ས་ག་ཟླ་བའི་དུས་མཆོད་ཆེན་མོའི་ངོ་སྤྲོད་མདོར་བསྡུས།

ས་ག་ཟླ་བའི་དུས་མཆོད་ཆེན་མོའི་ངོ་སྤྲོད་མདོར་བསྡུས་།

བོད་ཟླ་བཞི་བར་ས་ག་ཟླ་བའམ་འབུམ་འགྱུར་ཟླ་བ་ཟེར་ཞིང་། འདི་ནི་ནང་བསྟན་སྤྱིའི་དུས་མཆོད་གཙོ་བོ་ཞིག་སྟེ། སྟོན་པ་ཤཱཀྱ་ཐུབ་པ་དགའ་ལྡན་གྱི་གནས་ནས་གཟིགས་པ་ལྔས་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་རྣམ་པར་བརྫུས་ཏེ་ས་ལུག་ཆུ་སྟོད་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ཉིན་ལྷ་མོ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་ནས་ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ཉིན་ལུམ་བྷིའི་ཚལ་དུ་སྐུ་བལྟམས་པ་དང་།  གཅིག ཤིང་རྟ་ལོའི་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔ་ཉིན་གྱི་མཚན་མོར་བྱང་ཆུབ་ཆེན་པོའི་ཤིང་གི་དྲུང་དུ་གཡོ་མེད་ཏིང་འཛིན་ལ་གནས་ཏེ་སྲོད་ལ་བདུད་འདུལ་བ་དང་ཐོ་རེངས་ལ་མངོན་པར་རྫོགས་པར་སངས་རྒྱས་པ་དང་གཉིས། ལྕགས་འབྲུག་ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་རྩྭ་མཆོག་གྲོང་དུ་གཤེགས་ཏེ་ས་ལའི་ཚལ་གྱི་དབུས་ཐ་མལ་གྱི་གཟིམ་ཁྲིར་བཞུགས་ཤིང་ཉན་ཐོས་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད། འདུས་བྱས་ཐམས་ཅད་ནི་མི་རྟག་པ་དང་། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། མྱ་ངན་ལས་འདས་པ་ཞི་བ་ཞེས་གསུང་གི་ཐ་མ་ལྟ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་བསྩལ་ནས། ཟག་མེད་ཆོས་ཀྱི་དབྱིངས་སུ་སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་བཅས་དུས་མཆོད་ཆེན་པོ་གསུམ་གཅིག་ཏུ་ཁེལ་བའི་བྱིན་རླབས་ཀྱིས་ཕྱུག་པའི་དུས་ཕུན་སུམ་ཚོགས་པ་ཞིག་ཡིན།

  ས་ག་ཟླ་བའི་དུས་སུ་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་སོ་སོར་ཆོས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད་པར་མ་ཟད། སྡིག་པ་གང་བསགས་པ་དང་དགེ་བ་གང་བསྒྲུབས་པ་རྣམས་འབུམ་འགྱུར་དང་ཁྲི་འགྱུར་དུ་འཕེལ་བར་ངེས་བཟུང་ནས་དད་ལྡན་སེར་སྐྱ་ཕོ་མོ་རྣམས་ཀྱིས་ངང་བ་པད་མཚོར་འཇུག་པ་ཇི་བཞིན་མ་སྐུལ་རང་འགུལ་གྱི་སྔ་སྲོལ་བཟང་པོ་མ་ཉམས་པ་སྒོས་དམར་ཟས་གཅོད་པ་དང་། སྦྱིན་པ་གཏོང་བ། འཁྲུག་རྩོད་སྤོང་བ་སོགས་རྣམ་དཀར་དགེ་བའི་ལས་ལ་འཇུག་པའི་སྲོལ་ལེགས་ཁྱབ་བརྡལ་དུ་སོང་བ་དང་བསྟུན་ནས་ཡུལ་གྱི་དུས་ཆེན་གཙོ་བོ་ཞིག་ཏུ་གྱུར་འདུག་པས། དུས་མཆོད་འདིར་དད་ལྡན་མང་ཚོགས་རྣམས་ཀྱིས་རྟེན་མཆོག་གི་སྤྱན་ངར་མཆོད་པ་ཕུན་སུམ་ཚོགས་པོ་བཤམས་པ་དང་། སྨྱུང་གནས་སྲུང་བ། ཕྱག་འཚལ་བ་སོགས་སྐྱབས་གནས་དཀོན་མཆོག་གསུམ་ལ་མཆོད་པའི་སྤྲིན་བསམ་གྱིས་མི་ཁྱབ་པ་མཛད་པ་ཡིན་ནོ།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*