བླ་མ་བསྟེན་པའི་ཐབས་ཤློ་ཀ་ལྔ་བཅུ་པའི་གསལ་བྱེད།

༼ཆ༽

༄༅། །བླ་མ་བསྟེན་པའི་ཐབས་ཤློ་ཀ་ལྔ་བཅུ་པའི་གསལ་བྱེད་བཞུགས་སོ།།

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྗེ་བཙུན་བླ་མའི་ཚོགས་ལ་གུས་པ་ཡིས། །ཐལ་མོ་སྤྱི་བོར་སྦྱར་ནས་ཞབས་པད་ལ། །གུས་པས་ཕྱག་བྱས་ནས་ནི་བླ་མ་ཉིད། །མཉེས་བྱའི་གཞུང་འདི་བདག་གིས་གསལ་བར་བགྱི། །དེ་ལ་སྤྱིར་ཆོས་གསུམ་སྟེ། བདེན་པ་བཞིའི་ཆོས་ཀྱི་ཚུལ་དང༌། ཕ་རོལ་ཏུ་ཕྱིན་པའི་ཚུལ་དང༌། གསང་སྔགས་ཀྱི་ཚུལ་ལོ། །དེ་ལ་དང་པོ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བདེན་པ་བཞི་དང༌། རྟེན་འབྲེལ་བཅུ་གཉིས་ལ་ལམ་དུ་བྱེད་པའོ། །གཉིས་པ་ནི་འཁོར་བ་ལས་སྐྱོ་བ་བསྐྱེད་པས་དེ་ལ་སྐྱབས་འགྲོ་སྐྱེ། ཡང་བླ་ན་མེད་པའི་བྱང་ཆུབ་ལ་འདོད་པ་སྐྱེས་པས་སེམས་བསྐྱེད་པ་སྐྱེ། དེ་སྔོན་དུ་སོང་བས་ཕ་རོལ་ཏུ་ཕྱིན་པ་བཅུ་ཉམས་སུ་ལེན་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་ཚུལ་ལོ། །གསུམ་པ་ནི་ཚུལ་ཆེན་པོ་སྟེ་རིག་པ་འཛིན་པའི་སྡེ་སྣོད་ནི་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་ལས་ཀྱང༌། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །ཞེས་གསུངས་ཏེ་དེས་སོ། །ཡང་དཔལ་ནཱ་རོ་པས་གཉིས་སུ་གསུངས་ཏེ། ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་དང༌། རིག་པ་འཛིན་པའི་སྡེ་སྣོད་དོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་སོང་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བཅུ་ཉམས་སུ་ལེན་པའོ། །རིག་པ་འཛིན་པའི་སྡེ་སྣོད་ནི་དཀྱིལ་འཁོར་དུ་ཞུགས་ཏེ་མེ་ཏོག་དོར་བ་ལྷ་གང་ལ་ཕོག་པ་དེའི་རིག་པ་བྱིན་པ་རིག་པ་ཡིན་ལ་དེ་ཕྱིས་ཀྱང་ཉམས་སུ་ལེན་པས་འཛིན་པ་དེ་ལྟ་བུ་སྟོན་པའི་གཞུང་རྣམས་ཀྱང་རིག་པ་འཛིན་པའི་སྡེ་སྣོད་དོ། །དེ་ལྟ་བུ་དེ་ལ་གཞུང་གསུམ་དུ་གནས་ཏེ། འབྲས་བུ་སྟོན་པའི་གཞུང༌། མངོན་པར་རྟོགས་པ་སྟོན་པའི་གཞུང༌། བསྲུང་བྱ་སྟོན་པའི་གཞུང་ངོ༌། །དེ་ལ་གཉིས། ཁྱད་པར་གྱི་བསྲུང་བྱ་བླ་མ་ལྔ་བཅུ་པ། སྤྱིའི་བསྲུང་བྱ་སྟོན་པ་རྩ་ལྟུང་བཅུ་བཞི་པའོ། །མདོར་ན་བསྲུང་བྱ་དེ་རང་གིས་ཅི་བྱེད་སྙམ་པ་ལ། དངོས་གྲུབ་ཀྱི་རྒྱུ་རྐྱེན་བྱེད་དེ། དེ་ཡང་རྒྱུ་རྐྱེན་མ་ཚོགས་པར་ནི་དངོས་གྲུབ་མི་འབྱུང་བའི་ཕྱིར་རོ། །དེ་ཡང་རྒྱུ་རྐྱེན་གསུམ་དང་ལྡན་དགོས་ཏེ། དཔེར་ན་སྟོད་ན་གཅོང་རོང་མེད་པ་སྨད་ན་ཚ་སྒོ་མེད་པའི་ཞིང་དེ་ལ་རྒྱུ་ས་བོན་ལྟ་བུ་དང༌། རྐྱེན་ཆུ་ལུད་ལྟ་བུ་འཛོམ་ན་མྱུ་གུ་འབྱུང་བའོ། །ཡང་ཐབས་དང་ཤེས་རབ་གཏན་ལ་དབབ་པ་གྲུབ་པ་ལས། མེ་ཤེལ་གས་ཆག་ལ་སོགས་པའི་སྐྱོན་མེད་པ། བར་སྣང་སྒྲིབ་གཡོགས་དང་བྲལ་བ། ཉི་མ་གཟས་མ་ཟིན་པ་གསུམ་འཛོམ་ན་མེ་འབྱུང་ངོ༌། །ཡང་ཆུ་ཤེལ་སྐྱོན་མེད་པ། བར་སྣང་སྒྲིབ་གཡོགས་མེད་པ། ཟླ་བ་གཟས་མ་ཟིན་པ་གསུམ་འཛོམ་ན་ཆུ་འབྱུང་སྟེ། དེ་དང་འདྲ་བར་བདག་གི་རྐྱེན་དམ་ཚིག་དང་སྡོམ་པ་དང་ལྡན་པ། ཐབས་རྒྱུད་ཀྱི་རྐྱེན་སངས་རྒྱས་ཀྱིས་གསུངས་པའི་རྒྱུད་ལས་འབྱུང་བ། བླ་མའི་རྐྱེན་གདམས་ངག་དང་ལྡན་པ་གསུམ་འཛོམ་ན་དངོས་གྲུབ་ངེས་པར་འབྱུང་བར་འགྱུར་རོ། །དེ་ལ་བླ་མ་ལྔ་བཅུ་པ་དང་རྩ་བའི་ལྟུང་བ་ནི་བདག་གི་རྐྱེན་ཏེ་དམ་ཚིག་མི་ཉམས་ཤིང་དམ་ཚིག་དང་ལྡན་པར་བྱེད་པ་སྟེ། འདི་བཤད་པའི་དགོས་པ་ཡང་དེའོ། །མཚན་ནི་བླ་མ་ལྔ་བཅུ་པ་ཞེས་བྱ་བ་གཞུང་འདིས་བླ་མ་མཉེས་པར་བྱེད་པའི་ཐབས་ཤློ་ཀ་ལྔ་བཅུ་ཡོད་པས་སོ། །དེ་ལ་བླ་མ་ལྔ་བཅུ་པ་འདི་ལ་སྤྱི་དོན་ལྔས་བསྟན་ཏེ། གཞུང་རྩོམ་པའི་གང་ཟག་གང་གིས་བརྩམས་པ་དང༌། རྒྱུད་གང་ལ་བརྟེན་ཏེ་བརྩམས་པ། དགོས་པ་གང་གི་དོན་དུ་བརྩམས་པ། འདི་བཤད་པའི་དུས་ནམ་ཡིན་པ། བསྡུས་པའི་དོན་དུ་བསྟན་པའོ། །དེ་ལ་རྩོམ་པའི་སློབ་དཔོན་ནི། བྷ་ཝི་ལྷ་ཞེས་གྲགས་པ་ཡིན་ཏེ། དེའི་རིགས་ནི་རྒྱལ་པོ་ཟླ་བའི་རིགས་ཡིན་ཏེ་རྒྱལ་སྲིད་སྤངས་ནས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ན་རབ་ཏུ་བྱུང་སྟེ། བླ་མ་ཛེ་ཏཱ་རི་དང་ནོར་བཟང་ཞེས་བྱ་བ་ཡིན་ཏེ། པཎྜི་ཏ་ཆེན་པོར་གྱུར་ཀྱང་པ་ཏྲ་མ་ཐོབ་པས་གཙུག་ལག་ཁང་ན་པཎྜི་ཏ་རྣམས་ལ་རྩོད་པ་མཛད་ཅིང་ཤར་ཕྱོགས་བྷཾ་ག་ལར་གཤེགས་སོ། །ཁ་ཅིག་ནི་དང་པོ་ཕྱི་རོལ་པའི་པཎྜི་ཏ་མཁས་པ་ཡིན་ཞེས་ཀྱང་གྲགས་སོ། །བྷཾ་ག་ལ་དེ་དང་ཉེ་བ་ན་ཙནྡྲ་གོ་མིས་བཞེངས་པའི་གླིང་གི་སྒྲོལ་མ་ཞེས་བྱ་བ་བྱེ་མ་ལས་བྱས་པ་དེ་ལ་མཆོད་པ་ལ་བྱོན་པས། འཛམ་བུའི་གླིང་དང་ཉེ་བ་ན་ཙུ་ཏའི་གླིང་ཞེས་བྱ་བ་དབང་ཕྱུག་ནགས་ཚལ་གྱི་དུར་ཁྲོད་ཅེས་ཀྱང་བྱ་ཟེར་བ་དེའི་མི་རྐང་པ་གཅིག་ལས་མེད་དེ། མི་གཉིས་གཉིས་གཤིབས་ནས་འཁྲུལ་འཁོར་གྱིས་འགྲོ་བ་དེའི་མིས་གཟིངས་བཏང་ནས་བྱུང་བས་སློབ་དཔོན་འཛམ་བུའི་གླིང་གི་མི་རྐང་པ་གཉིས་པ་ངོ་མཚར་ཆེ་བས་ཁྱེར་རོ། །དེ་ནས་སློབ་དཔོན་ཉིད་སྒྲུབ་པ་མཛད་ཀྱིན་བཞུགས་མོད་ཀྱང༌། གླིང་དེ་ན་ཆོས་མེད་པས་རང་གི་ཡུལ་དུ་ཕྱིན་ལ་འགྲོ་བ་ལ་ཕན་གདགས་པ་ཡིན་པ་ལ་ང་ལ་འགྲོ་བའི་ཐབས་མེད་སྙམ་ནས་སྒྲོལ་མ་ལ་བསྟོད་པ་བྱེད་ཅིང་གསོལ་བ་བཏབ་པས། ནུབ་ཅིག་རྨི་ལམ་ན་ཡུལ་ཡིད་ལ་གྱིས་ལ་འགྲོ་འདོད་པའི་བསམ་པས་ཡུལ་དུ་མགོ་སྟོན་ལ་གཉིད་ལོག་ཅིག་གསུངས་ནས་དེ་ལྟར་མཛད་པས་གཉིད་སད་ཙ་ན་རྒྱ་མཚོའི་ཕར་འགྲམ་ན་བསྐྱལ་ནས་འདུག་སྟེ། སློབ་དཔོན་གྱིས་ནཱ་ལེནྡྲར་བྱོན་ཙ་ན་པཎྜི་ཏ་རྒན་པོ་རྣམས་ནི་འདས། སྔར་ཀློག་སློབ་པ་རྣམས་ནི་ཡོངས་སུ་རྫོགས་པའི་པཎྜི་ཏར་གྱུར་ཏེ་ངས་གཞན་དོན་བྱ་བའི་དུས་འདས་སྙམ་སྟེ། ཐུགས་ཁྲོས་ཏེ་བདེ་མཆོག་ལེའུ་བཞི་བཅུ་བདུན་པའི་ཡི་གེ་བདུན་པའི་སྔགས་ཀྱིས་ས་གཡོ་བའི་འཁྲུལ་འཁོར་བཅས་ཏེ་སྒྱོགས་སུ་འཕངས་ནས་ས་གཡོར་བཅུག་པས་སློབ་དཔོན་ཉིད་ཀྱི་བྲང་ཁང་ཡང་ཞིག