བྱིན་རླབས་ཚར་གསུམ་ཁུག་པ།

༼ཆ༽

༄༅། །བྱིན་རླབས་ཚར་གསུམ་ཁུག་པ་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ག་ཡ་དྷ་ར་བོད་དུ་བྱོན་དུས་རྗེ་འབྲོག་མི་དང་མཇལ། དཔོན་སློབ་འབྲེལ་བརྟག་ཅིང་བཞུགས་པ་ན། ཐོག་མར་འདི་གནང་བས་འབྲོག་མི་ཐུགས་ཆེས་པ་ཡིན་གསུང་ངོ༌། །བྱིན་རླབས་ཚར་གསུམ་ཁུག་པ། དེའི་ཡན་ལག་དྲུག་སྟེ་བདུན་གནང༌། དེ་ཡང་དབང་ཐོབ་ནས་ཉམས་སུ་བླངས་ན་རིག་འཛིན་གྱི་སྡོམ་པ་འཆོར་མེད་དུ་འོང་བ་ཡིན་གསུང༌། དེ་ཉམས་སུ་བླང་བ་ནི་སྟན་བདེ་བ་ལ་ཅི་བདེར་འདུག སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས་རང་ཐུན་མཚམས་ཀྱི་ལྷ་ཞལ་གཅིག་ཕྱག་གཉིས་པར་བསྐྱེད་ལ། དེའི་མདུན་དུ་པད་ཟླ་ལ་རྩ་བའི་བླ་མ་ཕྱག་གཡས་འཇིགས་སྐྱོབ། ཕྱག་མཐིལ་ནས་དཀར་པོ་ཅན། གཡོན་མཉམ་གཞག ཞབས་སྐྱིལ་ཀྲུང༌། རྒྱན་ལ་སོགས་པ་ལོངས་སྐུའི་ཆ་བྱད་ཅན་ནོ། །དེའི་ཐུགས་ཀར་ཟླ་སྟེང་དུ་ཧཱུྃ་དཀར་པོ། དེ་ལས་འོད་འཕྲོས་པས་ཆོས་འབྲེལ་ཡོད་ཚད་ཀྱི་རྩ་བརྒྱུད་ཀྱི་བླ་མ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ནས། དེའི་ཐུགས་ཀར་ཐིམ་པས་བླ་མ་དེ་གཟི་མདངས་ཕུན་སུམ་ཚོགས་པར་བསམ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མའི་སྐུ་ལ་ཕྱག་འཚལ་ལོ། །གསུང་དང་ཐུགས་འགྲེའོ་ཞེས་པས་ཕྱག་བྱ། མཆོད་པ་ནི་དངོས་སུ་བཤམས་པའམ། བློས་སྤྲུལ་པ་ལ་བསང་སྦྱང་བྱས་ལ། ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་ཨརྒྷཾ་ཨཱཿཧཱུྃ་ཞེས་པས་ཡོན་ཆབ་དབུལ། དེ་བཞིན་དུ་པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷ། ནཻ་ཝི་དྱེ། ཤཔྟ་ཨཱཿཧཱུྃ་ཞེས་པའོ། །ནང་མཆོད་ནི། ཐུགས་ཀའི་ཧཱུྃ་ལས་ལྷ་མོ་གཡས་ཌཱ་མ་རུ། གཡོན་བདུད་རྩི་ལྔས་གང་བའི་ཐོད་པ་བསྣམས་པ་དུ་མ་སྤྲོས་ལ། ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ་ཞེས་པ་དང༌། གསང་མཆོད་ནི། ལྷ་མོ་དེ་རྣམས་ཐུགས་ཀར་ཐིམ་པས་བྱང་ཆུབ་ཀྱི་སེམས་སུ་ཞུ་ནས་སྐུའི་ནང་ཐམས་ཅད་ཁེངས་པས་བདེ་ཆེན་གྱིས་རྒྱས་པར་བསམ་ཞིང༌། ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་བོ་དྷི་ཙིཏྟ་ཨཱཿཧཱུྃ་ཞེས་པ་དང༌། དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། དེས་བདེ་སྟོང་སྐྱེ་མེད་ཀྱི་ཡེ་ཤེས་རྒྱས་པར་བསམ་ཞིང༌། ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་ཨུ་སུ་ཁ་ཨཱཿཧཱུྃ་ཞེས་པས་མཆོད་ལ། དེ་ནས་ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་ཨ་བྷི་ཥིཉྩ་མཱཾ་ཞེས་གསོལ་བ་བཏབ་པས། དེ་ནས་བླ་མའི་ཕྱག་མཐིལ་གྱི་ས་ལས་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ། ཐུགས་ཀར་ཧཱུྃ། རང་ལ་ཡང་དེ་བཞིན་དུ་བསྒོམ་མོ། །དེ་ནས་བླ་མའི་ཕྱག་དཔྲལ་བར་རེག་ཅིང༌། ཨོཾ་དཔྲལ་བར་ཐིམ་པས་ལུས་ཀྱི་དྲི་མ་གསུམ་དག སངས་རྒྱས་ཐམས་ཅད་ཀྱི་སྐུའི་རང་བཞིན་ཡིན་སྙམ་དུ་ངེས་ཤེས་བསྐྱེད་ལ། དར་གཅིག་དེའི་ངང་ལ་གཞག་གོ །དེ་བཞིན་དུ་མགྲིན་པ་དང་སྙིང་གར་རེག་ཅིང༌། ཨཱཿདང་ཧཱུྃ་ཐིམ་པས་ལུས་ངག་ཡིད་ཀྱི་དྲི་མ་དག སངས་རྒྱས་ཐམས་ཅད་ཀྱི་གསུང་དང་ཐུགས་ཀྱི་རང་བཞིན་ཡིན་ངེས་སྙམ་དུ་བསྒོམ། ཁུག་པ་ནི་གནས་གསུམ་དུ་རེག་ཅིང༌། བླ་མའི་འབྲུ་གསུམ་རང་གི་འབྲུ་གསུམ་ལ་ཐིམ་པས་སྒོ་གསུམ་གྱི་དྲི་མ་མ་ལུས་པ་དག སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རང་བཞིན་གྱིས་རྣམ་པར་དག་པ་བདག་ཉིད་ལ་མངོན་དུ་གྱུར་པ་འདི་ཉིད་ཡིན་སྙམ་དུ་ངེས་ཤེས་བསྐྱེད་ལ། གོ་རིམ་བཞིན་དུ་སྣང༌། གསལ། རིག བདེ་རང་སྟོང་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག བླ་མས་ངོ་འཕྲོད་པ་གལ་ཆེའོ། །དང་པོ་ཚོགས་གཏོར་སྔོན་དུ་འགྲོ་བས་མཎྜལ་ཕུལ་ཞིང་བླ་མ་ལས་ལུང་བླངས་ཏེ། མཐོང་བ་བརྒྱུད་པ་ལས་ཤེས་སོ། །ཚར་གསུམ་ཁུག་པའོ། །འདི་རབ་ཀྱིས་ཐུན་བཞི། འབྲིང་གིས་གཉིས། ཐ་མས་ཉིན་རེ་ལ་ལན་རེ་བླངས་ན་རྩ་བ་དང་ཡན་ལག་གི་ཉེས་ལྟུང་ཆགས་ཉམས་མི་འབྱུང་ཞིང༌། བྱུང་ནའང་སོར་ཆུད་པ་ཡིན་པས་ནན་ཏན་གྱིས་བསྒྲུབ་བོ། །དེའི་ཡན་ལག་དྲུག་ནི། བསྐྱེད་རིམ་གྱི་མན་ངག རྫོགས་རིམ་གྱི་མན་ངག གཉིས་ཀ་དབྱེར་མེད་དུ་བསྒོམ་པའི་མན་ངག སྔགས་གཅིག་བཟླས་པས་ཉིན་ཞག་ཕྲུགས་གཅིག་གི་བཟླས་པར་འགྱུར་བའི་མན་ངག བསྲུང་བ་གཅིག་བྱས་པས་ཉིན་ཞག་ཕྲུགས་གཅིག་གི་བསྲུང་བར་འགྱུར་བའི་མན་ངག རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱི་མན་ངག་གོ །དང་པོ་ལ་གཉིས་ཏེ། ལྷ་བསྒོམ་པའི་མན་ངག་དང༌། སྔགས་བཟླས་པའི་མན་ངག་གོ །དང་པོ་ནི་ལྷ་དང་བླ་མ་གང་བསྒོམ་ཡང་ལྡེར་སོ་འདྲ་བའི་འབིག་འབིག་པོ་མ་ཡིན། ཐང་སྐུ་འདྲ་བའི་ཅར་ཅར་པོ་མ་ཡིན། བནྡེ་དང་བཙུན་པ་ལ་སོགས་པའི་རྣམ་པ་མ་ཡིན་པ། འོད་ཀྱི་རང་བཞིན་གྱི་སྐུ། རྣམ་པ་གསལ་བ། ངོ་བོ་བདེ་བ། རང་བཞིན་སྟོང་པ་སྟེ་དབང་བཞིའི་དོན་ལྷའི་སྟེང་དུ་ཚང་བར་བསྒོམ་མོ། །གཉིས་པ་ནི་བླ་མེད་ཀྱི་དགོངས་པས་བཟླས་ཚུལ་གསུམ་སྟེ། ཡེ་ཤེས་ཀྱི་བཟླས་པ་དང༌། དམ་ཚིག་གི་བཟླས་པ། འཁོར་བའི་བཟླས་པའོ། །ཡེ་ཤེས་ཀྱི་བཟླས་པ་ནི་ཡབ་ཀྱི་རྡོ་རྗེ་ནས་ཡུམ་གྱི་མཁར་བརྒྱུད། ཡུམ་གྱི་ཞལ་ནས་འོད་ཟེར་གྱི་རྣམ་པར་འཕྲོས་ན་ཕྱོགས་བཅུའི་སངས་རྒྱས་དང་དཔའ་བོ་རྣལ་འབྱོར་མའི་ཚོགས་རྣམས་མཆོད། དེ་དག་གི་ཐུགས་ཀར་ཐིམ། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང་འདྲེས། ཚུར་འདུས་པས་རང་ལ་དེ་དག་གི་བྱིན་རླབས་འཇུག་པར་བསམ། མར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཐམས་ཅད་ཀྱང་ལྷར་གྱུར་ནས་དེ་དག་ཐམས་ཅད་བདག་འདྲ་བར་བཟླས་པ་བྱེད་པར་བསམ་མོ། །དམ་ཚིག་གི་བཟླས་པ་ཚུར་འཁོར་བ་དང༌། འཁོར་བའི་བཟླས་པ་ས་བོན་ལ་འཁོར་བ་དེའི་གནད་ཀྱིས་ཤེས་སོ། །གཉིས་པ་རྫོགས་རིམ་གྱི་མན་ངག་ནི། རྩ་རླུང་ཐིག་ལེ་བསྒོམ་པ་ལྟ་ཞོག སྣང་སྲིད་ཀྱི་ཆོས་ཐམས་ཅད་སྣང༌། གསལ། རིག བདེ་བཞི་ལས་མ་འདས་ལ། དེ་ཐམས་ཅད་རང་སྟོང་དུ་གདོད་ནས་དག་པ་རྫོགས་པ་ཡིན་ལ། དེ་ལ་རིམ་གྱིས་གོམས་པར་བྱེད་པ་རིམ་པ་ཡིན་ནོ། །གསུམ་པ་རིམ་པ་གཉིས་དབྱེར་མེད་དུ་བསྒོམ་པའི་མན་ངག་ནི། ཕྱིའི་ཡུལ་དཀྱིལ་འཁོར། ནང་གི་རྩ་རླུང་དྭངས་མ་གསུམ་ལྷ་དང་ལྷ་མོ་ཡིན། དེ་གཉིས་སྣོད་བཅུད་གཉིས་ཀྱང་ཡིན་ལ། དེ་དང་རྫོགས་རིམ། རང་རྫོགས་བཞིའང་མཉམ་འབྱོངས་གཉིས་གཅིག་ཏུ་ཡོད་ལ། ཡོད་པ་བཞིན་དུ་བསྒོམ་པའོ། །དེ་གཉིས་ཀ་ཡེ་ཤེས་བཞི། རྡོ་རྗེ་བཞི། ལྷ་བཞི། སྐུ་བཞིར་འགྲོ་སྟེ་བླ་མའི་ཞལ་ལས་ཤེས་པར་བྱའོ། །བཞི་པ་སྔགས་གཅིག་བཟླས་པས་ཉིན་ཞག་ཕྲུགས་གཅིག་གི་བཟླས་པར་འགྱུར་བ་ནི། ཐོ་རངས་ལྷ་མོ་བཞིའི་གླུས་བསྐུལ། རང་ཐུན་མཚམས་ཀྱི་ལྷར་ལངས་ཏེ། སྐྱབས་འགྲོ་སེམས་བསྐྱེད་བྱས་ཏེ། ཨོཾ་ཀ་ནས་ཨའི་བར་བརྗོད། སྭཱ་ཧཱ་བཞག་ལ་ལན་གསུམ་བརྗོད། གཉིད་དུ་འགྲོ་ཁར་ཨོཾ་བོར་སྭཱ་ཧཱ་བཏགས་པ་ལན་གསུམ་བརྗོད་དོ། །དེས་ཅི་སྨྲས་པ་ཐམས་ཅད་སྔགས་སུ་འགྱུར་ཏེ། ཀཱ་ལི་ཐབས། ཨཱ་ལི་ཤེས་རབ་ཡིན་ལ། དེ་གཉིས་ལས་མ་གཏོགས་པའི་ངག་མི་སྲིད་པས་སོ། །དེ་ཡང་རང་སྟོང་གི་གནད་ཀྱིས་སོ། །ལྔ་པ་བསྲུང་བ་གཅིག་བྱས་པས་ཉིན་ཞག་ཕྲུགས་གཅིག་གི་བསྲུང་བར་འགྱུར་བ་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ལ་རང་ཐུན་མཚམས་ཀྱི་ལྷར་གསལ་བས། ཨོཾ་ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿརཀྵ་རཀྵ་སྭཱ་ཧཱ། ཞེས་སྤྱི་བོར་ཨོཾ་དཀར་པོའི་མཐའ་བསྐོར་བ་ལ་དམིགས་ཏེ་བཟླས་པས་འོད་ཟེར་དཀར་པོ་བྱུང་སྟེ། འོད་ཀྱི་ཐག་པས་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ཀཱ་ལི་གཡས་སྐོར། ཨཱ་ལི་གཡོན་སྐོར་དུ་དཀྲིས་ལ། ནད་གདོན་སོགས་ཀྱིས་ཚུགས་པའི་ཐབས་མེད་པར་བསྒོམ་མོ། །དེ་བཞིན་དུ་མགྲིན་པར་ཨཱཿདང་འོད་ཟེར་དམར་པོ། ཐུགས་ཀར་ཧཱུྃ་དང་འོད་ཟེར་སྔོན་པོ་འགྲེའོ། །འདི་ཡང་ལུས་ངག་ཡིད་གསུམ་རྡོ་རྗེའི་གནད་ཀྱིས་སོ། །དེ་ནས་ཡི་གེ་གསུམ་གསལ་བཏབ་ལ་འབྲུ་གསུམ་བརྗོད། གཉིད་དུ་འགྲོ་ཁར་ཡང་དེ་བཞིན་དུ་བྱའོ། །དྲུག་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱི་མན་ངག་ནི། ཤྲཱི་ཧེ་རུ་ཀ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ནོ། །རྒྱུད་ཀྱིས་བཤད་པའི་དོན། བཛྲ་སཏྭ་ཨ་ཞེས་པའི་དོན་གྱིས་གཟུངས་ཡང་སྙིང་དུ་བྱས་པ་ཡིན་པས་དེའི་དོན་ངེས་པར་བྱས་ནས་བརྒྱ་རྩ་རེ་ཙམ་བཟླས་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བཟླས་པ་བྱས་པར་འགྱུར་ཞིང༌། དེ་དག་གི་བྱིན་རླབས་ཀྱང་འཇུག་པ་ཡིན་ནོ། །ཡི་གེ་བརྒྱ་པ་ནི་ཕྲིན་ལས་བསྐུལ་བའི་སྔགས་ཡིན་གྱི་གཟུངས་མ་ཡིན་གསུང་ངོ༌། །འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། བིརྺ་པ། ཀཧྞ་པ། ཌཱ་མ་རུ་པ། ཨ་ཝ་དྷཱུ་ཏཱི་པ། ག་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ། མངའ་རིས་པ། སྒྱི་ཆུ་བ། བླ་མ་ས་སྐྱ་པ་ཆེན་པོ། བདུན་པོ་འདི་ཟབ་ཆོས་ཡིན་པས་ཉམས་མྱོང་མེད་པ་ལ་མི་བསྟན་གསུང་ངོ༌། །དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་དབང་ཕྱུག་འོད་ཟེར་གྱི་ངོར་བཙོང་ཁ་དགོན་པར་བླ་མའི་གསུང་བཞིན་བྲིས་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*