གྱུར་རམ། ཤེས་རབ་ཡེ་ཤེས་ཀྱི་རྟེན་ལ་སྲིང་མོ། བདག་གིས་དབང་བསྐུར་བ་ལ་བུ་མོ། བདག་གི་ཕྱག་རྒྱས་དབང་བསྐུར་བ་ནི་སྲིང་མོའི་བུ་མོ། བདག་གི་གསང་དབང་གི་རྟེན་དང་དུས་གཅིག་དབང་ཐོབ་པའི་སྒྲུབ་པ་པོ་དེའི་ཕྱག་རྒྱ་ནི་ཞང་པོའི་ཆུང་མ། བདག་གི་གསང་དབང་གི་རྟེན་དང་དུས་གཅིག་ཏུ་གསང་དབང་ཐོབ་པ་དེ་མའི་སྤུན། བླ་མས་གསང་དབང་ཐོབ་པའི་རྟེན་དེ་སྨྱུག་མོ། བླ་མས་ཤེས་རབ་ཡེ་ཤེས་བླངས་པའི་རྟེན་དེ་ཕའི་སྲིང་མོའོ། །གཞུང་ཁ་ཅིག་ལས་མནའ་མ་ཞེས་འབྱུང་བ་ནི་བདག་དང་གསང་དབང་དུས་གཅིག་ཐོབ་པའི་སྒྲུབ་པ་པོ་དེའི་ཕྱག་རྒྱ་ཡིན་ཏེ། དེ་ལྟ་ན་ཕའི་སྲིང་མོ་ནི་མ་ཉིད་ཡིན་པས་འདི་མི་དགོས་སོ། །དེ་ལ་ག་པུར་བཏུང་བ་ཉིད། །ཅེས་བྱ་བ་ལ་སོགས་པ་ལ། འདིར་བྱང་ཆུབ་ཀྱི་སེམས་གཏང་བའི་དུས་ལྔ་སྟེ། གསང་བའི་དབང་བསྐུར་བ་དང༌། བདུད་རྩིའི་རི་ལུ་བསྒྲུབ་པ་དང༌། དཀྱིལ་འཁོར་སྒྲུབ་པའི་སྐབས་སུ་བདག་གི་ལྕེ་ལ་བདུད་རྩི་མྱང་བ་དང༌། དཀྱིལ་འཁོར་ལ་བསང་གཏོར་བྱ་བ་དང༌། རྣལ་འབྱོར་པ་རྣམས་ལ་ཡང་སྦྱིན་པའོ། །དེ་ལྟར་ན་དེ་གསུམ་ཀ་ཡང་དཀྱིལ་འཁོར་བསྒྲུབ་པའི་དུས་གཅིག་ཏུ་འགྱུར་བས་གཏང་བའི་དུས་གསུམ་ཡིན་ནོ། །དགའ་བྲལ་དང་པོའི་མཆོག་མཐའ་ཅན། །ཞེས་པ་ལ་ལྷན་སྐྱེས་གསུམ་པར་འདོད་པ་ནི་གོང་དུ་སུན་ཕྱུང་ཟིན་ཏོ། །ལོངས་སྤྱོད་ཀྱི་ནི་རླབས་གཉིས་ལ། །ཞེས་བྱ་བ་ནི་ཁ་ཅིག་གསང་དབང་དུ་འཆད་པ་དང༌། ཁ་ཅིག་ཤེས་རབ་ཡེ་ཤེས་སུ་འཆད་པ་ལས་འདིར་བླ་མ་རྣམས་ནི་ནང་ལྟར་བཤད་པའི་མ་ནིང་གི་དབང་ཞེས་བྱ་བ་དགེ་སློང་བསླབ་པས་བཅིངས་པ་དང༌། རྒན་པོ་སྟོབས་མེད་པ་དང༌། བྱིས་པ་སྦྱོར་བ་མི་ཤེས་པ་རྣམས་ལ་དབང་གསུམ་པའི་ཡེ་ཤེས་ངོ་སྤྲད་པའི་ཕྱིར་སྟོན་པ་སྟེ་དེའི་ལག་ཏུ་བླང་བ་བླ་མས་སྟོན་པར་འགྱུར་རོ། །ཚིག་གི་དོན་ལྷག་མ་རྣམས་ནི་རྟོགས་པར་སླ་བས་ན་མ་ཕྱེའོ། །ལེའུ་ལྔ་པ་ཚིགས་སུ་བཅད་པ་བདུན་ཅུ་རྩ་གཉིས་ཀྱི་རྣམ་པར་བཤད་པ་བསྟན་ཟིན་ཏོ།།  །།ད་ནི་ལེའུ་དྲུག་པར་བཤད་པར་བྱ་སྟེ། དེ་ལ་གོང་དུ་རྒྱན་དྲུག་དང་བསྐྱེད་རིམ་གསུངས་ཀྱང༌། རྒྱན་དྲུག་གི་དགོས་པ་དང་བསྐྱེད་རིམ་གྱི་དམིགས་པ་གསལ་བའི་རྐྱེན་བྲིས་སྐུ་མ་གསུངས་པས་ན་དེ་བསྟན་ཏེ། ལེའུའི་འབྲེལ་ཅུང་ཟད་ཙམ་མོ། །འདིའི་བརྗོད་བྱའི་དོན་ནི་སྤྱི་ཡིན་ལ། རྒྱན་སྤྱོད་པ་དང་འབྲེལ་ན་སྦས་པར་ཡང་འགྱུར་རོ། །རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་ཡིན་ལ། བོལླ་དང་ནི་རཾ་སུའི་རྐང་པ་གཉིས་ནི་བསྡུས་པ་དང་ཡི་གེར་འགྱུར་དུ་རུང་ངོ༌། །མངོན་པར་རྟོགས་པ་བཟའ་བ་དང་མི་འབྲལ་བའི་དམ་ཚིག་ཡིན་ལ། རྒྱན་དྲུག་ནི་སྤྱོད་པ་དང་ཡང་འབྲེལ་ལོ། །བཤད་པའི་རྒྱུ་རྡོ་རྗེ་གུར་ན་ནི་མི་སྣང་ལ། ཁ་སྦྱོར་གྱི་དགུ་པའི་རབ་ཏུ་བྱེད་པ་འོག་མ་གཉིས་དང་འབྲེལ་ལོ། །རྩ་བའི་རྒྱུད་ཀྱི་ནི་ལེའུ་དྲུག་པར་རྒྱན་དྲུག་ཁ་བསྐངས་ལ། བྲིས་སྐུ་ནི་ལེའུ་གསུམ་པ་དང་བརྒྱད་པ་དང་འདས་མ་ཐག་པའི་ལྔ་པ་སྟེ་བསྐྱེད་རིམ་སྟོན་པ་རྣམས་སུ་ཁ་བསྐང་ངོ༌། །ལེའུའི་དོན་ལ་རྒྱན་དྲུག་གི་དགོས་པ་ནི། བདག་གི་རྒྱུད་བདེ་བ་ཆེན་པོས་མྱོས་ནས་བླ་མ་ལ་ཕྱག་འཚལ་བ་ལ་སོགས་པ་བརྗེད་ཀྱིས་དོགས་པའི་བརྗེད་ཐོ་དང༌། ཀུན་ཏུ་བཟང་པོའི་དུས་སུ་རྣལ་འབྱོར་པར་ཁས་བླང་བའི་ཕྱིར་དང༌། ཚོགས་ཀྱི་འཁོར་ལོའི་དུས་སུ་གར་བྱེད་པ་ལ་དགོས་སོ། །བྲིས་སྐུ་ནི་ལས་དང་པོ་བ་སྤྲོས་པ་དང་བཅས་པ་རྣམས་ཚོགས་བསག་པའི་རྟེན་དང༌། ལྷའི་དམིགས་པ་གསལ་བའི་གྲོགས་སུ་དགོས་སོ། །དེའང་འདི་ཉིད་ནས་འབྱུང་བ་དང་པོ་ནས་བསྒྲུབས་པའི་རས་སམ། ཁ་སྦྱོར་ལས་འབྱུང་བ་ལྟར་གློ་བུར་དུ་བསྒྲུབས་པའི་རས་ལ་དབང་དང་དམ་ཚིག་དང་ལྡན་པའི་རི་མོ་མཁན་གྱིས་རས་འདུལ་ལེགས་པར་བྱས་ལ། ཟླ་བ་མར་ངོའི་བཅུ་བཞི་པ་སྟེ་ཉི་ཤུ་དགུའི་ཉི་མ་ཕྱེད་ན་ཚོགས་ཀྱི་འཁོར་ལོ་ཚུལ་བཞིན་དུ་བྱ། དེ་ནས་ཡེ་ཤེས་ཀྱི་ཐིག་དང་ཐོད་པར་གནས་པའི་ཚོན་རྣམས་ལ་ཤ་ལྔ་བདུད་རྩི་ལྔའི་རི་ལུ་སྦགས་པ་དང་རོའི་སྐྲའི་པིར་རྣམས་དབང་བསྐུར་གྱི་དཀྱིལ་འཁོར་གྱི་བྱ་བ་བཞིན་ཐིག་ཚོན་བྱིན་གྱིས་བརླབ། ཡེ་ཤེས་དང་ལས་ཐིག་གཉིས་ཀྱིས་ཆ་བགོ བླ་མའི་ཕྱག་གཡོན་པས་དབང་ལྡན་དུ་རྩིག་པ་ལྔའི་རི་མོ་ཅུང་ཟད་བྱ། རི་མོ་མཁན་ཧེ་རུ་ཀ་ཕྱག་གཉིས་པར་བསྐྱེད་པ་ལ་པིར་ལ་སོགས་པ་གཏད་ལ་འདྲིར་གཞུག་སྟེ། ཁ་སྦྱོར་ལས། པིར་ལ་བྱིན་རླབས་འདྲི་མཁན་ལ། །བྱིན་ཏེ་བྲིས་སྐུ་འཇིགས་པ་ནི། །དངོས་གྲུབ་ཐམས་ཅད་རབ་སྟེར་བ། །ཞེས་གསུངས་པ་ཡིན་ནོ། །བྲིས་སྐུའི་ཚད་ནི་སོར་བཅུ་གཉིས་པ་ཡིན་ནོ་ཞེས་བླ་མ་རྣམས་གསུང་ངོ༌། །དེ་ལྟར་ཤིན་ཏུ་གསང་སྟེ་མྱུར་དུ་ཚར་བར་བྱས་ལ། རབ་ཏུ་གནས་པ་བྱས་ཏེ་ཤིན་ཏུ་སྦ་ཞིང་མཆོད་པར་བྱའོ། །བྲིས་སྐུ་བླ་མ་ཞེས་བྱ་བ་ནི་བླ་མའམ་ཁྱད་པར་དུ་གྱུར་པ་ཡིན་ལ། བླ་མ་ཉིད་ཀྱི་སྐུ་འབག་བྲི་བའི་གཞུང་དུ་ཡང་སྦྱར་བར་བྱའོ། །ཚིག་གི་དོན་ལྷག་མ་རྣམས་ནི་རྟོགས་པར་སླའོ། །ལེའུ་དྲུག་པ་ཚིགས་སུ་བཅད་པ་བཅུ་གསུམ་གྱི་རྣམ་པར་བཤད་པ་བསྟན་ཟིན་ཏོ།།  །།ད་ནི་ལེའུ་བདུན་པ་བཤད་པར་བྱ་སྟེ། དེའང་ལེའུ་དྲུག་པར་སྐུའི་དམ་ཚིག་བྲིས་སྐུ་དང༌། དེ་ཉིད་ཀྱི་ཚེ་ཚོགས་ཀྱི་སྟོན་མོ་བྱ་བར་གསུངས་ཀྱང་གསུང་གི་དམ་ཚིག་གླེགས་བམ་དང༌། ཚོགས་ཀྱི་འཁོར་ལོའི་ཆོ་ག་རྒྱས་པར་མ་གསུངས་པས་དེ་གསལ་བར་བྱ་བའི་ཕྱིར་ལེའུ་བདུན་པས་བསྟན་ཏོ་ཞེས་འབྲེལ་ཅུང་ཟད་ཙམ་མོ། །འདིའི་བརྗོད་བྱ་ནི་སྤྱི། རྗོད་བྱེད་ནི་ཡན་ལག་གཙོ་བོ་བསྡུས་དོན་ཅུང་ཟད་ཙམ། མངོན་པར་རྟོགས་པ་ནི་དམ་ཚིག་སྟེ་དེའང་མི་འབྲལ་བའི་དམ་ཚིག་གླེགས་བམ་དང་ཁྱད་པར་གྱི་དམ་ཚིག་ཚོགས་འཁོར་དང་འབྲེལ། བཤད་པའི་རྒྱུད་ནི་རྡོ་རྗེ་གུར་ལེའུ་གཉིས་པ་དང་བཅུ་བཞི་པ་ལས་ཚོགས་འཁོར་འབྱུང་ལ། ཁ་སྦྱོར་གྱི་དགུ་པའི་རབ་ཏུ་བྱེད་པ་འོག་མ་གསུམ་ལས་ཚོགས་འཁོར་དང་གླེགས་བམ་གཉིས་ཀ་འབྱུང་བ་ཡིན་ནོ། །རྩ་བའི་རྒྱུད་དང་འདས་མ་ཐག་པའི་གང་དུ་ཁ་བསྐངས་ན། གླེགས་བམ་ནི་གཉིས་པ་དང་འདས་མ་ཐག་པར་སྐུའི་དམ་ཚིག་བྲིས་སྐུ་གསུངས་ཀྱང་གསུང་གི་དམ་ཚིག་མ་གསུངས་པས་གཙོར་དེ་གཉིས་སུ་ཁ་བསྐངས་ལ། སྤྱིར་ཀུན་ཏུ་ཡང་རྗོད་བྱེད་ཀྱི་ཚུལ་གྱིས་ཁ་བསྐང་བ་ཡིན་ནོ། །བཟའ་བ་ནི་གཙོར་རྩ་བའི་རྒྱུད་ཀྱི་ལེའུ་བདུན་པར་ཁ་བསྐངས་ལ། ལེའུ་བཅུ་པ་དང༌། ཕྱི་མའི་ལེའུ་གསུམ་པ་དང༌། བཞི་པ་དང༌། ལྔ་པ་དང༌། དྲུག་པ་རྣམས་སུ་ཡང་ཚོགས་ཀྱི་འཁོར་ལོ་བྱ་བར་གསུངས་ཀྱང་ཇི་ལྟར་བྱ་བའི་ཆོ་ག་མ་གསུངས་པས་དེ་དག་ཏུའང་ཁ་བསྐང་ངོ༌། །གཞུང་གི་དོན་ལ་གཉིས་ལས། ཐོག་མར་གླེགས་བམ་ནི། བྲི་བའི་གཞི་གྲོ་གའམ་ཏ་ལའམ་ཤོག་བུ་ལ་སོགས་པ་སྟེ། བཤད་པའི་རྒྱུད་ལས། གྲོ་གའམ་ཏ་ལའི་འདབ་མ་སོགས། །ཞེས་འབྱུང་ངོ༌། །ཚད་ནི་ཆུར་སོར་བཅུ་གཉིས་པའམ་ཞེང་དུ་སོར་བཞི་ལ་ཆུར་སོར་བརྒྱད་པའང་རུང་ངོ༌། །འདྲི་མཁན་ནི་དབང་དང་དམ་ཚིག་དང་ལྡན་པའོ། །སྨྱུ་གུ་ནི་མིའི་རུས་པ་ལས་བྱའོ། །སྣག་ཚ་ནི་མིའི་ཞུན་ཆེན་པོའི་མར་མེའི་དུད་པ་ལས་བྱའོ། །དེ་ལྟ་བུའི་གླེགས་བམ་དེ་ནི་དམ་ཚིག་དང་མི་ལྡན་པ་ལ་མི་བསྟན་ཅིང་རབ་གནས་བྱས་ལ་ཕན་ཚུན་ལམ་དུ་འགྲོ་ན་སྐྲ་གསེབ་བམ་མཆན་ཁུང་དུ་སྦ་བར་བྱའོ། །དེ་རྣམས་ཀྱི་ཚིག་དོན་ནི་རྟོགས་པར་སླའོ། །དོན་གཉིས་པ་ཚོགས་ཀྱི་འཁོར་ལོ་ལ་སྤྱི་དོན་དྲུག་སྟེ། གནས། དུས། གྲོགས། ཡོ་བྱད། ཆོ་ག