ཁང་པ་གཞན་ཡང་ཞིག ཙུ་ཏའི་གླིང་གི་དུད་འགྲོ་དང་མི་ཐམས་ཅད་ཤིར་བཅུག་བརླག་པར་བྱས་པས། ཡང་སྒྲོལ་མས་རྨི་ལམ་དུ་ལུང་བསྟན་ཏེ། ཐེག་པ་ཆེན་པོ་པ་བྱ་བ་སེམས་ཅན་ལ་ཕན་འདོགས་པ་ཡིན་པ་ལ་ཁྱོད་ཀྱིས་སེམས་ཅན་མང་པོ་བསད་པས་ཁྱོད་ཀྱི་རྒྱུད་ལ་སེམས་ཅན་ལ་བྱམས་པ་སྤོང་པའི་སྡིག་པ་ཡོད་པས་ཁྱོད་བཤགས་པ་གྱིས་ཞེས་གསུངས་པས་སློབ་དཔོན་གྱི་ཐུགས་དགོངས་ལ། རྒྱ་ནག་རི་བོ་རྩེ་ལྔར་འཕགས་པ་འཇམ་དཔལ་བཞུགས་པའི་སྤྱན་སྔར་ཕྱིན་ལ་སྡིག་པ་བཤགས་དགོས་སྙམ་ནས་ཡོད་ཙ་ན། ཡང་སྒྲོལ་མས་དེས་ཁྱོད་ཀྱི་སྡིག་པ་མི་འདག་པས་རྡོ་རྗེ་ཐེག་པ་ལ་འཇུག་པའི་ལས་དང་པོ་པའི་དོན་དུ་རྩ་ལྟུང་དང་བླ་མ་ལྔ་བཅུ་པ་རྩོམས། རྒྱུད་སྡེ་མང་པོ་ལ་འགྲེལ་པ་རྩོམས་ཞེས་ལུང་བསྟན་ཏོ། །དེ་ནས་སློབ་དཔོན་གྱིས་བླ་མ་ལ་བརྙས་པ་སྤང་ཞིང་གུས་པར་བྱ་བའི་ཕྱིར་བླ་མ་ལྔ་བཅུ་པ། རིགས་ལྔའི་དམ་ཚིག་མི་ཉམས་པར་བྱ་བའི་དོན་དུ་རྩ་ལྟུང་བརྩམས་སོ། །ཕྱག་ན་རྡོ་རྗེ་དབང་བསྐུར་བ་དང༌། ལེགས་པར་གྲུབ་པ་དང༌། རྣམ་སྣང་མངོན་པར་བྱང་ཆུབ་པ་དང༌། སངས་རྒྱས་མཉམ་སྦྱོར་དང༌། གདན་བཞི་དང༌། རྡོ་རྗེ་མཁའ་འགྲོ་དང༌། དགེས་པ་རྡོ་རྗེ་དང༌། བདེ་མཆོག་འཁོར་ལོ་རྣམས་ལ་འགྲེལ་པ་མཛད་དོ། །དེ་ལྟ་བུའི་སློབ་དཔོན་དེ་ལ་ལྷ་གསུམ་པར་ཡང་གྲགས་ཏེ། ཕྱག་རྒྱ་ཆེན་པོ་སྒྲུབ་པའི་ལྷ་བདེ་མཆོག ཕྱིའི་བར་ཆད་སེལ་བ་སྒྲོལ་མ། ནང་གི་བར་ཆད་སེལ་བ་མི་གཡོ་བའོ། །ཡང་འདི་དང་འཇམ་དཔལ་གྲགས་པ་གཉིས་ལ་མང་དུ་ཐོས་པ་ཅན་ཞེས་ཀྱང་གྲགས་སོ། །དེ་ནི་རྩོམ་པ་པོའི་གང་ཟག་གོ །གཉིས་པ་རྒྱུད་གང་ལ་བརྟེན་ཏེ་དེ་བརྩམས་ན། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་དང༌། རྡོ་རྗེ་གཙུག་ཏོར་དང༌། གཤིན་རྗེ་གཤེད་དགྲ་ནག་པོའི་རྒྱུད་དང༌། དཔལ་མཆོག་དང་པོ་དང༌། རྣལ་འབྱོར་བླ་ན་མེད་པ་གསང་བ་འདུས་པ་དང༌། རྡོ་རྗེ་གུར་རྣམས་ལ་བརྟེན་ཏེ་བརྩམས་སོ། །གསུམ་པ་དགོས་པ་གང་གི་དོན་དུ་བརྩམས་པ་ནི། རྗེ་མྱུ་གུ་ལུང་པས་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མ་ཡིན་པས་དེ་ལ་བརྙས་པ་སྤོང་ཞིང་མཉེས་པར་བྱ་བའི་དོན་དུ་བརྩམ་པར་བཞེད་དོ། །སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེ་ནི་བདག་ཉིད་ཀྱི་ཆ་རྐྱེན་མ་ཚང་བ་མེད་པར་བྱ་བའི་དོན་དུ་བརྩམ་པར་འདོད་དོ། །གུང་ཐང་པའི་བཞེད་པས་ནཱ་རོ་པ་ནི་སློབ་དཔོན་དང་སློབ་མ་གཉིས་འབྲེལ་པ་བརྟག་པའི་ཆེད་དུ་བརྩམས་པ་ཡིན་ཏེ། དེའང་འདི་ཉིད་ལས། བླ་མ་དང་ནི་སློབ་མ་དག །མཚུངས་པར་དམ་ཚིག་ཉམས་འགྱུར་བས། །དཔའ་བོས་དང་པོར་སློབ་དཔོན་དང༌། །སློབ་མའི་འབྲེལ་པ་བརྟག་པར་བྱ། །ཞེས་གསུངས་པས་ཤེས་སོ། །བཞི་པ་བཤད་པའི་དུས་ནི། རྗེ་འབྲོག་མིའི་བཞེད་པས་སྟ་གོན་གྱི་ནུབ་མོ་སློབ་མ་སྐྱབས་འགྲོ་དང་སེམས་བསྐྱེད་བྱས་ནས། སློབ་མ་ལྷག་གནས་རྫོགས་པའི་ནང་པར་འཆད་པ་ཡིན་ཏེ། དེའང་འདི་ཉིད་ལས། བསམ་པ་དག་པའི་སློབ་མ་ནི། །དཀོན་མཆོག་གསུམ་ལ་སྐྱབས་སོང་ནས། །བླ་མའི་རྗེས་སུ་འཇུག་པ་ནི། །ཁ་ཏོན་བྱ་བར་སྦྱིན་པར་བྱ། །ཞེས་གསུངས་པས་སོ། །ནཱ་རོ་པའི་དགོངས་པ་དང་གུང་ཐང་པའི་བཞེད་པས་སློབ་དཔོན་དང་སློབ་མ་འབྲེལ་པ་བྱེད་པའི་ཐོག་མ་ཁོ་ནར་འདི་འཆད་པ་ཡིན་ཏེ། དེའང་སློབ་དཔོན་ལ་དབང་བསྐུར་བ་དང་ཆོས་ཞུ་བའི་དུས་སུ་ཁྱོད་ཀྱིས་སོ་སོར་ཐར་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་སྔར་བསྙེན་ཅིང་སླར་ཡང་བསྙེན་པར་སྤྲོའམ་ཞེས་དྲི་སྟེ། དེས་སྔར་བསྙེན་པ་སླར་ཡང་བསྙེན་པར་སྤྲོ་ཞེས་ཟེར་ན་བླ་མ་ལྔ་བཅུ་པ་བཤད་ལ་ཕན་ཚུན་དུ་འབྲེལ་པ་བརྟག སྔར་མ་བསྙེན་སླར་བསྙེན་པར་སྤྲོ་ཟེར་ན་ཕྱིས་སྐྱབས་འགྲོ་སེམས་བསྐྱེད་བྱས་ལ་འདི་བཤད། དེ་ལ་ཕན་ཚུན་དུ་བརྟག་པ་ཡིན་ཏེ། དེའང་འདི་ཉིད་ལས། བསམ་པ་དག་པའི་སློབ་མ་ཞེས་པ་ལ་སོགས་པས་ཤེས་པར་ནུས་སོ།།  །།ད་ནི་ལྔ་པ་དེ་ལྟ་བུའི་ཆོས་དེའི་བསྡུས་པའི་དོན་བརྗོད་པར་བྱ་སྟེ། དེ་ལ་སྤྱི་དོན་གསུམ་དུ་གནས་ཏེ། ཀླད་ཀྱི་དོན་ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ་དང༌། གཞུང་གི་དོན་དང༌། མཇུག་དགེ་བའི་རྩ་བ་བསྔོ་བའོ། །དང་པོ་ལ་གཉིས། ཕྱག་འཚལ་བ་དང༌། བཤད་པར་དམ་བཅའ་བའོ། །གཞུང་གི་དོན་ལ་བརྒྱད། སྤྱིར་འགྲོ་སངས་རྒྱས་ཀྱིས་ཀྱང་བླ་མ་བཀུར་བ་དང༌། ཆོས་ཞུ་བའི་སྔོན་དུ་བསྙེན་བཀུར་བའི་ཐབས་བསྟན་པ་དང༌། བསྙེན་བཀུར་བ་ཡུལ་དང་ཡུལ་ཅན་བརྟགས་པས་འཐད་པ་དང་བཅས་པ་དང༌། བླ་མ་བསྟེན་པའི་ཚད་འཐད་པ་དང་བཅས་པ་དང༌། གནས་སྐབས་ཀྱི་བྱེ་བྲག་གིས་བྱ་བ་དང་བྱ་བ་མ་ཡིན་པ་བརྟགས་ཏེ་དོར་བ་དང༌། གཞན་སྤྱོད་པ་ལ་གནས་པ་བཟློག་པ་དང༌། དེ་ལྟ་བུའི་བྱ་བ་རྣམས་ལ་ཉེས་པ་མེད་པའི་གནས་སྐབས་དང༌། དེ་དག་གི་དོན་བསྡུས་ཏེ་བསྟན་པའོ། །གཉིས་པ་ལ་གཉིས། བསྙེན་བཀུར་བའི་ཐབས་མདོར་བསྟན་པ་དང༌། ཐབས་ཀྱི་བྱེ་བྲག་གཞན་ནོ། །གསུམ་པ་ལ་གཉིས། མཚན་ཉིད་བརྟག་པའི་འཐད་པ་དང༌། མཚན་ཉིད་དངོས་སོ། །དེ་ལ་གཉིས། ཐུན་མོང་གི་མཚན་ཉིད་དང༌། ཁྱད་པར་གྱི་མཚན་ཉིད་དོ། །དང་པོ་ལ་གཉིས། དགག་པའི་སྒོ་ནས་བསྟན་པ་དང༌། སྒྲུབ་པའི་སྒོ་ནས་བསྟན་པའོ། །ཁྱད་པར་གྱི་མཚན་ཉིད་ལ་གསུམ། མཚན་ཉིད་དངོས་དང༌། མཚན་ཉིད་དང་ལྡན་པའི་བླ་མ་ལ་བརྙས་པའི་ཉེས་དམིགས་དང༌། གུས་པའི་ཕན་ཡོན་ནོ། །དེའི་བར་པ་ལ་གཉིས། ཉེས་དམིགས་དངོས་དང༌། ཉེས་པ་ཡོད་པའི་ཕྱིར་ན་མི་བརྙས་པར་བསྟན་པའོ། །དེའི་དང་པོ་ལ་གཉིས། མཐོང་བའི་ཉེས་པ་དང༌། མ་མཐོང་བའི་ཉེས་པའོ། །བླ་མ་བསྟན་པའི་ཚད་འཐད་པ་དང་བཅས་པ་ལ་གསུམ། བླ་མ་བསྟེན་པའི་ཚད་དངོས་འཐད་པ་དང་བཅས་པ་དང༌། བྱ་བའི་རྣམ་གྲངས་གཞན་ཕན་ཡོན་དང་བཅས་ཏེ་བསྟན་པ་དང༌། དེ་དག་གི་དོན་བསྡུས་ཏེ་བསྟན་པའི་སྒོ་ནས་ལྷ་དང་བླ་མ་ཐ་མི་དད་དུ་འདུ་ཤེས་བསྒྱུར་བར་བསྟན་པའོ། །དེའི་དང་པོ་ལ་གཉིས། དངོས་དང༌། འཐད་པའོ། །བྱ་བའི་རྣམ་གྲངས་གཞན་བསྟན་པ་ཕན་ཡོན་དང་བཅས་པ་ལ་གཉིས། རྣམ་གྲངས་དང༌། ཕན་ཡོན་ནོ། །སྤྱི་དོན་ལྔ་པ་གནས་སྐབས་ཀྱི་བྱེ་བྲག་གིས་བྱ་བ་དང༌། བྱ་བ་མ་ཡིན་པ་བརྟགས་ཏེ་མདོར་བསྟན་པ་ལ་གསུམ། བསྒོམ་པར་མི་བྱ་བའི་དམ་ཚིག་དང༌། འདའ་བར་མི་བྱ་བའི་དམ་ཚིག་དང༌། བྱ་བ་མ་ཡིན་པ་བརྟགས་ཏེ་དོར་བར་བསྟན་པ་དངོས་སོ། །དེ་ལ་གཉིས། དངོས་དང༌། བཀའ་བཞིན་དུ་བྱེད་པ་བསྟན་པའོ། །དང་པོ་ལ་གཉིས། བླ་མའི་འཁོར་དང་ལོངས་སྤྱོད་ལ་ཕོངས་པར་འཛིན་པའི་སྒོ་ནས་བླ་མ་མཉེས་པར་བྱ་བ་དང༌། སྤྱོད་ལམ་གྱིས་མཉེས་པར་བྱ་བའོ། །མཇུག་གི་དོན་ལ་གཉིས། ཆོས་བསྟན་པའི་གོ་རིམ་དང༌། དགེ་རྩ་བསྔོ་བའོ། །བསྡུས་པའི་དོན་བསྟན་ཟིན་ཏོ།།  །།དེ་ལ་འདིའི་བརྗོད་བྱ་དང༌། རྗོད་བྱེད་དང༌། དགོས་པ་དང༌། དགོས་པའི་དགོས་པ་གང་ཡིན་སྙམ་ན། བླ་མ་བསྟེན་པའི་ཐབས་ནི་བརྗོད་བྱའོ། །དེ་སྟོན་པའི་གཞུང་རྗོད་བྱེད་དོ། །བརྗོད་བྱ་རྗོད་བྱེད་ལ་རག་ལས་པ་ནི་འབྲེལ་པའོ། །བླ་མ་བསྟེན་པའི་ཐབས་ཤེས་ནས་དམ་ཚིག་དང་ལྡན་པར་བྱེད་པ་དགོས་པ་ཡིན་ལ། དེ་བསྟེན་པ་ལས་སངས་རྒྱས་འགྲུབ་པ་ནི་དགོས་པའི་དགོས་པ་ཡིན་ནོ།།  །།ད་ནི་དཀྱུས་མ་ཉིད་ལ་འཇུག་པར་བྱ་སྟེ། དང་པོ་ཀླད་ཀྱི་དོན་བཤད་པར་བྱ་སྟེ། དགོས་པའི་དོན་དང༌། བསྡུས་པའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་གཉིས། གཞུང་རྩོམ་པ་མཐར་ཕྱིན་པར་འགྱུར་བ་དང༌། གཞན་འཇུག་པར་འགྱུར་བའི་དགོས་པའོ། །དེ་ལ་དང་པོ་ནི་བླ་མ་ལ་ཕྱག་འཚལ་བས་རྩོམ་པ་པོ་དང༌། འཆད་པ་པོ་དང༌། ཉན་པ་པོ་ལ་བསོད་ནམས་སྐྱེ་ལ། དེས་བསོད་ནམས་མ་ཡིན་པ་ལས་ལྡོག་སྟེ་ལོག་པས་བར་ཆད་བཞི། དེས་རྩོམ་པ་འཆད་པ་ཉན་པ་མཐར་ཕྱིན་པར་འགྱུར་རོ། །གཉིས་པ་ནི་ཕྱག་འཚལ་བས་སློབ་དཔོན་བདག་ཉིད་གང་ཟག་དམ་པར་རྟོགས། དེ་ལ་བརྟེན་ནས་གཞན་འདི་ལ་འཇུག་པར་འགྱུར་བའོ། །དེ་ལ་གང་ཟག་དམ་པ་བྱ་བ་ལྟ་བ་རྟོགས་པ་ལ་བྱ་ལ། ལྟ་བ་ནི་གཉིས་ཏེ། ལོ་ཀ་པའི་ཡང་དག་པའི་ལྟ་བ་དང༌། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བའོ། །དེ་ལ་དང་པོ་ནི་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་སྟེ། ཉེས་པ་རྡུལ་ཕྲ་རབ་ཙམ་ལ་ཡང་འཛེམ་མོ། །རྒྱང་འཕེན་པ་ལ་སོགས་པ་ནི་ལས་རྒྱུ་འབྲས་ལ་སྐུར་བ་འདེབས་པ་ཡིན་ལ། དེས་ཕྱག་འཚལ་བ་ལ་སོགས་པ་མི་འདོད་དོ། །སློབ་དཔོན་འདི་ལོ་ཀ་པའི་ཡང་དག་པའི་ལྟ་བ་ལ་རྒྱུ་འབྲས་ལ་ཡིད་ཆེས་པ་ཅིས་ཤེས་ཤེ་ན། མཆོད་བརྗོད་བྱས་པས་ཤེས་པ་ཡིན་ཏེ། འདིར་བླ་མའི་ཞབས་ཀྱི་པདྨ་ལ་ཕྱག་བཙལ་བས་རྒྱུ་ཁྱད་པར་ཅན་ཡོད་པས་ན་འབྲས་བུ་ཁྱད་པར་ཅན་ཡོད་པར་བསྟན་པ་ལས་རྒྱུ་འབྲས་ལ་ཡིད་ཆེས་པས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་རྟོགས་པར་བསྟན་པའོ། །ལོ་ཀ་ལས་འདས་པའི་ཡང་དག་པའི་ལྟ་བ་ནི་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེའང་དཔལ་ལྡན་ཞེས་པའི་ཚིག་དོན་གཏན་ལ་ཕབ་པས་ཤེས་སོ། །དེའི་ཕྱིར་སློབ་དཔོན་འདི་ཡང་དག་པའི་ལྟ་བ་གཉིས་རྟོགས་པས་གཞན་རྣམས་ཀྱིས་དམ་པའི་སྤྱོད་པ་དང་ལྡན་པར་རྟོགས་ནས་འདི་ལ་འཇུག་པར་འགྱུར་བའོ། །བཤད་པར་དམ་བཅའ་བའི་དགོས་པའི་དོན་ནི། བཤད་པར་དམ་བཅའ་བ་བྱས་པས་དམ་བཅའ་ཡལ་བར་མི་འདོར་བས་འདི་བརྩམས་པ་མྱུར་དུ་མཐར་ཕྱིན་པར་འགྱུར་བའོ། །བསྡུས་པའི་དོན་ནི་ཕྱག་འཚལ་བ་དང་བཤད་པར་དམ་བཅའ་བ་གཉིས་སུ་གནས་མོད་ཀྱང་དང་པོར་མཉན་པར་གྱིས་ཤེའོ། །དེའང་ཚུལ་ཇི་ལྟར་མཉན་ཞེ་ན། གུས་པས་ཞེས་པའོ། །གང་མཉན་ཞེ་ན། མདོར་བསྡུས་པ་འདིའོ། །དེའང་གང་ལས་གསུངས་ཤེ་ན། དྲི་མེད་རྒྱུད་མང་ལས་སོ། །དེ་ཁྱོད་ཀྱིས་ཅང་ཤེས་སམ་ཞེ་ན། དེ་བསྟེན་པས་སོ། །དེ་ཡང་སྔོན་དུ་བྱ་བ་ཅི་བྱས་ནས་འཆད་ཅེ་ན། ཇི་བཞིན་བཏུད་བྱས་ཏེའོ། །གང་ལ་བཏུད་ན་ཞབས་ཀྱི་པདྨ་ལའོ། །གང་གི་ཞབས་ཀྱི་པདྨ་ལ་བཏུད་ན་བླ་མའིའོ། །དེ་རང་ལ་བཏུད་པ་ལ་དགོས་པ་ཅི་ཡོད་ཅེ་ན། དཔལ་ལྡན་རྡོ་རྗེ་སེམས་དཔའི་གནས་ཐོབ་པའི་རྒྱུར་གྱུར་པ་ཡིན་པས་སོ། །ཡང་བཤད་པ་དེ་ཁྱོད་རང་གིས་རང་བཟོ་མ་ཡིན་ནམ་ཞེ་ན། ཡང་དྲི་མེད་རྒྱུད་མང་ལས་གསུངས་ཞེས་སྦྱར་རོ། །འོ་ན་རྒྱུད་དུ་གསུངས་པས་ཆོག་མོད་ཟློས་སྐྱོན་ཡོད་དོ་ཞེ་ན། མདོར་བསྡུས་ཞེས་པས་ཟློས་སྐྱོན་སྤངས་པ་བསྟན་ཏོ། །ཚིག་དོན་ལ་དཔལ་ལྡན་ཞེས་པ་ནི་ཚིག་གཉིས་སམ། གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པས་དཔལ་ལྡན་ནོ། །དེ་ཉིད་གང་ཡིན་ཞེ་ན། རྡོ་རྗེ་སེམས་དཔའ་སྟེ་རྡོ་རྗེ་ནི་སྟོང་པ་ཉིད་ཡིན་ལ། སེམས་དཔའ་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་སྟེ། དེ་ནི་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་ལ། གནས་དེ་ལྟ་བུའི་གོ་འཕང་ལ་བྱའོ། །དེ་ཐོབ་པའི་རྒྱུར་གྱུར་པ་ནི་བླ་མ་དམ་པའི་གདམས་ངག་ཡིན་ལ་དེ་གང་ལ་རག་ལས་ན། བླ་མ་ལ་རག་ལས་པས་བླ་མའི་ཞབས་ཀྱི་པདྨ་ལའོ། །ཇི་བཞིན་བཏུད་བྱས་ནི་ཡུལ་བླ་མ་ལ་གང་ཟག་བྷ་ཝི་ལྷ་ལྟ་བུས། ཚུལ་ལམ་ཐབས་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་སོ། །དེ་བསྟེན་པ་ཡིས་ཞེས་པ་ནི་བསྟེན་པས་ངས་ཤེས་ཞེས་པའོ། །ཡང་ན་དེ་བསྟེན་པའི་ཟེར་ན་བླ་མ་དེ་བསྟེན་པའི་ཐབས་རྒྱུད་མང་པོ་ལས་འབྱུང་ཞེས་པའི་དོན་ཏོ། །དེ་ཉིད་གང་ལས་བྱུང་ན་དྲི་མ་མེད་པ་སྟེ། ཕྱི་རོལ་པར་འདོད་པའི་བསྟན་བཅོས་ལ་སོགས་པ་སྟོན་པ་དང༌། གང་ཟག་གིས་བྱས་པ་མ་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པར་སྒྲོ་བཏགས་དང་སྐུར་པ་བཏབ་པ་མ་ཡིན་པས་དྲི་མ་མེད་པའོ། །མང་ལས་གསུངས་པ་ནི་ཐམས་ཅད་ལས་གསུངས་ཀྱང་གཙོར་སྔར་བསྟན་པའི་རྒྱུད་ལྔ་པོ་ལས་སོ། །འོ་ན་རྒྱུད་འདི་ཉིད་ན་བཤད་ནས་འདུག་པས་ཁྱོད་ཀྱིས་བཤད་པ་ཟློས་སྐྱོན་ཡོད་དོ་ཞེས་ན་མ་ཡིན་ཏེ། རྒྱུད་དེ་དག་ནས་འཐོར་བ་བསྡུས་པ་དང་འཁྲུགས་པ་བསྡེབས་ཏེ་ཤློ་ཀ་ལྔ་བཅུར་བསྡུས་པས་མདོར་བསྡུས་ཏེ་ཟློས་སྐྱོན་སྤངས་པའོ། །དེས་ནི་དོན་དང་པོ་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་བསྟན་ཟིན་ཏོ།།  །།ད་ནི་གཞུང་གི་དོན་ལ་བརྒྱད་དུ་གནས་པའི་དང་པོ་བསྙེན་བཀུར་བའི་ཐབས་འཐད་པ་དང་བཅས་ཏེ་སྟོན་པ་ལས། དེ་ཡང༌། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །ཞེས་པ་ནས། དམ་པ་མིན་ལས་སྤང་ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་གཉིས་སུ་གནས་པ་ལས། དང་པོར་འཐད་པ་བསྟན་པ་ནི། བླ་མ་རྣམས་མཆོག་ཏུ་བཀུར་བ་བསྟེན་ཏེ། སོ་སོའི་སྐྱེ་བོ་ལྟ་ཅི་སྨོས་ཀྱི། སོ་སོ་སྐྱེ་བོ་སློབ་དཔོན་ལ་དེ་བཞིན་གཤེགས་པས་ཀྱང་མཆོད་ཅེས་འཐད་པ་བསྟན་པའི་ཕྱིར། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །ཞེས་པ་ལ་སོགས་པ་ཤློ་ཀ་གཅིག་སྨོས་ཏེ། དེ་ལ་རྒྱུད་བཞིའི་དགོངས་པ་འདིར་གསུང་བར་བཞེད་དོ། །དེ་ལ་དང་པོ་བྱ་བའི་རྒྱུད་རྡོ་རྗེ་གཙུག་ཏོར་གྱི་དབང་དུ་བྱས་ན། དབང་བསྐུར་མཆོག་ཐོབ་རྡོ་རྗེ་སློབ་དཔོན་ནི་སངས་རྒྱས་མར་མེ་མཛད་ཡིན་ལ། དབང་བསྐུར་མཆོག་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་ལ། དེ་མཉེས་པས་ན་དབང་བསྐུར་མཆོག་ཐོབ་ནི་མར་མེ་མཛད་དོ། །རྡོ་རྗེ་སློབ་དཔོན་མར་མེ་མཛད་དེ་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་རྣམས་ཀྱི་སློབ་དཔོན་ཡིན་ཏེ། དེ་ཡང་ཤཱཀྱ་ཐུབ་པ་གྲོང་ཁྱེར་ཡོན་ཏན་ལྡན་པར་རྒྱལ་པོ་དཔས་བྱིན་དུ་གྱུར་པའི་ཚེ། དེ་བཞིན་གཤེགས་པ་མར་མེ་མཛད་བྱང་ཆུབ་སེམས་དཔའ་ཟླ་མཛེས་སུ་གྱུར་པ་ལ་ཤཱཀ་ཐུབ་ཀྱིས་སེམས་བསྐྱེད་བྱས་པའི་སེམས་བསྐྱེད་པའིའང་སློབ་དཔོན་ཡིན་ལ། ཕྱིས་མར་མེ་མཛད་སངས་རྒྱས་པའི་ཚེ་ཡང་ཤཱཀ་ཐུབ་ལ་སོགས་པ་རྣམས་ཀྱི་སྟོན་པར་གྱུར་པའོ། །མར་མེ་མཛད་དེ་ལ་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་པའི་དེ་བཞིན་གཤེགས་པ་ཤཱཀ་ཐུབ་ལ་སོགས་པའི་གནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པ་རྣམས་ཀྱིས་སློབ་དཔོན་མར་མེ་མཛད་ལ་དྲིན་ལན་བསབ་པའི་ཕྱིར་དུས་གསུམ་དུ་ཕྱག་འཚལ་བའོ། །དེ་བཞིན་དུ་མ་འོངས་པའི་སོ་སོ་སྐྱེ་བོ་ཐ་མལ་པའི་སློབ་མས་སློབ་དཔོན་ལ་ཕྱག་འཚལ་བ་སྨོས་ཅི་དགོས་ཞེས་པའི་དོན་ཏོ། །གཉིས་པ་སྒྱུ་མ་བདེ་མཆོག་གི་དགོངས་པའི་དབང་དུ་བྱས་ན་དབང་བསྐུར་མཆོག་ནི་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་རྫོགས་པ་ཡིན་ལ། དེ་ཐོབ་པ་ནི་སོ་སོ་སྐྱེ་བོ་ལས་དང་པོ་པའི་སློབ་དཔོན་གཅིག་ལ་སློབ་མ་ཐ་མལ་པ་གཅིག་གིས་ཐོབ་པ་སྟེ། སློབ་དཔོན་གྱིས་རྗེས་སུ་གནང་བ་ལ་སོགས་པ་བྱིན་ཏེ་སློབ་མ་དེས་ཀྱང་དེ་ཁོ་ན་ཉིད་བཅུ་ལ་སོགས་པ་ཤེས་པས་ཆོས་བཤད་པ་ལ་སོགས་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པའི་ནུས་པ་དང་ལྡན་པར་གྱུར་པས་ན་རྡོ་རྗེ་སློབ་དཔོན་ནོ། །དེ་བཞིན་གཤེགས་པས་ཕྱག་འཚལ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕྱག་འཚལ་བའོ། །བྱང་ཆུབ་སེམས་དཔས་ཕྱག་བྱས་པས་དེ་བཞིན་གཤེགས་པས་ཕྱག་བྱས་པར་ཅིར་འགྲོ་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབུ་ལ་དེ་བཞིན་གཤེགས་པ་ལྔ་བཞུགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕྱག་བྱས་པའི་དུས་སུ་དེ་རྣམས་ཀྱིས་ཀྱང་བྱས་པར་འགྲོ་བའོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རིགས་ལྔས་དབུར་བརྒྱན་པ་རྣམས་ཀྱིས་སོ་སོ་སྐྱེ་བོ་ཐ་མལ་པ་དེ་ཉིད་བཅུ་ཤེས་པ་སློབ་དཔོན་དུ་གྱུར་པ་དེ་ལ་དུས་གསུམ་དུ་དངོས་སུ་ཕྱག་འཚལ་ཏེ། དེའང་སྐྱེས་བུ་ཆེན་པོ་ལེགས་སོ་ལེགས་སོ། །བདག་ཅག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་ཁྱོད་ཀྱིས་བྱས་སོ་ཞེས་པ་ལ་སོགས་པ་བརྗོད་ཅིང་ཕྱག་འཚལ་བའོ། །འོ་ན་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ་སོ་སྐྱེ་བོའི་སློབ་དཔོན་ལ་ཕྱག་འཚལ་བ་རང་ཅི་སྟེ་སྙམ་པ་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་པ་ཡིན་ལ། སེམས་བསྐྱེད་པས་སེམས་ཅན་གྱི་དོན་བྱ་དགོས་པ་དེ་སློབ་དཔོན་དེས་སྨིན་ལམ་དུ་དབང་བསྐུར་བ་དང་རབ་གནས་དང་ཆོས་བཤད་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་ཁུར་ཕྲི་སྟེ། བྱང་ཆུབ་སེམས་དཔའི་བྱ་བ་བྱེད་པའི་གྲོགས་སུ་འགྱུར་བས་ཕྱག་འཚལ་བ་སྟེ། དཔེར་ན་མི་གཅིག་ལ་བུ་མང་པོ་ཡོད་པ་ལ་ཁོའི་ཉེ་དུ་རྣམས་ཀྱིས་བུ་རེ་རེ་གསོས་ཏེ། ཕྱིས་ཆེར་ཚར་ཙ་ན་ཕ་མ་དེ་ལ་གཏད་པས་ཕ་མས་མི་རྣམས་ལ་གཏང་རག་ཁྱེད་ཀྱིས་ངེད་ཀྱི་བུ་གསོ་བའི་གྲོགས་བྱས་ཏེ་ཁུར་ཕྲིའོ་ཞེས་གཏང་རག་གཏོང་བ་ལྟ་བུའོ། །དེའི་ཕྱིར་ན་སློབ་དཔོན་ཐ་མལ་པ་ལ་ས་བཅུ་པའི་བྱང་ཆུབ་སེམས་དཔས་ཀྱང་ཕྱག་འཚལ་བ་ཡིན་པའི་ཕྱིར་རོ། །སློབ་མ་ཐ་མལ་པས་སློབ་དཔོན་ལ་ཕྱག་འཚལ་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའི་དོན་ཏོ། །གསུམ་པ་གསང་བ་འདུས་པ་དང་གུར་གྱི་དགོངས་པའི་དབང་དུ་བྱས་ན་དབང་བསྐུར་མཆོག་ནི་དབང་བཞི་ཡོངས་སུ་རྫོགས་པའོ། །རྡོ་རྗེ་སློབ་དཔོན་ནི་སོ་སོ་སྐྱེ་བོ་ལེ་ལོ་ཆེ་བའི་དབང་དུ་བྱས་ཏེ་འདིར་རིགས་ཀྱི་སྤྱི་ཉེ་བར་བཟུང་ནས་དུས་གསུམ་གྱི་སློབ་དཔོན་རྣམས་ལ་ཕྱག་འཚལ་བའི་དབང་དུ་བྱས་པའོ། །ཕྱོགས་བཅུའི་ལོ་ཀའི་ཁམས་ན་བཞུགས་པ་ཞེས་བྱ་བ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ལ་བྱས་ཏེ། དེ་རྣམས་ཀྱིས་དང་པོ་རང་གི་སློབ་དཔོན་ལ་དབང་ཐོབ་ནས་བརྩོན་འགྲུས་དྲག་པོས་བསྒྲུབ་པ་བྱས་པས་སློབ་མ་སྔོན་དུ་སངས་རྒྱས། བརྩོན་འགྲུས་ཆུང་བས་བླ་མ་སངས་རྒྱས་མ་ཐོབ་པ་ལ་དྲིན་ལན་བསབ་པའི་ཕྱིར་དུས་གསུམ་དུ་དངོས་སུ་ཕྱག་འཚལ་ཏེ། འདས་པའི་སློབ་དཔོན་རྣམས་ལ་འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཕྱག་འཚལ་བ་ལ། མ་འོངས་པ་དང་ད་ལྟར་བའང་དེ་དང་འདྲ་བའོ། །དེའང་འདུས་པའི་ལེའུ་བཅུ་བདུན་པ་ལས། བདག་ཅག་དེ་བཞིན་གཤེགས་པ་རྣམས་ཀྱི་ཕའོ་ཞེས་བྱ་བ་ལ་སོགས་པ་དག་གིས་ཕྱག་བྱ་བ་གསུངས་ལ། གུར་གྱི་ལེའུ་བཅུ་གཉིས་པ་ལས་ལུས་ཀྱིས་ཕྱག་འཚལ་བ་གསུངས་སོ། །དེ་དག་ཀྱང་སྔར་གྱི་དྲིན་ལན་བསབ་པའི་ཕྱིར་ཕྱག་འཚལ་བ་ཡིན་གྱི། ཕྱིས་རག་ལས་པ་ནི་མ་ཡིན་ནོ། །དེའི་ཕྱིར་རྒྱུད་དེ་དག་གི་དགོངས་པ་དང་སྦྱར་ནས། དེ་བཞིན་གཤེགས་པ་དེ་དག་ཀྱང་སོ་སོ་སྐྱེ་བོའི་སློབ་དཔོན་ལ་ཕྱག་འཚལ་ན་ཐ་མལ་པའི་སློབ་མས་སློབ་དཔོན་ལ་ཕྱག་འཚལ་བ་དང་བསྙེན་བཀུར་བྱེད་པ་ལྟ་ཅི་སྨོས་ཞེས་པའོ། །དེ་དག་གིས་ནི་རྒྱུད་བཞི་དང་སྦྱར་ཏེ་དོན་དང་པོ་སྤྱིར་འགྲོ་བླ་མ་བསྙེན་བཀུར་བའི་ཐབས་འཐད་པ་དང་བཅས་པ་བསྟན་ཟིན་ཏོ།།  །།སྤྱི་དོན་གཉིས་པ་ཆོས་ཞུ་བའི་སྔོན་དུ་བསྙེན་བཀུར་བའི་ཐབས་བསྟན་པ་ནི་འདི་ཡིན་ནོ། །དེ་ལ་སྔར་སློབ་དཔོན་དང་སློབ་མའི་འབྲེལ་མ་བྱས་པ་ཅིག་བྱེད་པའི་ཚེ་སློབ་དཔོན་ལ་བསྙེན་བཀུར་བ་འདི་ལྟར་བྱ་ཞེས་པ་དང༌། ཡང་ན་སྐྱབས་སུ་འགྲོ་བ་ཐུན་མོང་མ་ཡིན་པ་ཙམ་བྱས་པས་འདི་ལྟར་བྱས་པའི་ཚིག་གི་དོན་ནི། མཆོག་ཏུ་དད་པས་ཞེས་པ་ནི་བླ་མར་འོས་པ་ལས་གདམས་ངག་ལ་སོགས་པ་ཐོབ་པའི་དོན་དུ་བཅོས་མ་མ་ཡིན་ཏེ་ཞེ་ཐག་པའི་སྒོ་ནས་བདག་གི་བླ་མ་བྱ་བ་འདི་ལ་བསྙེན་བཀུར་བྱས་པའི་སྒོ་ནས་བླ་མ་ལ་གདམས་ངག་ནོད་ལ་དེ་ཉམས་སུ་བླངས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་བསམ་པ་བཟང་པོ་ནི་མཆོག་ཏུ་དད་པས་ཉིན་གཅིག་ལ་དུས་གསུམ་དུ་མཎྜལ་མེ་ཏོག་དང་བཅས་པ་ཐལ་མོས་བདག་གི་རྒྱུད་ལ་ཡོན་ཏན་སྟོན་པ་བདག་པས་ཁྱད་པར་དུ་འཕགས་པའམ་དབང་དང་གདམས་ངག་གནང་བས་བླ་མ་དེ་ལ་ལོངས་སྤྱོད་ལ་སོགས་པས་བསྙེན་བཀུར་ཞིང་ཞབས་ལ་སྤྱི་བོས་ཕྱག་བྱའོ། །རྒོལ་བ་ནི། ཁྱིམ་པའམ་ནི་གསར་བུ་ལ། །ཞེས་པ་སྟེ་སློབ་དཔོན་དུ་འོས་པའམ་མཐུན་མོང་མ་ཡིན་པའི་སྐྱབས་འགྲོ་ཙམ་བྱས་པའི་བླ་མ་ཁྱིམ་པའམ། དགེ་ཚུལ་ལམ། དགེ་བསྙེན་ལྟ་བུ་ཡིན་ལ། སློབ་མར་འོས་པ་རབ་ཏུ་བྱུང་བའམ། དགེ་སློང་ལྟ་བུ་ཡིན་པ་དེས་དངོས་སུ་ཕྱག་བྱ་དགོས་སམ་ཞེ་ན། དངོས་སུ་བྱ་མི་དགོས་པའི་སྐབས་ཀྱང་ཡོད་དེ། གོང་དུ་བསྟན་པ་བཞིན་གྱི་སློབ་དཔོན་དེ་ལ་བརྟུལ་ཞུགས་འཛིན་པ་ཞེས་པས་དགེ་སློང་ཆོས་ཀྱི་འབྲེལ་པ་མ་བྱས་པ་དེས་བློས་ཕྱག་བྱ་ཞེས་པ་སྟེ་བརྟུལ་ཞུགས་འཛིན་པ་ནི་དགེ་སློང་ལ་སོགས་པ་དེས་བློས་བྱ་ཞེས་པའོ། །འོ་ན་དངོས་སུ་གང་ལ་བྱ་ཞེ་ན། དམ་ཆོས་ལ་སོགས་མདུན་བདར་ཏེ། །ཞེས་པ་ནི་པུསྟིའམ་སྐུ་གཟུགས་ལ་སོགས་པ་ལ་དངོས་སུ་བྱས་ལ་ཡིད་ཀྱིས་བླ་མ་ལ་བྱ་ཞེས་པའི་དོན་ཏོ། །འོ་ན་དངོས་སུ་མི་བྱ་བ་རང་ཅི་སྟེ་ཞེ་ན། སྐབས་ཀྱི་སྟོབས་ཡིན་ཏེ། ལོ་ཀ་སྨོད་པ་སྤང་བའི་ཕྱིར། །ཞེས་སྨོས་ཏེ། དེའང་སློབ་མར་འོས་པ་རབ་བྱུང་ངམ་དགེ་སློང་ཡིན་ལ། བླ་མར་འོས་པ་དེ་དག་དགེ་བསྙེན་ནམ་དགེ་ཚུལ་ཡིན་པ་ལ་ཕྱག་བྱས་ན་ཉན་ཐོས་པའི་རབ་ཏུ་བྱུང་བ་རྣམས་ཀྱིས་སྡིག་པ་ཚན་ཆེ་བ་བསགས་སུ་དོགས་པ་སྟེ། ལོ་ཀ་བ་རྣམས་སྨོད་པར་འགྱུར་ན་དངོས་སུ་མི་བྱ། ཡིད་ཀྱིས་བྱས་ལ་དེ་ལྟ་བུ་མེད་ན་སློབ་དཔོན་དུ་འོས་པའམ་ཁྱད་པར་གྱི་སྐྱབས་འགྲོ་ཙམ་བྱས་པ་ལ་དངོས་སུ་ཕྱག་བྱས་པ་ཁོ་ན་ཡིན་ནོ། །འོ་ན་བསྙེན་བཀུར་བ་གཞན་ཡང་དངོས་སུ་མི་བྱའམ་ཞེ་ན་བྱ་སྟེ། གདན་བསྟབས་ཞེས་པ་ལ་སོགས་པ་སྨོས་སོ། །ཕྱག་དང་དམ་པ་མིན་ལས་སྤང༌། །ཞེས་པ་ལ་སོགས་པ་ནི་ཕྱག་དང་ཞེས་པ་ནི་སྔར་བཀག་པ་ཡིན་ལ། གཞན་ཡང་བླ་མའི་བཤང་གཅི་ཆེ་ཆུང་འཕྱགས་པ་ལ་སོགས་པ་ལོ་ཀ་པའི་མངོན་དུ་མི་བྱའོ། །གཞན་དུ་དེ་ལྟར་མ་ཡིན་ནོ། །ཕྱག་བྱ་དམ་པ་མིན་ལ་སྤང༌། །ཞེས་པའི་འགྱུར་ཡང་ཡོད་དེ་དེ་ལ་མི་མཛད་དོ། །དེ་ལ་ཕྱག་ནི་བྱ་ལ་དམ་པ་མ་ཡིན་པའི་ལས་སྤང་ཞེས་ཏེ། དེ་ནི་མ་ཡིན་ཏེ། དེ་ཡང་སྔར་ཕྱག་བཀག་པའི་ཕྱིར་རོ། །དེ་དག་གིས་ནི་འདི་སྐད་བསྟན་པར་འགྱུར་ཏེ། ཡོན་ཏན་དང་ལྡན་པའི་བླ་མར་འོས་པ་དེ་ལ་སངས་རྒྱས་ཐོབ་པར་འདོད་པའི་བསམ་པས་མན་ངག་ནོད་པའི་དོན་དུ་མཎྜལ་སྔོན་དུ་འགྲོ་བའི་ཕྱག་མེ་ཏོག་སྙིམ་པ་དང་བཅས་པས་ཤིན་ཏུ་དང་བའི་དད་པས་གསོལ་བ་གདབ་པར་བྱའོ། །དེ་ལ་བླ་མར་འོས་པ་ཁྱིམ་པའམ་གསར་བུ་ཡིན་ཞིང་སློབ་མར་འོས་པ་རབ་བྱུང་ངམ་རྒན་པ་ཡིན་ནས། དམན་པའི་འགྲོ་བ་ཉན་ཐོས་གནས་པའི་སར་དུས་མཚུངས་ན་ཆོས་ཞུ་བའི་དོན་དུ་གསོལ་བ་འདེབས་ན་ཕྱག་ནི་ཡིད་ཀྱིས་བྱ་ཞིང་དངོས་སུ་དེ་བཞིན་གཤེགས་པའི་རྟེན་ལ་བྱས་ལ་གདན་བསྟབས་པ་དང་སྔོན་དུ་ལྡང་བ་དང་མཎྜལ་ལ་སོགས་པ་སྔོན་དུ་འགྲོ་བས་གསོལ་བ་གདབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ལ་བཤད་པའི་མན་ངག་དང༌། མི་ལྡན་པ་དག་ཆོས་ཀྱི་འབྲེལ་པ་བྱས་པའི་བླ་མ་ཁྱིམ་པའམ་གསར་བུ་ཡིན་ལ། སློབ་མ་དགེ་སློང་ངམ་རབ་ཏུ་བྱུང་བས་ལོ་ཀ་བས་འཕྱ་བ་སྤང་བའི་ཕྱིར་ཡིད་ཀྱིས་ཕྱག་བྱེད་པ་ཡིན་ནོ་ཞེས་འཆད་པ་ཡོད་དེ། དེ་དག་ནི་དེ་ལྟར་མ་ཡིན་ཏེ། འདི་ལ་སྐྱོན་གསུམ་ཡོད་དེ་གང་ཡིན་སྙམ་ན་ཐེག་པ་ཆེན་པོའི་བཀའ་དང་བསྟན་བཅོས་ཀྱི་ལུང་དང་འགལ། ཉན་ཐོས་ཀྱི་བརྒལ་བ་དང་ལན་དང་ཡང་འགལ། སློབ་དཔོན་འདི་ཉིད་ཀྱི་གཞུང་དང་ཡང་འགལ་བར་འགྱུར་རོ། །དང་པོ་ནི་འཕགས་པ་ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་བྱང་ཆུབ་སེམས་དཔའི་ཐེག་པའི་གང་ཟག་ཐམས་ཅད་ལ་ཕྱག་བྱའི་ཞེས་གསུངས་པ་དང༌། བུ་མོ་འོད་བཟང་གིས་ཞུས་པའི་ཐེག་པ་ཆེན་པོའི་མདོ་ལས་ཀྱང༌། བཙུན་པ་མཽ་དགལ་གྱི་བུ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་བདག་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལས་བརྩམས་ཏེ་བྱང་ཆུབ་སེམས་དཔའ་འདི་ཐམས་ཅད་ལ་ཕྱག་བགྱིའོ་ཞེས་གསུངས་སོ། །སྡོང་པོ་བཀོད་པ་ལས་དྲ་བྱི་ལའི་སྤྲིན་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་ཡང༌། འཕགས་པ་ནོར་བཟང་གསར་བུ་ལ་ལུས་ཐམས་ཅད་བབ་པའི་ཕྱག་བྱས་པ་ལྟ་བུ་སྟེ། སེམས་བསྐྱེད་པ་དག་ལའང་བྱང་ཆུབ་སེམས་དཔའ་རྒན་པོས་ཕྱག་འཚལ་བ་ཡིན་ན་བླ་མ་ལ་ཅིའི་ཕྱིར་ཕྱག་མི་འཚལ་ཏེ་ཕྱག་བཙལ་བ་ཉིད་ཡིན་པ་དང༌། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་རིམ་པ་ལྔ་པ་ལས། ཚོགས་ན་བླ་མ་མཐོང་ན་རྒྱབ་ཀྱིས་ཕྱོགས་པར་བྱེད། །དེ་ནས་དེ་ནི་དབེན་པར་སོང་ནས་ཕྱག་བྱེད་འགྱུར། །དེ་ལྟར་རང་བཞིན་ངན་འགྱུར་དམན་པའི་སློབ་མ་ནི། །རང་བུ་ཡིན་ཡང་གཞན་བཞིན་ཡོངས་སུ་སྤང༌། །རྒྱལ་རིགས་རྗེའུ་རིགས་མཆོག་ལས་སྐྱེས་གྱུར་ཀྱང༌། །བརྟན་པས་ནམ་ཡང་དེ་ནི་དྲུང་དུ་གཞག་མི་བྱ། །ཞེས་གསུངས་སོ། །སློབ་དཔོན་ཌོམྦི་པས་ལྷན་ཅིག་སྐྱེས་གྲུབ་ལས། སློབ་མ་གང་ཞིག་གྲུབ་བརྙེས་ནའང༌། །ཁེངས་པས་བླ་མར་ཕྱག་མི་བྱེད། །བླ་མའི་བཀའ་ལས་འདས་པ་ཡིས། །སྐད་ཅིག་གིས་ནི་མནར་མེད་འཇུག །ཅེས་གསུངས་སོ། །དོན་གཉིས་པ་ཉན་ཐོས་ཀྱི་རྒོལ་བ་དང་ལན་འགལ་བ་ནི། ཉན་ཐོས་རྣམས་ན་རེ་འདི་སྐད་དུ་ཐེག་པ་ཆེན་པོ་པ་རྣམས་ཁྱིམ་པའི་གཟུགས་ལ་ཕྱག་འཚལ་བའི་ཕྱིར་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ། སངས་རྒྱས་ཀྱིས་ཕྱག་བྱ་བའི་ཡུལ་ནི་གཉིས་ཏེ། སངས་རྒྱས་དང༌། དགེ་སློང་རྒན་པོའོ་ཞེས་གསུངས་པ་ཡིན་ནོ་ཞེས་རྒོལ་བ་ཡང་ཡིད་ཀྱིས་ཕྱག་བྱེད་ན་འདིའི་རྒོལ་བ་མི་འབྱུང་བ་ལས་དེ་སྐད་རྒོལ་བས་ཀྱང་དངོས་སུ་ཕྱག་བྱེད་པར་མངོན་ལ། དེའི་ལན་དུ་ཐེག་པ་ཆེན་པོའི་ལུགས་ཀྱིས་ཁོང་པ་ལ་མི་ཕན་པས་ཉན་ཐོས་ཉིད་ཀྱི་ལུང་ནི་ཉན་ཐོས་ཀྱི་སྡེ་སྣོད་ལ། དེའི་ཕྱིར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བསྙེན་པར་མ་རྫོགས་པ་དང་ཁྱིམ་པའི་ཆ་ལུགས་འཛིན་པ་ལ་ཡང་སྟོན་པར་འདུ་ཤེས་པས་དགེ་སློང་དགྲ་བཅོམ་པ་རྣམས་ཀྱིས་ཕྱག་བྱའོ་ཞེས་ཐུབ་པ་དགོངས་པའི་རྒྱན་ལས་གསུངས་སོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཀྱང་རྟོག་གེ་འབར་བ་ལས། ཉན་ཐོས་ཀྱི་རྩོད་པ་བཟློག་པའི་ཕྱིར་དེ་དག་ཉིད་ཀྱི་ལུང་གསུངས་པ། བྱང་ཆུབ་སེམས་བསྐྱེད་ནས་བརྩམས་ནས། །དྲང་སྲོང་ཆེ་ལ་བདག་ཕྱག་འཚལ། །བྱང་ཆུབ་ཀྱི་སེམས་བསྐྱེད་པར་མཛད་མ་ཐག་དེ་ལ་ཡང་བདག་ཕྱག་འཚལ་ལོ། །མངོན་པར་རྫོགས་པར་སངས་རྒྱས་པ་དེ་ལ་ཡང་བདག་ཕྱག་འཚལ་ལོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ཡང་བདག་ཕྱག་བགྱིད་དོ། །བསིལ་བར་གྱུར་པ་ལ་ཡང་བདག་ཕྱག་འཚལ་ལོ་ཞེས་བཏགས་པར་སྨྲ་བའི་ནང་དུ་ཐོས་པ་རྣམས་ཀྱི་ཆོ་འཕྲུལ་ཆེན་པོའི་མདོ་ལས་འདོན་ཏོ། །དེ་ལ་སོགས་པ་སྡེ་པ་ཐ་དད་པ་བཅོ་བརྒྱད་པོ་ཐམས་ཅད་ཀྱི་ལུང་གསུངས་ནས་དོན་འདི་གསལ་བར་བྱ་བའི་ཕྱིར་སློབ་དཔོན་ཉིད་ཀྱིས་ཀྱང༌། ཅི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་གྱི་ཁྱིམ་པ་ཀུན་ལ་ཡང་རབ་ཏུ་བྱུང་བས་ཕྱག་བྱས་པ་ཡིན་ནམ་ཞེ་ན། ཡིན་པར་བརྗོད་པར་བྱ་སྟེ། གང་དག་ས་ལ་བཞུགས་པ་དང༌། ལུང་བསྟན་པ་ཡིན་པར་ཐོས་པ་དེ་དག་ནི་གང་དག་རི་བོང་དང་ངང་པའི་རྒྱལ་པོ་ལ་སོགས་དུད་འགྲོར་གྱུར་པ་ལ་ཡང་ཕྱག་བྱ་བ་ཡིན་ན་མི་ལ་སོགས་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ། །གསུམ་པ་སློབ་དཔོན་བྷ་ཝི་ལྷ་ཉིད་ཀྱི་གཞུང་དང་ཡང་འགལ་བར་འགྱུར་ཏེ། སྔར་དབང་བསྐུར་བ་མཆོག་ཐོབ་ཅེས་པའི་སྐབས་སུ་སངས་རྒྱས་རྣམས་ཀྱང་སློབ་དཔོན་ལ་ཕྱག་འཚལ་ན་སོ་སོ་སྐྱེ་བོ་རྣམས་ལྟ་ཅི་སྨོས་ཞེས་བྱ་བའི་དོན་གསུངས་ལ། ཡང༌། ཕྱག་དང་དམ་པ་མིན་ལས་སྤང༌། །ཞེས་བླ་མ་ལ་ཆོས་ཞུ་བའི་སྔོན་གྱི་བྱ་བ་བསྟན་ཟིན་ནས་གདོད་སློབ་དཔོན་དང་སློབ་མའི་འབྲེལ་བརྟག་པ་གསུངས་སོ། །གཞན་དུ་ན་ཁྱིམ་པའམ་ཞེས་བྱ་བ་ལ་སོགས་པའི་དོན་འདི་བསྙེན་བཀུར་བ་རྣམས་ཀྱི་ཞབས་སུ་རྩོད་པ་སྤོང་བ་དང་བཅས་ནས་གསུངས་པར་རིགས་སོ། །གཞུང་འདི་ཉིད་ཀྱང་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་ཙམ་བྱས་ནས་འདི་རྒྱས་པར་འོག་ནས་བཤད་པས་དེས་ཀྱང་སྔོན་ལ་འདི་ནི་ཆོས་འབྲེལ་མ་བྱས་པའི་སྔོན་དུ་བྱ་བ་ཡིན་པར་མངོན་ནོ། །རྣམ་པར་སྤྲོས་པས་ཆོག་གོ །དེ་དག་གིས་ནི་ཆོས་ཞུ་བའི་སྔོན་དུ་བྱ་བའི་བསྙེན་བཀུར་བའི་ཐབས་བསྟན་ཟིན་ཏོ།།  །།ད་ནི་དེ་ལྟར་ཞུས་ནས་སློབ་དཔོན་བྱེད་པའི་སྔོན་དུ་ཕན་ཚུན་འབྲེལ་བརྟག་དགོས་པས་ན་སྤྱི་དོན་གསུམ་པ་བསྙེན་བཀུར་བའི་ཡུལ་དང་ཡུལ་ཅན་བརྟག་པའི་འཐད་པ་དང་བཅས་པ་སྟོན་པ་ལ་གཉིས་ལས། མཚན་ཉིད་བརྟག་པའི་འཐད་པ་དང༌། མཚན་ཉིད་དངོས་སོ། །དང་པོ་ནི་ཅི་འོན་ཏེ་དེ་ལྟར་བསྙེན་བཀུར་བར་བྱ་བ་དང༌། ཁྱད་པར་ཅན་ཞིག་གམ་དེ་ལྟ་བུ་དང་མི་ལྡན་ཡང་རུང་སྙམ་པ་ལ། དེ་ནི་ཁྱད་པར་ཅན་ཞིག་དགོས་ཏེ། དེའང་ཐོག་མར་ཁྱད་པར་ཅན་གྱི་ཡོན་ཏན་དང་ལྡན་པ་དང་མི་ལྡན་པར་བརྟག་པར་བྱའོ། །འོན་ཏེ་བརྟག་པ་མ་བྱས་པར་འབྲེལ་བ་བྱས་ན་ཉེས་པ་ཅིར་འགྱུར་སྙམ་པ་ལ། དམ་ཚིག་ཉམས་པའི་ཉེས་པར་འགྱུར་བས་བརྟག་པའི་འཐད་པ་ཚིགས་སུ་བཅད་པ་གཅིག་གིས་སྟོན་ཏེ། བླ་མ་དང་ནི་སློབ་མ་དག །མཚུངས་པར་དམ་ཚིག་ཉམས་འགྱུར་བས། །དཔའ་བོས་དང་པོ་སློབ་དཔོན་དང༌། །སློབ་མའི་འབྲེལ་བ་བརྟག་པར་བྱ། །དེ་ལྟར་བརྟག་པར་བྱ་བ་ནི་མཚན་ཉིད་ཚིགས་སུ་བཅད་པ་གཉིས་ལས་དང་པོར་དགག་པའི་སྒོ་ནས་ཀྱི་མཚན་ཉིད་ཚིགས་སུ་བཅད་པ་གཅིག་སྟེ། བློ་ལྡན་བླ་མས་སློབ་མར་ནི། །སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་ཤིང་ཆགས་ལ་མ་བསྡམས་དང༌། །སྦྱོམས་དང་བཅས་པར་མི་བྱའོ། །མཚན་ཉིད་བསྒྲུབ་པའི་སྒོ་ནས་ཚིགས་སུ་བཅད་པ་གཉིས་ཏེ། བརྟན་ཞིང་དུལ་ལ་བློས་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །ཅེས་བྱ་བ་ཡན་ཆད་སློབ་མའི་མཚན་ཉིད་སྔོན་ལ་སྦྱར་ལ། སློབ་མའི་མཚན་ཉིད་བརྟགས་ལ། དེ་ནས་བླ་མ་ལ་སྦྱར་བར་བྱ་སྟེ། བློ་ལྡན་སློབ་མས་བླ་མར་ནི། །སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཅེས་བྱ་བ་ལ་སོགས་པ་སྔ་མ་བཞིན་སྦྱར་བར་བྱའོ། །དེ་ལ་དེ་དག་གི་ཚིག་གི་དོན་ནི་འདི་ཡིན་ཏེ། སྙིང་རྗེ་མེད་པ་ནི་སེམས་ཅན་ལ་ཀུན་ནས་མནར་སེམས་པའོ། །ཁྲོ་བ་ནི་འཕྲལ་དུ་སེམས་མནར་སེམས་པའོ། །གདུག་པ་ནི་ཁྲོས་པའི་འོག་ཏུ་སེམས་མི་འདུད་པར་ཁོན་དུ་འཛིན་པའོ། །ཁེངས་པ་ནི་ང་རྒྱལ་བདུན་གྱིས་སོ། །ཆགས་པ་ནི་རྒྱགས་པ་སྟེ་རང་གི་ཕུན་སུམ་ཚོགས་པ་ལ་ཆགས་པའི་དགའ་བས་སེམས་འཛིན་པའོ། །མ་བསྡམས་པ་ནི་བག་མེད་པ་སྟེ་ཉོན་མོངས་པ་ལས་སེམས་མི་བསྲུང་བར་ལུས་ཀྱི་སྤྱོད་པ་མ་བསྡམས་པའོ། །སྦྱོམས་དང་བཅས་པ་ནི་ཨཱདྨ་མ་ནེ་ཏེ་བདག་གཙོ་བོར་བྱེད་པ་སྟེ་བྱ་བ་ཐམས་ཅད་བདག་གི་དོན་དུ་བྱེད་པའོ། །དེ་དག་ནི་དགག་པའི་ངོས་ནས་བསྟན་པའོ། །བསྒྲུབ་པའི་ངོས་ནས་བསྟན་པ་ནི་ལུས་ངག་སེམས་རྣམས་མ་འཚུབས་པའོ། །དུལ་བ་ནི་སེམས་ཀྱི་བསླབ་པ་དང་ལྡན་པས་སེམས་དུལ་བའོ། །བློ་གྲོས་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་སྟེ་རིག་པ་དང་དེ་མ་ཡིན་པས་བསྐྱེད་པའི་དབང་པོ་གསལ་བའོ། །བཟོད་ལྡན་ནི་བླ་མ་དང་སློབ་མའི་བྱ་བ་ལ་བཟོད་པ་སྟེ་ཁྲོ་བ་ལས་བཟློག་པའོ། །དྲང་བ་ནི་བསྒྲུབ་པའི་ངོས་ནས་བསྟན་ལ། གཡོ་སྒྱུ་ནི་དགག་པའི་སྟེ་དེའང་གཡོ་ནི་བདག་གི་ཉེས་པ་བཅབ་པའི་ཐབས་སུ་སེམས་གྱ་གྱུའོ། །སྒྱུ་ནི་གཞན་སླུ་བའི་བསམ་པས་ཡང་དག་པ་མ་ཡིན་པའི་དོན་སྟོན་པའོ། །དེ་གཉིས་ལས་དྲང་བ་སྟེ་དེ་དག་ནི་ཐུན་མོང་གི་མཚན་ཉིད་དོ། །ཁྱད་པར་གྱི་མཚན་ཉིད་ནི། སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་འདྲི་བའི་ལས་ལ་མཁས། །སྔར་བཤད་པ་ཡི་སྤྱོད་པ་ཤེས། །རབ་ཏུ་དྲང་ཞིང་དབང་པོ་དུལ། །ཞེས་བླ་མའི་ཁྱད་པར་གྱི་མཚན་ཉིད་ཡིན་ཏེ། དེའང་སྔགས་ནི་ཕྲིན་ལས་བཞི་ལ་སོགས་པའི་སྔགས་ཀྱི་སྦྱོར་བ་དང༌། རྒྱུད་ནི་མཐའ་དྲུག་གམ་གདམས་ངག་དྲུག་དང་ཡན་ལག་ལྔ་ལ་སོགས་པའི་རྒྱུད་ཀྱི་སྦྱོར་བ་དང༌། སྙིང་རྗེ་དང་ལྡན་ཞིང་ཕ་རོལ་ཏུ་ཕྱིན་པའི་བཀའ་དང་བསྟན་བཅོས་རྣམས་ཀྱང་ཅི་རིགས་པ་ཤེས་པ་དང༌། དེ་ཉིད་བཅུ་ནི་དེ་ཁོ་ན་ཉིད་བཅུ་པ་ཚན་པ་གསུམ་སྟེ། དང་པོ་རྡོ་རྗེ་སློབ་དཔོན་ལ་ཉེ་བར་མཁོ་བའི་དེ་ཉིད་བཅུ་དང༌། ཆོ་གའི་དེ་ཉིད་བཅུ་དང༌། དེ་ཁོ་ན་ཉིད་ཀྱི་དེ་ཉིད་བཅུའོ། །དང་པོ་ལ་རབ་གནས་ཀྱི་རྒྱུད་ལས་འབྱུང་བ། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང༌། །སྟང་སྟབས་སྔགས་དང་འདུག་སྟངས་དང༌། །བཟླས་བརྗོད་སྦྱིན་སྲེག་གཏོར་མ་དང༌། །ལས་ལ་སྦྱར་དང་སླར་བསྡུ་བའོ། །ཞེས་རྡོ་རྗེ་སློབ་དཔོན་ལ་ཉེ་བར་མཁོ་བའི་དེ་ཁོ་ན་ཉིད་བཅུ་དང༌། ཆོ་གའི་དེ་ཉིད་བཅུ་གུར་གྱི་དགོངས་པ་ཌོམྦི་བའི་དེ་ཉིད་བཅུ་པ་ལས་འབྱུང་བ། བསྲུང་བ་དབང་བསྐུར་གཏོར་མ་བཟླས་བསྒོམ་དང༌། །ཕྱིར་བཟློག་པ་དང་དཀྱིལ་འཁོར་སྒྲུབ་པ་དང༌། །སྡིག་སྦྱོང་བ་དང་གཤེགས་སུ་གསོལ་བ་དང༌། །དེ་ཉིད་བཅུ་ཞེས་རྒྱལ་བ་རྣམས་ཀྱིས་གསུངས། །ཞེས་འབྱུང་བ་དང༌། དེ་ཁོ་ན་ཉིད་ཀྱི་དེ་ཉིད་བཅུ་རྒྱུད་འབུམ་ལྔའི་དགོངས་པ་རིན་ཆེན་འབར་བ་ལས་འབྱུང་བ། རྡོ་རྗེ་དྲིལ་བུ་ཡེ་ཤེས་དང༌། །ལྷ་དང་དཀྱིལ་འཁོར་སྦྱིན་སྲེག་དང༌། །སྔགས་དང་རྡུལ་ཚོན་གཏོར་མ་དང༌། །དབང་བསྐུར་དེ་ཉིད་བཅུ་རིག་པས། །ཞེས་གསུངས་ཏེ། དེ་ལྟར་དེ་ཁོ་ན་ཉིད་སུམ་ཅུ་ཐམ་པའོ། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས་པ་ནི་སྔོན་དུ་བསྙེན་པ་ནས་གཟེངས་བསྟོད་པའི་དབང་གི་བར་དཀྱིལ་འཁོར་བྲི་བའི་ལས་ལ་མཁས་པ་དང༌། སྔགས་བཤད་པའི་སྤྱོད་པ་ཤེས་པ་ནི་དབང་པོ་རབ་དང༌། འབྲིང་དང༌། ཐ་མ་རྣམས་ལ་དེ་དང་རྗེས་སུ་མཐུན་པའི་སྔགས་བཤད་པའི་སྤྱོད་པ་ཤེས་པ་སྟེ། དེ་ལྟར་དེ་ཉིད་བཅུ་གཅིག་ཏུ་བསྔོས་པས་ཐུན་མོང་གི་མཚན་ཉིད་དྲུག་དང༌། ཁྱད་པར་གྱི་དགུ་སྟེ་བཅོ་ལྔ་ལས་ཡོན་ཏན་ཤས་ཆེ་བ་དང༌། མཉམ་པ་དང༌། སྐྱོན་མེད་པ་གསུམ་བླ་མར་བཟུང་ལ་སྐྱོན་ཤས་ཆེ་བ་ནི་སྤང་བར་བྱའོ། །དེ་ལྟ་བུའི་སློབ་དཔོན་ལ་འབྲེལ་པ་བཅས་ནས་བརྙས་པ་བྱས་ན་ཉེས་དམིགས་ནི། དེ་འདྲ་བ་ཡི་མགོན་ལ་ཞེས་པ་ཚིགས་སུ་བཅད་པ་གཅིག་གིས་འཐད་པ་དང་བཅས་པའི་སྒོ་ནས་ཉེས་དམིགས་མདོར་བསྟན་ལ། སློབ་དཔོན་ལ་ནི་ཞེས་པ་ཚིགས་སུ་བཅད་པ་བཞིས་ཉེས་པ་དངོས་རྒྱས་པར་བཤད་ལ། དེ་བས་ཞེས་པ་ཚིགས་སུ་བཅད་པ་གཅིག་གིས་ཉེས་པ་ཡོད་པའི་ཕྱིར་མི་བརྙས་པར་གདམས་པའོ། །དེ་ལྟར་བརྙས་པ་མ་བྱས་པར་གུས་པ་བྱས་ན་ཕན་ཡོན་ཅིར་འགྱུར་སྙམ་ན། ཕན་ཡོན་ནི། བླ་མ་ལ་ནི་ཞེས་པ་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ།།  །།ད་ནི་བཞི་པ་བླ་མ་བསྟེན་པའི་ཚད་འཐད་པ་དང་བཅས་པ་བསྟན་པ་ལ་གསུམ་ལས་འཐད་པ་དངོས་ནི། རང་གི་དམ་ཚིག་ཅེས་པ་ཚིགས་སུ་བཅད་པ་གཅིག་གིས་བསྙེན་བཀུར་བའི་ཚད་བསྟན་ནས། གང་ཕྱིར་ཞེས་པ་ཚིགས་བཅད་གཅིག་གིས་འཐད་པ་བསྟན་ཏོ། །བྱ་བའི་རྣམ་གྲངས་གཞན་ཕན་ཡོན་དང་བཅས་པ་ནི་རྟག་ཏུ་ཞེས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་བྱ་བའི་རྣམ་གྲངས་བསྟན་ལ། དེ་བྱིན་ཞེས་པ་ཚིགས་བཅད་གཅིག་གིས་ཕན་ཡོན་བསྟན་ཏོ། །དེ་དག་གི་དོན་བསྡུས་ཏེ་བསྟན་པའི་སྒོ་ནས་ལྷ་དང་བླ་མ་ཐ་མི་དད་པར་བསྟན་པ་ནི། དེ་བས་ཞེས་པ་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ།།  །།ད་ནི་ལྔ་པ་གནས་སྐབས་ཀྱི་བྱེ་བྲག་གིས་བྱ་བ་དང་བྱ་བ་མ་ཡིན་པའི་ཆ་བརྟགས་ཏེ་དོར་བར་བསྟན་པ་ལ་གསུམ་ལས་བསྒོམ་པར་མི་བྱ་བའི་དམ་ཚིག་འཐད་པ་དང་བཅས་པ་ནི། མཆོད་རྟེན་བཤིག་འདྲའི་ཞེས་པ་ཚིགས་བཅད་གཅིག་གིས་བསྟན་ཏོ། །འདའ་བར་མི་བྱ་བའི་དམ་ཚིག་འཐད་པ་དང་བཅས་པ་ནི། བློ་གྲོས་ཆེན་པོ་ཞེས་པ་ཚིགས་སུ་བཅད་པ་གཅིག་གིས་བླ་མའི་བཀའ་ཉན་ཅིང་མི་ནུས་ན་ཚིག་གིས་སྦྱར་བར་བསྟན་ཏོ། །ཅི་དེ་ལྟར་བཀའ་ལས་མི་འདའ་བར་བྱ་བ་དེ་ཅི་ཡིན་སྙམ་ན། བླ་མ་ལས་ནི་ཞེས་པ་ཚིགས་སུ་བཅད་པ་གཅིག་གིས་འཐད་པ་བསྟན་ཏོ། །བྱ་བ་དང་བྱ་བ་མ་ཡིན་པའི་ཆ་བརྟགས་ཏེ་བསྟེན་པ་དང་དོར་བའི་སྒོ་ནས་བླ་མ་མཉེས་པར་བྱ་བ་ལ་གསུམ་ལས་བླ་མའི་འཁོར་དང་ལོངས་སྤྱོད་ལ་ཕོངས་པར་འཛིན་པའི་སྒོ་ནས་བླ་མ་མཉེས་པར་བྱ་བར་བསྟན་པ་ནི། བླ་མའི་རྗེས་ནི་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ། །སྤྱོད་ལམ་གྱི་སྒོ་ནས་མཉེས་པར་བྱ་བ་ནི། མལ་སྟན་ཞེས་པ་ནས་བླ་མ་ཞེས་པ་དང༌། མཆིལ་མ་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་བཅུ་གསུམ་གྱིས་བསྟན་ཏོ། །བཀའ་བཞིན་དུ་བྱ་བའི་སྒོ་ནས་བླ་མ་མཉེས་པར་བྱ་བ་ནི། རབ་གནས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཞིས་བསྟན་ཏོ།།  །།སྤྱི་དོན་དྲུག་པ་གཞན་སྤྱོད་པ་ལ་གནས་པ་བཟློག་པར་བསྟན་པ་ནི། དྲན་པ་བརྗེད་མེད་ལ་སོགས་པའི་ཚིགས་བཅད་གཅིག་གིས་བསྟན་ཏོ།།  །།བདུན་པ་དེ་ལྟ་བུའི་བྱ་བ་རྣམས་ལ་ཉེས་པ་མེད་པའི་གནས་སྐབས་ནི། ན་དང་ཞེས་སོགས་པ་ཚིགས་བཅད་གཅིག་གིས་བསྟན་ཏོ།།  །།སྤྱི་དོན་བརྒྱད་པ་དེ་དག་གི་དོན་བསྡུས་ཏེ་བསྟན་པ་ནི། འདིར་མང་ཞེས་བྱ་བ་ལ་སོགས་པ་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། གོང་དུ་བསྟན་པ་ཐམས་ཅད་ཀྱི་དོན་འདིར་འདུས་སོ་ཞེས་བྱ་བའི་ཐ་ཚིག་གོ།  །།སྤྱི་དོན་བཞི་པ་བླ་མ་བསྟེན་པའི་ཚད་འཐད་པ་དང་བཅས་པ་མན་ཆད་ཀྱི་གཞུང་གི་འབྲུ་རྣམས་ནི་གཞུང་ཉིད་ཀྱི་སྟེང་དུ་ཞིབ་ཏུ་རྟོགས་པར་བྱའོ། །འདིར་ཞིབ་ཏུ་མ་བྲིས་སོ། །མཇུག་གི་དོན་ལ་གཉིས་ལས་ཆོས་བསྟན་པའི་གོ་རིམ་ནི། བསམ་པ་དག་པའི་ཞེས་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། དེའི་དོན་ནི་འདི་ཡིན་ཏེ། སློབ་མ་བླ་མས་ཁྲིད་པ་ལ་ཐོག་མར་གཞུང་ལས་སྐྱབས་འགྲོའི་རྗེས་སུ་བཤད་པ་ཡོད་ཀྱང་སེམས་བསྐྱེད་པའི་རྗེས་ལ་ཁ་ཏོན་དུ་སྦྱིན་ནོ་གསུང་ངོ༌། །མཚན་ཉིད་དང་ལྡན་ནས་དབང་བསྐུར་བའི་རྗེས་ལ་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གཉིས་པ་དགེ་བའི་རྩ་བ་བསྔོ་བ་ནི་སེམས་ཅན་ཐམས་ཅད་སངས་རྒྱས་སུ་གྱུར་ཅིག་ཅེས་བྱ་བ་སྟེ། བསྟན་བཅོས་ཡོངས་སུ་རྫོགས་པའི་ཐ་ཚིག་གོ །བླ་མ་བསྟེན་པར་བྱེད་པའི་ཐབས་ཤློ་ཀ་ལྔ་བཅུ་པ་ཞེས་བྱ་བ་སྟེ། བྷ་བི་ལྷ་ཞེས་བྱ་བ་ནི་ལྷ་གསུམ་པའོ། །འབྲོག་དང་མལ་གྱོ་དག་ལས་རིམ་འོངས་ཤིང༌། །གྲགས་པས་ཀུན་ཁྱབ་རྗེ་བཙུན་ས་སྐྱ་པའི། །སྲས་མཆོག་བསོད་ནམས་ཞལ་སྔས་ཅུང་ཟད་བསྡེབས། །རྒྱས་པར་བདག་གིས་བགྱིས་པས་སངས་རྒྱས་ཤོག །བླ་མ་བསྟེན་པའི་ཐབས་ཤློ་ཀ་ལྔ་བཅུ་པའི་གསལ་བྱེད་བླ་མས་ཅུང་ཟད་ཅིག་མཛད་པ་དེ་གསལ་བར་བགྱི་བའི་ཕྱིར་ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*