དགོས་པའོ། །ཆོ་ག་ལ་ཡང་སྔོན་དུ་འགྲོ་བ་དང༌། དངོས་གཞི་དང༌། རྗེས་གསུམ་ལ་དྲུག་དྲུག་བཅོ་བརྒྱད་དུ་བྱས་པ་དང༌། མིང་གི་དོན་ལ་གྲོགས་དང་མངོན་པར་རྟོགས་པ་ལྷའི་རྣལ་འབྱོར་དང༌། དགོས་པས་ཕྱེ་ན་བརྒྱད་དུ་བྱེད་པ་རྣམས་ཀྱང་ཞིབ་ཏུ་བཤད་པར་བྱ་སྟེ། དེ་ནི་རྒྱུད་ཀྱི་མངོན་པར་རྟོགས་པར་བལྟ་བར་བྱའོ། །གཞུང་གི་དོན་དངོས་ལ། གང་དུ་ཟོས་པས་ཞེས་བྱ་བ་རྐང་པ་གཉིས་ཀྱིས་དགོས་པ་བསྟན་པ་སྟེ། ཚོགས་ཀྱི་འཁོར་ལོ་བྱས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་བསྟན་པ་སྟེ། འདུས་པ་ལས། དཀའ་ཐུབ་སྡོམ་པ་མི་བཟད་པས། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་གྱི། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་བྱ་བ་དང༌། མཉམ་སྦྱོར་ལས། སངས་རྒྱས་ཐམས་ཅད་བདག་ཉིད་ཡིན། །ར་ས་ཡ་ནའི་བདེ་བ་དེས། །རྡོ་རྗེ་སེམས་དཔའི་དཔལ་དང་ཚེ། །ལང་ཚོ་ནད་མེད་བདེ་མཆོག་འགྲུབ། །ཅེས་གསུངས་སོ། །རིགས་པས་ཀྱང་ཤེས་ཏེ། ཕྱི་རོལ་གྱི་རས་བྲིས་ལ་སོགས་པ་ལ་སངས་རྒྱས་སུ་བྱས་ནས་མཆོད་པ་བྱས་ཀྱང་འགྲུབ་པར་འདོད་ན་བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡིན་པ་ལ་དེར་བསྐྱེད་ཅིང་ཤེས་པར་བྱས་ནས་མཆོད་པ་བྱས་ན་འགྲུབ་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་ཆོ་ག་ལ་ཡང་བདག་བསྐྱེད་མཆོད་པ་དང་མདུན་བསྐྱེད་མཆོད་པ་ལུགས་གཉིས་ལས། འདི་ནི་བདག་བསྐྱེད་མཆོད་པ་གཙོ་བོར་གྱུར་པའི་ལུགས་ཡིན་ནོ། །ཚིག་གི་དོན་ལྷག་མ་རྣམས་ནི་རྟོགས་པར་སླའོ། །ལེའུ་བདུན་པ་ཚིགས་སུ་བཅད་པ་བཅོ་ལྔའི་འགྲེལ་པ་བསྟན་ཟིན་ཏོ།།  །།ལེའུ་བརྒྱད་པ་བཤད་པར་བྱ་སྟེ། ལེའུ་བདུན་པར། དེ་རྣམས་རྟག་ཏུ་ལེགས་མཆོད་ན། །ཞེས་ཕྱག་རྒྱ་བསྟེན་པར་གསུངས་ཀྱང་དེའི་མཚན་ཉིད་མ་གསུངས་པས། དེ་བསྟན་པ་ནི་ལེའུའི་འབྲེལ་ལོ། །འདིའི་བརྗོད་བྱའི་དོན་ནི་སྤྱི་དང་སྦས་པ། རྗོད་བྱེད་ནི་ཡན་ལག་ཡིན་ལ། ག་པུར་སིཧླ་ཞེས་པས་བསྡུས་པའི་དོན་གྱི་མན་ངག་ཅུང་ཟད་ཀྱང་འཇུག་གོ །མངོན་པར་རྟོགས་པ་ནི་རྫོགས་རིམ་དང༌། སྨོན་ལམ་ནི་དམ་ཚིག་ཏུ་བསྡུ་ལ། ལམ་ལ་རིམ་གྱིས་འཇུག་པ་དང་འབྲེལ་ལོ། །བཤད་པའི་རྒྱུད་རྡོ་རྗེ་གུར་ན་ནི་འདི་ལ་ཉེ་བར་ཕན་འདོགས་པ་མེད་ལ། ཁ་སྦྱོར་གྱི་གཉིས་པའི་གཉིས་པ་ལས་ཕྱག་རྒྱ་དང༌། དགུ་པའི་གཉིས་པ་ལས་སྨོན་ལམ་དང༌། གཉིས་པའི་དང་པོ་ལས་སྐྱབས་འགྲོས་སྦྱང་བ་ཙམ་གསུངས་པ་ཡིན་ནོ། །རྩ་བའི་རྒྱུད་ཀྱི་གང་དུ་ཁ་བསྐང་ཞེ་ན། ལེའུ་ལྔ་པར་པདྨ་ཅན་མ་གསུངས་པས་དེ་དང་སྨོན་ལམ་ནི་ཐམས་ཅད་ཀྱི་ཐུན་མོང་དུ་ཁ་བསྐང་བ་ཡིན་ནོ། །འདུལ་བ་ནི་ལེའུ་བདུན་པར་མངོན་སྤྱོད་དྲག་པོས་འདུལ་བར་གསུངས། བཅུ་གཅིག་པར་ལྟ་སྟངས་ཀྱིས་གདུལ་བ་གསུངས་ཀྱང༌། བསླབ་པས་གདུལ་བ་མ་གསུངས་པས་དེར་ཁ་བསྐང་ཞེས་གསུང་ཡང༌། འདི་ནི་ལམ་རིམ་གྱིས་སྦྱོང་བ་དབང་གི་སྔོན་འགྲོ་ཡིན་པའི་ཕྱིར་ལེའུ་བཅུ་པའི་ཐོག་མར་ཁ་བསྐང་བར་བྱའོ། །གཞུང་གི་དོན་ལ་གསུམ་ལས་ཐོག་མར་ཕྱག་རྒྱའི་མཚན་ཉིད་ནི། གར་མ་ལ་སོགས་པ་ཕྱག་རྒྱ་ལྔའམ་བརྒྱད་དམ་བཅུ་དྲུག་ལ་སོགས་པ་གསུངས་ཀྱང་དེ་དག་རེ་རེ་ལའང་སྐྱེ་བས་ཐོབ་པའི་མཚན་ཉིད་བཤད་དགོས་པ་ལས་རི་དྭགས་ཅན་དང༌། དུང་ཅན་དང༌། གླང་པོ་ཅན་དང༌། རི་མོ་ཅན་དང༌། སྣ་ཚོགས་ཅན་མ་ཞེས་བྱ་བའི་མཚན་ཉིད་རྒྱུད་གཞན་ལས་གསུངས་ཀྱང་དེ་དག་པས་མཆོག་ཏུ་གྱུར་པ་ནི་པདྨ་ཅན་ཡིན་ཏེ། དེའི་མཚན་ཉིད་ནི། ཤིན་ཏུ་རིང་མིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྦྱང་དཀའ་ཟླ་བས་མཚན་ཉིད་རྒྱས་པ་ཙ་རའི་བུས་བཤད་པ་ཡང་གསུངས་ཏེ། དོན་དུ་གཉེར་ན་ཀུ་མུ་ཏིར་བལྟ་བར་བྱའོ། །དེ་རྙེད་ནས་ནི་དངོས་གྲུབ་འགྱུར། །ཞེས་བྱ་བ་ནི་དེ་ལ་བརྟེན་ནས་སྐྱེ་བ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་འགྲུབ་པར་འདོད་དེ་གང་ཟག་དབང་པོ་རབ་ཀྱི་དབང་དུ་བྱས་པའོ། །དོན་གཉིས་པ་སྨོན་ལམ་ནི་གང་ཟག་དབང་པོ་རབ་ཚེ་འདི་དང༌། འབྲིང་འཆི་ཁའམ་བར་དོར་འགྲུབ་པ་ལ་ནི་མི་དགོས་ཀྱི། ཐ་མ་སྐྱེ་བ་བདུན་ནམ་བཅུ་དྲུག་ལ་སོགས་པ་ན་འགྲུབ་པ་ལ་དགོས་སོ། །དེ་ལྟར་སྐྱེ་བ་བཅུ་དྲུག་ཚུན་ཆད་ན་འགྲུབ་པའི་བར་ལ་ཡང་རྣལ་འབྱོར་པ་གལ་ཏེ་ལམ་གཞན་ལ་ཞུགས་ན་འགོར་བས་ན་མི་འགོར་བར་རྡོ་རྗེ་ཐེག་པ་ལ་འཇུག་པར་སྨོན་པའི་ཕྱིར། རིགས་སུ་སྐྱེ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་དོན་ནི་རྟོགས་པར་སླའོ། །དོན་གསུམ་པ་སྐལ་བ་མེད་པ་རིམ་གྱིས་གདུལ་བའི་རིམ་པ་ནི། སློབ་དཔོན་བློ་གྲོས་དང་ལྡན་པས་སློབ་མའི་བསམ་པ་དང་རྗེས་སུ་མཐུན་པར་ཆོས་སྟོན་ནུས་པ་ནི་གཞན་དོན་བྱེད་པར་འོས་པ་སྟེ། དེ་ཁོ་ན་ཉིད་ལ་འཇུག་པ་ལས། བླ་མས་སློབ་མའི་བསམ་ཤེས་ནས། །རྗེས་སུ་སྟོན་པར་བྱེད་པ་གང༌། །དེ་ནི་སློབ་དཔོན་ཉིད་ཡིན་གྱི། །གཞན་གྱིས་སློབ་མ་བསྡུ་འོས་མིན། །ཞེས་གསུངས་ལ། ཡང་འདི་ནས་བཤད་པ་མ་ཡིན་པ་གླུ་དང་བྲོ་གར་དང་སྨན་དཔྱད་ལ་སོགས་པའི་སྒོ་ནས་རིམ་གྱིས་སྦྱངས་ནས་ཀྱང་རྡོ་རྗེ་ཐེག་པ་ལ་འཛུད་པ་ཡིན་ཏེ། སློབ་དཔོན་ཨཱརྻ་དེ་ཝས་བཞི་བརྒྱ་པ་ལས། ལ་ལའི་བླ་མར་གྱུར་པ་སྟེ། །ལ་ལ་ཡི་ནི་སློབ་མར་འགྱུར། །ཐབས་རིག་སྣ་ཚོགས་ཐབས་རྣམས་ཀྱིས། །མ་རྟོགས་སེམས་ཅན་རྟོགས་པར་བྱེད། །ཅེས་གསུངས་སོ། །དེ་བས་ན་སློབ་དཔོན་བློ་གྲོས་ཆེན་པོ་དེ་ལ་སློབ་མ་འགའ་ཞིག་གསོལ་བ་འདེབས་ན་དྲིས་པ་ལ་སོགས་པའི་སྒོ་ནས་དེའི་བློའི་རིམ་པ་རྗེས་སུ་རྟོགས་པར་བྱ་སྟེ། གལ་ཏེ་ཐེག་པ་ཆེན་པོའམ་རྡོ་རྗེ་ཐེག་པའི་རིགས་སུ་འདུག་ན་ཐོག་མ་ཉིད་དུ་འཇུག་པ་ལ་ཉེས་པ་མེད་དེ། ཞི་བའི་ལྷས། རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ། །ཐེག་པ་དམན་ལ་སྦྱར་མི་བྱ། །ཞེས་གསུངས་སོ། །གལ་ཏེ་བློ་དམན་པ་ཡིན་ཞིང་དེ་རིམ་གྱིས་མ་སྦྱངས་ནའང༌། དམན་ལ་ཟབ་དང་རྒྱ་ཆེ་དང༌། །ཞེས་བྱ་བའི་སྐྱོན་དུ་འགྱུར་རོ། །བློ་མཆོག་ཏུ་གྱུར་པས་ཀྱང་གཞན་བཀྲི་བའི་ཕྱིར་འདི་སློབ་པ་ལ་ནི་ཉེས་པ་མེད་དོ། །དེ་བས་ན་འདིར། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །ཞེས་བྱ་བ་དགེ་བའི་ས་བོན་གསོ་ཞིང་སྡིག་པ་སྦྱོང་བའི་བསྙེན་གནས་སྟོན་པ་སྟེ། དེ་ལའང་ཐོག་མར་མི་རྟག་པ་དང་ངན་སོང་གི་འཇིག་པའང་བཤད། དཀོན་མཆོག་གསུམ་གྱི་ཡོན་ཏན་བསྟན་ཏེ་དཀོན་མཆོག་གསུམ་ལ་སྐྱབས་སུ་གཏང༌། དེའང༌། གཞན་ལ་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་མཛོད་ལས་གསུངས་སོ། །དེ་ལྟར་སྐྱབས་སུ་སོང་ནས་གདོད་གསོ་སྦྱོང་དངོས་ཉིན་ཞག་གི་མཐའ་ལ་བརྟེན་པའི་ཡན་ལག་བརྒྱད་པའི་བསྙེན་གནས་ནི། ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །བཞི་གཅིག་གསུམ་རིམ་གོ་རིམ་བཞིན། །ཞེས་པའི་ཚུལ་ལ་བསླབ་བོ། །དེ་རྗེས་བསླབ་པའི་གནས་བཅུ་སྦྱིན་ཏེ་མི་དགེ་བ་བཅུ་འཁོར་དང་བཅས་པ་བསྲུངས་ན་ཚུལ་ཁྲིམས་ཐམས་ཅད་དེར་འདུ་བར་འགྱུར་ཏེ། དེ་དག་ནི་ལུས་ཀྱིས་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་གཡེམ་པ་གསུམ། ངག་གིས་བརྫུན་དང༌། ཕྲ་མ་དང༌། ངག་འཁྱལ་བ་དང༌། ཚིག་རྩུབ་བཞི། ཡིད་ཀྱིས་བརྣབ་སེམས་དང༌། གནོད་སེམས་དང༌། ལོག་ལྟ་གསུམ་སྟེ། དེ་དག་འཁོར་དང་བཅས་པ་ཡོངས་སུ་རྫོགས་པར་བསྲུངས་ན་འདིའི་ཁོངས་སུ་དགེ་བསྙེན་ནས་དགེ་སློང་གི་བར་གྱི་བསླབ་པར་བྱ་བའི་ཆོས་རྣམས་འདུ་བ་ཡིན་ནོ། །ཡང་ན་བསླབ་པའི་གནས་བཅུ་ནི། སྐྱབས་གསུམ་འཛིན་པའི་དགེ་བསྙེན་དང༌། སྣ་གཅིག་སྤྱོད་པ་དང༌། སྣ་འགའ་སྤྱོད་པད་དང༌། ཕལ་ཆེར་སྤྱོད་པ་དང༌། ཡོངས་སུ་རྫོགས་པ་དང་ལྔ་ནི་ཁྱིམ་པའི་ཕྱོགས་ཡིན་ལ། ཚངས་པར་སྤྱོད་པ་དང༌། གོ་མི་དང༌། དགེ་ཚུལ་དང༌། བུད་མེད་ལ་ལྷག་པ་བར་སློབ་མ་དང༌། དགེ་སློབ་དང་ལྔ་ནི་རབ་ཏུ་བྱུང་བའི་ཕྱོགས་ཡིན་ནོ། །དེ་ལྟར་སྤྱོད་པ་རིམ་པ་ཅན་ལ་བསླབས་ནས། ལྟ་བ་རིམ་པ་ཅན་ལ་བསླབ་པར་བྱ་སྟེ། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉི་གའི་དོན་ཡུལ་ཅན། །ཞེས་འབྱུང་ངོ༌། །དེ་ལ་ལྟ་བའི་རིམ་པ་ནི། དེ་ལ་བྱེ་བྲག་སྨྲ་བར་བསྟན། །ཞེས་བྱ་སྟེ། ཤེས་བྱའི་གཞི་ལྔ་ནི། གཟུགས་དང༌། སེམས་དང༌། སེམས་ལས་བྱུང་བ་དང༌། ལྡན་པ་མ་ཡིན་པའི་འདུ་བྱེད་དང༌། འདུས་མ་བྱས་དང་ལྔ། ཟག་བཅས་དང༌། ཟག་མེད་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། བདེན་པ་ལ་སོགས་པ་རྒྱས་པར་དབྱེ་བའི་སྒོ་ནས་ཐོག་མར་ཐོས་བསམ་གྱིས་ལྟ་བ་གཏན་ལ་འབེབས་སོ། །དེ་ནས་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་འཇུག་གོ །དེས་འབྲས་བུ་བྱང་ཆུབ་གསུམ་དུ་འགྱུར་རོ་ཞེས་སྟོན་པ་སྟེ། འདིའི་གཞུང་ནི་མཐའ་ཡས་མོད། གངས་ཅན་འདི་ན་མཛོད་ཀྱི་རབ་ཏུ་བྱེད་པ་ཙམ་སྣང་བས་དེར་བལྟ་བར་བྱའོ། །དེ་ནས། མདོ་སྡེ་པའང་དེ་བཞིན་ནོ། །ཞེས་བྱ་བ་སྟེ། དེའང་གསུང་རབ་ཡན་ལག་བཅུ་གཉིས་ལ་བརྟེན་ཏེ་སྟོན་པ་ཆོས་ཐམས་ཅད་སེམས་ཡིན་ཡང་སེམས་སྣང་བ་དམིགས་པའི་རྟེན་ཙམ་ཞིག་ཕྱི་རོལ་གྱི་དོན་འདོད་པའི་བྱང་ཆུབ་སེམས་དཔའ་ལ་ས་བཅུ་དང་སྐུ་གསུམ་ལ་སོགས་པ་འདོད་པ་སྟེ། འདི་ནི་བསྟན་བཅོམ་མཁན་པོ་ཁ་ཅིག་གིས་ཐེག་པ་ཆེན་པོ་པར་ཡང་འདོད་པ་ཡིན་ནོ། །འདིའི་གཞུང་ལུགས་ཀྱང་མཐའ་ཡས་མོད། བྱང་ཕྱོགས་ཀྱི་རྒྱུད་འདི་ན་ཆོས་མངོན་པ་ཀུན་ལས་བཏུས་དང་མཛོད་ཀྱི་འགྲེལ་པ་ལ་བརྟེན་ཏེ་ཤེས་པར་བྱའོ། །དེའི་རྗེས་ལ་ཟབ་པ་དང་རྒྱ་ཆེ་བ་ལ་མོས་ན། དེ་ནས་རྣལ་འབྱོར་སྤྱོད་པ་བསྟན་ཏེ། ཆོས་མངོན་པ་ཐེག་པ་ཆེན་པོའི་མདོ་ལས། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང༌། །དེ་ཡི་རྒྱུ་འབྲས་དེ་རབ་དབྱེ་བ་དང༌། །བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང༌། །ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །ཞེས་ཤེས་བྱའི་གཞི་བཅུས་བསྡུས་ཏེ་ཐེག་པ་ཆེན་པོའི་ལམ་དང་འབྲས་བུ་མཐའ་དག་བསྟན་པར་བྱའོ། །དེ་རྟོགས་ནས། དེ་ཡི་རྗེས་སུ་དབུ་མ་བསྟན། །ཞེས་བྱ་བ་སྟེ། དེའང་ལམ་དང་འབྲས་བུའི་གཞི་ཐམས་ཅད་རྣལ་འབྱོར་སྤྱོད་པ་ཉིད་དང་འདྲ་བ་ལས་ལྟ་བས་ཁྱད་པར་དུ་བྱས་པ་སྟེ། དོན་དམ་པར་ན་སེམས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་མེད་དོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་ནི་ཀུན་རྫོབ་ཀྱི་འདོད་པ་མི་མཐུན་པ་ལྔ་ཡོད་དེ། འཇིག་རྟེན་གྲགས་སྡེ་བ་དང༌། བྱེ་བྲག་ཏུ་སྨྲ་བ་དང་ཚུལ་མཚུངས་པ་དང༌། མདོ་སྡེ་སྤྱོད་པའི་དང༌། སྒྱུ་མ་ལྟ་བུ་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་ཞེས་བྱ་བ་ལྔ་ཡིན་ནོ། །དོན་དམ་པ་ལ་ཁ་ཅིག་སྒྱུ་མ་ལྟ་བུ་དང༌། རྒྱུན་ཆད་རབ་ཏུ་མི་གནས་པ་དང༌། ཟུང་འཇུག་རབ་ཏུ་མི་གནས་པའོ་ཞེས་ཟེར་ཏེ། འདི་ནི་གཞུང་གི་ཆ་མ་རྟོགས་པར་རང་དགར་སྨྲ་བར་བས་ཀྱི། དོན་དམ་པར་ནི་རང་བཞིན་མེད་ཅིང་བརྗོད་པ་དང་བྲལ་བ་འདི་ཉིད་ཁོ་ན་ལས། གཞུང་ཐ་དད་པ་གང་ཡང་མེད་དོ། །དེ་ལྟ་བུའི་ཐེག་པ་ཆེན་པོ་དེ་གཉིས་ཀྱི་བཀའ་དང་བསྟན་བཅོས་ནི་ཤིན་ཏུ་མང་བས་ན་དེ་དག་མཉན་ཞིང་བལྟ་བ་ལས་ཤེས་པར་བྱའོ། །དེ་ལྟར་ཐེག་པ་ཆེན་པོ་ཐུན་མོང་བ་བསྟན་པས་བྱང་ཆུབ་སེམས་དཔར་གྱུར་ནས་རང་དང་གཞན་གྱི་དོན་མྱུར་དུ་བསྒྲུབ་པར་བྱ་བའི་ཕྱིར་རྡོ་རྗེ་ཐེག་པའི་ལམ་སྟོན་པས་ན། སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །ཞེས་བྱ་བ་ཡིན་ཏེ། དང་པོར་གཙང་སྦྲ་ལ་སོགས་པ་ཕྱིའི་བྱ་བ་གཙོ་བོར་སྟོན་པ་བྱ་བའི་རྒྱུད་ཀྱི་ལམ་སྨིན་གྲོལ་ལ་གཞུག་སྟེ་དེ་ནི་ལེགས་པར་གྲུབ་པ་དང་དཔུང་པ་བཟང་པོ་ལ་སོགས་པའོ། །དེ་ནས་གཙང་སྦྲ་ལ་སོགས་པ་ལ་སྨད་དེ་ཕྱིའི་བྱ་བ་དང༌། ནང་ཏིང་ངེ་འཛིན་གྱི་བྱ་བ་མཉམ་པར་སྤྱོད་པའི་ལམ་སྨིན་གྲོལ་ལ་བསླབ་སྟེ་དེ་ནི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་དང་འཇམ་དཔལ་རྩ་བའི་རྒྱུད་ལ་སོགས་པའོ། །དེ་ནས་ཕྱིའི་བྱ་བ་མཐའ་དག་དོར་ཏེ་ཏིང་ངེ་འཛིན་གཙོ་བོར་གྱུར་པ་སྔགས་དང་ཕྱག་རྒྱ་ཙམ་གྱིས་དངོས་གྲུབ་སྒྲུབ་པ་རྣལ་འབྱོར་གྱི་རྒྱུད་ཀྱི་སྨིན་གྲོལ་ལ་བསླབ་སྟེ་དེ་ཉིད་འདུས་པ་ལ་སོགས་པའོ། །དེ་ནས་ལག་པའི་ཕྱག་རྒྱ་ལ་སོགས་པའང་དོར་ཏེ་ཏིང་ངེ་འཛིན་ཁོ་ན་གཙོ་བོར་བྱེད་པ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་ཐབས་ཟབ་མོ་ཁོ་ན་མ་ཡིན་པ་དཔལ་གསང་བ་འདུས་པ་དང༌། བསྐྱེད་པའི་རིམ་པ་ཟབ་ཅིང་སྤྲོས་པ་རྒྱ་ཆེ་བ་བདེ་མཆོག་སྒྱུ་མ་སྟེ་རྣལ་འབྱོར་བླ་ན་མེད་པའི་རྩ་བའི་རྒྱུད་དེ་དག་ལ་བསླབ་པར་བྱའོ། །དེ་ལྟར་ཤེས་ནས། དེ་རྗེས་ཀྱེ་ཡི་རྡོ་རྗེ་བརྩམ། །ཤིན་ཏུ་ཟབ་མོའི་བསྐྱེད་རྫོགས་ཀྱི་ཐབས་སྟོང་ཉིད་སྙིང་རྗེ་རྟོགས་པར་བྱེད་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཕྱི་མའི་ཕྱི་མ་འདིའི་སྨིན་གྲོལ་གཉིས་བསྟན་ཞེས་བྱ་བར་དགོངས་སོ། །འདི་བསྟན་པའི་ཡུལ་ནི། སློབ་མས་གུས་པས་བླངས་ནས་ནི། །ཞེས་འབྱུང་བས་ན་བླ་མའི་གསུང་ལ་ཚད་མར་བྱེད་པ་ཅིག་ལ་བསྟན་པར་བྱ་བ་ཡིན་ནོ། །དེ་དག་རྒྱས་པར་རྒྱུད་ཀྱི་མངོན་པར་རྟོགས་པར་བསྟན་ཟིན་པས་ན་དེར་ཤེས་པར་བྱས་ལ་འདིར་སྐབས་དང་སྦྱར་ཏེ་རྒྱས་པའམ་བསྡུས་པ་ཅི་རིགས་པ་བསྟན་པར་བྱའོ། །འདུལ་བའི་ལེའུ་ནི་ཕྱག་རྒྱས་རྣམ་པར་རྟོག་པ་བཙན་ཐབས་སུ་འདུལ་ལ། སྨོན་ལམ་གྱིས་འདུལ་བ་ལེན་པར་བྱེད་ཅིང༌། བསླབ་པའི་རིམ་པས་རིམ་གྱིས་འདུལ་བས་ནའོ། །ལེའུ་བརྒྱད་པ་ཚིགས་སུ་བཅད་པ་བཅུ་གཉིས་ཀྱི་རྣམ་པར་བཤད་པ་བསྟན་ཟིན་ཏོ།།  །།ད་ནི་ལེའུ་དགུ་པ་བཤད་པར་བྱ་སྟེ། དེའང་ལེའུ་བརྒྱད་པར་བསླབ་པས་གདུལ་བར་གསུངས་ཀྱང་མངོན་སྤྱོད་ཀྱིས་གདུལ་བ་མ་གསུངས་པས་དེའི་རྗེས་ལ་ལེའུ་དགུ་པ་བསྟན་པ་ནི་ལེའུའི་འབྲེལ་ཅུང་ཟད་དོ། །འདིའི་བརྗོད་བྱ་ནི་སྤྱི། རྗོད་བྱེད་ནི་ཡན་ལག་གི་དོན། མངོན་པར་རྟོགས་པ་ནི་བསྐྱེད་པའི་རིམ་པ་དང་དངོས་གྲུབ་མཐའ་དག་གི་མངོན་པར་རྟོགས་པ་དྲུག་ཀའོ། །བཤད་པའི་རྒྱུད་ནི་མངོན་རྟོགས་དེ་དག་སྟོན་པ་མཐའ་དག་དང་འབྲལ་མེད་ཀྱི། ཉེ་བར་མཁོ་བའི་དབང་དུ་བྱས་ན་རྡོ་རྗེ་གུར་གྱི་ལེའུ་བཞི་པ་ནས་མངོན་སྤྱོད་དང་དག་པ་ཅུང་ཟད་ཙམ། དྲུག་པ་ནས་ཕྲེང་བ། བདུན་པ་ནས་ཁ་ཟས་གསུངས། ཁ་སྦྱོར་གྱི་ལྔ་པའི་གཉིས་པ་ནས་དག་པ་ཅུང་ཟད་གསུངས་ལ། ལྷག་མ་རྣམས་ནི་བདུན་པའི་རབ་བྱེད་བཞིས་ཤེས་པར་ནུས་སོ། །རྩ་བའི་རྒྱུད་ཀྱི་གང་དུ་ཁ་བསྐང་ཞེ་ན། ལེའུ་བདུན་པ་བརྡའི་ལེའུར། གདུག་པ་ཐམས་ཅད་གཞུག་པ་སྟེ། །ཆོ་གའི་གཙོ་བོས་དགག་པར་བྱ། །ཞེས་གསུངས་པ་ལ་བསྒྲལ་བའི་ཡུལ་དང༌། ཆོ་ག་མ་གསུངས་པས་དེ་གསལ་བར་བཤད་པ་དང༌། ལེའུ་དགུ་པར་ཕྱག་བཅུ་དྲུག་པའི་སྤྱན་ལ་སོགས་པའི་དག་པ་རྒྱས་པར་མ་གསུངས་པ་དེ་གསལ་བར་བཤད་པ་དང༌། སྔགས་ཀྱི་ལེའུར་སྔགས་བཏུ་བ་ཁ་བསྐང་བའོ། །གཞུང་གི་དོན་ལ་གསུམ་ལས། དང་པོ་ནི་དེ་ནས་ཞེས་བྱ་བ་ནས། གསད་པར་བྱ་བ་ཉིད་ཅེས་བྱ་བའི་བར་ནི་ཁ་སྦྱར་འབྱེད་པའོ། །ཇི་ལྟར་ཞེས་བྱ་བ་ནས། འགྲུབ་པར་འགྱུར་ཡན་ཆད་ནི་སྦྱོར་བ་གཉིས་པ་རྡོ་རྗེ་མེ་ཁབ་བོ། །དེ་ལྟར་གཉིས་སུ་གནས་ཀྱང་བླ་མའི་མན་ངག་གིས་རྣལ་འབྱོར་གཅིག་ཏུ་བྱེད་དོ། །འདི་ལ་ལྔ་སྟེ། ཕ་རོལ་པོ་བསྒྲལ་བའི་ཡུལ་དུ་གྱུར་པ། བདག་ལ་ནུས་པ་ཡོད་པ་དང༌། བསམ་པའི་ཐབས་ལ་མཁས་པ་བྱང་ཆུབ་ཀྱི་སེམས་དང༌། སྦྱོར་བའི་ཐབས་ལ་མཁས་པ་མ་ཚོར་བ་དང༌། ཆོ་ག་དངོས་སོ། །དང་པོ་ནི། བསྟན་ལ་ཞེས་པ་རྐང་པ་གཉིས་ཏེ། ལས་མི་དགེ་བ་ཚན་པོ་ཆེ་བྱས་པས་ངན་འགྲོ་ལ་ཕྱོགས་པར་གྱུར་པ་དེ་ལ་བརྩེ་བས་སོ། །གཉིས་པ་ནི། གང་གིས་རྣམ་པར་ཤེས་པ་ཙམ། །ཞེས་བྱ་བ་རྐང་པ་གཉིས་ཀྱིས་བདག་ལྷའི་རྣལ་འབྱོར་བརྟན་པས་བསམ་གཏན་གྱི་མཐུས་འགྲུབ་པ་ཞེས་བྱ་བའོ། །འདི་གཉིས་ཀྱིས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་བས་སྡིག་པ་ལ་འཇུག་པར་འདོད་པའི་གང་ཟག་ལ་མཚོན་གྱིས་གསད་པ་ཞེས་བྱ་བ་དེ་ལས་ཁྱད་པར་དུ་བྱ་བར་བསྟན་ཏོ། །འོ་ན་དེ་ལྟར་གསོད་ན་མུ་སྟེགས་བྱེད་ཀྱི་གསོད་པའི་མཆོད་སྦྱིན་བྱེད་པ་དང་ཁྱད་ཅི་ཡོད་སྙམ་པ་ལ། གསུམ་པ་བསམ་པ་ནི། སྙིང་རྗེས་གསད་པར་བྱ་བ་ཉིད། །ཅེས་བྱ་བ་སྨོས་ཏེ། མུ་སྟེགས་རྣམས་ནི་རང་གི་དོན་བྱེད་པས་རྩེ་བ་དང་བྲལ་བ་ཡིན་ན་འདིར་ཐེག་པ་ཆེན་པོ་པས། སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང༌། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་པ་ལ་སོགས་པ་གསུངས་པས་གྲུབ་བོ། །བཞི་པ་སྦྱོར་བའི་ཐབས་ལ་མཁས་པ་ནི་སྡིག་ཅན་དེ་ལ་དང་པོ་ཁོ་ནར་གསོལ་བ་གདབ་ཅིང་ཞི་བའི་སྒོ་ནས་བཟློག་པར་བྱའོ། །དེ་ལྟར་བཟློག་པར་མ་ནུས་པའི་ཚེ་བླ་མ་ལ་ཞུ་བ་སྟེ་བདག་གིས་འདི་ལྟར་བགྱི་བའི་དུས་ལགས་སམ་ཞེས་ཞུའོ། །གལ་ཏེ་བླ་མ་དངོས་སུ་མི་བཞུགས་པ་ཡིན་ན་བླ་མ་དང་ཐུབ་པ་སྟེ་སངས་རྒྱས་ཐམས་ཅད་དམིགས་ལ། དེ་དག་ལ་གསོན་ཅིག་ཅེས་བྱ་བ་ལ་སོགས་པས་གསོལ་བ་གདབ་པར་བྱའོ། །རྗེས་སུ་གནང་བར་འགྱུར་རོ། །ཡང་དེ་བདག་ལ་མི་མགུ་བ་མེད་པར་བྱ་བའི་ཕྱིར་ཤིན་ཏུ་མི་ཚོར་བར་བྱ་བ་འདི་ནི་བཞི་པ་སྦྱོར་བའི་ཐབས་ལ་མཁས་པའོ། །ལྔ་པ་ཆོ་ག་ནི་ཏིང་ངེ་འཛིན་གྱི་སྒོ་ནས་བསྒྲལ་བས་མི་བསྐྱོད་པའི་ཞིང་དུ་སྐྱེ་བར་འགྱུར་ཏེ་ལམ་ཐུན་མོང་བ་ལས་ཁྱད་པར་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེ་ནི་ཧེ་རུ་ཀ་མཉམ་ཞེས་བྱ་བ་དང༌། བསྒྲུབ་བྱའི་ཞེས་བྱ་བ་དང༌། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། བདག་གི་རྣལ་འབྱོར་ལ་གནས་པས་མདུན་དུ་ཡྃ་རྃ་ལས་རླུང་མེའི་སྦྱོར་བ་བྱས་ལ། མཁའ་འགྲོའི་ཚོགས་སྤྲོས་པས་བཀུག་སྟེ་སྙིང་གའི་ཧཱུྃ་བཏོན་ལ་མཆོད་དེ། བདག་པོའི་དབང་དང་མཆོད་པ་ལས། །མི་བསྐྱོད་པ་ཡང་རང་བཞིན་ཁྱོད། །སྨད་པའི་ལས་ནི་ཀུན་འབྱུང་བའི། །ལུས་ནི་ཁྱོད་ཀྱིས་སྤང་བར་གྱིས། །ཞེས་གསོལ་བ་བཏབ་ལ། ཧཱུྃ་མི་བསྐྱོད་པའི་ཞིང་དུ་བསྐྱལ་ལ། ཁྲག་སྐྱུགས་པ་ལ་སོགས་པ་དང་ལྡན་པས་མེའི་དབུས་ན་གནས་པར་བསམ་མོ། །དེ་ནས་དེའི་བཤང་ལམ་ནས་མེ་ཁབ་ཙམ་ཞུགས་ཏེ་སྙིང་གར་རྃ་བསྒོམས་ཏེ་དེ་ལ་ཕོག་པས་དེ་འབར་ཏེ་ཧཱུྃ་བསྲེག་ཅིང་མཁའ་འགྲོ་མ་རྣམས་ཀྱིས་ལྟེ་བའི་རྩ་གཅོད་པར་བསྒོམས་ན་འགྲུབ་པར་འགྱུར་རོ་ཞེས་ཏེ་རྒྱས་པར་བླ་མའི་གསུང་ངམ། ཡང་ན་དེ་ཁོ་ན་ཉིད་བཅུ་པ་བཞིན་ནོ། །རྟོག་མེད་དངོས་གྲུབ་ཅེས་བྱ་བ་ལ་སོགས་པས་དོན་གསུམ་པ་ལེའུ་དགུ་པའི་གསལ་བྱེད་གསུངས་ཏེ། དེ་ལ་འདོད་པའི་ཡོན་ཏན་ལྔ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་གང་གི་ཡང་ཕྱོགས་གཅིག་གི་རྒྱུར་ངེས་པ་མེད་དེ། སྤང་བ་དང་བསྟེན་པའི་ཐབས་ཀྱིས་མ་ཟིན་ན་ནི་འཁོར་བར་འགྱུར་ལ། ཟིན་ན་དེ་ཉིད་མྱ་ངན་ལས་འདས་པའི་རྒྱུ་ཡིན་ཏེ། དཔེར་ན་ནོར་བུ་རིན་པོ་ཆེ་འགའ་ཞིག་མིག་དབུག་པ་དང་ཤུན་པ་སེལ་བ་ལ་སོགས་པའི་ཐབས་ཀྱིས་ཟིན་པ་དང་མ་ཟིན་པ་བཞིན་ནོ། །ཡང་དག་པར་ན་འདོད་ཡོན་བསྟེན་པས་ཉོན་མོངས་པ་ཉིད་ཀྱང་ཐབས་ཀྱིས་ཟིན་ན་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། དཔལ་མཆོག་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །བསྟེན་པས་དུག་ཏུ་འགྱུར་བ་ཡིན། །དེ་ཡི་དེ་ཉིད་ཡོངས་ཤེས་ན། །དུག་ནི་བདུད་རྩིར་འགྱུར་བ་ཡིན། །ཞེས་གསུངས་སོ། །ཞིབ་ཏུ་ལེའུ་གཉིས་པར་བཤད་ཟིན་ཏོ། །ད་ནི་བསྐྱེད་པའི་རིམ་པས་མཚོན་བྱེད་དང་དག་བྱེད་ཁྱད་པར་ཅན་བསྟན་པར་བྱ་བའི་ཕྱིར། སྙིང་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱན་དམར་པོ་ནི་ཆོས་སྐུའི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་སྟེ་གཟུགས་ཀྱི་སྐུ་གཉིས་འབྱུང་བའི་རྒྱུ་ཡིན་ནོ། །ཡན་ལག་ནག་པོ་ནི་བྱམས་པའི་ཐུགས་ལས་གཞན་དུ་མི་འགྱུར་བ་མཚོན་ཏེ་སྙིང་རྗེ་དང་ཤེས་རབ་གཉིས་སུ་མེད་པ་ཡིན་ནོ། །ཞབས་དང་ཕྱག་གི་རྣམ་འཕྲུལ་སྤྲུལ་སྐུས་ཁམས་གསུམ་གྱི་སེམས་ཅན་འདུལ་བར་མཛད་པ་ཡིན་ཏེ། བསྡུ་བའི་དངོས་པོ་བཞི་ནི་ཟང་ཟིང་ལ་སོགས་པའི་སྦྱིན་པ་བཞི་དང༌། ཕ་རོལ་ཏུ་ཕྱིན་པ་སྟོན་པ་ངག་སྙན་པར་སྨྲ་བ་དང༌། གཞན་དེ་ལེན་དུ་འཇུག་པ་དོན་སྤྱོད་པ་དང༌། རང་ལེན་པ་དོན་མཐུན་པ་ཞེས་བྱ་བ་བཞིའོ། །རྣམ་པར་ཐར་པ་བརྒྱད་ནི། གཟུགས་ཅན་གཟུགས་ལ་ལྟ་བ་དང༌། ནང་གཟུགས་མེད་པར་ཤེས་ནས་ཕྱིའི་དོན་ལ་ལྟ་བ་དང༌། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་རྫོགས་པར་བྱས་ཏེ་གནས་པ་དང༌། དེ་ལྟར་གཟུགས་ལས་འདས་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་གནས་པ་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང༌། འདུ་ཤེས་དང་ཚོར་བ་འགོག་པ་མངོན་སུམ་དུ་བྱས་པའི་རྣམ་པར་ཐར་པའོ། །དེ་དག་ནི་འཇིག་རྟེན་པའི་རྣམ་པར་ཐར་པ་ཡིན་ལ་འཇིག་རྟེན་ལས་འདས་པའི་རྣམ་པར་ཐར་པ་ནི་འཕགས་ལམ་ཡན་ལག་བརྒྱད་ཡིན་ཞིང༌། མཐར་ཐུག་སངས་རྒྱས་ཉིད་ཀྱི་རྣམ་པར་ཐར་པ་ནི་དབང་ཕྱུག་བརྒྱད་ཡིན་ཏེ། སྐུ་ཡི་དབང་ཕྱུག་གསུང་གི་དབང་ཕྱུག་དང༌། །དེ་བཞིན་དུ་ནི་ཐུགས་ཀྱི་དབང་ཕྱུག་དང༌། །རྫུ་འཕྲུལ་ཀུན་ཏུ་འགྲོ་བའི་དབང་ཕྱུག་དང༌། །ཅི་འདོད་སྐྱེད་དང་ཡོན་ཏན་བརྒྱད་པའོ། །ཞེས་རྒྱུད་ཀྱི་ལུང་སློབ་དཔོན་ཟླ་གྲགས་ཀྱིས་སྒྲོན་གསལ་དུ་དྲངས་པ་ལས་གསུངས་སོ། །དེ་ལྟར་དབང་ཕྱུག་བརྒྱད་པོ་འདི་ནི་གཡོན་གྱི་ཕྱག་མཚན་བརྒྱད་ཀྱི་ཤིན་ཏུ་མཐར་ཐུག་པའང་ཡིན་ནོ། །ཕྱག་ནི་སྟོང་པ་བཅུ་དྲུག་ཉིད། །ཅེས་བྱ་བ་ནི། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དོ། །གུག་སྐྱེད་ནི་མནྟྲ་སྟེ། དེ་ཉིད་ལ་ཨུའི་རྐྱེན་བྱིན་པས་མུ་ཏྲ་ཞེས་པ་ཕྱག་རྒྱར་འགྱུར་ལ། དེ་ནི་རྒྱན་ལྔ་དང་དྲུག་པ་ཐལ་བ་དང་མཆོད་ཕྱིར་ཐོགས་ཏེ། དེ་ནི། སྤྱི་བོའི་འཁོར་ལོ་མི་བསྐྱོད་པ། །ཞེས་བྱ་བ་ནས། ཡན་ལག་ཀུན་ལ་རྡོར་འཛིན་མགོན། །ཞེས་བྱ་བའི་བར་ཡིན་ནོ། །གདུག་པ་འདུལ་ཕྱིར་ཁྲོ་བོ་ཉིད། །ཅེས་བྱ་བ་ནི་ཁྲོ་བོའི་ཆ་ལུགས་སུ་བཞུགས་པ་ནི་གདུག་པ་ཅན་འདུལ་བ་སྟེ། རྡོ་རྗེ་གུར་ལས། གདུག་ཅིང་གཏུམ་པའི་སེམས་ཅན་ལ། །ཞི་བ་ཉེ་བར་མི་སྦྱར་ཏེ། །འདི་མཁྱེན་རྡོ་རྗེ་འཆང་ཆེན་གྱིས། །རང་ཉིད་ཀྱེ་ཡི་རྡོ་རྗེར་གྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ནས་བསྒོམ་པའི་སྐབས་སུ་ནི་ཕྱག་མཚན་གྱི་དག་པ་རྣམས་ཀྱང་སྐབས་འདིར་དྲན་པར་བྱའོ། །དེ་དག་ནི་བཅོམ་ལྡན་འདས་ཀྱི་རྣམ་འཕྲུལ་གྱི་དག་པའོ། །དེ་ལྟར་རྣམ་པར་དག་པ་དང་བཅས་པའི་བཅོམ་ལྡན་འདས་འཁོར་དང་བཅས་པ་དེས་གང་སྦྱོང་སྙམ་ན་མ་དག་པ་རྣམས་སྦྱོང་ངོ༌། །དེ་ཡང་ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། ཉོན་མོངས་པའི་དག་པ་ནི་སྔར་བརྗོད་ཟིན་ལ། ཤ་ལ་སོགས་པ་རགས་པར་སྣང་བ་སྦྱོང་བར་གསུངས་པ་ནི། ཤ་ཡིས་ཞེས་བྱ་བ་ལ་སོགས་པའོ། །དེའི་གཡུང་མོའི་རྐང་ནི་རུས་པ་མ་ཡིན་ལ་རྐང་མར་ཡིན་ནོ། །དེ་ལྟར་དྲུག་པོ་འདི་ཕྱོགས་གཅིག་ཏུ་འོང་བ་ཅིའི་ཕྱིར་ཞེ་ན། ལུས་ཀྱི་རྟེན་རགས་པ་འགེངས་པ་སྟེ། ཤས་རུས་པའི་ཕྱིའི་དབྱིབས་འགེངས། ཁྲག་གིས་རྩ་སྦུབས་འགེངས། ཁུ་བས་དྭངས་མའི་གནས་དང་མངལ་འགེངས། རྐང་མར་དང་ཚིལ་གྱིས་རྐང་སྦུབས་དང་ཤའི་མཚམས་འགེངས་པར་བྱེད། པགས་པས་ནི་དེ་དག་གཡོགས། རུས་པས་ནི་དེ་དག་གི་རྟེན་བྱེད་པའི་ཕྱིར་ཤ་ལ་སོགས་པ་བཞི་དང༌། པགས་པ་དང་རུས་པ་སྟེ་དྲུག་པོ་འདི་ཕྱོགས་གཅིག་ཏུ་གསུངས་པ་ཡིན་ནོ། །པགས་པ་རིམ་པ་བདུན་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། དེ་བཞིན་དུ་ཆོས་རབ་ཏུ་འབྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །འདིས་མཚོན་ནས་མ་དག་པའི་ཁམས་རྣམས་ཕ་རོལ་ཏུ་ཕྱིན་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱིས་ཀྱང་སྦྱོང་སྟེ། ཤ་དང་ཁྲག་དང་ཁུ་བ་རྐང༌། །དྲན་དང་སྤོང་དང་རྫུ་འཕྲུལ་བཞི། །འབྱུང་ལྔ་དབང་པོ་སྟོབས་ལྔ་སྟེ། །ཚིགས་ཆེན་བརྒྱད་ནི་འཕགས་ལམ་མོ། །ཞེས་བྱ་བར་ཡང་ཤེས་པར་བྱའོ། །རུས་པ་བདེན་པ་བཞི་ཞེས་བྱ་བ་ནི་རུས་པ་རིགས་བཞི་སྟེ། མགོ་དང༌། རྐང་དང༌། ཚིགས་པ་དང༌། རྩིབ་མའོ། །དེ་དག་ནི་སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་གྱི་བདེན་པའོ། །ད་ནི་ལེའུ་གཉིས་པའི་སྔགས་གསལ་བར་བྱ་བའི་ཕྱིར་བཏུ་བ་ལ་གསུམ་ལས། བཏུ་བའི་གཞི་ནི་ཨཱ་ལི་ཀཱ་ལི་སྟེ། ཨཱ་ལི་ནི་ལྷ་མོ་རྣམས་ཀྱི་མིང་གིས་བསྟན་ཏོ། །ཀཱ་ལི་ལ་སྡེ་ཚན་ལྔ་པ་ལྔ་ནི་ཀ་ལ་སོགས་པ་ལྔ་ནས། པ་ལ་སོགས་པ་ལྔའི་བར་དུའོ། །དེ་དག་ནི་དང་པོའི་དང་པོ་ཞེས་བྱ་བ་དང༌། ལྔ་པའི་ལྔ་པས་ཞེས་བྱ་བའི་བར་དུ་གསུངས་སོ། །སྡེ་ཚན་ལྔ་པའི་མཐའ་ན་གནས་པས་ཡ་ཚན་ལ་མཐར་གནས་ཞེས་བྱ་སྟེ་ཡི་གེ་བཞིའོ། །དབུགས་དྲོ་བ་བསྐྱེད་པའི་ཕྱིར་དྲོ་བའི་སྡེ་ནི་ཤ་ཚན་ཏེ་དེ་ལའང་བཞིའོ། །དེ་དག་ལ་ནི་མཐར་གནས་ཀྱི་དང་པོ་དང༌། ཨུཥྨ་ཎའི་བཞི་པ་ལ་སོགས་པ་གསུངས་པ་ཡིན་ནོ། །བཏུ་བའི་ཐབས་ནི་ཀཱ་ལི་ལས་ལུས་འཐུ་ལ་ཨཱ་ལི་ལས་ཡན་ལག་འཐུའོ། །ཚིག་གི་དོན་ལྷག་མ་རྣམས་ནི་གོ་སླའོ། །ལེའུ་དགུ་པ་ཚིགས་སུ་བཅད་པ་བཞི་ཅུ་རྩ་ལྔའི་རྣམ་པར་འགྲེལ་པ་བསྟེན་ཟིན་ཏོ།།  །།ལེའུ་བཅུ་པ་ནི་དགུ་པར་སྔགས་གསུངས་ཀྱང་དེའི་དུས་ཀྱི་ཕྲེང་བ་དང་ཁ་ཟས་མ་གསུངས་པས་འདིར་བསྟན་པ་ཡིན་ཏེ། བརྗོད་བྱ་ལ་སོགས་པ་ནི་དགུ་པའི་སྟེང་དུ་བསྟན་ཟིན་ཏོ། །ཕྲེང་བ་ནི་དྲག་པོའི་སྔགས་བདུན་དང་ཆར་དབབ་པ་དང་བརྒྱད་ལ་བསྔགས་པ་ཡིན་ནོ། །འོ་མའི་བཏུང་བ་ལ་སོགས་པ་ནི་བདུད་རྩི་ལྔའི་བརྡ་སྟེ། འོ་མ་ནི་ག་པུར། རང་གི་འདུན་པ་ནི་བདུད་རྩི་ལྔ་གང་འདོད་ཅིག་ཡིན་ཏེ། འདིར་ཡང་མངོན་སྤྱོད་དང་གསད་པ་གཅིག་ཏུ་བསྡོམས་པས་དྲག་པོའི་སྔགས་བདུན་དང་འབྲེལ་བའི་ཁ་ཟས་ཡིན་ནོ། །ཤ་ལྔ་ནི་མཐའ་ན་ཤ་ཡོད་པ་ནི་ཨ་ཤྭ་སྟེ་རྟའི་ཤ ལྷག་མ་རྣམས་ནི་མིང་གི་དང་པོ་སྟ་ཤྭ་ན་ནི་ཁྱི་ཤ་ན་ར་ནི་མི་ཤ ག་བི་ནི་བ་ལང་གི་ཤ ཧསྟི་ནི་གླང་པོ་ཆེའི་ཤ་ཡིན་ནོ། །ལེའུ་བཅུ་པ་ཚིགས་སུ་བཅད་པ་ལྔའི་རྣམ་པར་འགྲེལ་པ་བསྟན་ཟིན་ཏོ།།  །།ལེའུ་བཅུ་གཅིག་པ་ནི། དེ་ལྟར་བཅུ་པར་བཟའ་བའི་དམ་ཚིག་གསུངས་ཀྱང་དེ་སྒྲུབ་པའི་གང་ཟག་དང༌། དེ་ལ་མི་སྨད་པའི་དམ་ཚིག་གསལ་བར་མ་གསུངས་པས་དེ་གསལ་བར་སྟོན་པ་ནི་བཅུ་གཅིག་པ་ཡིན་ནོ། །ལེའུ་འདིའི་བརྗོད་བྱ་ནི་སྤྱི་དང་སྦས་པ། རྗོད་བྱེད་ནི་ཡན་ལག་གི་དོན་དང་བསྡུས་པའི་དོན་གྱི་མན་ངག མངོན་པར་རྟོགས་པ་ནི་རྒྱུའི་རྒྱུད་ཀྱི་རིགས་ལ་ལྟོས་པ་དང༌། དེ་ཉིད་དམ་ཚིག་ཏུའང་འགྱུར་བ་དང༌། དེ་དཀྱིལ་འཁོར་འཁོར་ལོ་དང་འབྲེལ་ལོ། །བཤད་པའི་རྒྱུད་རྡོ་རྗེ་གུར་གཉིས་པ་དང་བདུན་པ་དང་བཅུ་བཞི་པར་ཕྱག་རྒྱའི་ལམ་གསུངས། སཾ་པུ་ཊའི་བཅུ་པ་དངོས་སུ་སྐུ་གསུང་ཐུགས་ཀྱི་དམ་ཚིག གཉིས་པའི་གཉིས་པར་ཕྱག་རྒྱའི་ལམ་བསྟན་པ་དང་འབྲེལ་ལོ། །རྩ་བའི་རྒྱུད་ཀྱི་གང་དུ་ཁ་བསྐང་ན། ལེའུ་ལྔ་པ་ལ་སོགས་པར་རིགས་ལྔ་དང་དྲུག་གསུངས་ཀྱང་དེ་དག་རྒྱུའི་གནས་སྐབས་སུ་རིགས་ལ་ལྟོས་པའི་མཚན་མ་མ་གསུངས་པས་དེ་གསལ་བར་བཤད་པ་དང༌། ལེའུ་ལྔ་པ་དང་བརྒྱད་པའི་གཤམ་དུ་ཕྱག་རྒྱའི་བསྟེན་ཚུལ་རྒྱས་པར་མ་གསུངས་པས་དེ་གསལ་བར་བཤད་པའོ། །གཞུང་གི་དོན་ལ། གང་གི་སྲིན་ལག་གི་རྩ་བ་ལ་རྡོ་རྗེའི་རི་མོ་ཡོད་ཅིང་ཁ་དོག་ནག་པོར་སྣང་ལ། ཉོན་མོངས་པ་ཞེ་སྡང་ཤེས་ཆེ་བ་ནི་མི་བསྐྱོད་པའི་རིགས་ཡིན་ལ། བླ་མས་ཀྱང་དེ་དང་རྗེས་སུ་འཚམ་པའི་ཆོས་བཤད་པར་བྱའོ། །དེ་བཞིན་དུ་རིགས་འོག་མ་རྣམས་ལ་ཡང་བསྒྲེས་ཏེ་ཤེས་པར་བྱའོ། །སྐྱེ་བོ་རྣལ་འབྱོར་མཐར་ཕྱིན་པས། །ང་རྒྱལ་མི་བཅག་ཐོ་མི་བརྩམ། །ཞེས་བྱ་བ་ནི་དོན་དམ་པར་སེམས་ཅན་རྣམས་རང་བཞིན་གྱིས་སངས་རྒྱས་ཡིན་ཏེ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་བྱ་བ་གོང་དུ་ཡང་གསུངས་ལ། སློབ་དཔོན་ཨིནྡྲ་བྷཱུ་ཏིས་ཡེ་ཤེས་གྲུབ་པ་ལས། སེམས་ཅན་ཀུན་གྱི་ཡིད་ཁྱབ་པར། །རྡོ་རྗེ་སེམས་དཔའ་རྟག་པར་བཞུགས། །དེ་ལྟར་ཤེས་པའི་རྣལ་འབྱོར་པས། །དབང་པོ་གང་ལའང་བརྙས་མི་བྱ། །ཞེས་གསུངས་སོ། །ཀུན་རྫོབ་ཏུའང་སངས་རྒྱས་རྣམས་ཀྱི་རྒྱས་བཏབ་པས་ན་སངས་རྒྱས་ཀྱི་སྐུ་དང་འདྲ་བས་ན། སེམས་ཅན་གྱི་ལུས་ལ་ཡང་བརྙས་པར་མི་བྱ་སྟེ། ཁ་སྦྱོར་གྱི་བཅུ་པ་དངོས་ལས། བུད་མེད་དང་ནི་སྐྱེས་པའི་ལུས། །ལས་ནི་དུ་མས་བསྐྱེད་པར་སྟོན། །མི་ཤེས་པས་ཀྱང་མི་བྱ་སྟེ། །སྐུ་ཡི་རྡོ་རྗེའི་དམ་ཚིག་གོ །སེམས་ཅན་སྣ་ཚོགས་གདུང་བ་དང༌། །ཀུན་རྟོག་དྲྭ་བའི་རྣམ་རྟོག་གིས། །སེམས་ལ་སྨད་པར་མི་བྱ་སྟེ། །ཐུགས་ཀྱི་རྡོ་རྗེའི་དམ་ཚིག་གོ །ཕྲག་དོག་ཉིད་ཀྱིས་མ་རངས་པས། །ཚིག་རྩུབ་ལ་སོགས་སྨྲ་མི་བྱ། །རྣ་བ་བདེ་བར་བྱེད་པ་ཉིད། །གསུང་གི་རྡོ་རྗེའི་དམ་ཚིག་གོ །ཞེས་གསུངས་སོ། །སེམས་ཅན་གང་སུ་ཡང་རུང་བ་ལ་བརྙས་པར་མི་བྱ་བ་འདི་ནི་ཐེག་པ་ཆེན་པོའི་གསུང་རབ་ཐམས་ཅད་ནས་གསུངས་པས། འདི་ནི་དམ་ཚིག་གི་མཆོག་ཏུ་གྱུར་པས་གྲུབ་པའི་མཐའི་རྩ་བ་ལྟ་བུ་ཡིན་ནོ། །སྤྱི་དོན་གཉིས་པ་ཕྱག་རྒྱ་བསྟེན་པའི་ཚུལ་ནི། ཚལ་དང་ཞེས་བྱ་བ་ལ་སོགས་པ་ནི་གནས་ཏེ། ཤིན་ཏུ་དབེན་ཞིང་རང་དབང་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །ཙུམྦ་ཞེས་བྱ་བ་ལ་སོགས་པས་ནི་དགའ་བ་བཞི་བསྟན་ཏེ། གཞུང་ཐད་སོའི་དོན་ནི་རྟོགས་པར་སླ་ལ། ཇི་ལྟ་བ་བཞིན་ཉམས་སུ་བླང་བ་ནི་འདིར་བསྟན་པའི་སྐབས་མ་ཡིན་ཏེ་ཤིན་ཏུ་ཟབ་མོའི་མན་ངག་ལས་རྟོགས་པར་བྱའོ། །ཁྱོགས་ནི་འབྲེང་བའི་ཁྲི་སྟེ་འདིས་མཚོན་ནས་འདིའི་རིགས་བཅུ་དྲུག་དང༌། བླ་ནི་སྟེང་ནས་འདྲེན་པའི་འཁྲུལ་འཁོར་ཏེ་འདིའི་རིགས་བཅུ་དྲུག་དང༌། བཀལ་བ་ཞེས་བྱ་བ་ཁ་བསྐངས་ལ་སྟེང་ནས་འདྲེན་པའི་ཐག་པ་ལ་སྟོད་འཇོག་པ་སྟེ་འདིའི་རིགས་བཅུ་དྲུག་དང༌། ཤིན་ཏུ་ཞེས་བྱ་བ་ནི་ཤིན་ཏུ་བཀལ་བ་སྟེ་སྔར་བཞིན་ལས་སྟོད་ཅུང་ཟད་དམའ་བར་འཇོག་པ་སྟེ་འདིའི་རིགས་བཅུ་དྲུག་སྟེ་དྲུག་ཅུ་རྩ་བཞིར་འགྱུར་ལ། སྟེང་དང་འོག་ཏུ་ལྟ་བའི་བྱེ་བྲག་གིས་བརྒྱ་ཉི་ཤུ་རྩ་བརྒྱད་དུ་ཡང་འགྱུར་ཏེ། འདི་ནི་གཞུང་གཞན་དུ་བཙལ་བར་བྱའོ། །གཞན་ནས་མི་རྙེད་དོ་ཞེ་ན། འདིར་ནི་གཞུང་འདིའི་འབྲུ་གཉེར་བ་ཙམ་ཡིན་མོད་ཀྱི། འདི་ནི་ལས་དང་པོ་པས་ཉམས་སུ་བླང་བྱ་མ་ཡིན་པས་མ་རྙེད་ཀྱང་རེ་ཞིག་སྤྲོས་པ་གཅད་པར་བྱའོ། །ལེའུ་བཅུ་གཅིག་པ་ཚིགས་སུ་བཅད་པ་བཅོ་ལྔའི་རྣམ་པར་འགྲེལ་བ་བསྟན་ཟིན་ཏོ།།  །།ད་ནི་ལེའུ་བཅུ་གཉིས་པ་བརྗོད་པར་བྱ་སྟེ། དེ་ལྟར་འདས་མ་ཐག་པར་ལམ་གསུངས་ཀྱང་དེའི་སྔོན་དུ་སྨིན་པར་བྱ་བ་དགོས་པས་ན་དབང་བཞིའི་ཚིགས་སུ་བཅད་པ་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་ལེའུའི་འབྲེལ་ཅུང་ཟད་ཙམ་མོ། །འདིའི་བརྗོད་པར་བྱ་བ་ནི་སྤྱི་དང་སྦས་པ། རྗོད་བྱེད་ཡན་ལག་དང་ཡི་གེ མངོན་པར་རྟོགས་པ་ནི་སྨིན་པར་བྱེད་པ་དང༌། བྱིན་གྱིས་བརླབ་པའི་སྐབས་ནི་སྨིན་གྲོལ་ཐམས་ཅད་དུའང་འཇུག་གོ །བཤད་པའི་རྒྱུད་ནི་སྨིན་གྲོལ་ཐམས་ཅད་དང་འབྲེལ་མོད། ཉེ་བར་མཁོ་བ་ཅུང་ཟད་དང་སྦྱར་ན་རྡོ་རྗེ་གུར་གྱི་ལེའུ་བཞི་པ་དང༌། བདུན་པ་དང༌། བཅོ་ལྔ་པ་ནས་དབང་བཞི། བཅུ་བཞི་པ་ནས་མཁའ་གསང་བྱིན་གྱིས་བརླབ་པ་ཅུང་ཟད་ཙམ། སཾ་པུ་ཊའི་གཉིས་པའི་དང་པོ་དང༌། རྒྱུད་ཕྱི་མས་གསལ་བར་བྱེད་དོ། །རྩ་བའི་རྒྱུད་ཀྱི་གང་དུ་ཁ་བསྐང་ན། འདིར་ཆ་དང་པོས་ལེའུ་བཅུ་པ་དང་གསུམ་པ་དང་ལྔ་པར་དབང་བསྐུར་བ་བཞི་པོ་གསུངས་ཀྱང༌། དེ་དག་ཏུ་ཚིགས་སུ་བཅད་པ་ཇི་ལྟ་བུས་སྦྱིན་པ་མ་གསུངས་པས་དེ་ཁ་བསྐང་བ་དང༌། ཡང་གོང་དུ་དབང་དང་བསྐྱེད་རྫོགས་མཐའ་དག་གི་སྐབས་སུ་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་གསུངས་པ་ལ་མཁའ་གསང་བྱིན་གྱིས་བརླབ་པའི་སྔགས་མ་གསུངས་པས་དེ་ཁ་བསྐང་བ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་སྔགས་ཙམ་ལེའུ་གཉིས་པར་གསུངས་ཀྱང་དེའི་གནས་དང་བཅས་ཏེ་གསལ་བར་མ་གསུངས་པས་དེ་གསལ་བར་བཤད་པའོ། །དེ་ལ་རྡོ་རྗེ་རབ་ཏུ་གནས་པ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའི་སྐུར་གནས་པ་སྟེ། འདི་ནི་རྣལ་འབྱོར་གྱི་རྒྱུད་ལས་ཁྱད་པར་དུ་ཤེས་རབ་བཅུ་དྲུག་ལོན་པ་དང་བཅས་པ་སྟེ་ཕྱག་རྒྱའི་དམ་ཚིག་གོ །རྡོ་རྗེ་ཉིད་ཆེན་པོ་ཟུང་བ་ནི་ལག་པ་གཡས་པར་རྡོ་རྗེ་གཏད་པ་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་ཐུགས་ཀྱི་དམ་ཚིག་གོ །དྲིལ་བུ་ཆེ་ཟུང་བ་ནི་ལག་པ་གཡོན་པར་དྲིལ་བུ་གཏད་པ་སྲིད་པ་ངོ་བོ་ཉིད་ཀྱིས་དག་པར་བསྟན་པ་གསུང་གི་དམ་ཚིག་གོ །དེ་རིང་ཞེས་བྱ་བ་ནི་དེ་ལྟར་དམ་ཚིག་གསུམ་པོ་བྱིན་པའི་དུས་འདིའོ། །དེའི་རྗེས་ལ་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་ཤེས་པར་བྱས་པ་འདིར་སྟོན། དེ་རྡོ་རྗེ་སློབ་དཔོན་དུ་འགྱུར་བའོ། །དེ་བས་སློབ་མ་བསྡུ་བ་ཉིད་དུ་གྱིས་ཏེ། སྣོད་དང་འཚམ་པར་ཤོད་ཅིག་ཅེས་བྱ་བ་འདི་ནི་རྗེས་སུ་གནང་བའི་དབང་ངོ༌། །འདིས་ནི་ཐུན་མོང་མ་ཡིན་པ་སློབ་དཔོན་གྱི་དབང་བསྟན་ཏོ། །གསང་དབང་སྟེར་བ་ན་འདི་བརྗོད་དེ་འདས་པའི་སངས་རྒྱས་ནི་རྡོ་རྗེ་འཆང་ཆེན་པོའོ། །དེས་བྱང་ཆུབ་ཀྱི་སྲས་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། དེ་ལ་ཇི་ལྟར་དབང་བསྐུར་བ་བཞིན་ཏེ། ཟླ་གསང་ཐིག་ལེ་ལས། རྣམ་དག་རྡོ་རྗེ་ལས་ནི་བྱུང་བའི་ཡེ་ཤེས་ཆུ། །རིན་ཆེན་རབ་འབར་བྱང་ཆུབ་སེམས་ནི་རྣམ་ཕྱུང་ནས། །རྒྱལ་བ་ཐམས་ཅད་ཀྱི་ནི་དབུ་ནི་སྐེམས་པ་ལ། །དྲི་མེད་རིན་ཆེན་ཆར་གྱིས་སྤྱི་བོར་དབང་བསྐུར་མཛོད། །ཅེས་གསུངས་སོ། །དེའི་དོན་ནི་ས་བཅུ་པ་དང་བཅུ་གཅིག་པའི་དེ་བཞིན་གཤེགས་པ་ཐམས་ཅད་མྱ་ངན་ལས་འདས་པའི་དབྱིངས་སུ་གཤེགས་པར་བཞེད་པ་དེའི་ཚེ་རྡོ་རྗེ་འཆང་ཆེན་པོས་ཀུན་རྫོབ་ཞུ་བའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་བས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་འཕེལ་ནས་འབྲས་བུའི་དུས་ཀྱི་དབང་གསུམ་པ་དང་བཞི་པ་ཐོབ་པས་ས་བཅུ་གསུམ་པར་འགྱུར་ཏེ། སླར་ཡང་སེམས་ཅན་གྱི་དོན་རྒྱུན་མི་འཆད་པ་འབྱུང་བ་ཡིན་ནོ། །དེ་བཞིན་དུ་བདག་གི་གསང་བའི་དབང་སྟེ་རྫས་གསང་བར་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཡེ་ཤེས་ལ་ལྷ་མོ་དགའ་སྦྱིན་ནི་དགའ་བ་བཞིའི་རིམ་པའོ། །གནས་སྦྱིན་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །སྣ་ཚོགས་གཟུགས་ཅན་མ་ནི་རི་དྭགས་ཅན་མ་ལ་སོགས་པའོ། །ཡིད་དུ་འོང་བ་ནི་ལུས་ངག་ཡིད་གསུམ་ལ་སྐྱོན་མེད་པའོ། །ཁྱེར་ཅིག་ལན་གཉིས་ནི་ངོ་མཚར་བས་བསྟན་པའོ། །སེམས་དཔའ་ཆེ་ཞེས་བྱ་བ་ནི་གསང་དབང་གི་ཡེ་ཤེས་རྟོགས་པའི་སློབ་མ་ལ་བོད་པ་ཡིན་ནོ། །དབང་བཞི་པ་ལ་ཡེ་ཤེས་འདི་ནི་སངས་རྒྱས་ཀྱི་ཡེ་ཤེས་དང་སེམས་ཀྱི་ཆོས་ཉིད་མཚོན་པར་བྱེད་པ་དབང་གསུམ་པའི་ལྷན་སྐྱེས་སོ། །ཆེས་ཕྲ་བ་ནི་རྟོགས་པར་དཀའ་བའོ། །རྡོ་རྗེ་ནི་རྣམ་རྟོག་གིས་མི་ཕྱེད་པས་སོ། །དམིགས་པ་མེད་པའི་དཔེ་ནི་ནམ་མཁའ་སྟེ། དཀྱིལ་ལམ་སྙིང་པོ་ནི་མཐའ་དང་བྲལ་བའོ། །རྡུལ་བྲལ་ནི་ཉོན་མོངས་པ་ཟད་པའོ། །མཐར་སྦྱིན་ནི་སྲིད་པ་ཟད་པ་སྟེ་རྡོ་རྗེ་འཆང་སྦྱིན་པའོ། །ཞི་བ་ནི་གདོད་མ་ནས་མ་སྐྱེས་པའོ། །ཁྱོད་རང་ཡང་ནི་དེ་ཡི་ཕ། །ཞེས་བྱ་བ་ནི་ཐ་སྙད་ཀྱིས་བརྗོད་པས་ཤེས་པར་མི་ནུས་པས་རང་གིས་རང་ལ་ཡེ་ཤེས་བསྐྱེད་ལ། དཔེའི་ཡེ་ཤེས་ཀྱིས་དོན་རྟོགས་པར་བྱ་སྟེ། སངས་རྒྱས་ཀྱིས་མངོན་དུ་གྱིས་ཤིག་ཅེས་བྱ་བའི་དོན་ཡིན་ནོ། །རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པའི་སྔགས་ནི་རྟོགས་པར་སླའོ། །སྤྱི་བོར་ཨོཾ་ནི་རང་གི་དཔྲལ་བར་ཨོཾ་དཀར་པོ་བསྒོམ་པ་དང༌། རྡོ་རྗེའི་སྤྱི་བོར་ཨོཾ་ལས་རིན་པོ་ཆེ་བསྒོམ་པ་བསྟན་ཏོ། །སྙིང་གར་ཧཱུྃ་ནི་རང་གི་སྙིང་གར་ཧཱུྃ་བསྒོམ་པ་དང༌། གསང་བ་ཧཱུྃ་ལས་རྡོ་རྗེར་གྱུར་ཏེ་དེའི་བུ་གའི་དབུས་སུ་ཡང་ཧཱུྃ་བསྒོམ་པའོ། །ཟེའུ་འབྲུ་ལ་ཨཱཿནི་མགྲིན་པར་ཨཱཿདམར་པོ་དང༌། མཁའ་ཨཱཿལས་པདྨ་དམར་པོར་བསྒོམས་ལ། དེའི་བུ་གར་ཡང་ཨཱཿདམར་པོ་བསྒོམ་པར་བྱའོ། །ལེའུ་བཅུ་གཉིས་པ་ཚིགས་སུ་བཅད་པ་བདུན་གྱི་རྣམ་པར་འགྲེལ་པ་བསྟན་ཟིན་ཏོ།།  །།དེ་ལྟར་ན་བརྟག་པ་ཕྱི་མ་ལ་ཚིགས་སུ་བཅད་པ་བཞི་བརྒྱ་དང་ཉི་ཤུ་རྩ་ལྔ་བཞུགས་ཏེ། འདིའི་འོག་ཏུ་རྫས་སྦྱོར་ལ་བརྟེན་པའི་ལས་མ་འོངས་པ་ལ་མཁོ་བའི་ཡན་ལག་ཏུ་མ་གྱུར་པ་ཞིག་མ་ཕྱུང་ལ། དེའི་རྗེས་ལ་རྗེས་སུ་ཡི་རང་བའི་མདོ་དང་བཅས་པ་བཞག་སྟེ། མདོར་ན་ཚིགས་སུ་བཅད་པ་ཉི་ཤུ་རྩ་བདུན་ལྷག་མ་བཞུགས་སོ་ཞེས་བླ་མ་བརྒྱུད་པ་རྣམས་གསུང་ངོ༌། །གཞུང་བརྟག་པ་གཉིས་པོ་འདི་ལ་ཤློ་ཀ་བདུན་བརྒྱ་དང་ལྔ་བཅུ་བཞུགས་ལ། གཞུང་ཡོངས་སུ་རྫོགས་ན་ནི་བདུན་བརྒྱ་དང་བདུན་ཅུ་རྩ་བདུན་ཡིན་ནོ་ཞེས་གསུང་ངོ༌། །རྒྱལ་པོ་ཟླ་བ་བཟང་པོ་ནི་ཐོག་མའི་ཨེ་ཡང་ཨ་ཡིན་ལ། བར་དུ་ཨ་ཀཱ་རོའི་སྒྲས་ཨའི་ཆེ་བ་བསྟན་ལ། མཇུག་ཏུ་ཡང་ཟེ་འབྲུ་ལ་ཨ་ཞེས་འབྱུང་བས་ཨ་གསུམ་གྱིས་རྣམ་པར་ཐར་པའི་སྒོ་གསུམ་བསྟན་པས་ན་ཉུང་ངུའི་རྒྱུད་འདི་ཡོངས་སུ་རྫོགས་ཏེ་མཚན་ཡང་དག་པར་བརྗོད་པ་བཞིན་ནོ། །སྒྱུ་འཕྲུལ་དྲྭ་བའི་ཉུང་ངུ་དེ་ན་ཡང་ཐོག་མར་དེ་ནས་ནི་ཨ་ཐ་སྟེ་དེའི་ཨ་དང༌། དབུས་ནི། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་ཨའི་ཆེ་བ་དང༌། མཇུག་ཏུ་ཛྙཱ་ན་གརྦྷ་ཨཱཿཞེས་གསུངས་ཏེ་རྣམ་པར་ཐར་པའི་སྒོ་གསུམ་བསྡུས་པའོ་ཞེས་གསུང་ངོ༌། །དེ་ལྟ་ན་ཡང་འདིར་རྒྱུད་ཀྱི་བརྗོད་བྱ་རྫོགས་ཀྱང་རྗེས་སུ་ཡི་རང་བའི་གཞུང་འབྱུང་བ་ལ་ནི་འགལ་བ་མེད་དེ། སྒྱུ་འཕྲུལ་དྲྭ་བའི་བསྡུས་པའི་རྒྱུད་ལས་ཀྱང་ཨའི་རྗེས་ལ་རྗེས་སུ་ཡི་རང་བའི་མདོ་འབྱུང་བའི་ཕྱིར་རོ། །མཚན་དོན་ལ་རྒྱུད་ཀྱི་རྒྱལ་པོ་བཤད་ཟིན་ཏོ། །སྒྱུ་མ་ནི་བུད་མེད་སྒྱུ་འཕྲུལ་ཏེ་རྣལ་འབྱོར་མས་ཞུས་པའི་ཕྱིར་རམ། གཉིས་སུ་མེད་པའི་ཡེ་ཤེས་ཡིན་པའི་ཕྱིར་ཏེ། སངས་རྒྱས་མཉམ་སྦྱོར་ལས། བུད་མེད་ཀུན་གྱི་སྒྱུ་མའི་རྒྱ། །འདི་ནི་གཉིས་སུ་མེད་པའི་མཆོག །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་གསུངས་ཏེ། འདིས་ནི་བརྟག་པ་ཕྱི་མ་བུད་མེད་གདུལ་བའི་དོན་དུ་བསྟན་པའི་མཚན་ཡིན་ནོ། །བརྟག་པ་ནི་ཆོས་ཐམས་ཅད་རྟོག་པ་མེད་ཀྱང་སྒྲ་ལ་སོགས་པའི་སྒོ་ནས་ཆོ་ག་ལ་སོགས་པ་རྟོགས་པར་བསྟན་ཏེ། རྡོ་རྗེ་རྩེ་མོ་ལས། ཆོས་ཀུན་གཟུགས་ཅན་མ་ཡིན་ཡང༌། །གཟུགས་ཅན་དུ་ཡང་འདི་རུ་བརྟག །ཆོས་ཀུན་ཚིག་གི་སྤྱོད་ཡུལ་མིན། །སྒྲ་རུ་ཡང་ནི་འདི་རུ་བརྟག །དེ་པས་ངོ་མཚར་ཆོས་འདི་ལ། །རྟོག་པས་བརྟག་པ་ཡིན་པར་བཤད། །ཅེས་གསུངས་སོ། །སུམ་ཅུ་རྩ་གཉིས་ལས་ཕྱུང་བ་ནི་འབུམ་ཕྲག་ལྔ་པ་བརྟག་པ་སུམ་ཅུ་པའི་དོན་ཟབ་ཅིང་སྙིང་པོར་གྱུར་པའི་དོན་རྣམས་བརྟག་པ་ཕྱི་མ་གཉིས་སུ་བསྡུས་ནས་དེ་ཉིད་གུད་དུ་ཕྱུང་བ་སྟེ། རྡོ་རྗེ་གུར་ལས། མཁའ་འགྲོ་མཁའ་འགྲོ་མ་རྣམས་ཀྱི། །དག་པའི་སྙིང་པོ་ཡོངས་བསྡུས་པ། །རྡོ་རྗེ་མཁའ་འགྲོས་གསུངས་པ་སྟེ། །འདི་ནི་རྒྱུད་ཀྱི་ངེས་པའོ། །ཞེས་གསུངས་པ་ཡིན་ནོ། །བརྟག་པ་གཉིས་ནི་སྔ་མ་དང་ཕྱི་མར་གྱུར་པའོ། །ཀྱེའི་རྡོ་རྗེ་ནི་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའོ། །མཁའ་འགྲོ་མ་ནི་སྐུ་གསུམ་གྱི་བདག་ཉིད་དོ། །དེའང་སྔར་བརྟག་པ་དང་པོའི་མཇུག་ཏུ་བསྟན་པ་ཉིད་དེ། དེ་ཡང་རྡོ་རྗེ་གུར་ལས། ཌཻ་བཻ་ཧ་ཡ་ས་ག་མ་ཎེ། །སངས་རྒྱས་ཁམས་དང་རྣམ་པར་བརྟག །ནམ་མཁའ་ཀུན་ཏུ་སྤྱོད་གྲུབ་པ། །མཁའ་འགྲོ་མ་ཞེས་རབ་ཏུ་བཤད། །ཅེས་གསུངས་སོ། །དྲྭ་བ་ནི་སྐུ་གསུམ་གྱི་ཚོགས་པའམ་སྒྱུ་འཕྲུལ་ལོ། །སྡོམ་པ་ནི་སཾ་བ་ར་སྟེ། མཉམ་སྦྱོར་ལས། སཾ་ཞེས་བྱ་བ་བདེ་བར་བཤད། །སངས་རྒྱས་ཀུན་གྱི་བདེ་ཆེན་ཡིན། །སྒྱུ་མ་ཐམས་ཅད་མཉམ་སྦྱོར་བས། །མཆོག་ཏུ་བདེ་བས་བདེ་བའི་མཆོག །ཅེས་གསུངས་སོ། །དེས་ན་མཁའ་འགྲོ་མའི་དཀྱིལ་འཁོར་གཙོ་བོར་སྟོན་པ་ཐམས་ཅད་བདེ་མཆོག་སྟེ། དེའང་སྒྱུ་མ་བདེ་མཆོག་གམ། འཁོར་ལོ་བདེ་མཆོག་གམ། ཀྱེའི་རྡོ་རྗེ་བདེ་མཆོག་ཅེས་བྱ་བ་སྟེ། བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་སྒྲ་ཐམས་ཅད་བདེ་མཆོག་ཡིན་པས་ན་མཚན་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་ཞེས་བྱ་བ་ཡིན་ནོ། །རྒྱུད་ཀྱི་མཚན་བསྟན་ཟིན་ཏེ། དོན་གསལ་བར་བྱས་པའི་ཚུལ་གྱིས་ཐམས་ཅད་ཀྱང་བསྟན་ཟིན་ཏོ། །འགྲོ་བའི་བླ་མ་རྡོ་རྗེ་འཆང་དབང་གིས། །མདོ་དང་བྱ་སྤྱོད་རྣལ་འབྱོར་ཉིད་དང་ནི། །རྣལ་འབྱོར་མཆོག་ལའང་དབྱེ་བ་རྣམ་གསུམ་ལས། །རབ་ཟབ་འབུམ་ཕྲག་ལྔ་བདག་ཀྱེ་རྡོ་རྗེ། །དེ་ཡི་སྙིང་པོ་བརྟག་པ་གཉིས་ཀྱི་དོན། །རྡོ་རྗེའི་ཚིག་གྱུར་བདུན་བརྒྱ་ལྔ་བཅུ་པ། །གང་གིས་གསུང་དང་སྡུད་པར་མཛད་པ་ཡི། །ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །མཐུ་སྟོབས་དབང་ཕྱུག་བླ་མ་ཐུགས་རྗེ་ཅན། །བསོད་ནམས་མཐའ་ཡས་རྩེར་གྱུར་ཚུལ་ཁྲིམས་མཆོག །རབ་གྲགས་གཙུག་ཏོར་བདེ་ལེགས་ཀུན་འབྱུང་བའི། །ཞབས་ལ་ཕྱག་འཚལ་རྟག་ཏུ་བདག་སྐྱབས་མཆི། །རྗེ་བཙུན་མཐུ་ཅན་ནག་པོ་ཌཱ་མ་པ། །ཨ་ཝ་དྷཱ་ཏཱི་ག་ཡ་དྷ་ར་དཔལ། །གཞན་ཡང་གཉིས་པ་ཌོམྦི་ཧེ་རུ་ཀ །ཨ་ལ་ལ་དང་ནགས་ཁྲོད་གརྦྷ་རི། །ཛ་ཡ་ཤྲཱི་དང་སྦྱང་དཀའ་མཛེས་པའི་ཞབས། །རྣམ་གཉིས་ཡེ་ཤེས་ཞབས་ལས་རྒྱལ་པོའི་ཞབས། །སྙིང་པོ་རིག་དང་འབར་བ་འབར་བའི་ཞབས། །བརྒྱུད་འཛིན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དེ་ཉིད་གཟིགས་ཤིང་མཁས་པར་ཡོངས་གྲགས་པས། །ལེགས་སྦྱར་སྐད་ཀྱིས་རྣམ་འགྲེལ་མཛད་པ་རྣམས། །མ་རྫོགས་མི་གསལ་དོན་དང་མི་ལྡན་པར། །རྟོགས་པ་འདི་ནི་བདག་བློའི་ཉེས་པར་ཟད། །བྱང་ཕྱོགས་འདི་ན་རྒྱུད་དོན་ཟབ་མོ་ལ། །ལུང་དོན་མན་ངག་སྤངས་ནས་རང་དགའི་ཚིག །སྨྲ་བས་སྐྱེ་བོ་སླུ་བར་མཐོང་བས་ན། །རྣམ་འགྲེལ་འདི་ནི་བདག་གིས་ལེགས་པར་བཤད། །བླ་མའི་རྣམ་བཤད་ཤིང་རྟས་དྲངས་པ་ཡི། །རྗེས་སུ་བདག་གི་བློ་གྲོས་ཞུགས་ནས་ནི། །གཞན་གྱི་མ་དག་ཚོགས་རྣམས་གཞོམ་པའི་ཕྱིར། །རྣམ་བཤད་འདི་ནི་དག་ལྡན་ཞེས་བྱ་ཡིན། །དུ་མས་ཡུན་རིང་བདག་ལ་གསོལ་འདེབས་ཀྱང༌། །གུས་དང་ལེ་ལོའི་དབང་གིས་མ་བགྱིས་པས། །དུས་ཕྱིས་ཀུན་ཀྱང་གསོལ་བ་འདེབས་པ་དང༌། །བླ་མའི་རྣམ་བཤད་དོན་གསལ་བྱ་ཕྱིར་དང༌། །གཞན་ལ་ཕན་ཕྱིར་རྩོམ་པར་འདོད་པ་ན། །མདོ་སྨད་གླིང་གར་སྐྱེས་པའི་བྲ་བོ་ནི། །ཡེ་ཤེས་སེང་གེས་གསོལ་བ་བཏབ་པའི་ངོར། །ཚིག་འགྲེལ་ཧ་ཅང་རྒྱས་མིན་དོན་གསལ་ལ། །སྡེབ་ལེགས་བློ་དམན་གྱིས་ཀྱང་གོ་འགྱུར་བའི། །རྣམ་བཤད་ཐུབ་པའི་རྒྱན་གྱུར་ཁོ་བོས་བྱས། །ལེགས་པར་བསམ་ཀྱང་ཉེས་པ་མཆིས་སྲིད་ན། །དཔལ་ལྡན་བླ་མ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །བུ་གཅིག་པ་ལ་བརྩེ་བའི་མ་བཞིན་དུ། །བདག་ལ་ཐུགས་རྗེས་བཟུང་སྟེ་བཟོད་པར་མཛོད། །འདི་བགྱིས་པ་ལས་དུབ་པར་གྱུར་པ་ཡི། །དགེ་བ་དྲི་མེད་མཐའ་ཡས་གང་ཐོབ་དེས། །ནམ་མཁའི་མཐར་ཐུག་གྱུར་པའི་ལུས་ཅན་གྱིས། །རྡོ་རྗེ་འཆང་དཔལ་མྱུར་དུ་འགྲུབ་པར་ཤོག །གཞན་ལའང་ཕན་པའི་བསམ་པས་བགྱིས་པ་ཡི། །དགེ་བས་བདག་ཅག་བསྒྲུབ་འཆད་ཉན་པ་ཡི། །ལམ་གྱི་བར་ཆད་ཐམས་ཅད་ཞི་བ་དང༌། །བསམ་པ་ཐམས་ཅད་ཆོས་བཞིན་འགྲུབ་པར་སྨོན། །སེམས་ཅན་ཐམས་ཅད་ལེགས་པར་སྨིན་བྱས་ནས། །སྐྱོན་མེད་བླ་མའི་དྲུང་དུ་ཉེར་ཕྱིན་ཏེ། །བསྟན་བཅོས་འདི་དང་ཕྲད་ནས་རྡོ་རྗེའི་ཚིག །ལེགས་པར་ཕྱེ་སྟེ་སངས་རྒྱས་སར་འགྲོ་ཤོག །བླ་མས་རྣམ་བཤད་ཉི་མའི་འོད་ཟེར་ནི། །མཛད་ནས་སོ་གཅིག་ཤིང་ཕོ་བྱི་ལོ་ལ། །དག་ལྡན་འདི་ནི་གྲགས་པ་རྒྱལ་མཚན་གྱིས། །དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་བགྱིས། །བརྟག་པ་གཉིས་པའི་རྣམ་པར་བཤད་པ་མ་དག་པ་རྣམས་འཇོམས་པར་བྱེད་པའི་རྣམ་འགྲེལ། དག་ལྡན་ཞེས་བྱ་བ་ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བ་འདི་ཡོངས་སུ་རྫོགས་སོ།།  །།ཉེས་པ་རྣམས་བླ་མའི་ཚོགས་ལ་བཟོད་པར་གསོལ་ཞིང་འདིས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག དེ་མ་ཐོབ་ཀྱི་བར་དུ་ཡང་ལམ་གྱི་བར་ཆད་ཐམས་ཅད་ཞི་བ་དང༌། བསམ་པ་ཐམས་ཅད་ཆོས་དང་མཐུན་པར་འགྲུབ་པར་གྱུར་ཅིག འདིར་སྨྲས་པ། བློ་གྲོས་མཆོག་རྣམས་བདག་གི་བླ་ཆེན་གྱིས། །མཛད་པའི་དཀའ་འགྲེལ་མངོན་རྟོགས་བླང་བྱ་ཞིང༌། །བློ་གྲོས་འབྲིང་རྣམས་བླ་མ་རིན་ཆེན་གྱིས། །མཛད་པའི་ཉི་མའི་འོད་ཟེར་བླང་བར་བྱ། །བློ་གྲོས་ཐ་མས་ཁོ་བོས་སྦྱར་བ་ཡི། །རྣམ་བཤད་དག་ལྡན་འདི་ནི་བླང་བར་བྱ། །སྤྲོས་བཅས་ཡིད་ཆེས་བརྟན་པར་འདོད་ན་དེས། །གསུམ་ཀ་བླངས་ཀྱང་བློ་གྲོས་གསལ་བར་འགྱུར། །རྒྱུད་སྤྱི་ལ་དགོས་པའི་སྡོམ་ལ། རྒྱུད་སྡེའི་དུམ་བུ་རྣམ་གཞག་མངོན་རྟོགས་དང༌། །སྟོང་ཐུན་རྣམས་ཀྱི་དོན་བསྡུས་བསྟོད་པ་གཉིས། །བདག་མེད་བསྟོད་པའི་རྣམ་འགྲེལ་དང་བཅས་པ། །ཀུན་ཏུ་དགོས་པའི་གཞུང་བདུན་འཐོར་མི་བྱ། །རྒྱུད་སོ་སོ་ལ་དགོས་པ་ནི། རྒྱུད་དོན་སོ་སོའི་རྣམ་འགྲེལ་དོན་བསྡུས་བཅས། གང་ལ་གང་དགོས་དེ་དེ་བླང་བྱས་ཏེ། །དེ་ལྟར་བཅུ་གསུམ་ལེགས་པར་རབ་བལྟས་ནས། །རྣམ་པར་ཕྱེ་བས་རྒྱུད་གསུམ་ཤེས་པར་འགྱུར། །རྡོ་རྗེ་ཐེག་པ་སྤྱི་དང་རྒྱུད་འདིའི་རྣལ་འབྱོར་པ་སྤྱི་ལ་དགོས་པའི་སྡོམ་ལ། སྨིན་བྱེད་ལྟུང་བའི་རྣམ་བཤད་སྒྲུབ་ཐབས་བཞི། །རབ་གནས་སྦྱིན་སྲེག་ཚོགས་ཀྱི་ཆོ་གར་བཅས། །རྡོ་རྗེ་དྲིལ་བུ་བགྲང་ཕྲེང་དགང་བླུགས་དང༌། །ཐ་མའི་ཆོ་ག་མཆོད་རྟེན་བསྒྲུབ་པ་སྟེ། །དེ་ལྟར་བཅུ་བཞི་དང་པོའི་ལས་ཅན་ནས། །བརྩམས་ཏེ་གང་ཟག་ཀུན་གྱིས་གཟུང་བར་བྱ། །གཞན་ཡང་སྦས་པའི་བརྟུལ་ཞུགས་ལ་དགོས་པ་ནི། ལུས་རྒྱན་བཏུང་བའི་སྣོད་དང་གཟུང་བྱའི་རྫས། །རོལ་མོའི་ཆོ་ག་སྟན་དང་བགོ་བའི་གོས། །འདི་དག་ཧེ་རུ་ཀ་དཔལ་ཆས་དྲུག་སྟེ། །རྣམ་པར་ཕྱེ་ན་བཅུ་བཞིར་འགྲུབ་པ་ཡིན། །དེ་ལྟར་བཤད་པའི་རྣམ་གཞག་འདི་དག་ཀུན། །གསང་སྔགས་འཛིན་པ་གཞན་ལ་མ་གྲགས་ཤིང༌། །འགའ་ཞིག་གྲགས་ཀྱང་ཇི་བཞིན་མི་ཤེས་པས། །ལུགས་འདི་གཞན་ལས་ཁྱད་པར་འཕགས་པ་ཡིན།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*