དཔལ་ཀྱཻ་རྡོ་རྗེའི་མངོན་པར་རྟོགས་པ་ཡན་ལག་བཞི་པ།

༈ ས་སྐྱ་བཀའ་འབུམ་ལས་པོད་༼ཅ་༽པ།

སློབ་དཔོན་བསོད་ནམས་རྩེ་མོའི་གསུང་པོད་གསུམ་པ།

༄༅། །པཉྩསྠཱབིདྱཱཡཱམཧཱཔཎྜིཏེཏིཔརིཡཤསཡཱཙཱརྻརཏྣཿཔུཎྱཱགྲཥྱཔྲཝཙནཾཔུསྟཀསྟྲྀཏཱིཡེབྷྱཤྲཱིཧེབཛྲཱབྷིསམཡཱངྒཙཏུརྠོབིཛཧཱར།།

༄༅། །གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ཞེས་ཡོངས་སུ་གྲགས་པའི་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་གསུང་རབ་གླེགས་བམ་གསུམ་པ་ལས་དཔལ་ཀྱེའི་རྡོ་རྗེའི་མངོན་པར་རྟོགས་པ་ཡན་ལག་བཞི་པ་བཞུགས་སོ།།

༄༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་ཞིག་ཐུགས་ནི་སྤྲོས་པ་ཀུན་བྲལ་ཡང༌། །ཐུགས་རྗེས་འཁོར་བ་སྲིད་དུ་བཞུགས་ནས་ནི། །སྣ་ཚོགས་ཐབས་ཀྱིས་མ་ནོར་ལམ་གསུངས་པ། །བླ་མ་ཀྱེ་རྡོ་རྗེ་ལ་བདག་ཕྱག་འཚལ། །ཀྱེ་རྡོ་རྗེ་དཔལ་ཐོབ་པར་བྱེད་པའི་ཐབས། །དང་པོའི་ལས་པས་ཉམས་སུ་བླང་བའི་ཚུལ། །སྒྲུབ་ཐབས་དཀྱིལ་འཁོར་སྦྱིན་སྲེག་རབ་གནས་རྣམས། །བླ་མའི་ཕྱག་ལེན་མཛད་བཞིན་འདིར་བྲི་བྱ། །ཐབས་ཚུལ་འདི་ནི་བླ་མ་གོང་མ་ཡིས། །གསལ་བར་མཛད་ཟིན་འདིར་དགོད་མི་དགོས་ཀྱང༌། །ཤིན་ཏུ་གསལ་བར་དོན་གཉེར་སྐྱེ་བོ་ཡིས། །བསྐུལ་ཕྱིར་བྲི་བས་འདི་ལ་སྐྱོན་ཡོད་མིན། །དེ་ལ་དཔལ་ཀྱེའི་རྡོ་རྗེ་སྒྲུབ་པའི་རྟེན་གྱི་གང་ཟག་ནི། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་སྟེ། དེ་ལས་ཐར་པ་མྱ་ངན་ལས་འདས་པའི་གནས་འདོད་པ་དང༌། དེ་ཡང་བདག་གི་དོན་དུ་མ་ཡིན་ཏེ། སྡུག་བསྔལ་སྣ་ཚོགས་ཀྱིས་གཟིར་བའི་སེམས་ཅན་གྱི་ཁམས་ལ་དམིགས་པའི་སྙིང་རྗེའི་སྟོབས་ཀྱིས། དེ་དག་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པ་དང༌། དེའི་དོན་དུ། བྱང་ཆུབ་སེམས་དཔའི་བསླབ་པ་མཐའ་དག་ལ་བློ་གོམས་པར་བྱ་བ་དང༌། ཁྱད་པར་དུའང་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། ཡང་དག་པའི་བླ་མ་ཚུལ་བཞིན་དུ་བསྟེན་ཏེ། གདན་གསུམ་ཚང་བའི་དཔལ་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ་ཞུགས་ཤིང༌། དབང་གི་ཆུ་བོ་བཞིན་དུ་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་བ་དང༌། བླ་མ་ལས་གདམས་ངག་མ་ལུས་པ་ཐོབ་སྟེ། ཁྱད་པར་དུའང་སྒྲུབ་པའི་ལུང་ཐོབ་པ་དང༌། ཐུན་མོང་གི་དངོས་གྲུབ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་ལ་སོགས་པ་དོན་དུ་གཉེར་བ་མ་ཡིན་ཏེ། དཔལ་ཀྱེའི་རྡོ་རྗེ་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་གོ་འཕང་ཁོ་ན་ཐོབ་པར་འདོད་པ་དང༌། བཟའ་བ་དང་བསྲུང་བའི་དམ་ཚིག་མ་ལུས་པ་ལ་གནས་པ་དང༌། གནས་དང་དུས་ལ་སོགས་པ་སྒྲུབ་པའི་མཐུན་རྐྱེན་ཚང་བར་བྱས་པའི་རྣལ་འབྱོར་པས་བསྒྲུབ་པར་བྱའོ། །དེ་ལ་དཔལ་ཀྱེའི་རྡོ་རྗེའི་མངོན་པར་རྟོགས་པའི་རིམ་པ་སློབ་དཔོན་ཆེན་པོ་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་གདམས་པ། བརྒྱུད་པ་བར་མ་ཆད་པའི་ལུགས་ནི་འདི་ལྟར་ཡིན་གསུང་ངོ༌། «།མངོན་རྟོགས་འདི་ལ་ཡི་གེ་མི་འདྲ་བ་མང་པོ་སྣང་སྟེ། དེ་དག་ནི་སློབ་དཔོན་གཞན་གྱི་དགོངས་པ་ཡིན་ནོ། །སློབ་དཔོན་བིརྺ་པའི་མངོན་པར་རྟོགས་པ་རྒྱས་པ་ནི་འདི་ལྟར་ཡིན་ཞེས་གསུངས་པས། སྔོན་གྱི་དངོས་གྲུབ་བརྙེས་པའི་སློབ་དཔོན་རྣམས་ཀྱི་དགོངས་པ་མི་འདྲ་བ་དུ་མ་རྣམས་སོ་སོ་བ་བསྲེ་བར་མི་བྱ་སྟེ། རང་གང་མོས་པ་ཅིག་ལ་འཇུག་པར་བྱའོ། །ཞེས་བླ་མ་གསུང་ངོ༌།» །དེ་ལ་གཉིས་ཏེ། མཉམ་པར་གཞག་པའི་རྣལ་འབྱོར་དང༌། མཉམ་པ་ལས་ལངས་པའི་རྣལ་འབྱོར་རོ། །མཉམ་པར་གཞག་པའི་རྣལ་འབྱོར་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའོ། །མཉམ་པ་ལས་ལངས་པའི་རྣལ་འབྱོར་ལ་བརྒྱད་དེ། རྣལ་འབྱོར་བཅུས་ཉིན་ཞག་གཅིག་གི་བྱ་བ་ཡོངས་སུ་རྫོགས་པ་ཡིན་ནོ། །དེའི་རིམ་པ་ནི་འདི་ལྟར་ཡིན་ཏེ། མདང་ནུབ་མོར་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ངང་ལ་ཉལ། ལྡང་བའི་རྣལ་འབྱོར་ལྷག་པའི་ལྷའི་ང་རྒྱལ་གྱིས་ལངས། བསམ་གཏན་གྱི་གྲོགས་སུ་འགྲོ་ན་ཁྲུས་བྱ། སྔོན་དུ་འགྲོ་བ་མཆོད་པ་དང་གཏོར་མ་བྱ་སྟེ། དེ་ནས་མཉམ་གཞག་གཉིས་བསྒོམ། དེ་ནས་བཟླས་པ་དང༌། ཁ་ཟས་དང༌། རྗེས་ཆགས་དང༌། སྤྱོད་ལམ་གྱི་རྣལ་འབྱོར་བྱ་སྟེ། འདི་ཐུན་མཚམས་ཐམས་ཅད་དུ་ཅི་རིགས་པར་འཇུག་པ་ཡིན་ནོ། །དེ་ལ་དང་པོ་ལྡང་བའི་རྣལ་འབྱོར་དགོས་ལ། དེའི་ཡང་སྔོན་དུ་ཉལ་བའི་རྣལ་འབྱོར་འགྲོའོ། །དེ་ལ་གཉིད་ལོག་པའི་དུས་སུ་ཉལ་བའི་རྣལ་འབྱོར་ནི་ལུགས་གཉིས་ཏེ། རང་བཞིན་ལྷན་ཅིག་སྐྱེས་པ་བསམ་གྱིས་མི་ཁྱབ་པའི་ངང་ལ་ཉལ་བ་དང༌། ཞུ་བདེ་ལྷན་ཅིག་སྐྱེས་པ་བདེ་བའི་ངང་ལ་ཉལ་བའོ། །དེ་ལ་རང་བཞིན་ལྷན་ཅིག་སྐྱེས་པའི་ངང་ལ་ཉལ་བ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་ཏེ་སྣོད་བཅུད་ཐམས་ཅད་ལ་ཕོག དེ་སྲུང་བའི་འཁོར་ལོ་ལ་བསྡུ། དེ་དུར་ཁྲོད་བརྒྱད་ལ་བསྡུ། དེ་གཞལ་ཡས་ཁང་ལ་བསྡུ། དེ་ལྷ་མོ་བརྒྱད་ལ་བསྡུ། དེ་ཞལ་བརྒྱད་ལ་བསྡུ། ཡུམ་ཡབ་ལ་བསྡུ། ཡབ་སྙིང་གའི་ཧཱུྃ་ལ་བསྡུ། ཧཱུྃ་ཡང་ཞབས་ཀྱུ་ནས་ཡར་རིམ་གྱིས་ཐིག་ལེ་དང་ནཱ་ད་མི་དམིགས་པར་བྱས་ལ། དེ་ལ་བློ་གཏད་དེ་ཉལ་བའོ། །ལུགས་གཉིས་པ་ཞུ་བདེ་ལྷན་ཅིག་སྐྱེས་པ་བདེ་བའི་ངང་ལ་ཉལ་ན། ཁམས་གསུམ་སྣོད་བཅུད་སྲུང་བའི་འཁོར་ལོ་ལ་བསྡུ། སྲུང་བའི་འཁོར་ལོ་མི་བསྡུ། གཞལ་ཡས་ཁང་བསྡུ་བའམ་མ་བསྡུས་ཀྱང་རུང་སྟེ། ལྷ་མོ་བརྒྱད་ཞལ་བརྒྱད་ལ་བསྡུ་བ་ཡན་ཆད་འདྲ་བར་བྱས་ལ། ཡབ་ཡུམ་ཙམ་དུ་གནས་པའི་དུས་དེར་ཐབས་ཤེས་སྙོམས་པར་ཞུགས་ཏེ། རྗེས་སུ་ཆགས་པའི་མེས་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་འོད་དུ་ཞུ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་ངོ་བོར་གྱུར་པར་བསྒོམ་སྟེ། དེ་ལ་བློ་གཏད་ལ་ཉལ་ལོ། །དེའང་ལས་དང་པོ་པས་རང་བཞིན་ལྷན་ཅིག་སྐྱེས་པའི་ངང་ལ་ཉལ་ལ། སེམས་ཅུང་ཟད་བརྟན་ནས་སྟོང་པ་ཤས་ཆེ་ན་བདེ་བའི་ངང་ལ་ཉལ། བདེ་བ་ཤས་ཆེ་ན་སྟོང་པའི་ངང་ལ་ཉལ་ལོ། །དེ་ནས་ཐོ་རངས་ལྡང་བའི་རྣལ་འབྱོར་བྱས་ལ་དག་པ་རྗེས་སུ་དྲན་པ་དང༌། ཐུན་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་རྡོ་རྗེའི་གླུ་བླང་བ་དང༌། སྨོན་ལམ་གདབ་པའི་བར་དུ་བྱས་ཏེ། དེ་རྣམས་ནི་སྲོད་ཐུན་གྱི་འཕྲོ་ཡིན་པས། དེས་སྲོད་ཐུན་རྫོགས་པའི་ཡིན་ནོ། །དེ་ནས་ཁྲུས་ལ་སོགས་པ་བྱ་སྟེ་ཐོ་རངས་ཀྱི་དུས་སུ་ཐུན་བསྒོམ་པར་བྱའོ། །དེ་ལྟར་ཉལ་བའི་རྣལ་འབྱོར་ལ་དགོས་པ་གཉིས་ཏེ། ཐ་མལ་གྱི་རྣམ་རྟོག་གི་གཉིད་ཀྱི་ཟིལ་གྱིས་མི་ནོན་པ་དང༌། ཆོས་སྐུའི་ངོ་བོ་ལྷན་ཅིག་སྐྱེས་པ་རྟོགས་པར་འགྱུར་བའི་དགོས་པའོ། །གཉིད་སད་པའི་དུས་སུ་ལྡང་བའི་རྣལ་འབྱོར་བྱ་སྟེ། དེ་ལྟར་ཉལ་བའི་ལུགས་གཉིས་ཡོད་པས། ལྡང་བའི་རྣལ་འབྱོར་ཀྱང་ལུགས་གཉིས་ཡོད་དེ། ནུབ་མོར་རང་བཞིན་ལྷན་ཅིག་སྐྱེས་པ་སྟོང་པ་ཉིད་ཀྱི་ངང་ལ་ཉལ་ན། ནང་པར་ཐོ་རངས་སྐད་ཅིག་ཙམ་ལ་དཔལ་ཀྱེའི་རྡོ་རྗེ་ཡབ་ཡུམ་དུ་ལྡང་ངོ༌། །ནུབ་མོར་ཞུ་བདེ་ལྷན་ཅིག་སྐྱེས་པ་བདེ་བའི་ངང་ལ་ཉལ་ན། ནང་པར་གཉིད་སད་པའི་དུས་སུ་རང་བཞིན་གྱི་གནས་ནས་པུཀྐ་སཱི་ལ་སོགས་པ་ལྷ་མོ་བཞི་བྱོན་ཏེ། རྗེ་བཙུན་སྙིང་རྗེས་ཡིད་བཞེངས་ཤིག །ཅེས་བྱ་བ་ལ་སོགས་པ་གླུ་བཞིས་བསྐུལ་ཏེ། ཐིག་ལེ་ལས་ཐིག་ལེ་གཉིས་སུ་གྱུར། ཐིག་ལེ་གཉིས་པོ་ཨྃ་དང་ཧཱུྃ་དུ་གྱུར་ཏེ། ཧཱུྃ་ལས་ཡབ། ཨྃ་ལས་ཡུམ་དུ་བཞེངས་པར་བྱའོ། །དེ་ལྟར་ལྡང་བའི་རྣལ་འབྱོར་བྱས་པ་ལ་དགོས་པ་གསུམ་སྟེ། ཐ་མལ་གྱི་རྣམ་པར་རྟོག་པ་ལས་བློ་ལྡོག་པའི་དགོས་པ་དང༌། བར་ཆད་ཀྱི་བགེགས་ལས་བསྲུང་བའི་དགོས་པ་དང༌། ལྷས་ལྷ་ལ་ཚོགས་བསགས་ན་ཚོགས་མྱུར་དུ་རྫོགས་པར་འགྱུར་བའི་དགོས་པའོ། །དེ་ནས་བསམ་གཏན་གྱི་ཡན་ལག་ཁྲུས་ཀྱི་རྣལ་འབྱོར་བྱའོ། །དེ་ལ་ཐོ་རངས་ཀྱི་དུས་སུ་བསམ་གཏན་གྱི་གྲོགས་སུ་འགྲོ་ན་ཁྲུས་བྱ། མི་འགྲོ་ན་བྱ་མི་དགོས། བྱེད་ན་ལུས་དང་ཡན་ལག་ལ་སོགས་པ་ནམ་ཁྲུས་བྱེད་པའི་ཚེ། རང་གི་སྙིང་གའི་ཧཱུྃ་གི་འོད་ཀྱིས། མདུན་གྱི་ནམ་མཁར་དེ་བཞིན་གཤེགས་པ་ལྔ་དང༌། རིག་མ་བཞི་དང༌། བྱང་ཆུབ་སེམས་དཔའ་བརྒྱད་དང༌། ལྷ་མོ་དྲུག་དང༌། ཁྲོ་བོ་བཅུ་པོ་སྤྱན་དྲངས་ལ། དེ་དག་ལ་ལྷ་མོ་བརྒྱད་ཀྱིས་མཆོད། རིགས་ལྔའི་བསྟོད་པ་གང་ཡང་རུང་བས་བསྟོད། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱྃ། སརྦ་ཏ་ཐཱ་ག་ཏ། ཞེས་བྱ་བས་དབང་བསྐུར་བར་གསོལ་བ་གདབ་པ་དང༌། དེ་བཞིན་གཤེགས་པ་དེ་རྣམས་ཧེ་རུ་ཀའི་གཟུགས་སུ་གྱུར་ཏེ། ཕྱག་ན་རིན་པོ་ཆེ་ལས་བྱས་པའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩི་ལྔའི་ཆུ་རྒྱུན་གྱིས་གང་བས་སྤྱི་བོ་ནས་བླུགས་ཤིང༌། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཞེས་གསུང་ཞིང་དབང་བསྐུར་བར་བསམ། རིག་མས་རྡོ་རྗེའི་གླུ་ལེན། བྱང་ཆུབ་སེམས་དཔས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད། ལྷ་མོས་མཆོད་པ་བྱེད། ཁྲོ་བོས་བགེགས་སྐྲོད་པར་བསམ་ལ་དངོས་སུ་རང་གིས་ཆུས་ཁྲུས་བྱ་ཞིང༌། སེམས་ཀྱིས་སྤྱི་གཙུག་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་ཞུགས་པས་ན་དབང་བཞི་ཐོབ་པས་དྲི་མ་བཞི་དག་པར་བསམ་ཞིང་ཁྲུས་བྱའོ། །དེ་ནི་འོག་གི་དབང་བསྐུར་གྱི་སྐབས་དང་འདྲ་བ་ལས་བསྒྲུབ་པའི་ཆོ་ག་རྣམས་བསྲེ་བ་དང༌། དབུ་རྒྱན་བསམ་མི་དགོས། གཞན་ཁྱད་པར་མེད་པར་བྱའོ། །དེ་ལྟར་ཁྲུས་ཀྱི་རྣལ་འབྱོར་ལ་དགོས་པ་གཉིས་ཏེ། ཉིན་ཞག་ཕྲུགས་གཅིག་གི་རྩ་བ་དང་ཡན་ལག་གི་དམ་ཚིག་གི་ཉེས་པ་དང་སྒྲིབ་པ་འདག་པ་དང༌། བསམ་གཏན་གྱི་ཡན་ལག་ཏུ་འགྱུར་བའི་དགོས་པ་ཡོད་དོ། །དེ་ནས་མཆོད་པ་དང་གཏོར་མའི་རྣལ་འབྱོར་ནི། ཐོ་རངས་ཀྱི་དུས་སུ་བསམ་གཏན་གྱི་ཁང་པ་ཉམས་དགའ་བ། ལེགས་པར་བྱི་དོར་བྱས་པར་ཐུན་ལ་འཇུག་པའི་སྔོན་དུ་རྣལ་འབྱོར་པས་བྱའོ། །འདི་ལ་དོན་བརྒྱད་དེ། དཀྱིལ་འཁོར་གྱི་བྱ་བ་དང༌། མཆོད་པ་བཤམ་པ་དང༌། ཚོགས་ཀྱི་ཞིང་སྤྱན་དྲང་བ་དང༌། ཕྱག་བཙལ་བ་དང༌། མཆོད་པ་དབུལ་བ་དང༌། རྒྱུན་བཤགས་བྱ་བ་དང༌། སྡོམ་པ་གཟུང་བ་དང༌། གཏོར་མ་གཏང་བའོ། །དང་པོ་དཀྱིལ་འཁོར་གྱི་བྱ་བ་ནི། རང་སྐད་ཅིག་ཙམ་གྱིས་དཔལ་ཀྱེའི་རྡོ་རྗེ་རྗེས་སུ་དྲན་པར་བྱ་ཞིང་ས་ཕྱོགས་གང་འོས་པ་དེར་ཁྲུ་གང་ཙམ་གྱི་མཎྜལ་བྱི་དོར་ལེགས་པར་བྱས་ལ། དེ་རྭ་བའི་རྣམ་ལྔ་དང༌། བདུད་རྩི་ལྔ་དང༌། དྲི་ཞིམ་པོའི་ཆུ་དང་བཅས་པས་ས་ཕྱོགས་དེར་བྱུག་པར་བྱ་སྟེ། དབང་ལྡན་གྱི་མཚམས་ནས་གཡས་སྐོར་གྱི་རིམ་པས་གྲུ་བཞིར་བྱུག་ཅིང༌། ཨོཾ་མེ་དི་ནཱི་བཛྲཱི་བྷ་བ་བནྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་འོག་ཐམས་ཅད་རྡོ་རྗེའི་ས་གཞིར་གྱུར་པར་བསྒོམ། ཡང་མཐའ་མར་ལེགས་པར་བསྐོར་ཞིང་བྱུགས་ལ་ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་པས་ཕྱོགས་དང་སྟེང་ཐམས་ཅད། རྡོ་རྗེའི་རྭ་བ་དང་གུར་དང་བླ་རེས་བསྐོར་བར་བསམ་ཞིང༌། དེར་རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་པ་ཡང་སྐད་ཅིག་གིས་བསམས་ལ། དེར་མེ་ཏོག་བཞག་སྟེ་ལག་པ་བཏེག་ལ་བསྐུའོ། །དེ་ནས་དབུས་སུ་མེ་ཏོག་ཚོམ་བུ་གཅིག་བཞག་ལ། ཧཱུྃ་ཤྲཱི་ཧེ་བཛྲཱ་ཡ་ན་མཿ ཞེས་བྱ་བས་དཔལ་ཀྱེའི་རྡོ་རྗེ་སྐད་ཅིག་གིས་བསྐྱེད། ཡང་དེ་ཉིད་དུ་མེ་ཏོག་བཞག་ལ་ནྃ་ནཻ་རཱཏྨྱ་ན་མཿ ཞེས་བརྗོད་པས་ཡུམ་བདག་མེད་མ་བསྐྱེད་དེ། དཀྱིལ་འཁོར་གྱི་དབུས་སུ་བདུད་བཞི་བརྩེགས་པའི་གདན་སྟེངས་སུ་དཔལ་ཀྱེའི་རྡོ་རྗེ་ཡབ་ཡུམ་བསམ། ཤར་ཕྱོགས་སུ་མེ་ཏོག་གི་ཚོམ་བུ་བཞག་ལ་གྃ་གཽ་རཱི་ན་མཿ ཞེས་བྱ་བས་ལྷ་མོ་གཽ་རཱི་བསམ། དེ་བཞིན་དུ་ལྷོ་ཕྱོགས་སུ་ཙྃ་ཙཽ་རཱི་ན་མཿ ཞེས་བྱ་བས་སོ། །ནུབ་ཕྱོགས་སུ་བྃ་བེ་ཏཱ་ལི་ན་མཿ ཞེས་བྱ་བས་སོ། །བྱང་ཕྱོགས་སུ་གྷྃ་གྷསྨ་རཱི་ན་མཿ ཞེས་བྱ་བས་སོ། །བྱང་ཤར་དུ་པྃ་པུཀྐ་སཱི་ན་མཿ ཞེས་བྱ་བས་སོ། །ཤར་ལྷོར་ཤྃ་ཤ་བ་རཱི་ན་མཿ ཞེས་བྱ་བས་སོ། །ལྷོ་ནུབ་ཏུ་ལྃ་ཙཎྜཱ་ལཱི་ན་མཿ ཞེས་བྱ་བས་སོ། །ནུབ་བྱང་དུ་ཌྃ་ཌོཾ་བི་ནཱི་ན་མཿ ཞེས་བྱ་བས་ལྷ་མོ་གཡུང་མོ་བསྐྱེད་པའི་བར་དུའོ། །ཕྱི་རོལ་དུ་དཀྱིལ་འཁོར་གྱི་བྱ་བའོ། །གཉིས་པ་མཆོད་པ་བཤམ་པ་ནི། དཀྱིལ་འཁོར་དེའི་མདུན་དུ་མཎྜལ་བྱས་ལ། གཡོན་ཕྱོགས་ནས་བརྩམས་ཏེ། དང་པོར་ཞབས་བསིལ་ཞེས་བྱ་སྟེ། དྲི་ཞིམ་པའི་ཆུ་བཞག དེ་ནས་ཞལ་བསིལ་ཞེས་བྱ་བ་འོ་མའམ་མངར་གསུམ་བླུགས་པ་བཞག དེ་ནས་འཐོར་འཐུང་གི་ཆུ་བཞག དེ་ནས་མཆོད་ཡོན་ཞེས་བྱ་བ་ཆུ་གཙང་ལ་མེ་ཏོག་དཀར་པོ་བླུགས་ལ་བཞག དེ་ནས་གཡས་སུ་མེ་ཏོག་དང༌། བདུག་སྤོས་དང༌། མར་མེ་དང༌། དྲི་ཆབ་དང༌། ཞལ་ཟས་རྣམས་རིམ་པ་བཞིན་བཞག ཡང་ཆུའི་དྲུང་དུ་ཐོད་པའི་ནང་དུ་ཆང་ལ་བདུད་རྩི་རིལ་བུ་བཏབ་ལ་བུམ་པ་ལ་སོགས་པའི་སྟེང་དུ་བཞག་སྟེ་ནང་གི་མཆོད་པ་ཞེས་བྱ། ཡང་འབྱོར་ན་གཏོར་མ་གཉིས་བྱ་སྟེ། འཇིག་རྟེན་ལས་འདས་པའི་གཏོར་མ་ཞེས་བྱ་བ་ཕུད་ལས་ཆུང་བར་བྱས་ཏེ་དཀྱིལ་འཁོར་གྱི་བྱང་ཤར་ལ་ཉེ་བར་བཞག འཇིག་རྟེན་པའི་གཏོར་མ་ཞེས་བྱ་བ་དེའི་ལྷག་མ་ལ་ཆེ་བར་བྱས་ལ་དེའི་གཡས་སུ་བཞག རྡོ་རྗེ་དྲིལ་བུ་གཉིས་རང་གི་མདུན་དུ་བཞག གཞན་ཡང་རོལ་མོ་ལ་སོགས་པ་མཆོད་པའི་ཡོ་བྱད་གང་འབྱོར་པ་རྣམས་ཀྱང་ཇི་ལྟར་འཚམ་པའི་གནས་སུ་བཞག་པ་རྣམས་ནི་མཆོད་པ་བཤམ་པའི་བྱ་བའོ། །གསུམ་པ་ཚོགས་ཀྱི་ཞིང་སྤྱན་དྲང་བ་ནི། རང་དཔལ་ཀྱེའི་རྡོ་རྗེ་ཕྱག་གཉིས་པའི་ང་རྒྱལ་དུ་དྲན་པར་བྱས་ལ་སྟན་ལ་འདུག་སྟེ། ལག་པ་གཡས་པ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པར་མོས་ལ་དེའི་ལྟེ་བར་རྃ་ལས་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་བསམ། ལག་པ་གཡོན་པ་ཨ་ལས་པདྨ་འདབ་མ་ལྔ་པར་མོས་ཏེ་དེའི་ལྟེ་བར་ཟླ་བ་ལ་ཨ་བསམ། དེ་ནས་དེ་རྣམས་ཞུ་བ་ལས་བྱུང་བའི་ལག་པར་བསམས་ལ། ལག་པ་གཉིས་རྣམ་ལྔ་འདོད་པའི་བསྐོར་བ་བྱས་ཏེ། ལག་པ་གཡས་པའི་རྡོ་རྗེ་བླང་ཞིང༌། ཨོཾ་མ་ཧཱ་བཛྲ་ཧཱུྃ་ཞེས་བརྗོད་ལ། ཧཱུྃ་ཞེས་བརྗོད་ཅིང་སྨིན་མཚམས་ཀྱི་བར་དུ་ལན་གསུམ་གསོར་ཞིང་ཐུགས་ཀར་བཟུང་སྟེ། ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་ཐུགས་ཀྱི་དམ་ཚིག་ཡིན་པར་དྲན་པར་བྱ། ཡང་ལག་པ་གཡོན་པས་དྲིལ་བུ་བླང་ཞིང༌། ཨོཾ་བཛྲ་གྷཎྜེ་ཨཿ ཞེས་བརྗོད་དེ་ལན་གསུམ་དཀྲོལ་ལ་དཀུར་ཁ་གྱེན་ལ་བསྟན་ཏེ་བཟུང་ལ། སྲིད་པ་ཐམས་ཅད་རང་བཞིན་གྱིས་དག་པ་སྟོན་པར་བྱེད་པའི་གསུང༌། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་ངོ་བོ་གསུང་གི་དམ་ཚིག་ཡིན་པར་དྲན་པར་བྱ། རང་ཀྱེའི་རྡོ་རྗེ་ཕྱག་གཉིས་པར་བསྐྱེད་པ་དེ་ཉིད་རྡོ་རྗེ་སེམས་དཔའི་ངོ་བོ་སྟེ་ཕྱག་རྒྱའི་དམ་ཚིག་ཡིན་པར་དྲན་པར་བྱའོ། །དེ་ནས་དྲིལ་བུ་ཕྱོགས་མཚམས་བརྒྱད་དུ་དཀྲོལ་ཞིང༌། ངག་ཏུ། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙཱ་ལི་ཏེ་པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སཾ་བྷ་ཝེ་ཏ། བཛྲ་དྷརྨ་ཧྲྀ་ད་ཡ་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཨ་ཁཾ་སྭཱ་ཧཱ། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱཾ་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་དེ་སེམས་ཀྱིས་རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། དེ་དག་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པ་བླ་མ་དང་བཅས་པ་སྤྱན་དྲངས། དེ་དག་ཐམས་ཅད་ཀྱང་དཔལ་ཀྱེའི་རྡོ་རྗེ་དཀྱིལ་འཁོར་གྱི་རྣམ་པར་བྱོན་ནས། བདག་གི་མདུན་དུ་བསྐྱེད་པའི་དཀྱིལ་འཁོར་ལ་ཐིམ་སྟེ། གཉིས་སུ་མེད་པར་བཞུགས་པར་བསམ། དཀྱིལ་འཁོར་མེད་ན་མདུན་གྱི་ནམ་མཁའ་ལ་བཞུགས་པར་བསམ་པར་བྱའོ། །བཞི་པ་ཕྱག་འཚལ་བ་ནི། དཀྱིལ་འཁོར་གྱི་འཁོར་ལོ་དེ་ཉིད་བདག་ཉིད་བླ་མ་ཡིན་པར་མོས་ལ། བླ་མའི་ཡོན་ཏན་བརྗོད་ཅིང་ཕྱག་འཚལ་ཏེ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །འཁོར་བའི་འདམ་ཚོགས་ནང་གནས་པ། །ཐུགས་རྗེའི་ཕྱག་གིས་འདྲེན་མཛད་དེ། །ཡེ་ཤེས་བདུད་རྩིས་ཚིམ་མཛད་པ། །བླ་མའི་ཞབས་ཀྱི་པདྨར་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་རྣམས་ལ་སྐྱབས་སུ་མཆི། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །ཅེས་བྱ་བ་ལ་སོགས་པ་བསྟོད་པ་གང་ཡོད་པ་བརྗོད་ཅིང་ཕྱག་བཙལ་ལོ། །དེ་ནས་ཡང་བླ་མ་དེ་ཉིད་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ཡིན་ཞེས་མོས་པ་བྱས་ལ། ཐམས་ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་བདག་ཉིད་གནས། །ཐབས་དང་ཤེས་རབ་གཉིས་མེད་པ། །ཀྱེ་ཡི་རྡོ་རྗེར་བདག་ཕྱག་འཚལ། །ཞེས་བྱ་བ་ལ་སོགས་པས། དཔལ་ཀྱེ་རྡོ་རྗེའི་བསྟོད་པ་དང༌། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྟོད་པ་གང་ཡོད་པ་རྣམས་ཀྱིས་བསྟོད་ཅིང༌། སངས་རྒྱས་ཐམས་ཅད་ངོ་བོ་གཅིག་ཏུ་མོས་པ་བྱས་ལ། དེ་དག་གི་ཞབས་ལ་གཏུགས་པར་བསམ་ཞིང་ཕྱག་བྱའོ། །ལྔ་པ་མཆོད་པ་དབུལ་བ་ལ་བཞི་སྟེ། ཕྱིའི་མཆོད་པ་དབུལ་བ་དང༌། ནང་བདུད་རྩིའི་མཆོད་པ་དང༌། ཡིད་ལས་བྱུང་བ་ལྷ་མོ་བརྒྱད་ཀྱི་མཆོད་པ་དང༌། བསྟོད་པའི་མཆོད་པའོ། །དང་པོ་ལ་བཞི་སྟེ། བསང་བ་དང༌། སྦྱང་བ་དང༌། བྱིན་གྱིས་བརླབ་པ་དང༌། དབུལ་བའོ། །དང་པོ་ནི་ལས་ཐམས་ཅད་པའི་དྲིའི་ཆུའམ། ཆང་ལ་བདུད་རྩི་སྦྱར་བ་ལས། ཀུ་ཤའི་ཆུན་པོའམ་ལས་ཀྱི་རྡོ་རྗེས་བླངས་ཏེ། མཆོད་པ་ཐམས་ཅད་ལ་གཏོར་ཞིང༌། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཅེས་བརྗོད་དེ། སེམས་ཀྱིས་སྙིང་གའི་ཧཱུྃ་གི་འོད་ཀྱིས་བགེགས་དང་ལོག་འདྲེན་ཐམས་ཅད་བསྐྲད་པར་བསྒོམ་པ་ནི་བསང་བའོ། །སྦྱང་བ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧྃ། ཞེས་བརྗོད་པས་མཆོད་པའི་ཡོ་བྱད་དེ་ཐམས་ཅད་རང་བཞིན་གྱིས་དག་སྟེ་མི་དམིགས་པར་སྦྱང་ངོ༌། །བྱིན་གྱིས་བརླབ་པ་ནི། དེ་ནས་མི་དམིགས་པའི་ངང་ལས། ཧཱུྃ་ལས་བྱུང་བའི་ཞབས་བསིལ་ལ་སོགས་པའི་མཆོད་པ་རྣམས་དྭངས་ཤིང་ཐོགས་པ་མེད་པ། ནམ་མཁའི་མཐས་ཀླས་པར་བསམས་ལ། ལག་པ་གཉིས་ཁུ་ཚུར་སྦྱར་ལ། གུང་མོ་བརྐྱང་པའི་རྩེ་མོ་སྤྲད་པ་ནི་མཆོད་ཡོན་གྱི་ཕྱག་རྒྱའོ། །དེ་བཅས་ལ། ཨོཾ་ནི་རི་ཧཱུྃ་ཁྃ། ཞེས་བྱ་བས་ཞབས་བསིལ་བྱིན་གྱིས་བརླབ། ཨོཾ་བཛྲ་ནི་བི་ཏེ་ཧཱུྃ། ཞེས་པས་ཞལ་བསིལ་བྱིན་གྱིས་བརླབ། ཨོཾ་སརྦ་སཾ་ཤོདྷ་ནི་ཧཱུྃ། ཞེས་པས་འཐོར་འཐུང་བྱིན་གྱིས་བརླབ། ཨོཾ་ཛཿཧཱུྃ་བྃ་ཧོཿཁཾ་རཾ་ཨརྒྷཾ་ཞེས་པས་མཆོད་ཡོན་བྱིན་གྱིས་བརླབ། ལག་པ་གཉིས་སྙིམ་པ་གྱེན་དུ་མེ་ཏོག་འཐོར་བ་ལྟར་མེ་ཏོག་གི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག་བྱིན་གྱིས་བརླབ། ལག་པ་གཉིས་ཁུ་ཚུར་ཐུར་དུ་བསྟན་པ་བདུག་པའི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་གིས་སྤོས་བྱིན་གྱིས་བརླབ། ལག་པ་གཉིས་ཁུ་ཚུར་གཤིབས་ཏེ་མཐེ་བོང་བསྒྲེང་བ་མར་མེའི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ་བྱིན་གྱིས་བརླབ། ལག་པ་གཉིས་ཐལ་མོ་བརྐྱང་པ་བྱུག་པ་བྱེད་པ་ལྟར་དྲིའི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་གིས་དྲི་བྱིན་གྱིས་བརླབ། ལག་པ་གཉིས་ཐལ་མོ་བརྐྱང་པ་གྱེན་དུ་བསྟན་ལ་གཤིབ་པ་ལྷ་བཤོས་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་ནཻ་བི་དྱེ་ཨཱཿཧཱུྃ་ཞེས་པས་ཞལ་ཟས་བྱིན་གྱིས་བརླབ། དེ་བཞིན་དུ་རོལ་མོ་ལ་སོགས་པ་ཐམས་ཅད་བྱིན་གྱིས་བརླབ། དེ་ནས་མཆོད་པ་དབུལ་བ་ནི་བླ་མ་དང་ལྷ་ཐ་དད་དུ་བྱེད་པའི་ལུགས་ལྟར་ན། དང་པོ་བླ་མ་ལ་དབུལ། དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་དབུལ་ཏེ་དེ་ནི་གཞན་དུ་ཤེས་པར་བྱའོ། །འདིར་བླ་མ་དང་ལྷ་ཐ་མི་དད་དུ་བྱེད་པས་དཀྱིལ་འཁོར་གྱི་ལྷ་ལ་ཕུལ་བ་ཁོ་ནས་བླ་མར་མཆོད་པ་ཤེས་པར་བྱས་ལ། ལག་པ་གཉིས་དཀུ་གཡོན་པར་རྡོ་རྗེ་ཁུ་ཚུར་ཁ་སྤྲད་པ་བཅིངས་ལ། དེ་ནས་རྣམ་ལྔ་འདོད་པའི་བསྐོར་བ་བྱ་སྟེ། ཞབས་བསིལ་ལ་སོགས་པའི་མཆོད་པའི་རྫས་གང་ཡིན་པ་དེ་བླངས་ལ་དངོས་སུ་དབུལ་ལོ། །གལ་ཏེ་དངོས་སུ་དབུལ་བ་མ་འབྱོར་ན་རྣམ་ལྔ་འདོད་པའི་བསྐོར་བའི་རྗེས་ལ། གང་དབུལ་བའི་ཕྱག་རྒྱ་བཅས་ཏེ་དབུལ་བ་ནི་ལུས་ཀྱིའོ། །ངག་དང་སེམས་ཀྱི་ལས་ནི། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་ཞབས་བསིལ་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགེས་པར་མཛོད། །ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཨོཾ་ནི་རི་ཧཱུྃ་ཁཾ། ཞེས་བྱ་བས་ཞབས་བསིལ་གྱིས་ཞབས་བཀྲུས་པར་བསམ། དེ་བཞིན་དུ་ཞལ་བསིལ་འབུལ་བའི་ཚེ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་ཞལ་བསིལ་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགེས་པར་མཛོད། །ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཨོཾ་བཛྲ་ནི་བི་ཏེ་ཧཱུྃ་ཁཾ། ཞེས་བྱ་བས་ཞལ་བསིལ་གྱིས་ཞལ་བཀྲུས་པར་བསམ། དེ་བཞིན་དུ་འཐོར་འཐུང་འབུལ་བའི་ཚེ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་འཐོར་འཐུང་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགེས་པར་མཛོད། །ཨོཾ་བྷ་ག་ཝཱན་མཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ། ཞེས་བྱ་བས་འཐོར་འཐུང་ཕུལ་བར་བསམ། མཆོད་ཡོན་འབུལ་བའི་ཚེ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགེས་པར་མཛོད། །ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཨོཾ་ཛཿཧཱུྃ་བྃ་ཧོཿཁཾ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད་ཡོན་ཕྱག་ཏུ་ཕུལ་བར་བསམ་མོ། །མེ་ཏོག་འབུལ་བའི་ཚེ། མེ་ཏོག་འདི་ནི་བཟང་ཞིང་དགེ །དག་པའི་སྐྱེ་གནས་ལས་དག་པ། །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགེས་པར་མཛོད། །ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཞེས་པས་མེ་ཏོག་དབུ་ལ་གཏོར་རོ། །བདུག་སྤོས་འབུལ་བའི་ཚེ། ཚལ་དག་རོ་ནི་ཕན་པ་དང༌། །གང་ཞིག་དྲི་དང་བདུག་སྤོས་མཆོག །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགེས་པར་མཛོད། །ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཞེས་པས་བདུག་སྤོས་ཤངས་ལ་དབུལ་ལོ། །མར་མེ་འབུལ་བའི་ཚེ། སྲིན་པོ་འཇོམས་ཤིང་དག་བྱེད་པ། །དགེ་ཞིང་མུན་པ་རྣམ་སེལ་བ། །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགེས་པར་མཛོད། །ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཞེས་པས་མར་མེ་སྤྱན་ལ་དབུལ་ལོ། །དྲི་འབུལ་བའི་ཚེ། འདི་ནི་དྲི་བཟང་དགེ་བ་སྟེ། །དག་པའི་སྐྱེ་གནས་ལས་དག་པ། །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགེས་པར་མཛོད། །ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཞེས་པས་དྲི་ཐུགས་ཀར་དབུལ་ལོ། །ཞལ་ཟས་འབུལ་བའི་ཚེ། སྨན་རྣམས་བཅུད་གཙང་ཡི་གར་འོང༌། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགེས་པར་མཛོད། །ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཨོཾ་བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ། ཞེས་པས་ཞལ་ཟས་ཞལ་དུ་དབུལ་ལོ། །རོལ་མོ་འབུལ་བའི་ཚེ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་རོལ་མོ་འདི། །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགེས་པར་མཛོད། །ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙཱ་ལི་ཏེ། པྲ་ཛྙཱ་པཱ་ར་མི་ཏཱ་ནཱ་ད་སཾ་བྷ་ཝེ་ཏ། བཛྲ་དྷརྨ་ཧྲྀ་ད་ཡ། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཨ། ཁཾ་སྭཱ་ཧཱ། ཞེས་པས་རོལ་མོ་སྤྱན་དང་སྙན་གྱི་ཡུལ་ཐམས་ཅད་དུ་ཕུལ་བར་བསམ་མོ། །དེ་ལྟར་སྔགས་དང་ཕྱག་རྒྱ་དང་ཚིགས་སུ་བཅད་པ་ཐམས་ཅད་མི་ནུས་ན། སྔགས་ཙམ་གྱིས་དབུལ་བར་བྱའོ། །དངོས་སུ་འབྱོར་བའི་མཆོད་པའོ། །གལ་ཏེ་མཆོད་པའི་ཡོ་བྱད་དེ་དག་དངོས་སུ་མ་འབྱོར་ན། གོང་གི་ཆོ་ག་རྣམས་ཀྱིས་ཕུལ་བས་ཆོག་སྟེ། སྔགས་དང་ཏིང་ངེ་འཛིན་གྱིས་དབུལ་ཏེ། དེ་དག་ནི་ཕྱིའི་མཆོད་པའོ། །གཉིས་པ་ནང་བདུད་རྩིའི་མཆོད་པ་ནི། དངོས་སུ་ཐོད་པའི་ནང་དུ་ཆང་ལ་བདུད་རྩི་རིལ་བུ་སྦྱར་བ་དེ་གཏོར་མ་བཞིན་བྱིན་གྱིས་བརླབས་ལ། དེ་ནས་ལག་པ་གཡོན་གྱི་མཐེབ་སྲིན་རྩེ་མོ་སྦྱར་ཏེ། ལན་གསུམ་བསྐོར་ཏེ་དབུས་ནས་བླངས་ཏེ་གཏོར་ནས་རང་གི་རྩ་བའི་བླ་མ་ལ། ཨོཾ་ཨཱཿཧཱུྃ་ཞེས་པས་དབུལ། དེ་ལྟར་ཡང་གདན་བཞི་ལས། མཐེ་བོའི་ཐོར་མས་སོ་སོར་དབུལ་ཞེས་གསུངས་སོ། །ཏིང་ངེ་འཛིན་གྱིས་ལྷ་དང་བླ་མ་ཐམས་ཅད་ཀྱི་ལྗགས་ཧཱུྃ་ལས་རྡོ་རྗེ་ནས་འབྲས་ཙམ་ཧཱུྃ་གིས་མཚན་པར་བསམ་སྟེ། དེ་ལས་འོད་ཟེར་གྱི་སྦུ་གུས་གསོལ་བར་བསམ་སྟེ། དང་པོ་རྩ་བའི་བླ་མ་ལ་དབུལ། དེ་ནས་དཀྱིལ་འཁོར་ལ། དེ་ནས་བརྒྱུད་པའི་བླ་མ་རྣམས་ལ་དབུལ་ལོ། །དེ་ནས་ཡང་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་དགུ་ལ་ཡང་རྩ་བའི་སྔགས་དང༌། སྙིང་པོ་དང༌། ཉེ་སྙིང་དང༌། ཡུམ་གྱི་ཕྲེང་བའི་སྔགས་བརྗོད་ཅིང༌། གཙོ་བོ་ཡབ་ཡུམ་ལ་དབུལ་ལོ། །ཨོཾ་ཨཱཿགྃ་གཽ་རཱི་ཧཱུྃ་ཕཊ། ཅེས་བྱ་བས་གཽ་རཱི་ལ་དབུལ། དེ་བཞིན་དུ་ལྷ་མོ་གཞན་ཐམས་ཅད་ལ་ཡང་དབུལ་ལོ། །ཡི་དམ་གྱི་ལྷ་གཞན་ལ་ཡང་དབུལ་བར་འདོད་ནའང་དེ་དག་གི་སྔགས་བརྗོད་ཅིང༌། ལྷ་ཐམས་ཅད་གཉིས་སུ་མེད་པར་བསམ་སྟེ། ཕུལ་བས་བཏུབ་གསུང་ངོ༌། །མཐར་རང་གི་ལྕེ་ལ་བདུད་རྩི་བཞག་ལ། ཨོཾ་ཨཱཿཧཱུྃ་ཞེས་བྱ་བས་མྱང་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧྃ། ཞེས་བརྗོད་དོ། །གསུམ་པ་ལྷ་མོ་བརྒྱད་ཀྱིས་མཆོད་པ་ནི། རང་གི་སྙིང་གའི་ཧཱུྃ་ལས་ལྷ་མོ་བརྒྱད་བྱུང་ནས་མཆོད་པར་བསམ། ལུས་ཀྱིས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ཏེ་ངག་ཏུ། ནམ་མཁར་རྗེ་བཙུན་བལྟས་ནས་ནི། །རྡོ་རྗེ་སྐྱེ་བ་སྙིང་རྗེ་ཆེ། །རྒྱན་རྣམས་ཐམས་ཅད་འཛིན་པ་ཡི། །ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད། །དཀར་མོ་རི་དྭགས་མཚན་མ་འཛིན། །ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། །བེ་ཏཱ་ལཱི་ནི་ཆུ་ལག་མ། །གྷསྨ་རཱི་ནི་སྨན་འཛིན་ཞིང༌། །པུཀྐ་སཱི་ནི་རྡོ་རྗེ་ལག །དེ་བཞིན་རི་ཁྲོད་མ་རོ་འཛིན། །གདོལ་བ་མོ་ནི་ཅང་ཏེའུ་བརྡུང༌། །འདི་རྣམས་ཀྱིས་ནི་གཙོ་བོར་མཆོད། །འདོད་ཆགས་ཆེན་པོས་རྗེས་ཆགས་པ། །གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །ཅེས་བརྗོད་དོ། །བཞི་པ་བསྟོད་པའི་མཆོད་པ་ནི། རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་ལྷ་མོ་རྣམས་དང༌། ནམ་མཁའ་ལ་མཆོད་པའི་སྤྲིན་བཀོད་པ་དེ་དག་ཐམས་ཅད་ཀྱིས་བསྟོད་པར་མོས་ལ། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ཏེ་ངག་ཏུ། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱིས་མཆོག་བརྙེས་པ། །ཁྱོད་ཀྱིས་རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན་བརྒྱན་ཏེ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་མཛད་པ། །སྒྱུ་མའི་སྤྲོས་པས་རྡོ་རྗེ་སྒྲུབ་པའི་ཡིད། །ཧེ་རུ་ཀ་དཔལ་རྡོ་རྗེ་ཡིད་ཀྱིས་དགེས། །ཞེས་བྱ་བ་དང༌། གཞན་ཡང༌། ཐམས་ཅད་དངོས་པོའི་རང་བཞིན་མཆོག །ཅེས་བྱ་བ་ལ་སོགས་པ་བསྟོད་པའི་ཁྱད་པར་ཇི་ལྟར་ནུས་པས་ཡང་དག་པར་བསྟོད་པར་བྱའོ། །དྲུག་པ་རྒྱུན་བཤགས་བྱ་བ་ནི། ལུས་ཙོག་པུར་བསྡད། ལག་པ་ཐལ་མོ་སྦྱར་ཏེ། འོག་ནས་འབྱུང་བའི་ཚིགས་སུ་བཅད་པ་བརྗོད་ཅིང་ཡིད་ཀྱིས་དེའི་དོན་དྲན་པར་བྱའོ། །ངག་ཏུ་བརྗོད་པ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བྱ་བས་སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། ཡོངས་སུ་བསྔོ་བ་དང༌། སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་མཆོག་ཏུ་སྨོན་པ་དང༌། འཇུག་པའི་སེམས་བསྐྱེད་པ་སྟེ། ལྔ་པོ་བསྟན་པའི་ཚིགས་སུ་བཅད་པ་དེ་དག་ལན་གསུམ་གྱི་བར་དུ་བྱའོ། །བདུན་པ་སྡོམ་པ་གཟུང་བ་ནི། རིགས་ལྔ་སྤྱིའི་དམ་ཚིག་བྱང་ཆུབ་དུ་འཇུག་པའི་སེམས་བསྐྱེད་ཅིང་བསླབ་པ་གསུམ་གཟུང་བ་དང༌། རིགས་ལྔ་སོ་སོའི་དམ་ཚིག་གཟུང་བ་དང༌། རྩ་བ་དང་ཡན་ལག་གི་དམ་ཚིག་གི་ཚོགས་གཞན་རྗེས་སུ་དྲན་པར་བྱ་བའོ། །དེ་ལ་སྔ་མ་གཉིས་ནི་ཚིགས་སུ་བཅད་པ་ཕྱོགས་གཅིག་ཏུ་བརྗོད་པར་བྱ་སྟེ། ལུས་ཀྱིས་ཐལ་མོ་སྦྱར་ལ་ཡིད་ཀྱིས་འདི་དག་གི་དོན་དྲན་པར་བྱ་ཞིང༌། ངག་ཏུ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་གཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱུང་བ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པ་ལན་གསུམ་གྱིས་རིགས་ལྔ་སྤྱི་དང་ཁྱད་པར་གྱི་སྡོམ་པ་མ་ལུས་པ་གཟུང་ངོ༌། །དེའི་རྗེས་ལ་དམ་ཚིག་ཚོགས་གཞན་རྗེས་སུ་དྲན་པར་བྱ་བ་ལ་གཉིས་ཏེ། སྤང་བྱ་སྤོང་བ་དྲན་པར་བྱ་བ་ལ་བསླབ་པ་དང༌། བསྟེན་བྱ་བསྟེན་པ་ལ་བསླབ་པའོ། །དང་པོ་ནི། རྩ་བའི་ལྟུང་བ་ཡན་ལག་དང་བཅས་པ་ཚར་གཅིག་བཏོན་ལ། བདག་གི་སྤང་བྱའི་བསླབ་བྱ་རྣམས་འདི་དག་ཡིན་ཞེས་དྲན་པར་བྱའོ། །བསྟེན་བྱ་དྲན་པར་བྱ་བ་ནི། ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་གསུམ་ནི་རྟག་ཏུ་གཟུང༌། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །རྡོ་རྗེ་དྲིལ་བུའང་གཟུང་བར་བྱ། །གཙུག་ཏོར་རྟག་ཏུ་གཟུང་བར་བྱ། །རྟག་ཏུ་སྦྱིན་སྲེག་དགང་བར་བྱ། །རྟག་ཏུ་དཀྱིལ་འཁོར་བཞེངས་པར་བྱ། །རྟག་ཏུ་བདེ་གཤེགས་རབ་གནས་བྱ། །འབྱུང་པོ་ཆེ་ལ་གཏོར་མ་སྦྱིན། །ཕྱག་རྒྱ་བཅིང་བ་རྣམས་སྤང་ཞིང༌། །མཆོད་རྟེན་ལས་ནི་མི་བྱ་སྟེ། །རྡོ་རྗེ་གསུམ་མཆོག་ཕྱག་མི་བྱ། །དཀྱིལ་འཁོར་ལ་སོགས་ལུས་ཀྱི་ལས། །རྨི་ལམ་དུ་ཡང་མི་བྱའོ། །སློབ་དཔོན་གཞན་ལ་ཕྱག་མི་བྱ། །བླ་མའི་རྒན་རབས་ཕྱག་འཚལ་ལོ། །རྟག་པར་རྒྱུན་ཏུ་སྔགས་བཟླ་ཞིང༌། །བསམ་གཏན་ཉིད་དང་འབྲལ་མི་བྱ། །རྟག་ཏུ་སློབ་མ་བསྡུ་བྱ་ཞིང༌། །རྟག་པ་རུ་ནི་བཤད་པ་གྱིས། །རྟག་ཏུ་སེམས་ཅན་བསྐྱང་བར་བྱ། །རྟག་ཏུ་སངས་རྒྱས་ཆེར་མཉེས་བྱ། །ཛམྦྷ་ལ་ལ་ཆུ་སྦྱིན་ཞིང༌། །ལས་རྣམས་ཐམས་ཅད་ཡང་དག་སྤྱད། །བྱེ་མའི་ལས་ལ་མཆོད་རྟེན་ཡང༌། །མཁས་པས་ཆོ་ག་བཞིན་དུ་བྱ། །ཞེས་ལན་གཅིག་བརྗོད་ལ་དེ་དག་གི་དོན་རྗེས་སུ་དྲན་པར་བྱའོ། །དེ་དག་གིས་ནི་དམ་ཚིག་དང་སྡོམ་པ་བཟུང་བའོ། །དེ་ནས་དོན་བརྒྱད་པ། གཏོར་མ་གཏང་བ་ནི། ལུགས་གཉིས་ཏེ། ལྷ་དང་འབྱུང་པོ་སོ་སོར་གཏང་བ་དང༌། དུས་གཅིག་ཏུ་གཏང་བའོ། །དང་པོ་ནི་གཞན་དུ་ཤེས་པར་བྱའོ། །འདིར་བླ་མའི་ཕྱག་ལེན་ལྷ་དང་འབྱུང་པོ་དུས་གཅིག་ཏུ་བཏང་བ་ལ་མཛད་པས་དེ་བརྗོད་པར་བྱའོ། །འདིའི་ཡོ་བྱད་ཅི་འབྱོར་པ་ཡིན་ན་ཡང༌། ཁྱད་པར་དུ་དཀུ་བག་ཅན་དང་འབྲེལ་པ་ཡིན་ནོ། །ཆོ་ག་ལ་བཞི་སྟེ། རྫས་ཀྱི་ཏིང་ངེ་འཛིན་དང༌། མགྲོན་གྱི་ཏིང་ངེ་འཛིན་དང༌། གཏོར་མ་འབུལ་བ་ལ་སོགས་པ་དང་མཇུག་གི་ཆོ་གའོ། །དེ་ལ་རྫས་ཀྱི་ཏིང་ངེ་འཛིན་ནི། གཏོར་མ་གཅིག་ལས་མ་བཤམས་སམ། གཉིས་བཤམས་ཀྱང་རུང་སྟེ། བྱིན་རླབས་དུས་གཅིག་ལ་བྱས་པས་ཆོག་གོ །འདི་ལ་བཞི་སྟེ། རྫས་བསང་བ་དང༌། སྦྱང་བ་དང༌། བསྐྱེད་པ་དང༌། བྱིན་གྱིས་བརླབ་པའོ། །དང་པོ་བསང་བ་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པས་བགེགས་བསལ། གཉིས་པ་སྦྱང་བ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧྃ། ཞེས་པས་སྟོང་པར་བསྒོམ་མོ། །གསུམ་པ་བསྐྱེད་པ་ནི། སྟོང་པའི་ངང་ལས་ཡྃ་ལས་རླུང་གི་དཀྱིལ་འཁོར་གཞུ་བདུངས་པ་ལྟ་བུ་གཡོ་བའི་བ་དན་གྱིས་མཚན་པའོ། །དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བས་མཚན་པའོ། །དེའི་སྟེང་དུ་ཨཱཿལས་ཐོད་པ་དུམ་བུ་གསུམ་པ་མདོག་དཀར་བ་དཔྲལ་བ་རང་ལ་བསྟན་པའོ། །དེའི་སྟེང་དུ་ཡང་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྟ་བུ་ཞིག་བསམ། ཟླ་བའི་སྟེང་དུ་རང་གི་མདུན་ངོས། ཤར་དཔྲལ་བའི་ངོས་སུ། གོ་ལས་བ་ལང་གི་ཤ ལྷོར་ཀུ་ལས་ཁྱིའི་ཤ ནུབ་ཏུ་ད་ལས་རྟའི་ཤ བྱང་དུ་ཧ་ལས་གླང་པོ་ཆེའི་ཤ དབུས་སུ་ན་ལས་མིའི་ཤ་བསམ་མོ། །ཤ་ལྔ་པོ་དེ་རེ་རེའི་སྟེང་དུ། བྷྲཱུྃ་ལས་དྲི་ཆེན། ཨཱྃ་ལས་རཀྟ། ཛྲཱིཾ་ལས་བྱང་སེམས། ཁྃ་ལས་ཤ་ཆེན་གྱི་དྭངས་མ། ཧཱུྃ་ལས་དྲི་ཆུ་སྟེ་བདུད་རྩི་ལྔ་བསམ། ཡང་ཤར་ཕྱོགས་ཀྱི་ཤ་དང་བདུད་རྩིའི་སྟེང་དུ་ཡི་གེ་བྷྲཱུྃ་བསམ་པ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས་པ་བྱ། ལྷོའི་ཤ་དང་བདུད་རྩིའི་སྟེང་དུ་ཡི་གེ་ཨཱྃ་བསམ་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མོས་པ་བྱ། ནུབ་ཀྱི་ཤ་དང་བདུད་རྩིའི་སྟེང་དུ་ཡི་གེ་ཛྲཱིྃ་བསམ་པ་སོ་སོར་རྟོག་པའི་ཡེ་ཤེས་སུ་མོས་པ་བྱ། བྱང་གི་ཤ་དང་བདུད་རྩིའི་སྟེང་དུ་ཡི་གེ་ཁྃ་བསམ་པ་བྱ་བ་གྲུབ་པའི་ཡེ་ཤེས་སུ་མོས་པ་བྱ། དབུས་ཀྱི་ཤ་དང་བདུད་རྩིའི་སྟེང་དུ་ཡི་གེ་ཧཱུྃ་བསམ་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་མོས་པ་བྱ། ཡང་དེ་དག་ཐམས་ཅད་ཐབས་ཤེས་རབ་ལས་བྱུང་བར་མཚོན་པའི་ཕྱིར། ཟླ་བའི་སྟེང་དུ་མཐའ་མ་ནས་ཨཱ་ལི་གཡོན་སྐོར་ཀཱ་ལི་གཡས་སྐོར་དུ་དགོད་དོ། །དེ་ཐམས་ཅད་ཀྱི་སྟེང་གི་ནམ་མཁའ་ལ་ཨོཾ་ཡིག་དཀར་པོ་མགོ་ཐུར་དུ་བལྟས་པའོ། །དེའི་སྟེང་དུ་རྃ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་བསམ་པར་བྱའོ། །རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གི་དཀྱིལ་འཁོར་ལ་ཕོག་ཏེ། དེས་རླུང་གཡོས་པས་མེ་སྦར། དེས་ཐོད་པའི་ནང་གི་ཤ་ལྔ་བདུད་རྩི་ལྔ་ཐམས་ཅད་བསྐོལ་ཏེ་འོད་དུ་ཞུ། དེའི་རླངས་པ་གྱེན་ལ་སོང་སྟེ་ཨོཾ་ལ་ཕོག་པས། ཨོཾ་ལས་བདུད་རྩིའི་རྒྱུན་འཛག་པར་མོས། ཡང་རླངས་པ་དེ་སྟེང་གི་ཧཱུྃ་ལ་ཕོག་པས། ཧཱུྃ་ལས་ཀྱང་བདུད་རྩིའི་རྒྱུན་འཛག ཡང་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་འོངས་ཏེ། བདུད་རྩི་དེ་ཡང་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་བྱོན་ཏེ་རྡོ་རྗེའི་ལྟེ་བའི་ཧཱུྃ་ལ་བསྟིམ་པར་བྱའོ། །དེས་རྡོ་རྗེ་ལྗིད་དང་ལྡན་པར་གྱུར་ཏེ། ཡས་མར་ལྷུང་བས་ཉི་མ་དང་ཨོཾ་དང་བཅས་པ་ཐོད་པའི་ནང་དུ་ལྷུང་སྟེ། འོད་དུ་ཞུ་བས་སྔར་གྱི་བདུད་རྩི་དང་གཉིས་སུ་མེད་པར་གྱུར་ནས་ཁ་དོག་དང་དྲི་དང་རོ་དང་ནུས་པ་ཕུན་སུམ་ཚོགས་པར་གྱུར་ཏེ། ཁ་དོག་ཕུན་སུམ་ཚོགས་པ་བལྟས་པས་ཚིམ་པ། དྲི་ཕུན་སུམ་ཚོགས་པ་བསྣམས་པས་ཚིམ་པ། རོ་ཕུན་སུམ་ཚོགས་པ་མྱངས་པས་ཚིམ་པ། ནུས་པ་ཕུན་སུམ་ཚོགས་པ་དགོས་འདོད་ཐམས་ཅད་འབྱུང་བ། ཚེ་རིང་བ་དང་ནད་མེད་པར་བྱེད་པ་བདུད་རྩིའི་ངོ་བོ་ཡངས་ཤིང་རྒྱ་ཆེ་བར་བསམ། བཞི་པ་ནི་ཨོཾ་ཨཱཿཧཱུྃ་ཞེས་བྱ་བ་ལན་གསུམ་མམ་ལྔའམ་བདུན་གྱིས་བྱིན་གྱིས་བརླབ་བོ། །མགྲོན་གྱི་ཏིང་ངེ་འཛིན་ལ་བཞི་སྟེ། མགྲོན་བསྐྱེད་པ་དང༌། དགུག་པ་དང༌། བྱིན་གྱིས་བརླབ་པ་དང༌། མགྲོན་ལ་དབང་བསྐུར་བའོ། །དང་པོ་མགྲོན་བསྐྱེད་པ་ནི་མདུན་དུ་ཚོམ་བུའི་དཀྱིལ་འཁོར་མ་བྱས་ན་མདུན་གྱི་ནམ་མཁར་སྐད་ཅིག་གིས་ཆོས་འབྱུང་བསྒོམ་སྟེ། དེའི་ནང་དུ་པྃ་སུམ་བརྩེགས་ལས་པདྨ་འདབ་བརྒྱད་སུམ་བརྩེགས་བསྒོམས་ལ། སྟེང་གི་པདྨ་དཀར་པོའི་ལྟེ་བ་ལ་ཨོཾ་ལས་སྐུ་རྡོ་རྗེ་དཀར་པོ་བསྐྱེད་དོ། །བར་གྱི་པདྨ་འདབ་བརྒྱད་སྔོན་པོའི་ལྟེ་བ་ལ་ཧཱུྃ་ལས་ལྷ་དགུའི་དཀྱིལ་འཁོར་བསྐྱེད་དོ། །འོག་གི་པདྨ་དམར་པོའི་ལྟེ་བ་ལ་ཨཱཿལས་གསུང་རྡོ་རྗེ་དམར་པོ་བསྐྱེད་དོ། །སྟེང་གི་པདྨ་འདབ་བརྒྱད་ལ་ཨོཾ་བརྒྱད་ལས་ལྷ་ཆེན་བརྒྱད། བར་གྱི་པདྨ་འདབ་བརྒྱད་ལ་ཧཱུྃ་བརྒྱད་ལས་ཕྱོགས་སྐྱོང་བརྒྱད། འོག་གི་པདྨ་འདབ་བརྒྱད་ལ་ཨཱཿབརྒྱད་ལས་ཀླུ་ཆེན་བརྒྱད་བསྐྱེད་དོ། །དཀྱིལ་འཁོར་བྱས་པ་ཡིན་ན་དཀྱིལ་འཁོར་གྱི་ནུབ་ཕྱོགས་ཀྱི་འོག་གི་ཆར་ཆོས་འབྱུང་གི་ནང་དུ་པདྨ་འདབ་བརྒྱད་ལ་ཨཱཿདགུ་ལས་ལྟེ་བ་ལ་གསུང་རྡོ་རྗེ། འདབ་མ་ལ་ཀླུ་ཆེན་བརྒྱད་བསྐྱེད་དོ། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་དུ་ཧཱུྃ་བརྒྱད་ལས་ཕྱོགས་སྐྱོང་བརྒྱད་བསྐྱེད་དོ། །དེའི་ཤར་རམ་བྱང་ཤར་གྱི་སྟེང་གི་ཆར་པདྨ་འདབ་བརྒྱད་ལ་ཨོཾ་དགུ་ལས་ལྟེ་བ་ལ་སྐུ་རྡོ་རྗེ། འདབ་མ་བརྒྱད་ལ་ལྷ་ཆེན་པོ་བརྒྱད་བསྐྱེད་དོ། །དེ་ལ་སྐུ་རྡོ་རྗེ་སྐུ་མདོག་དཀར་པོ་གཡས་རྡོ་རྗེ་གཡོན་དྲིལ་བུ་འཛིན་པ། ཞལ་གཅིག་ཕྱག་གཉིས་པ་རང་དང་འདྲ་བའི་རིག་མ་ལ་འཁྱུད་པ། ཞབས་གཡས་བརྐྱང་བས་བཞུགས་པའོ། །འདབ་མའི་ལྷ་ཆེན་བརྒྱད་ཀྱང་སྐུ་མདོག་ལ་སོགས་པ་གཙོ་བོ་དང་ཁྱད་པར་མེད་པ་སྟེ། ཤར་དུ་དབང་ཕྱུག་ཆེན་པོ། ལྷོར་ལྷའི་དབང་པོ། ནུབ་ཏུ་ཚངས་པ། བྱང་དུ་ཁྱབ་འཇུག ཤར་ལྷོར་འདོད་པའི་དབང་ཕྱུག ལྷོ་ནུབ་ཏུ་ཚོགས་ཀྱི་བདག་པོ། ནུབ་བྱང་དུ་བྷྲྀངྒི་རི་ཏི། བྱང་ཤར་དུ་གཞོན་ནུ་ཀཱརྟི་ཀཱའོ། །བར་གྱི་ཕྱོགས་སྐྱོང་བརྒྱད་ནི་སྐུ་མདོག་སྔོན་པོ་ཕྱག་མཚན་ལ་སོགས་པ་ཐམས་ཅད་སྔ་མ་དང་ཁྱད་པར་མེད་པ་སྟེ། དེ་ལ་ཤར་དུ་བརྒྱ་བྱིན། ལྷོར་གཤིན་རྗེ། ནུབ་ཏུ་ཆུ་ལྷ། བྱང་དུ་གནོད་སྦྱིན། ཤར་ལྷོར་མེ་ལྷ། ལྷོ་ནུབ་ཏུ་སྲིན་པོ། ནུབ་བྱང་དུ་རླུང་ལྷ། བྱང་ཤར་དུ་དབང་ལྡན་ནོ། །འོག་གི་ཀླུ་ཆེན་བརྒྱད་གསུང་རྡོ་རྗེ་དང་དགུ་པོ་ནི། སྐུ་མདོག་དམར་པོ་ཕྱག་མཚན་ལ་སོགས་པ་སྔ་མ་དང་ཁྱད་པར་མེད་དོ། །དེ་ཡང་ཤར་གྱི་འདབ་མ་ལ་སྟོབས་ཀྱི་རྒྱུ་དང༌། ལྷོར་དུང་སྐྱོང་དང༌། ནུབ་ཏུ་མཐའ་ཡས་དང༌། བྱང་དུ་ནོར་རྒྱས་དང༌། ཤར་ལྷོར་འཇོག་པོ། ལྷོ་ནུབ་ཏུ་རིགས་ལྡན། ནུབ་བྱང་དུ་པདྨ། བྱང་ཤར་དུ་པདྨ་ཆེན་པོའོ། །དེ་དག་ནི་མགྲོན་བསྐྱེད་པའོ། །དེ་ནས་མགྲོན་དགུག་པ་ནི་རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ལྷ་རྣམས་བར་སྣང་ལ་གནས་པ་སྟེང་ན་རྒྱུ་བ་ཐམས་ཅད་ལྷ་ཆེན་བརྒྱད་ལ་ཉེ་བར་དགུག སའི་སྟེང་ན་རྒྱུ་བ་མི་དང༌། མཁའ་འགྲོ་མ་དང༌། འདྲེ་དང༌། འབྱུང་པོ་དང༌། སྲིན་པོ་ལ་སོགས་པ་ས་སྟེང་ན་རྒྱུ་བ་ཐམས་ཅད་ཕྱོགས་སྐྱོང་བརྒྱད་ལ་ཉེ་བར་དགུག ས་འོག་ན་གནས་པ་དམྱལ་བ་དང༌། ཡི་དྭགས་དང༌། ཀླུ་ལ་སོགས་པ་བྱོལ་སོང་དང༌། ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་ཀླུ་ཆེན་པོ་བརྒྱད་ལ་ཉེ་བར་དགུག དེ་ནས་དེ་དག་དང་གཉིས་སུ་མེད་པར་བསྟིམ་མོ། །དེ་ནས་མགྲོན་བྱིན་གྱིས་བརླབས་པ་ནི། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་མགྲོན་སྤྱན་དྲངས་ཏེ། ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་རྡོ་རྗེ་དགུ་དང༌། ཐུགས་རྡོ་རྗེ་བརྒྱད་དཔལ་ཀྱེའི་རྡོ་རྗེ་དང་བཅས་པ་དང་གསུང་རྡོ་རྗེ་དགུའི་རྣམ་པར་སྤྱན་དྲངས་ཏེ། དེ་ནས་ལུས་ཀྱིས་ལྕགས་ཀྱུའི་ཕྱག་རྒྱ་བཅའ། ངག་ཏུ་ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར། ཀཱ་ཡ་ཝཱཀྩིཏྟ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿཞེས་བརྗོད། སེམས་ཀྱིས་གཽ་རཱི་ནག་མོ་ལྕགས་ཀྱུ་ཐོགས་པ་སྤྲོས་པས་སོ་སོའི་དམ་ཚིག་པ་ལ་ཉེ་བར་དགུག ལུས་ཀྱིས་ཞགས་པའི་ཕྱག་རྒྱ་བཅའ། ངག་ཏུ་ཨོཾ་བཛྲ་ཙཽ་རཱི་པྲ་བེ་ཤ་ཡ་ཧཱུྃ་ཞེས་བརྗོད། སེམས་ཀྱིས་ཙཽ་རཱི་དམར་མོ་ཞགས་པ་ཐོགས་པ་སྤྲོས་པས་ལྷ་ཆེན་བརྒྱད་ཀྱི་དཀྱིལ་འཁོར་ལ་སྐུ་རྡོ་རྗེ་དང་དགུ་པོ་གཞུག དཀྱིལ་འཁོར་ལ་དཀྱིལ་འཁོར་གཞུག ཕྱོགས་སྐྱོང་བརྒྱད་ལ་ཐུགས་རྡོ་རྗེ་བརྒྱད་པོ་གཞུག་གོ །ཀླུ་ཆེན་བརྒྱད་ཀྱི་དཀྱིལ་འཁོར་ལ་གསུང་རྡོ་རྗེ་དང་དགུ་པོ་གཞུག་གོ །ལུས་ཀྱིས་ལྕགས་སྒྲོག་གི་ཕྱག་རྒྱ་བཅའ། ངག་ཏུ་ཨོཾ་བཛྲ་བེ་ཏཱ་ལཱི་བནྡྷ་བྃ་ཞེས་བརྗོད། སེམས་ཀྱིས་བེ་ཏཱ་ལཱི་སེར་མོ་ལྕགས་སྒྲོག་ཐོགས་པ་སྤྲོས་ཏེ། དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མི་ཕྱེད་པར་བསམ། ལུས་ཀྱིས་དྲིལ་བུའི་ཕྱག་རྒྱ་བཅའ། ངག་ཏུ་ཨོཾ་བཛྲ་གྷསྨ་རཱི་ཝ་ཤཾ་ཀུ་རུ་ཧོཿ ཞེས་བརྗོད། སེམས་ཀྱིས་གྷསྨ་རཱི་དྲིལ་བུ་ཐོགས་པ་སྤྲོས་ཏེ། དམ་ཚིག་པ་ཐམས་ཅད་ཡེ་ཤེས་པའི་ངོ་བོ་ཉིད་དུ་བསྒྱུར་ཏེ། ལྷ་ཆེན་པོ་བརྒྱད་སྐུ་རྡོ་རྗེ་བརྒྱད་དུ་བསྒྱུར། ཕྱོགས་སྐྱོང་བརྒྱད་ཐུགས་རྡོ་རྗེ་བརྒྱད་དུ་བསྒྱུར། ཀླུ་ཆེན་བརྒྱད་གསུང་རྡོ་རྗེ་བརྒྱད་དུ་བསྒྱུར་ཏེ། འཇིག་རྟེན་པའི་མགྲོན་ཐམས་ཅད་ཡེ་ཤེས་སེམས་དཔར་བྱིན་གྱིས་བརླབས་ལ། ཡང་མིག་ཏུ་གཏི་མུག་རྡོ་རྗེ་མ། རྣ་བར་ཞེ་སྡང་རྡོ་རྗེ་མ། སྣ་ལ་སེར་སྣ་རྡོ་རྗེ་མ། ཁ་ལ་འདོད་ཆགས་རྡོ་རྗེ་མ། ལུས་ལ་ཕྲག་དོག་རྡོ་རྗེ་མ། ཡིད་ལ་བདག་མེད་རྣལ་འབྱོར་མ། སྐུ་གསུང་ཐུགས་ལ། སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ་བསམ། དེ་དག་ནི་མགྲོན་བྱིན་གྱིས་བརླབ་པའོ། །དེ་ནས་མགྲོན་ལ་དབང་བསྐུར་བ་ནི། ཡང་སྙིང་གའི་ས་བོན་གྱི་འོད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིག་མ་དང་ལྷ་མོ་དང༌། ཁྲོ་བོ་རྣམས་སྤྱན་དྲངས་ལ། ཡིད་ལས་བྱུང་བས་མཆོད་དེ། བཅོམ་ལྡན་དེ་བཞིན་གཤེགས་པ་རྣམས། །བཅོམ་ལྡན་བདག་ཉིད་ཆེན་པོ་ཀུན། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀུན། །ཁྱེད་ཀྱིས་འདི་ལ་དབང་བསྐུར་ཅིག །ཅེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པས་དབང་བསྐུར། རིག་མས་རྡོ་རྗེའི་གླུ་ལེན། བྱང་ཆུབ་སེམས་དཔས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད། ལྷ་མོས་མཆོད་པ་བྱེད། ཁྲོ་བོས་བགེགས་སྐྲོད་པར་བསམ་སྟེ་དབང་བསྐུར་རོ། །བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་ལུས་ཐམས་ཅད་ཁེངས་པ་དང༌། ཆུའི་ལྷག་མ་ཡར་ལུད་པ་ལས། ལྷ་ཆེན་བརྒྱད་ལ་རྣམ་སྣང༌། ཕྱོགས་སྐྱོང་བརྒྱད་ལ་མི་བསྐྱོད་པ། ཀླུ་ཆེན་བརྒྱད་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམ་མོ། །གཏོར་མ་དབུལ་བ་ལ་སོགས་པ་བཞི་ལས། དང་པོ་གཏོར་མ་འབུལ་བ་ནི་ལུས་ཀྱིས་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ངག་ཏུ་ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར། ཀཱ་ཡ་ཝཱཀྩིཏྟ། ཨོཾ་ཨིནྡ། ཛ་མ། ཛ་ལ། ཛཀྑ། བྷཱུ་ཏ། བཧྣི། བ་ཨུ། རཱཀྑ། ཙནྡ། སུཛྫ། མཱ་ད། པཔྤ་ཏ་ལ། པཱ་ཏཱ་ལཾ། ཨཊྚ། སཱཔྤ་སྭཱ་ཧཱ། ཞེས་ལན་ཅིག་བརྗོད་པས་མགྲོན་རྣམས་གསལ་གདབ་ལ། དེ་དག་གི་ལྗགས་ལ་རྡོ་རྗེ་ནས་འབྲས་ཙམ་བསམས་ལ། དེའི་ལྟེ་བ་ལ་ཧཱུྃ་བསམས་ཏེ། དེའི་འོད་ཟེར་གྱི་སྦུ་གུས་གསོལ་བར་བསམ་ཞིང༌། སྔ་མ་བཞིན་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར། ཀཱ་ཡ་ཝཱཀྩིཏྟ། ཨོཾ་ཨིནྡ། ཛ་མ། ཛ་ལ། ཛཀྑ། བྷུ་ཏ། བཧྣི། བ་ཨུ། རཱཀྑ། ཙནྡ། སུཛྫ། མཱ་ད། པཔྤ། ཏ་ལ། པཱ་ཏཱ་ལཾ། ཨཊྚ། སཱཔྤ་སྭཱ་ཧཱ། ཨི་དཾ། བ་ལིཾ། བྷུཉྫ། ཛི་གྷ། ཕུལླ། དྷུ་པ། མཱཾ་ས། པིངྒ། ཨམྦ། སཔྤ། ཀཛྫ། ས་དཱ། ཁནྟི། ཁུ་ཎི། ཕེ་ཊ། གཱ་ཏ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ། ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་དེ། སེམས་ཀྱིས་མགྲོན་དེ་དག་གིས་གསོལ་བར་བསམ་སྟེ། དགོས་འདོད་ཐམས་ཅད་འབྱུང་བར་བསམ་ཞིང་ཚིམ་པར་མོས་པར་བྱའོ། །གཉིས་པ་མཆོད་པ་ནི། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཞེས་བྱ་བ་ལ་སོགས་པ་མཆོད་པ་ལྔས་མཆོད། ནང་བདུད་རྩིས་ཀྱང་མཆོད། དེ་ནས་དྲིལ་བུ་གསིལ་ཞིང༌། དཀར་མོ་རི་དྭགས་མཚན་མ་འཛིན། །ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། །ཅེས་བྱ་བ་ལ་སོགས་པ་བརྗོད་ཅིང་ལྷ་མོ་བརྒྱད་ཀྱིས་ཀྱང་མཆོད་དོ། །གསུམ་པ་བསྟོད་པ་ནི། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཞེས་བྱ་བ་ལ་སོགས་པས་ཀྱང་དཀྱིལ་འཁོར་ལ་བསྟོད་ལ། ཡང༌། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོར་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་རྡོ་རྗེ་ནམ་མཁའ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང༌། །སྣ་ཚོགས་མཁའ་འགྲོར་ཕྱག་འཚལ་བསྟོད། །ཅེས་བྱ་བས་བསྟོད་ལ། བཞི་པ་ཕྲིན་ལས་གཞོལ་བ་ནི། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་བ་བརྒྱད་པོ་དང༌། གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི་ཚོགས་རྣམས་མ་ལུས་དང༌། །འབྱུང་པོའི་ཚོགས་རྣམས་མ་ལུས་དང༌། །ཡི་དྭགས་ཚོགས་རྣམས་མ་ལུས་དང༌། །ཤ་ཟའི་ཚོགས་རྣམས་མ་ལུས་དང༌། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང༌། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང༌། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང༌། །མ་མོའི་ཚོགས་རྣམས་མ་ལུས་དང༌། །དེ་ལ་སོགས་ཏེ་འབྱུང་པོའི་ཚོགས། །མ་ལུས་ཇི་སྙེད་ཡོད་པ་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱིས་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །བདེ་ལེགས་ཐམས་ཅད་འགྲུབ་པ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་བྱ་བས་ཕྲིན་ལས་གཞོལ་བར་བྱའོ། །མཇུག་གི་དོན་ལ་བཞི་ལས། དང་པོ་རྡོ་རྗེའི་གླུ་བླང་བ་ནི། ཀོལླ་ཨི་རེ་ཊིཋ་ཨ་བོ་ལཱ། མུམྨུ་ཎི་རེ་ཀཀྐོ་ལཱ། གྷ་ཎེ་ཀྲི་པི་ཊ་ཧོ་བཱཛྫཱ་ཨི། ཀཱ་རུ་ཎེ་ཀི་ཨ་ཨི་ན་རོ་ལཱ་ཏ་ཧིཾ་བ་ལ་ཁཱཛྫཱ་ཨི། གཱ་ཌྷེཾ་མ་ཨ་ཎཱ་པཱིཛྫཱ་ཨི། ཧ་ལེ་ཀཱ་ལིཉྫ་ར་པཱ་ཎི་ཨ་ཨི། དུནྡུ་རཱ་བཱཛྫི་ཨ་ཨི། ཙ་ཨུ་ས་མ་ཀཙྪུ་རཱི་སིཧླཱ། ཀཱཔྤུ་ར་ལཱ་ཨི་ཨ་ཨི། མཱ་ལ་ཨིནྡྷཱ་ཎ་སཱ་ལིཉྫ། ཏ་ཧིཾ་བྷ་རུ་ཁཱ་ཨི་ཨ་ཨི། ཕྲེཾ་ཁ་ཎ་ཁེ་ཊ་ཀ་རནྟེ། ཤུདྡྷ་ཨ་ཤུདྡྷ་ཎ་མུ་ནི་ཨ་ཨི། ནི་རཾ་སུ་ཨཾ་གེ་ཙ་ཌཱ་ཝི། ཏ་ཧིཾ་ཛ་ས་རཱ་ཝ་པཱ་ཎི་ཨ་ཨི། མ་ལ་ཨ་ཛེ་ཀུནྡུ་རུ་བཱ་ཊ་ཨི། ཌིཎྜི་མ་ཏ་ཧིནྣ་བཱཛྫི་ཨ་ཨི། ཞེས་བྱ་བ་བླང་ཞིང་དེ་དག་གི་དོན་རྗེས་སུ་དྲན་པར་བྱའོ། །གཉིས་པ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ནི། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་ཤིང༌། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོ་ཡིན། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པ་ཡིན། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པ་ཡིན། །ཞེས་བརྗོད་དོ། །གསུམ་པ་སྨོན་ལམ་གདབ་པ་ནི། རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་ཀྱེ་ཡི་རྡོ་རྗེར་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང༌། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཅེས་ལན་གསུམ་བརྗོད་དོ། །བཞི་པ་གཤེགས་སུ་གསོལ་བ་ནི། ཨོྃ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏཱེ་ནོ་པ་ཏིཥྛ། ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ། ཧེ་རུ་ཀོ་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨ། མུཿཞེས་བརྗོད་དེ་སེ་གོལ་གཏོགས་པས་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རྣམས་བདག་གི་ཐུགས་ཀར་བསྡུས་ལ་གཏོར་མ་བཏང་བའམ། ཡང་ན་ཐུན་ཐོན་ནས་བཏང་ཡང་བཏུབ་བོ། །གལ་ཏེ་མཚན་མོ་ཡིན་ན། གཏོར་མ་ལ་མར་མེ་བཙུགས་ལ་ས་གཙང་སར་བསྐྱལ་ལོ། །གལ་ཏེ་དཀྱིལ་འཁོར་དང་འབྲེལ་བ་ཡིན་ན་རྡོ་རྗེའི་གླུ་བླང༌། སྨོན་ལམ་བཏབ་ལ་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ་དཀྱིལ་འཁོར་གྱི་མེ་ཏོག་ཚོམ་བུ་རྣམས་དབུས་སུ་བསྡུ། མཆོད་པ་རྣམས་བསྡུས་ལ་དམན་པ་ཆུ་བོར་དོར་བའམ། གནས་དབེན་པར་བཞག་ལ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་དག་ནི་ཐུན་མཚམས་ཐམས་ཅད་དུ་དེ་ལྟར་བྱ་བ་ཡིན་པས་ཐུན་མཚམས་ཀྱི་བྱ་བ་ཞེས་ཀྱང་བྱ། མཆོད་པ་དང་གཏོར་མའི་རྣལ་འབྱོར་ཞེས་ཀྱང་བྱ། གཙོ་བོར་ལས་དང་པོ་པས་སྤྱད་པར་བྱ་བ་ཡིན་པས། ལས་དང་པོ་པའི་བྱ་བ་ཞེས་ཀྱང་བྱ། ཕྱི་རོལ་གྱི་ཚོགས་བསོག་པའི་རྣལ་འབྱོར་ཞེས་ཀྱང་བྱ་བ་ཡིན་ནོ། །དེ་ལྟར་སྔོན་དུ་འགྲོ་བའི་ཕྱི་རོལ་གྱི་ཚོགས་བསོག་པ་སྔོན་དུ་སོང་ནས། རང་སྟན་ལ་འདུག་ལ་མཉམ་པར་གཞག་པའི་རྣལ་འབྱོར་བྱའོ། །དེ་ལ་གཉིས་ཏེ་སྔོན་དུ་འགྲོ་བ་ཚོགས་གཉིས་བསག་པ་དང༌། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་བསྒོམ་པའི་རིམ་པའོ། །དང་པོ་ལ་གཉིས་ཏེ། བསོད་ནམས་ཀྱི་ཚོགས་བསག་པ་དང༌། ཡེ་ཤེས་ཀྱི་ཚོགས་བསག་པའོ། །དང་པོ་ལ་གསུམ་སྟེ། ཚོགས་བསག་པའི་ཞིང་མདུན་གྱི་ནམ་མཁར་སྤྱན་དྲང་བ་སྟེ་མཆོད་པ་དང༌། དེའི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་རྒྱུན་བཤགས་བྱ་བ་དང༌། ཚད་མེད་པ་བཞི་བསྒོམ་པའོ། །དང་པོ་ནི་རང་དཔལ་ཀྱེའི་རྡོ་རྗེར་གསལ་གདབ། དེའི་སྙིང་གར་རྃ་ལས་ཉི་མའི་དཀྱིལ་འཁོར་བསམ་སྟེ། ཆོས་ཐམས་ཅད་རང་གི་སེམས་ཡིན་ནོ་ཞེས་བསམ། དེའི་སྟེང་དུ་ཧཱུྃ་སྔོན་པོ་ཞིག་བསམ་སྟེ། ཧཱུྃ་དེ་ཡང་གཟུང་འཛིན་གཉིས་དང་བྲལ་བའི་ཡིད་ཙམ་དུ་མོས་པ་བྱ། དེ་ནས་དབུགས་ཕྱིར་རྒྱུ་བའི་དུས་སུ། ལམ་སྣ་བུག་གཡས་ནས་འོད་ཟེར་ཁ་དོག་རྣམ་པ་ལྔ་ལྕགས་ཀྱུའི་ཚུལ་དུ་སྤྲོས་པས། མདུན་གྱི་ནམ་མཁར་རྗེ་བཙུན་ལྷ་དགུའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས་ནས། ལྷག་པའི་ལྷ་དང་བླ་མ་ཐ་མི་དད་དུ་མོས་པ་བྱ། དེ་ལ་བདག་གི་སྙིང་གའི་ས་བོན་གྱི་འོད་ལས། གཽ་རཱི་ནག་མོ་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བས་གང་བའི་ཐོད་པ་ཐོགས་པ། ཅཽ་རཱི་དམར་མོ་རང་བྱུང་གི་ཁྲག་གིས་གང་བའི་ཐོད་པ། བཻ་ཏཱ་ལཱི་སེར་མོ་དྲི་ཆུས་གང་བའི་ཐོད་པ། གྷསྨ་རཱི་ལྗང་གུ་དྲི་ཆེན་གྱིས་གང་བའི་ཐོད་པ། པུཀྐ་སཱི་སྔོན་མོ་ཤ་སྣ་ཚོགས་ལས། ཁྱད་པར་དུ་མིའི་ཤ་ཆེན་པོས་གང་བའི་ཐོད་པ་ཐོགས་པ་སྟེ། དེ་ལྟར་ལྔ་པོས་གསང་བའི་མཆོད་པས་མཆོད་པ་དང༌། ཡང་དེ་བཞིན་དུ་ཤ་ཝ་རཱི་དཀར་མོ་བཅུད་ལེན་གྱི་རོས་གང་བའི་ཐོད་པ་ཐོགས་པ། ཙཎྜཱ་ལཱི་སྔོ་དམར་ཅང་ཏེའུ་བརྡུངས་པས་མཆོད་པ་སྟེ། ཕྱིའི་མཆོད་པ་རྣམ་པ་གཉིས་དང༌། གཡུང་མོ་སྐུ་མདོག་སྣ་ཚོགས་སྐུ་ལ་འཁྱུད་པ་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བ་དེ་ཁོ་ན་ཉིད་ཀྱིས་མཆོད་པ་སྟེ། དེ་ལྟར་ལྷ་མོ་བརྒྱད་ཀྱིས་མཆོད་པ་གསུམ་གྱིས་དཀྱིལ་འཁོར་གྱི་འཁོར་ལོར་མཆོད་པའོ། །དེ་ནས་སྡིག་པ་བཤགས་པ་ནི། བདག་གིས་ཐོག་མ་མེད་པའི་འཁོར་བ་ནས། སྡིག་པ་མི་དགེ་བའི་ལས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིས་པ་ལ་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཤགས་ཤིང་སླར་ཡང་མི་བགྱིད་དོ། །ཞེས་ལན་གསུམ་ངག་ཏུ་བརྗོད་ཅིང༌། སེམས་ཀྱིས་འགྱོད་པ་དྲག་པོས་བཤགས་ཤིང་སླར་ཡང་མི་བགྱིད་པར་དམ་བཅའ་བརྟན་པོ་བྱའོ། །དེ་ནས་རྗེས་སུ་ཡི་རང་བ་ནི་ངག་ཏུ། སོ་སོ་སྐྱེ་བོ་དང༌། འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགེ་བའི་རྩ་བ་དེ་རྣམས་ཀུན་ལ་དགའ་ཞིང་རྗེས་སུ་ཡི་རང་བར་བགྱིའོ། །ཞེས་བརྗོད་ཅིང་ཡུལ་རྣམ་པ་ལྔ་པོ་ལ་ཕྲག་དོག་མེད་པར་རྗེས་སུ་ཡི་རང་བར་བགྱིའོ། །དེ་ནས་བསྔོ་བ་ནི། བདག་གིས་དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་འདིས། བདག་དང་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྙིང་པོ་ཀྱེའི་རྡོ་རྗེའི་གོ་འཕང་ཐོབ་པར་གྱུར་ཅིག ཅེས་བསྔོ་བའོ། །དེ་ནས་སྐྱབས་སུ་འགྲོ་བ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ནི་སངས་རྒྱས་དཀོན་མཆོག རྩ་སྔགས་དང་སྙིང་པོ་དང་ཉེ་སྙིང་ནི་ཆོས་དཀོན་མཆོག འཁོར་གྱི་ལྷ་མོ་རྣམས་དགེ་འདུན་དཀོན་མཆོག་སྟེ། ཡུལ་ཐུན་མོང་མ་ཡིན་པ་ཁྱད་པར་ཅན་གསུམ་ལ། དུས་དེ་རིང་ནས་གཟུང་སྟེ་སྙིང་པོ་ཀྱེའི་རྡོ་རྗེའི་གོ་འཕང་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ། །ཞེས་རྟེན་དུ་ཁས་འཆེ་བའོ། །དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། དང་པོར་མཆོད་པ་བྱ་བ་ལ་སོགས་པའི་ཡུལ་དང༌། མཆོད་པར་བྱེད་པའི་བདག་ཉིད་དང༌། མཆོད་པ་ལ་སོགས་པ་འཁོར་གསུམ་པོ་རང་བཞིན་གྱིས་མ་གྲུབ་སྟེ། མདོར་ན་སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་སྙིང་རེ་རྗེ་སྙམ་དུ་བསྒོམ་པ་ནི། དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །དེ་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། ངག་ཏུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་བརྗོད་དེ། དེའི་དོན་ནི་བདག་གིས་དཔལ་ཀྱེའི་རྡོ་རྗེའི་གོ་འཕང་ཐོབ་པར་བྱས་ལ། སེམས་ཅན་ཐམས་ཅད་ཀྱང་དཔལ་ཀྱེའི་རྡོ་རྗེའི་གོ་འཕང་ལ་དགོད་པར་བྱའོ། །ཞེས་སྨོན་པའི་སེམས་བསྐྱེད་དོ། །ལམ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་ཉམས་སུ་བླང་བར་བྱའོ། །ཞེས་ཁས་བླང་ཞིང་དམ་བཅའ་བརྟན་པོར་བྱ་བ་ནི་འཇུག་པའི་སེམས་བསྐྱེད་པའོ། །དེ་ནས་ཚད་མེད་པ་བཞི་བསྒོམ་པ་ནི་དམིགས་པར་བྱ་བའི་ཡུལ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་པའི་བྱམས་པ་དང༌། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་པའི་སྙིང་རྗེ་དང༌། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་པའི་དགའ་བ་དང༌། སེམས་ཅན་ཐམས་ཅད་དགྲ་དང་གཉེན་མེད་པའི་བཏང་སྙོམས་ཚད་མེད་པ་བསྒོམ་པར་བྱའོ། །དེས་ནི་བསོད་ནམས་ཀྱི་ཚོགས་བསག་པའོ། །གཉིས་པ་ཡེ་ཤེས་ཀྱི་ཚོགས་བསག་པ་ནི། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་མ་ཐག་ཏུ་བདག་དང་སེམས་ཅན་ཐམས་ཅད་དང༌། སྣོད་ཀྱི་འཇིག་རྟེན་གྱིས་བསྡུས་པའི་དངོས་པོ་ཐམས་ཅད་སྐད་ཅིག་གིས་སྣང་བ་མི་དམིགས་པར་བསམ་མོ། །དེ་དག་ནི་ཚོགས་གཉིས་བསག་པའོ། །གཉིས་པ་རྣལ་འབྱོར་བསྒོམ་པའི་རིམ་པ་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའོ། །དང་པོ་ལ་གཉིས་ཏེ། རྟེན་གཞལ་ཡས་ཁང་བསྒོམ་པ་དང༌། བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་ནི་བདག་གིས་གཟུགས་ཀྱི་སྐུ་སྒྱུ་མ་ལྟ་བུར་ལངས་ལ་སེམས་ཅན་གྱི་དོན་བྱའོ་སྙམ་དུ་སེམས་ཀྱི་རྒྱུན་དེ་དྲན་པར་བྱ། དེའི་སྐད་ཅིག་ལ་སྟོང་པ་ཉིད་ཀྱི་ངང་ལས་ནམ་མཁའ་ལ་རྃ་ལས་ཉི་མའི་དཀྱིལ་འཁོར་བློ་ལ་ཇི་ཙམ་སྣང་བ་བསམ། དེའི་སྟེང་དུ་ཧཱུྃ་མཐིང་ག་ལས། སྣ་ཚོགས་རྡོ་རྗེ་ཤར་ཕྱོགས་ཀྱི་ར་དཀར་པོ་རྩེ་གསུམ་པ། ལྷོ་ཕྱོགས་ཀྱི་ར་སེར་པོ་རྩེ་གསུམ་པ། ནུབ་ཕྱོགས་ཀྱི་ར་དམར་པོ་རྩེ་གསུམ་པ། བྱང་ཕྱོགས་ཀྱི་ར་ལྗང་གུ་རྩེ་གསུམ་པ། དབུས་ཀྱི་ལྟེ་བ་མཐིང་ནག་དེ་ལ་ཧཱུྃ་ཁ་དོག་དེ་དང་མཐུན་པ་བློས་བྲིས་ལ། དེ་ལས་འོད་ཕྱོགས་ཐམས་ཅད་དུ་འཕྲོས་པས། རྡོ་རྗེ་ནག་པོ་གདེངས་པ་འགྲེང་བུར་གྱུར་པས་བར་མཚམས་མེད་པའི་རྭ་བ་བྱས་པར་བསམ་མོ། །ཡང་འོད་འཕྲོས་པས་སྟེང་དུ་རྡོ་རྗེའི་གུར་དང༌། དེ་བཞིན་དུ་ཕྱོགས་ཐམས་ཅད་ཀྱང་གུར་དེ་ཉིད་ཀྱིས་ཉིས་རིམ་དུ་གྱུར་པར་བསམ། དེ་ལས་རྭ་བ་དང་གུར་ལ་སོགས་པ་ལས་འོད་ཟེར་གཟི་བརྗིད་འབར་བ་བྱུང་བས། ནང་གི་བགེགས་ཐམས་ཅད་ཚར་བཅད་ནས་འོག་ཀྱང་རྡོ་རྗེའི་ས་གཞིར་གྱུར་པར་བསམ། དེ་ཉིད་ཀྱི་ཚེ་རྡོ་རྗེའི་རྭ་བ་ལས་ཀྱང་ཕྱིར་འཕགས་པ་ཤིན་ཏུ་རྒྱ་ཆེ་བའི་མེའི་འོད་རབ་ཏུ་འབར་བར་བསམ་མོ། །དེའི་ནང་དུ་གཞིའི་ཡན་ལག་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་པོ། ནང་ཅུང་ཟད་དམར་བ་གདེངས་ཁ་གྱེན་དུ་ཕྱོགས་པར་བསམ་མོ། །དེའི་ནང་དུ་རྒྱུའི་ཡན་ལག་ནི། ལྃ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ལྃ་གྱིས་མཚན་པ་བསམ་མོ། །དེའི་སྟེང་དུ་བྃ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བྃ་གྱིས་མཚན་པ་བསམ། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རྃ་གྱིས་མཚན་པ་བསམ། དེའི་སྟེང་དུ་ཡྃ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་བདུངས་པ་ལྟ་བུ་ཡྃ་གིས་མཚན་པའོ། །དེ་དག་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་གོ་རིམ་གྱི་དབང་དུ་བྱས་པ་ཡིན་ནོ། །དེ་ལ་རྐྱེན་གྱི་ཡན་ལག་ནི། དེ་ལྟ་བུའི་འབྱུང་བ་བཞི་པོ་ཐམས་ཅད་ཀྱང་རང་གི་སེམས་ཀྱི་སྣང་བ་ཙམ་ཡིན་པར་ཤེས་པར་བྱས་ལ་དེ་དག་ཐམས་ཅད་སྐད་ཅིག་གིས་འོད་དུ་ཞུ་སྟེ། རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་པ་མཚན་ཉིད་ཐམས་ཅད་དང་ལྡན་པ། གྲུ་བཞི་པ། སྒོ་བཞི་དང་ལྡན་པ། རྩིག་པ་ལྔ་ཡོད་དེ། དེ་ཡང་དཀར་པོ། སེར་པོ། དམར་པོ། ལྗང་གུ། སྔོན་པོ་སྟེ། དེ་ཡང་ཕྱི་རོལ་ནས་དཀར་པོ་ལ་སོགས་པ་རིམ་པ་བཞིན་ཡོད་དོ། །ཀ་བ་བརྒྱད་དང་ལྡན་པའི་སྟེང་རྡོ་རྗེའི་གདུང་གིས་མིག་མངས་རིས་སུ་བྲིས་པ། རིན་པོ་ཆེའི་ཕ་གུ་ལས་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བའི་གསེབ་ན། ཟླ་བ་རླུང་གིས་བསྐྱོད་པ་ཡོད་པ། དྲིལ་བུ་གཡེར་ཁ་ལ་སོགས་པས་བརྒྱན་པ། སྟེང་ན་མདའ་ཡབ་དང་པུ་ཤུ་དང་ལྡན་པ། སྟེང་གཙང་ཁང་ཕྱུར་བུ་རྩེ་མོ་རྡོ་རྗེ་དང་ནོར་བུ་རིན་པོ་ཆེ་ལས་གྲུབ་པ། ཆེས་མཐོ་བ། རྟ་བབས་བཞིས་མཛེས་པར་བྱས་པ། དེ་ལ་བ་དན་དང༌། རི་དྭགས་དང༌། ཆོས་ཀྱི་འཁོར་ལོ་དང༌། གདུགས་དང་བཅས་པའོ། །འདོད་ཡོན་གྱི་སྣམ་བུ་ལ་འདོད་ཡོན་གྱི་ལྷ་མོ་བཅུ་དྲུག་ཕྱོགས་རེ་རེ་ན་བཞི་བཞིས་མཛེས་པའི་རྒྱན་དང་ལྡན་པས། འཛུམ་པའི་བཞིན་གྱིས་ཕྱག་ན་མཆོད་རྫས་དུ་མ་ཐོགས་ནས་མཆོད་པ་བྱེད་པ་ཡོད་དོ། །གཞལ་ཡས་ཁང་གི་ཕྱི་རོལ་རྡོ་རྗེ་རྭ་བའི་ནང་དེར་དུར་ཁྲོད་ཆེན་པོ་བརྒྱད་བསམ་པར་བྱ་སྟེ། དེ་ལ་ཤར་ཕྱོགས་སུ་གཏུམ་དྲག་གི་དུར་ཁྲོད། ལྷོ་ཕྱོགས་སུ་འཇིགས་བྱེད་ཐོད་པ་ཅན་གྱི་དུར་ཁྲོད། ནུབ་ཕྱོགས་སུ་འབར་བ་འཕྲེང་བས་ཁྱབ་པའི་དུར་ཁྲོད། བྱང་དུ་ཚང་ཚིང་འཁྲིགས་པའི་དུར་ཁྲོད། དེ་བཞིན་དུ་དབང་ལྡན་དུ་དྲག་ཏུ་དགོད་པ། མེའི་མཚམས་སུ་དབང་ཕྱུག་ནགས་ཚལ། བདེན་བྲལ་དུ་འཇིགས་བྱེད་མུན་པ། རླུང་དུ་ཀི་ལི་ཀི་ལའི་སྒྲ་སྒྲོགས་པའོ། །དེ་ལ་ཤར་གྱི་དུར་ཁྲོད་དུ་ཤི་རི་ཤའི་ཤིང་དང༌། ལྷོ་ཕྱོགས་སུ་ཙཱུ་ཏའི་ཤིང་དང༌། ནུབ་ཏུ་ཀཾ་ཀ་ལའི་ཤིང་དང༌། བྱང་དུ་ཨ་ཤྭཏྠའི་ཤིང་དང༌། དབང་ལྡན་དུ་ཤིང་ཆེན་པོ་དང༌། མེ་རུ་ཀ་རཱཉྫ་དང༌། སྲིན་པོར་འཁྲིལ་ཤིང་ཅན་དང༌། རླུང་དུ་ཨརྫུ་ནའོ། །ཡང་ཤར་ཕྱོགས་སུ་ལྷའི་དབང་པོ་བརྒྱ་བྱིན། ལྷོར་གཤིན་རྗེ། ནུབ་ཏུ་ཆུ་ལྷ། བྱང་དུ་གནོད་སྦྱིན། བྱང་ཤར་དུ་དབང་ལྡན། ཤར་ལྷོར་མེ་ལྷ། ལྷོ་ནུབ་ཏུ་སྲིན་པོ། ནུབ་བྱང་དུ་རླུང་ལྷའོ། །དེ་ལ་བརྒྱ་བྱིན་གླང་པོ་ཆེ་ལ་ཞོན་པ། མདོག་སེར་པོ་ལག་པ་གཡོན་པ་རྡོ་རྗེས་མཚན་པའི་ཐོད་པ་ཐོགས་པ། གཤིན་རྗེ་ནི་མ་ཧེ་ལ་ཞོན་པ་མདོག་སྔོན་པོ་ལྟོ་བ་འཕྱང་ལ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མིའུ་ཐུང་གི་གཟུགས་ཅན་གཡོན་ན་ཐོད་པ་དང་དབྱུག་པ་ཐོགས་པའོ། །ཆུ་ལྷ་ནི་ཆུ་སྲིན་ལ་ཞོན་པ་མདོག་དཀར་པོ་སྦྲུལ་གྱིས་བརྒྱན་པ། གཡོན་པ་ན་ཐོད་པ་དང་ཞགས་པ་ཐོགས་པའོ། །གནོད་སྦྱིན་ནི་རྟ་ལ་ཞོན་པ་མདོག་སེར་པོ་གསུས་པ་འཕྱང་བ་མིའུ་ཐུང་གཡོན་ན་ཐོད་པ་དང་དབྱུག་པ་ཐོགས་པའོ། །དབང་ལྡན་ནི་གླང་ལ་ཞོན་པ་མིག་གསུམ་པ་མདོག་དཀར་པོ་གཡོན་ན་ཐོད་པ་དང་མདུང་ཐོགས་པའོ། །མེ་ལྷ་ནི་ར་སྐྱེས་ལ་ཞོན་པ་མདོག་དམར་སེར་ཕྱག་བཞི་པ། སྐྲ་སེར་པོ་དབྱུ་གུ་གསུམ་པ་དང༌། ཐོད་པ་དང༌། སྤྱི་བླུགས་དང༌། ཕྲེང་བ་འཛིན་པའོ། །སྲིན་པོ་ནི་རོ་ལ་ཞོན་པ་མིའུ་ཐུང་གི་གཟུགས་ཅན་མདོག་སྔོན་པོ་སྐྲ་སེར་པོ་གྱེན་དུ་བརྫེས་པ་གསུས་པ་འཕྱང་བ་གཡོན་ན་རལ་གྲི་དང་ཐོད་པ་ཐོགས་པའོ། །རླུང་ལྷ་ནི་མདོག་སྔོན་པོ་རི་དྭགས་ལ་ཞོན་པ་ཞི་བའི་གདོང་ཅན་གཡོན་ན་བ་དན་ཐོགས་པའོ། །འཇིག་རྟེན་སྐྱོང་བ་འདི་རྣམས་ནི་རང་རང་གི་མདོག་དང་གདན་དང་ཕྱག་མཚན་དང་ལྡན་ཞིང་ཀུན་ཀྱང་གཡས་ཀྱིས་ནི་བཅོམ་ལྡན་འདས་ལ་ཕྱག་འཚལ་བའོ། །ཡང་དུར་ཁྲོད་བརྒྱད་ན་སྤྲིན་བརྒྱད་གནས་ཏེ། དེ་ལ་ཤར་ན་སྒྲོགས་བྱེད་སེར་པོ། ལྷོ་ན་ལྡོག་བྱེད་སྔོན་པོ། ནུབ་ན་འཇིགས་བྱེད་དཀར་པོ། བྱང་ན་འཁོར་བྱེད་སེར་པོ། བྱང་ཤར་དུ་མཐུག་པོ་དཀར་པོ། ཤར་ལྷོར་འགེངས་བྱེད་དམར་སེར། ལྷོ་ནུབ་ཏུ་ཆར་འབེབས་སྔོན་པོ། ནུབ་བྱང་དུ་གཏུམ་པོ་སྔོན་པོ། སྤྲིན་རྣམས་ཀྱི་ཁ་དོག་ནི་འཇིག་རྟེན་སྐྱོང་བ་རྣམས་ལྟ་བུའོ། །དེ་དག་ལ་གནས་པའི་ཀླུ་ཆེན་པོ་བརྒྱད་ནི། དེ་ལ་ཤར་དུ་ནོར་རྒྱས། ལྷོར་པདྨ། ནུབ་ཏུ་ཀརྐོ་ཊ། བྱང་དུ་ཏཀྵ་ཀ དབང་ལྡན་དུ་པདྨ་ཆེན་པོ། མེ་རུ་ཧུ་ལུནྟ། སྲིན་པོར་རིགས་ལྡན། རླུང་དུ་དུང་སྐྱོང༌། དེ་རྣམས་ཀུན་ཀྱང་ཐལ་མོ་སྦྱར་བའོ། །ཤིང་བརྒྱད་ལ་གནས་པའི་ཞིང་སྐྱོང་བརྒྱད་དེ། དེ་ལ་འཇིག་རྟེན་སྐྱོང་བ་བརྒྱད་ཀྱི་བཞོན་པ་རྣམས་ཀྱི་གདོང་ལྟ་བུ། སྐྲ་དམར་སེར་གྱེན་དུ་བརྫེས་པ་བཞིན་འགྱུར་བ་སྟེ། དེ་ལ་ཤི་རི་ཤ་ལ་གནས་པའི་ལྷའི་དགེ་འདུན་ཞེས་བྱ་བ་མདོག་དཀར་པོ། ཤིང་ཙུ་ཏ་ལ་གནས་པའི་གཤིན་རྗེ་ཞེས་བྱ་བ་མདོག་སྔོན་པོ། ཀཾ་ཀ་ལ་ལ་གནས་པའི་སྤྲིན་གྱི་རྒྱལ་པོ་ཞེས་བྱ་བ་མདོག་དམར་པོ། བྱང་ཆུབ་ཀྱི་ཤིང་ལ་གནས་པའི་གནོད་སྦྱིན་གྱི་དེད་དཔོན་ཆེན་པོ་ཞེས་བྱ་བ་མདོག་སེར་པོ། ཀ་རཱཉྫའི་ཤིང་ལ་གནས་པའི་དྲང་སྲོང་འདུས་པ་ཞེས་བྱ་བ་མདོག་དམར་པོ། འཁྲིལ་ཤིང་ཅན་ལ་གནས་པའི་སྲིན་པོའི་ཚོགས་ཅན་ཏེ་མདོག་སྔོན་པོ། ཨརྫུ་ན་ལ་གནས་པའི་རླུང་གི་རྒྱལ་པོ་ཞེས་བྱ་བ་སྟེ་མདོག་ལྗང་གུའོ། །ཤིང་ཆེན་པོ་ལ་གནས་པའི་ཡི་དྭགས་འདུས་པ་ཞེས་བྱ་སྟེ་དུ་བའི་མདོག་ཏུ་བལྟ་བར་བྱའོ། །ཕྱོགས་མཚམས་བརྒྱད་ཀྱི་དུར་ཁྲོད་རྣམས་ན། རོ་མགོ་བཅད་པ་དང༌། དཔྱངས་པ་དང༌། བསྙལ་བ་དང༌། གསལ་ཤིང་གིས་ཕུག་པ་དང༌། མགོ་བོ་དང༌། ཀེང་རུས་དང༌། ཅེ་སྤྱང་དང༌། ཁྭ་དང༌། འུག་པ་དང༌། བྱ་རྒོད་དང༌། རོ་ལངས་རྣམས་ཕཻཾ་ཞེས་བྱ་བའི་སྒྲ་སྒྲོགས་པར་བྱེད་པ། མ་ལུས་པ་རྣམས་ཀྱང་སྔོན་གྱི་གྲུབ་པ་ཐོབ་པ་རྣམས་ཀྱིས་མངོན་པར་རྟོགས་པ་སྟེ། གནོད་སྦྱིན་དང༌། སྲིན་པོ་དང༌། ཡི་དྭགས་དང༌། ཤ་ཟ་དང༌། སྨྱོ་བྱེད་དང༌། བརྗེད་བྱེད་དང༌། གདོན་དང༌། མཁའ་འགྲོ་དང༌། མཁའ་འགྲོ་མ་རྣམས་ཀྱིས་བརྒྱན་ཅིང་སྒྲུབ་པ་པོ་རྣམས་དང་བཅས་པར་བལྟ་བར་བྱའོ། །དེའི་དབུས་སུ་པྃ་སེར་པོ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་སྟེང་དུ་རྃ་ལས་ཉི་མའི་དཀྱིལ་འཁོར་འོད་རབ་ཏུ་འབར་བའི་སྟེང་དུ་བདུད་བཞི་བརྩེགས་པའི་གདན། སྒོ་མཚམས་རྣམས་སུ་ཡང་པདྨ་དང་ཟླ་བའི་སྟེང་དུ་གདན་བསམ་པར་བྱ་སྟེ། ཤར་དུ་ཚངས་པ་སེར་པོ། ལྷོར་དབང་པོ་དཀར་པོ། ནུབ་ཏུ་ཉེ་དབང་དམར་པོའམ་སྔོན་པོ། བྱང་དུ་དྲག་པོ་ནག་པོ། བྱང་ཤར་དུ་གཤིན་རྗེ་སྔོན་པོ། ཤར་ལྷོར་ནོར་ལྷ་སེར་པོ། ལྷོ་ནུབ་ཏུ་སྲིན་པོ་ནག་པོ། ནུབ་བྱང་དུ་ཐག་ཟངས་རིས་ལྗང་གུའམ་དུད་ཁའོ། །དེ་ནས་བརྟེན་པ་ལྷ་བསྐྱེད་པ་ནི་དམ་ཚིག་སེམས་དཔའ་བསྐྱེད་པ་དང༌། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་ཀྱི་ཙཀྲ་དགུག་གཞུག་བྱ་བ་དང༌། དབང་བསྐུར་ནས་རིགས་ཀྱི་བདག་པོའི་རྒྱས་གདབ་པའོ། །དང་པོ་ནི་གདན་དབུས་མའི་སྟེང་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨྃ་ཨཿ ཞེས་བྱ་བ་ཨཱ་ལི་ཕྲག་གཉིས་སྐར་མའི་རྣམ་པ་ལྟ་བུ་གཡས་སྐོར། གཡོན་སྐོར་རམ། སྟེང་འོག་མགོ་སྤྲོད་བསྒོམ་སྟེ། དེ་ལྟ་བུའི་ཡི་གེ་སུམ་ཅུ་རྩ་གཉིས་ཕྲག་དགུ་རིམ་གྱིས་སམ། ཅིག་ཆར་དུ་བསྒོམ་པ་ནི་རྣམ་པའོ། །རྣམ་པ་དེ་རང་གི་ངོ་བོ་སངས་རྒྱས་ལ་མངའ་བའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སུ་མོས་པ་བྱ། དེ་ཞུ་བ་ལས་ཟླ་བའི་དཀྱིལ་འཁོར་དགུར་བསྒོམ་པ་རྣམ་པ་རང་གི་ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས་པ་བྱ། དེ་ལྟར་རྣམ་པ་དེ་དང་དེར་བསྒོམ་པ་ནི་ལས་དང་པོ་པའི་བློ་ལ་བསྒོམ་སླ་ལ། རང་གི་ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས་པ་བྱས་པས། གསང་སྔགས་འབྲས་བུ་ལམ་དུ་བྱས་པར་འགྱུར་ཞིང༌། ཚུལ་དེས་ཚོགས་བསོག་ཅིང༌། སྒྲིབ་པ་འབྱང་བར་འགྱུར་བ་ལས་ལམ་མྱུར་དུ་བགྲོད་པར་བྱ་བའི་ཕྱིར་བྱིན་རླབས་ལམ་དུ་བྱེད་པ་ཞེས་བྱ་བ་བློ་ལ་ངེས་པ་ཁྱད་པར་ཅན་བསྐྱེད་པར་བྱའོ། །ཟླ་བ་རེའི་སྟེང་དུ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཞེས་བྱ་བའི་སྟེང་དུ། ཡ་ར་ལ་ཝ་ཌ་ཌྷ། ཞེས་བྱ་བ་དྲུག་བསྣན་པས་བཞི་བཅུ་ཐམ་པ་ཕྲག་གཉིས་ཏེ་བརྒྱད་ཅུ་པོ་ཁ་དོག་དམར་པོར་བསྒོམ། ཡི་གེ་བརྒྱད་ཅུ་པོ་དེ་དཔེ་བྱད་བཟང་པོ་བརྒྱད་ཅུར་མོས་པ་བྱ། དེ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་དགུ་དུས་གཅིག་ཏུ་བསྐྱེད་པ་རྣམ་པ་རང་གི་ངོ་བོ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མོས་པ་བྱ། དེ་ལྟར་མངོན་བྱང་དང་པོ་གཉིས་གཙོ་འཁོར་དུས་གཅིག་ཏུ་བསྐྱེད། དེ་ནས་གཙོ་བོའི་གདན་ཉི་ཟླ་ཁ་སྦྱོར་གྱི་བར་དུ། ཡི་གེ་ཧཱུྃ་ལས་ཐོད་པ་དུམ་བུ་གསུམ་པ་སྣ་ཚོགས་རྡོ་རྗེས་མཚན་པ། དེའི་ལྟེ་བ་ལ་ཧཱུྃ། ཨྃ་ལས་གྲི་གུག་སྔོ་ནག་ཡུ་བ་ལ་ཨྃ་གིས་མཚན་པ་སྟེ་རྣམ་པའོ། །རང་གི་ངོ་བོར་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སུ་མོས་པ་བྱ། དེ་ནས་ཟླ་བ་དང་ཉི་མ་དང་བར་གྱི་ཕྱག་མཚན་ས་བོན་རྣམས་ཆུ་དང་འོ་མ་འདྲེས་པ་ལྟར་གྱུར་བ་ནི་རྣམ་པ། རང་གི་ངོ་བོ་བྱ་བ་ནན་ཏན་དུ་མོས་པ་བྱ། དེ་ནས་དེའི་སྐད་ཅིག་ལ་བཅོམ་ལྡན་འདས་རྒྱུ་རྡོ་རྗེ་འཛིན་པ་སྐུ་རྫོགས་པ་ནི་རྣམ་པ། རང་གི་ངོ་བོ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སུ་མོས་པ་བྱ། སྐུ་མདོག་ནག་པོ་ཞལ་བརྒྱད་པ། སྤྱན་གསུམ་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། མི་མགོ་ལྔས་དབུ་ལ་བརྒྱན་པ། ཞལ་རྣམས་ནི་མཆེ་བ་གཙིགས་པ། རྩ་བའི་ཞལ་གནག་པ། གཡས་དཀར་བ། གཡོན་དམར་བ། སྤྱི་བོའི་ཞལ་ནི་དུད་ཁ། གཞན་རྣམས་ནི་གནག་པ། ཕྱག་བཅུ་དྲུག་གི་གཡས་ཀྱི་ཐོད་པ་བརྒྱད་ཀྱི་དང་པོ་ནས་རིམ་པ་བཞིན་དུ། གླང་པོ་དཀར་པོ། རྟ་ལྗང་གུ། བོང་བུ་གྭ་པ། གླང་སེར་པོ། རྔ་མོ་ཐལ་ཀ མི་དམར་པོ། ཤ་ར་བྷ་སྔོན་པོ། བྱི་ལ་གྭ་པའོ། །དེ་བཞིན་དུ་གཡོན་པའི་ཐོད་པ་བརྒྱད་དུ། སའི་ལྷ་སེར་པོ། ཆུའི་ལྷ་དཀར་པོ། མེའི་ལྷ་དམར་པོ། རླུང་གི་ལྷ་སྔོན་པོ། ཟླ་བའི་ལྷ་དཀར་པོ། ཉི་མའི་ལྷ་དམར་པོ། གཤིན་རྗེ་སྔོན་པོ། ནོར་སྦྱིན་སེར་པོའོ། །ཕྱག་རྒྱ་དྲུག་དང་ལྡན་པ། མི་མགོ་རློན་པ་ལྔ་བཅུའི་ཕྲེང་བས་སྐུ་ལ་བརྒྱན་པ། གཅེར་བུ་ཞབས་གཡས་བརྐྱང་བས་བཞུགས་པའོ། །བདག་མེད་མ་ནི་ནག་མོ་གཡས་ན་གྲི་གུག གཡོན་ན་ཐོད་པ་ཐོགས་པའོ། །བཅོམ་ལྡན་འདས་ལ་འཁྱུད་པ། གཅེར་བུ་མ། ཕྱག་རྒྱ་ལྔ་དང་ལྡན་པ། སྤྱན་གསུམ་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་ལྔས་དབུ་ལ་བརྒྱན་པ། སྐྱེས་པའི་མགོ་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཞབས་གཡོན་བརྐྱང་པས་བཞུགས་པའོ། །དེ་ནས་འཁོར་གྱི་ལྷ་མོ་དབྱུང་བར་བྱ་བའི་ཕྱིར་མཁའ་གསང་བྱིན་གྱིས་བརླབ་པ་ནི། ཡུམ་གྱི་མཁའ་མི་དམིགས་ཏེ་སྟོང་པ་ལས་ཨ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་དང་བཅས་པ་ཨས་མཚན་པ་བསམས་ལ། ཨོཾ་པདྨ་སུ་ཁཱ་དྷ་ར་མ་ཧཱ་རཱ་ག་སུ་ཁནྡཱ་ད། ཙ་ཏུ་རཱ་ནནྡ་བྷ་ག་བི་ཤྭ་ཧཱུྃ་ཧཱུྃ་ཧཱུྃ་ཀཱརྻཾ་ཀུ་རུ་ཥྭ་མེ། ཡབ་ཀྱི་གསང་བའི་གནས་མི་དམིགས་ཏེ་སྟོང་པ་ལས། ཧཱུྃ་ལས་རྡོ་རྗེ་རྩེ་མོ་ལྔ་པ་ཧཱུྃ་གིས་མཚན་པ་བསམས་ལ། ཨོཾ་བཛྲ་མཧཱ་དྭེ་ཥ་ཙ་ཏུ་རཱ་ནནྡ་དཱ་ཡ་ཀ ཁ་ག་མུ་ཁཻ་ཀ་ར་སོ་ནཱ་ཐ་ཧཱུྃ་ཧཱུྃ་ཧཱུྃ་ཀཱརྻཾ་ཀུ་རུ་ཥྭ་མེ། དེ་ནས་ཆོས་ཀྱི་འདུ་ཤེས་ནི། ཐབས་ཤེས་རབ་སྙོམས་པར་ཞུགས་པ་ལས་འཁོར་གྱི་ལྷ་མོ་དབྱུང་བར་བྱའོ་སྙམ་དུ་དྲན་པ་ཙམ་བྱ། དེ་ནས་ཐབས་ཤེས་རབ་སྙོམས་པར་ཞུགས་པ་ལས་སྒྱུ་མ་བདེ་བའི་སྒྲ་ཧ་དང་སིའི་སྒྲའི་རྣམ་པ་གསང་གནས་ན་གྲག་པའི་སྒྲ་དེས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ། སྣ་བུག་གཡོན་ནས་ཁོང་པར་ཞུགས། རྗེས་ཆགས་ཀྱི་མེས་ཁོང་པར་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་བྱུང༌། ཡུམ་གྱི་མཁར་བབས་པས་ཐིག་ལེ་བརྒྱད་དུ་གྱུར། དེ་ནས་ཐིག་ལེ་རྣམས་ཕྱོགས་དང་མཚམས་ཀྱི་ཉི་ཟླ་བརྒྱད་ཀྱི་བར་དུ་སྤྲོས་པ་ལས། གྃ་ཙྃ་བྃ་གྷྃ་པྃ་ཤྃ་ལྃ་ཌྃ། ཞེས་བྱ་བའི་ས་བོན་བརྒྱད་དུ་གྱུར་པ་ལས་གྲི་གུག་ལ་སོགས་པ་ཕྱག་མཚན་བརྒྱད་དུ་གྱུར། དེ་ལ་ཡང་གྃ་ལ་སོགས་པ་ས་བོན་བརྒྱད་ཀྱིས་མཚན་པ་རྣམ་པ་རང་གི་ངོ་བོ་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སུ་མོས་པ་བྱ། དེ་ནས་ཉི་མ་དང་ཟླ་བ་ས་བོན་དང་ཕྱག་མཚན་གཅིག་ཏུ་གྱུར་པ་བརྒྱད་ནི་བྱ་བ་ནན་ཏན་དུ་མོས་པ་བྱ། དེ་ནས་རྣལ་འབྱོར་མ་བརྒྱད་ཀྱི་སྐུ་ཡོངས་སུ་རྫོགས་པའི་རྣམ་པ། རང་གི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་མོས་པ་བྱ། དེ་ལ་ཤར་གྱི་སྒོ་རུ་ཚངས་པའི་སྟེང་དུ་གཽ་རཱི་མདོག་གནག་པ། གཡས་པ་ན་གྲི་གུག གཡོན་པ་ན་རོ་ཧི་ཏའི་ཉ། ལྷོའི་སྒོ་ལ་ལྷའི་དབང་པོའི་སྟེང་དུ་ཙཽ་རཱི་བཙོད་ཀྱི་ཁ་དོག་མ་གཡས་པ་ན་ཅང་ཏེའུ། གཡོན་པ་ན་ཕག་པ། ནུབ་ཀྱི་སྒོར་ཉེ་དབང་ཁྱབ་འཇུག་གི་སྟེང་དུ་རོ་ལངས་མ་གསེར་བཙོ་མ་ལྟ་བུ། གཡས་པ་ན་རུ་སྦལ། གཡོན་པ་ན་པདྨའི་སྣོད། བྱང་གི་སྒོར་དབང་ཕྱུག་ཆེན་པོ་དྲག་པོའི་སྟེང་དུ་གྷསྨ་རཱི་མརྒད་ལྟ་བུ་གཡས་པ་ན་སྦྲུལ། གཡོན་པ་ན་ཐོད་པ། དབང་ལྡན་དུ་གཤིན་རྗེའི་སྟེང་དུ་པུཀྐ་སཱི་མདོག་སྔོན་མོ་གཡས་པ་ན་སེང་གེ གཡོན་པ་ན་དགྲ་སྟྭ། མེ་རུ་ནོར་བདག་གི་སྟེང་ན་རི་ཁྲོད་མ་དཀར་མོ། གཡས་པ་ན་དགེ་སློང་ངམ་ཅེ་སྤྱང༌། གཡོན་པ་ན་གསིལ་བྱེད། བདེན་བྲལ་དུ་སྲིན་པོའི་སྟེང་དུ་གདོལ་པ་མོ་ནམ་མཁའི་མདོག་ཅན། གཡས་པ་ན་འཁོར་ལོ། གཡོན་ཐོད་པའི་ཕྱག་མ། རླུང་དུ་ལྷ་མ་ཡིན་ཐག་ཟངས་རིས་ཀྱི་སྟེང་དུ་གཡུང་མོ་ཁ་དོག་སྣ་ཚོགས་མ་གཡས་པ་ན་རྡོ་རྗེ། གཡོན་པ་ན་སྡིགས་མཛུབ། ལྷ་མོ་བརྒྱད་པོ་དེ་དག་རུས་པའི་རྒྱན་ཆ་ལྔས་བརྒྱན་པ། སྤྱན་གསུམ་པ་ཁྲོ་མོའི་ཆ་ལུགས། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བསྐལ་པའི་མེ་འབར་བའི་དབུས་ན་བཞུགས་པའོ། །དེ་ལྟ་བུའི་རྒྱུ་རྡོ་རྗེ་འཛིན་པ་ལྷ་དགུའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་གསལ་བར་བསྒོམ་མོ། །དེ་ནས་ཡབ་ཡུམ་གྱི་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་བ་སྤུའི་བུ་ག་བྱེ་བ་ཕྲག་ཕྱེད་དང་བཞི་རྩ་དང་བ་སྤུའི་བུ་ག་ཐམས་ཅད་ཁམས་དྭངས་མ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེས་གང་བར་མོས། དེ་ནས་ཡབ་ཡུམ་ཐབས་ཤེས་རབ་སྙོམས་པར་ཞུགས་པ་ལས་རྗེས་སུ་ཆགས་པའི་མེས་ཁམས་དྭངས་མ་རྣམས་བཞུ་སྟེ། སླར་ཡང་ཟག་པ་མེད་པའི་བདེ་བ་ཆེན་པོ་སྐྱེས་པར་མོས། དེའི་སྐད་ཅིག་ལ་ཡབ་ཡུམ་གྱི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་བཞུ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་ངོ་བོར་གྱུར་པར་བསམ་མོ། །དེ་ནས་འབྲས་བུའི་རྡོ་རྗེ་འཆང་བཞེངས་པའི་ཕྱིར་གླུས་བསྐུལ་བ་ནི། རྣལ་འབྱོར་པའི་ཤེས་པའི་སྣང་བའམ་བློའི་གཏད་སོ་པུཀྐ་སཱི་ལ་སོགས་པ་མཚམས་བཞིར་འཕོས་ལ་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཞེངས་པར་བྱ་བའི་ཕྱིར་གླུས་བསྐུལ་བར་བྱའོ་སྙམ་དུ་རང་གི་སེམས་ཀྱི་རྒྱུན་དྲན་པར་བྱའོ། །དེ་ལ་པུཀྐ་སཱི་ནས་བཟུང་སྟེ་གཡུང་མོའི་བར་གྱི་གླུས་བསྐུལ་ཏེ། དེ་ལ་པུཀྐ་སཱིས་སྙིང་རྗེ་ཆེན་པོའི་གླུས་བསྐུལ་བ་ནི། རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག །པུཀྐ་སཱི་ནི་བདག་ལ་སྐྱོབས། །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །བདག་ལ་བདེ་ཆེན་སྦྱོར་བཞེད་མཛོད། །དེས་བཞེངས་སུ་མ་བཏུབ་པ་ལ་ཤ་ཝ་རཱིས་གནད་ལ་བོར་བའི་གླུས་བསྐུལ་བ་ནི། ཁྱོད་མེད་ན་ནི་བདག་འགུམ་པས། །ཀྱེ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །རི་ཁྲོད་མ་འབྲས་གྲུབ་པར་མཛོད། །དེས་བཞེངས་སུ་མ་བཏུབ་པ་ལ་ཙཎྜཱ་ལཱིས་སྔོན་གྱི་ཐུགས་དམ་རྗེས་སུ་དྲན་པའི་སྒོ་ནས་བསྐུལ་བ་ནི། དགའ་གཙོ་འཇིག་རྟེན་མགྲོན་གཉེར་བ། །སྟོང་པ་ཉིད་ལ་བཞུགས་སམ་ཅི། །ཁྱོད་མེད་ཕྱོགས་ནི་མི་འཚལ་བས། །གདོལ་པ་མོ་བདག་ཞུ་བར་བགྱིད། །དེས་ཀྱང་བཞེངས་སུ་མ་བཏུབ་པ་ལ། གཡུང་མོས་ཐུགས་ཡོངས་སུ་མཁྱེན་པའི་སྒོ་ནས་བསྐུལ་བ་ནི། བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས། །མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག །གཡུང་མོ་བདག་ཡིད་དྲན་ཉམས་པས། །སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག །ཅེས་པའི་གླུས་བསྐུལ་བས་དེ་ནས་འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ་ནི། རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པའི་ཚུལ་བཞིན་དུ་ཨཱ་ལི་དང་ཀཱ་ལི་ལ་ལྟོས་པའི་མངོན་པར་བྱང་ཆུབ་པ་ལྔ་ལས་བསྐྱེད་པར་བྱ་སྟེ། རིམ་གྱིས་ཐིག་ལེ་གསུམ་དུ་ཆད་དེ། ཐིག་ལེ་གཅིག་ལས་ཨཱ་ལི་ལས་ཟླ་བ། གཅིག་ལས་ཀཱ་ལི་ལས་ཉི་མ། གཅིག་ལས་ས་བོན་ཧཱུྃ་དང་ཨྃ་དང་ཕྱག་མཚན་དུ་གྱུར་པ་དང༌། དེ་བཞིན་དུ་གཅིག་ཏུ་གྱུར་པ་དང༌། སྐུ་ཡོངས་སུ་རྫོགས་པ་སྟེ་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པར་བྱའོ། །དེ་ནས་འབྲས་བུ་རྡོ་རྗེ་འཛིན་པ་ལྷ་དགུའི་དཀྱིལ་འཁོར་གྱི་འཁོར་ལོ་གསལ་བར་བྱས་ལ། གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བའི་སྔོན་དུ་སྣོད་བཅུད་སྦྱང་བ་ནི། ལྷ་དགུའི་ཐུགས་ཀར་ཉི་ཟླ་ཁ་སྦྱར་གྱི་བར་དུ་རང་རང་གི་ས་བོན་བསམས་ལ་ཡབ་ཀྱི་ཐུགས་ཀའི་ཉི་མའི་སྟེང་དུ་ཧཱུྃ། འཁོར་རྣམས་ཀྱི་ཟླ་བའི་སྟེང་དུ་རང་རང་གི་ས་བོན་ནོ། །ཡུམ་གྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཨྃ་ཡིག་སྔོ་ནག་དེའི་སྟེང་དུ་ཉི་མ་བསམ། དེ་ནས་དབུགས་ཕྱིར་རྒྱུ་བའི་དུས་སུ་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་སྤྲོས་པས་སྣོད་གྱི་འཇིག་རྟེན་ལ་ཕོག་པས། དེ་མ་ཐག་ཏུ་གཞལ་ཡས་ཁང་དཔག་ཏུ་མེད་པར་གྱུར། ཡང་འོད་དེ་སླར་འདུས་ནས་རང་རང་གི་ས་བོན་ལ་ཐིམ། ཡང་སྔར་བཞིན་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་སྤྲོས་པས་བཅུད་ཀྱི་སེམས་ཅན་ལ་ཕོག་པས། དེ་མ་ཐག་ཏུ་ལྷ་དགུའི་དཀྱིལ་འཁོར་དུ་གྱུར། འོད་དེ་སླར་འདུས་ནས་རང་རང་གི་ས་བོན་ལ་ཐིམ། དེ་ཙམ་གྱིས་གཞན་དམ་ཚིག་སེམས་དཔའ་ལ་དགོད་པ་ཞེས་ཀྱང་བྱའོ། །དེ་ནས་གཙོ་བོ་འབའ་ཞིག་གི་ཐུགས་ཀའི་ས་བོན་ལས་འོད་ཁ་དོག་རྣམ་པ་ལྔ། ལྕགས་ཀྱུའི་ཚུལ་ཅན་དབུགས་ཕྱིར་རྒྱུ་བའི་དུས་སུ་སྣ་བུག་གཡས་ནས་སྤྲོས་པས། མདུན་གྱི་ནམ་མཁར་རྗེ་བཙུན་ལྷ་དགུའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་དཔག་ཏུ་མེད་པ་སྤྱན་དྲངས་ལ་སླར་ཡང་འོད་ཟེར་དེ་ཉིད་ཐུགས་ཀའི་ས་བོན་ལ་ཐིམ། ཡང་འོད་ཟེར་དེ་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཕོག་པས། ཤིན་ཏུ་ཡང་གསལ་གདབ། སླར་ཡང་འོད་ཟེར་ས་བོན་ལ་བསྡུ། ཡང་འོད་ཟེར་དེ་བཞིན་དུ་སྤྲོས་ཏེ་འོད་ཟེར་གྱི་སྒོ་ལས་རྣལ་འབྱོར་མ་བརྒྱད་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཐོགས་པ་སྤྲོས་ལ་མཆོད། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཞེས་བྱ་བས་བསྟོད་པ་བྱས་ནས་གསལ་གདབ། དེ་ནས་སྙིང་གའི་ས་བོན་གྱི་འོད་ལས་གཽ་རཱི་ནག་མོ་ཕྱག་ན་ལྕགས་ཀྱུ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཐུགས་ཀར་རེག་པའི་ཚུལ་དུ་བསམས་ལ། སྲུང་བའི་འཁོར་ལོའི་ནང་དུ་ཡེ་ཤེས་ཀྱི་འཁོར་ལོ་དགུག ངག་ཏུ་ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱཾ་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར། ཨོཾ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿཞེས་བརྗོད། ལུས་ཀྱིས་ལྕགས་ཀྱུའི་ཕྱག་རྒྱ་བཅིང༌། ཡང་ས་བོན་གྱི་འོད་ལས་ཙཽ་རཱི་དམར་མོ་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་མགྲིན་པར་རེག་པའི་ཚུལ་དུ་བྱས་པར་བསམ། དེ་ནས་བདག་ཉིད་ཀྱི་དམ་ཚིག་གི་འཁོར་ལོ་ལ་ཡེ་ཤེས་པ་རྟེན་དང་བརྟེན་པར་བཅས་པ་བཅུག་པར་བསམ་ཞིང༌། ངག་ཏུ་ཨོཾ་བཛྲ་ཙཽ་རཱི་པྲ་བེ་ཤ་ཡ་ཧཱུྃ། ཞེས་བརྗོད་ཅིང་ལས་ཀྱིས་ཞགས་པའི་ཕྱག་རྒྱ་བཅའ། དེ་ནས་ས་བོན་གྱི་འོད་ལས་བེ་ཏཱ་ལཱི་སེར་མོ་ལྕགས་སྒྲོག་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ལ། དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཀྱི་ཞབས་ལ་ལྕགས་སྒྲོག་རེག་པའི་ཚུལ་དུ་བྱས་པས། བདག་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་གཅིག་ཏུ་གྱུར་པར་བསམ་ཞིང་ངག་ཏུ། ཨོཾ་བཛྲ་བེ་ཏཱ་ལཱི་བནྡྷ་བཾ། ཞེས་བརྗོད། ལུས་ཀྱིས་ལྕགས་སྒྲོག་གི་ཕྱག་རྒྱ་བཅའ། དེ་ནས་ས་བོན་གྱི་འོད་ལས། གྷསྨ་རཱི་ལྗང་གུ་དྲིལ་བུ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ་སྒྲ་དེས་གཞལ་ཡས་ཁང་གི་ཕྱི་ནང་ཐམས་ཅད་གང་བར་བསམ་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དགྱེས་པ་ཁྱད་པར་ཅན་བསྐྱེད་ཅིང༌། རང་གི་ཡེ་ཤེས་ཀྱི་འཁོར་ལོའི་ངོ་བོར་ང་རྒྱལ་བརྟན་པོ་བྱས་ལ། ངག་ཏུ་ཨོཾ་བཛྲ་གྷསྨ་རཱི་ཝ་ཤྱཾ་ཀུ་རུ་ཧོཿ ཞེས་བརྗོད་ཅིང་ལུས་ཀྱིས་དྲིལ་བུའི་ཕྱག་རྒྱ་བཅའོ། །དེ་ལྟར་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་དགུག་གཞུག་བྱས་པས། རང་གི་རྒྱུད་བྱིན་གྱིས་བརླབས་ནས། གསུམ་པ་དབང་བསྐུར་བ་ནི་གཙོ་བོའི་ཐུགས་ཀ་ནས་ས་བོན་གྱི་འོད་ལྕགས་ཀྱུའི་ཚུལ་ཅན་དབུགས་ཕྱིར་རྒྱུ་བའི་དུས་སུ་སྣ་བུག་གཡས་ནས་སྤྲོས་པས། དབང་བསྐུར་གྱི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་བྱང་ཆུབ་སེམས་དཔའ་བརྒྱད་སྤྱན་ལ་སོགས་པ་ཡུམ་བཞི། གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་དྲུག གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་བཅུ་སྤྱན་དྲངས་ཏེ། ལྷ་མོ་བརྒྱད་ཀྱིས་སྔར་བཞིན་མཆོད་དོ། །ཞེ་སྡང་རྡོ་རྗེར་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེར་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེ་བདག་ལ་སྩོལ། །འདོད་ཆགས་རྡོ་རྗེ་བདག་ལ་སྐྱོབས། །ཡིད་དང་ཕྲག་དོག་ཆེན་པོ་ཀུན། །རྡོ་རྗེ་ཀུན་གྱི་དམ་ཚིག་མགོན། །ལས་རྣམས་ཐམས་ཅད་རབ་སྒྲུབ་བྱེད། །རྡོ་རྗེ་ཅན་ཀུན་བདག་དགེས་མཛོད། །ཅེས་བྱ་བ་ལ་སོགས་པ་རིགས་ལྔའི་བསྟོད་པ་གང་ཡང་རུང་བས་བསྟོད། དེ་ནས་གསོལ་བ་གདབ་པ་ནི། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱི། །ཁྱེད་ཀྱིས་བདག་ལ་དབང་སྐུར་ཅིག །ཅེས་གསོལ་བ་བཏབ་པའམ། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་པའམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་སྐུར་དུ་གསོལ། ཞེས་བརྗོད་པས་དེ་བཞིན་གཤེགས་པ་རྣམས་ཁྲོ་བོའི་རྣམ་པ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཕྱག་རྣམས་ཀྱིས་རིན་པོ་ཆེ་ལས་བྱས་པའི་བུམ་པ་བྱང་ཆུབ་ཀྱི་སེམས་ཀྱི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་འོ་མའི་རྒྱུན་ལྟ་བུས་སྤྱི་གཙུག་ཚངས་པའི་བུ་ག་ནས་དབང་བསྐུར་བར་བསམ་ཞིང་ཞལ་ནས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཞེས་གསུང་ཞིང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད། །སྤྱན་མ་ལ་སོགས་པས་ཀོལླ་ཨེ་རི་ཊིཋ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་གླུ་ལེན། གཟུགས་རྡོ་རྗེ་མ་ལ་སོགས་པས་མེ་ཏོག་ལ་སོགས་པའི་ཆར་འབེབས། གཤིན་རྗེའི་གཤེད་ལ་སོགས་པའི་ཁྲོ་བོ་རྣམས་ཀྱིས་ཧཱུྃ་ཧཱུྃ་ཕཊ་ཕཊ་ཀྱིས་བགེགས་སྐྲོད། དེའི་ཚེ་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་ལྷ་དགུའི་སྤྱི་གཙུག་ཚངས་པའི་བུ་ག་ནས་སོང་སྟེ། སྨིན་མཚམས་ཀྱི་འཁོར་ལོ་ཡན་ཆད་གང་བས། རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པར་མོས། དེས་ལུས་ཀྱི་དྲི་མ་དག་པས་ལམ་བསྐྱེད་རམ་བསྒོམ་པ་ལ་དབང་སྟེ་གུག་སྐྱེད་ལྷར་གསལ་བས་རྒྱན་དྲུག་གི་དག་པ་རྗེས་སུ་དྲན་པ་དང་འབྲེལ་ཏེ། སྤྱི་བོར་རུས་པའི་འཁོར་ལོ་མི་བསྐྱོད་པའི་ངོ་བོར་མོས་པ་བྱ། རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་བདག །ལག་པ་ལ་ནི་རྣམ་སྣང་མཛད། །སྐ་རགས་ལ་ནི་དོན་ཡོད་གནས། །ཡན་ལག་ཀུན་ལ་རྡོར་འཛིན་དགོད། །སྐུ་མཐའ་དག་ལ་ཐལ་ཆེན་གྱི་རྒྱ་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་མོས་པ་བྱ་བའི་བར་དུ་རྒྱན་དྲུག་གི་དག་པ་གཞུང་བཞིན་དུ་བྱ། དེ་ནས་རང་གི་ཏིང་ངེ་འཛིན་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་དེས་མགྲིན་པའི་འཁོར་ལོའི་བར་དུ་གང་བས་གསང་བའི་དབང་ཐོབ་པར་བསམ་མོ། །དབང་དེ་ཐོབ་པ་དང༌། ངག་གི་དྲི་མ་དག་པས་ལམ་ཙཎྜཱ་ལཱི་སྒོམ་པ་ལ་དབང་བས་འཁོར་ལོ་བཞིའི་རྒྱས་གདབ་པ་སྦྱོར་ལ། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བ་ལ་ཧྃ་དཀར་པོ་མགོ་ཐུར་ལ་ལྟ་བ་དེ་ལ་དམ་ཚིག་གི་ཕྱག་རྒྱར་མོས་པ་བྱ། དེ་ནས་ལོངས་སྤྱོད་ཀྱི་འཁོར་ལོ་ཁ་དོག་དམར་པོ་འདབ་མ་བཅུ་དྲུག་པའི་ལྟེ་བ་ལ་ཨྃ་དམར་པོ་མགོ་གྱེན་ལ་ལྟ་བ་དེ་ཕྱག་རྒྱ་ཆེན་པོར་མོས་པ་བྱ། སྙིང་ག་ཆོས་ཀྱི་འཁོར་ལོ་ཁ་དོག་ནག་པོ་འདབ་མ་བརྒྱད་པའི་ལྟེ་བ་ལ་ཧཱུྃ་ནག་པོ་མགོ་ཐུར་དུ་ལྟ་བ་དེ་ཆོས་ཀྱི་ཕྱག་རྒྱར་མོས་པ་བྱ། ལྟེ་བ་སྤྲུལ་པའི་འཁོར་ལོ་ཁ་དོག་སྣ་ཚོགས་པ་རྩ་འདབ་དྲུག་ཅུ་རྩ་བཞི་པའི་ལྟེ་བ་ལ་ཨྃ་ཁ་དོག་སྣ་ཚོགས་པ་མགོ་གྱེན་ལ་ལྟ་བ་དེ་ལས་ཀྱི་ཕྱག་རྒྱར་མོས་པ་བྱའོ། །དེ་ནས་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་སྙིང་ག་ཡན་ཆད་དུ་གང་སྟེ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་མོས། དེས་སེམས་ཀྱི་སྒྲིབ་པ་དག་པར་མོས། དེས་དབང་པོ་དྲུག་ཡུལ་ལ་ལྷུག་པར་བཞག་པ་ལ་དབང་བས་སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པར་བྱ་སྟེ། གནས་དགུ་པོ་དེ་དག་མི་དམིགས་ཏེ་སྟོང་པ་ལས་པྃ་ལས་པདྨ་རྃ་ལས་ཉི་མའི་སྟེང་དུ་རོའི་སྙིང་གར་ས་བོན་ཙམ་ལས་བསྐྱེད་དེ། མིག་ཏུ་མྃ་དཀར་མོ་ལས་གཏི་མུག་རྡོ་རྗེ་མ་དཀར་མོ། རྣ་བར་དྃ་ལས་ཞེ་སྡང་རྡོ་རྗེ་མ་སྔོན་མོ། སྣར་པྃ་ལས་སེར་སྣ་རྡོ་རྗེ་མ་སེར་མོ། ལྕེར་རྃ་ལས་འདོད་ཆགས་རྡོ་རྗེ་མ་དམར་མོ། དཔྲལ་བར་ཨྃ་ལས་ཕྲག་དོག་རྡོ་རྗེ་མ་ལྗང་གུ། སྙིང་གར་ནྃ་ལས་བདག་མེད་རྣལ་འབྱོར་མ་ནག་མོ། དཔྲལ་བར་ཨོཾ་ལས་སྐུ་རྡོ་རྗེ་མཁའ་སྤྱོད་མ་དཀར་མོ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ་ས་སྤྱོད་པ་དམར་མོ། སྙིང་གར་ཧཱུྃ་ལས་ཐུགས་རྡོ་རྗེ་ཞབས་འོག་གནས་མ་ནག་མོ། ལྷ་མོ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག གཡོན་ཐོད་པ། གྲུ་མོ་ན་ཁ་ཊྭཱྃ་ག གདན་རོའི་སྟེང་ན་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བསྐལ་པའི་མེ་འབར་བའི་དབུས་ན་བཞུགས་པའོ། །དེ་ནས་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་གསང་གནས་ནས་རྐང་མཐིལ་གྱི་བར་དུ་གང་བས། དབང་བཞི་པ་ཐོབ་སྟེ་ལུས་ངག་ཡིད་མཐའ་དག་གི་དྲི་མ་དག་པར་བསམ། དེས་ཆོ་ག་རྫོགས་པ་ལ་དབང་བས། ཆུའི་ལྷག་མ་ཡར་ལུད་པ་ལས་དབུ་རྒྱན་ལ་རིགས་ཀྱི་བདག་པོའི་རྒྱས་གདབ་པ་ལ་དབང་སྟེ། གཙོ་བོ་ཡབ་ཡུམ་ལ་མི་བསྐྱོད་པ། གཽ་རཱི་དང་པུཀྐ་སཱི་ལའང་མི་བསྐྱོད་པ། ཤ་བ་རཱི་དང་ཙཽ་རཱི་ལ་རྣམ་སྣང༌། ཙཎྜཱ་ལཱི་དབང་བེ་ཏཱ་ལཱི་ལ་རིན་ཆེན་འབྱུང་ལྡན། གྷསྨ་རཱི་དང་གཡུང་མོ་ལ་འོད་དཔག་ཏུ་མེད་པས་དབུར་བརྒྱན་པར་བསམས་ལ། དེ་ལྟ་བུའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དེ་ཉིད་རྣམ་པ་སྟེ་འབྲས་བུ་རྡོ་རྗེ་འཆང་གི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ཡན་ཆད་གཅིག་གི་རྗེས་ལ་གཅིག་ཤེས་པ་གཞན་གྱིས་བར་མ་ཆོད་པར་མྱུར་བར་བསྒོམ་པར་བྱའོ། །དེ་ནས་ལྷའི་རྣམ་པ་ལ་སེམས་བཞག་ཅིང་བསྒོམ་པ་ཡིན་ཏེ། ལྷ་དགུ་སྤྱི་ལ་དམིགས་ལ་ཡུན་མི་རིང་བར་ཡང་དང་ཡང་དུ་བསྒོམ་ཞིང་དེ་ལ་བློ་གཞག་པར་བྱའོ། །དེ་ནས་དེ་ལ་བློ་བརྟན་པར་བྱ་བའི་ཕྱིར། འཇོག་པ་དང་ཀུན་ཏུ་འཇོག་པ་ལ་སོགས་པ་ཞི་གནས་ཀྱི་སེམས་གནས་པའི་ཐབས་དགུས་བླ་མའི་མན་ངག་བཞིན་བསྒོམ་པར་བྱའོ། །བསྙེན་པའི་དུས་སམ་ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་དུས་སུ་ནི་ལྷ་དགུ་མ་བསྡུས་པའི་དུས་འདི་ཉིད་དུ་བཟླས་པའི་རྣལ་འབྱོར་བྱེད་པ་ཡིན་ལ། དུས་རྒྱུན་གྱི་རྣལ་འབྱོར་གཞན་ལ་ནི་ལྷ་མོ་རྣམས་བསྡུས་ལ་བཟླས་པའི་རྣལ་འབྱོར་བྱའོ། །དེ་ཡང་གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་དཀྱིལ་འཁོར་གྱི་འཁོར་ལོར་གནས་པ་ཐམས་ཅད་ལ་ཕོག་པས། དེ་དག་ཐམས་ཅད་ཀྱང་འོད་ཟེར་གྱི་རྣམ་པར་གྱུར་ཏེ། སྲུང་བའི་འཁོར་ལོ་ལ་བསྡུ། དེ་དུར་ཁྲོད་བརྒྱད་ལ་བསྡུ། དེ་གཞལ་ཡས་ཁང་ལ་བསྡུ། དེ་ལྷ་མོ་བརྒྱད་ལ་བསྡུ། ལྷ་མོ་བརྒྱད་ཞལ་བརྒྱད་ལ་བསྡུ་སྟེ། གཽ་རཱི་རྩ་བའི་ཞལ་ལ་བསྡུ། ཙཽ་རཱི་གཡས་ཀྱི་ཞལ་བར་པ་ལ། བེ་ཏཱ་ལཱི་སྟེང་གི་ཞལ་དུ་བའི་མདོག་ཅན་ལ། གྷསྨ་རཱི་གཡོན་གྱི་ཞལ་བར་པ་ལ། པུཀྐ་སཱི་གཡོན་གྱི་ཞལ་དམར་པོ་ལ། ཤ་བ་རཱི་གཡས་ཞལ་དཀར་པོ་ལ། ཙཎྜཱ་ལཱི་གཡས་པའི་ཞལ་རྫོགས་ཀ་མ་ལ། གཡུང་མོ་གཡོན་པའི་ཞལ་རྫོགས་ཀ་མ་ལ་བསྡུ་བར་བྱའོ། །དེ་ནས་བཟླས་པའི་རྣལ་འབྱོར་གྱིས་བཟླས་པ་བྱ། རྫོགས་རིམ་གཏུམ་མོ་ལ་སོགས་པ་བསྒོམ་པར་འདོད་པ་ཡིན་ནའང་བར་འདིར་བསྒོམ་པར་བྱའོ། །དེ་ནས་ཐུན་འཇོག་པའི་དུས་སུ་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་བྱུང་སྟེ་ཡུམ་ལ་ཕོག་པས་ཡུམ་ཡང་ཡབ་ཀྱི་ཐུགས་ཀར་བསྡུ། ཡབ་ཉིད་ཀྱང་སྐུ་སྨད་ཐུགས་ཀའི་ཟླ་བ་ལ་བསྡུ། སྐུ་སྟོད་ཉི་མ་ལ་བསྡུས་ལ། ཉི་མ་དང་ཟླ་བ་ཡང་ཧཱུྃ་ལ་ཐིམ། ཧཱུྃ་ཡང་ཞབས་སྐྱེད་ཁོག་པ་ལ། དེ་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་རིམ་གྱིས་ཇེ་ཕྲ་ལ་སྐྲ་རིས་རྟ་རྔ་བརྒྱར་བཤགས་པའི་ཚད་ཙམ་དུ་གྱུར་ཏེ། དེ་མར་མེའི་རྩེ་མོ་ལྟར་མི་དམིགས་པར་གྱུར་ཏེ། དེ་ལ་བློ་ཅུང་ཟད་བཞག་སྟེ་གང་ལ་ཡང་མི་རྟོག་པར་བྱའོ། །དེ་ནས་ལྡང་བར་འདོད་པའི་ཚེ་སྐད་ཅིག་ཙམ་གྱིས་དཔལ་ཀྱེའི་རྡོ་རྗེ་ཕྱག་བཅུ་དྲུག་པ་ཡབ་ཡུམ་དུ་ལངས་ལ། སྙིང་རྗེའི་སྤྱན་ནི་དམར་པོ་ལ། །བྱམས་པའི་ཐུགས་ལ་ཡན་ལག་གནག །བསྡུ་བའི་དངོས་པོ་བཞི་ཡིས་ནི། །ཞབས་ནི་རྣམ་པ་བཞི་ཞེས་བརྗོད། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ཕྱག་ནི་སྟོང་པ་བཅུ་དྲུག་ཉིད། །གུག་སྐྱེད་ཀྱིས་ནི་སངས་རྒྱས་ལྔ། །གདུག་པ་འདུལ་ཕྱིར་ཁྲོ་བོ་ཉིད། །དེ་ཉིད་གསུམ་ནི་སྤྱན་གསུམ་མོ། །ཤ་ནི་པུཀྐ་སཱི་རུ་བྱ། །དེ་བཞིན་ཁྲག་ནི་རི་ཁྲོད་མ། །གདོལ་པ་མོ་ནི་ཁུ་བར་བརྗོད། །གཡུང་མོ་རྐང་དང་ཚིལ་བུ་ཉིད། །པགས་པ་བྱང་ཆུབ་ཡན་ལག་བདུན། །རུས་པ་བདེན་པ་བཞི་པོ་ཉིད། །ཅེས་པའི་དོན་དྲན་པར་བྱ་སྟེ། དེ་ཡང་སྐབས་འདིར་སྤྲོ་བ་ཡོད་ན་དཀྱིལ་འཁོར་དང་ལྷའི་དག་པ་དང་དེ་ཁོ་ན་ཉིད་རྒྱས་པར་དྲན་པར་བྱའོ། །སྐབས་འདིར་མི་ཁོམ་ན་འདིར་མདོར་བསྡུས་པ་དེ་ཙམ་ཞིག་དྲན་པར་བྱས་ལ། འོག་ཏུ་སྤྱོད་ལམ་གྱི་རྣལ་འབྱོར་གྱི་སྐབས་སུ་དེ་ཁོ་ན་ཉིད་ཀྱི་རྣམ་པར་དག་པ་རྒྱས་པར་དྲན་པར་བྱའོ། །དེ་ནས་རྡོ་རྗེ་དྲིལ་བུ་གསིལ་ཞིང་ཀོལླ་ཨི་རེ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་གླུ་བླང༌། རིགས་སུ་སྐྱེ་དང་དམ་ཚིག་ཅན། །ཞེས་བྱ་བ་ལ་སོགས་པ་གོང་དུ་བསྟན་པ་ལྟར་སྨོན་ལམ་གདབ། གཞན་ཡང་སྨོན་ལམ་ཇི་ལྟར་ནུས་པ་གདབ་པར་བྱའོ། །ཐུན་གཅིག་གི་བྱ་བ་རྫོགས་པར་བསྟན་ཏོ། །རྫོགས་པའི་རིམ་པ་ནི་མཚོ་སྐྱེས་ཀྱི་ལུགས་ལྟར་བྱེད་པ་ལ་གཅེར་བུ་ཙཎྜཱ་ལཱི་བསྒོམ་པ་ཞེས་བྱ་བ་འཁོར་ལོ་བཞི་ལ་བརྟེན་པའི་གཏུམ་མོ་བསྒོམ་པ་དང༌། མར་མེའི་རྩེ་མོ་ལྟར་མི་དམིགས་པར་གསུངས་ཏེ། ལས་དང་པོ་པས་བསྐྱེད་རིམ་ཁོ་ན་བསྒོམ་པ་ཞེས་བྱ་བ་ཡིན་ཀྱང༌། མི་དམིགས་པ་ཐུན་མཇུག་ལ་བསྒོམ་པ་དེས་བསྐྱེད་རྫོགས་ཟུང་འཇུག་གི་བསམ་གཏན་དུ་ཡང་འགྲོ་བ་ཡིན་གསུང༌། ཡང་ཟབ་མོའི་ལུགས་འདི་ལ་ལྷ་བསྒོམས་ལ་དབང་བླངས་ཏེ་རྫོགས་པའི་རིམ་པ་མཚན་བཅས་ཀྱི་ཐབས་བསྒོམ་པ་ལ་སྤྲོ་ན། བླ་མའི་མན་ངག་ལྟར་ཐོག་མར་རླུང་གི་རྣལ་འབྱོར་གྱིས་སེམས་ལས་སུ་རུང་བར་བྱས་ནས། དེ་ནས་གཏུམ་མོའི་རྣལ་འབྱོར་ལ་སློབ་པ་ཡིན་གསུང༌། སྤྱིར་རྫོགས་པའི་རིམ་པ་མཚན་བཅས་བསྒོམ་པ་ལ་སྤྲོ་ན་གང་ནས་བསྒོམས་ཀྱང་འདྲ། གང་བསྒོམ་ཡང་གདམས་ངག་རྒྱས་པ་ནི་བླ་མའི་ཕྱག་ལེན་དང་ལྡན་པ་ཅིག་བསྒོམ་དགོས། ལག་ལེན་མ་བསླབས་པའི་བཤད་པ་བཟུང་བ་ཙམ་ལ་བརྟེན་ནས་བསྒོམས་པས་ཏིང་ངེ་འཛིན་གཤའ་མ་མི་སྐྱེ། སྐྱེས་ཀྱང་སྐྱོང་མི་ཤེས་པས་དེ་བས་ན། ལས་དང་པོ་པས་བསྐྱེད་རིམ་རང་གཙོ་བོར་བསྒོམ་མོ། །དེ་ལ་བསྐྱེད་རིམ་ལ་སེམས་བཟུང་བའི་ཐབས་དང༌། རྫོགས་རིམ་སྒོམ་པའི་ཐབས་དང༌། ཏིང་ངེ་འཛིན་གྱི་སྐྱོན་བསལ་བ་དང༌། བོགས་མ་བྱུང་ན་བོགས་དབྱུང་བའི་ཐབས་དང༌། ལམ་གྱི་ས་མཚམས་ཇི་ལྟར་ཡིན་པ་དང༌། དྲོད་རྟགས་ཇི་ལྟ་བུ་ཡིན་པ་ལ་སོགས་པ་རྣམས་ནི་བླ་མའི་གདམས་ངག་དང་རྗེས་སུ་འབྲེལ་པར་གཞན་དུ་ཤེས་པར་བྱའོ། །དེ་དག་གིས་མཉམ་པར་གཞག་པའི་རྣལ་འབྱོར་བསྟན་ཏོ། །ད་ནི་མཉམ་པར་གཞག་པ་དང་འབྲེལ་པར་བཟླས་པའི་རྣལ་འབྱོར་བསྟན་ཏེ། དེ་ལ་བཟླས་པ་ཟློས་པའི་དུས་སུ་ཡུམ་གྱི་ཐུགས་ཀའི་ཨྃ་ལས་སྔགས་ཀྱི་ཕྲེང་བ་བྱུང་སྟེ། ཡུམ་གྱི་ཞལ་ནས་འཐོན། ཡབ་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་བྱུང་སྟེ། པདྨར་ཞུགས་ཏེ་སྐུའི་དབྱིབས་བརྒྱུད་ཡང་ཡུམ་གྱི་ཞལ་ནས་བྱུང་བར་བསྒོམ་ཞིང་དེ་རྒྱུན་མི་འཆད་པར་འཁོར་བ་ལ་དམིགས་ལ་བཟླས་པར་བྱའོ། །དེ་ཡང་ཞི་བ་ལ་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནག་པོར་བསྒོམ། དེ་ལ་རང་བཞིན་རྒྱུན་གྱི་བཟླས་པ་ཐམས་ཅད་དཀར་པོར་བྱ། དབང་བསྐུར་བའི་བསྙེན་པ་བྱེད་ན་དམར་པོར་བྱ། རབ་གནས་ཀྱི་བསྙེན་པ་བྱེད་ན་སེར་པོར་བྱ། གཞན་ལས་གང་བྱེད་ཀྱང་དེ་དང་དེའི་ཁ་དོག་བྱ་སྟེ་ཇི་སྲིད་མི་སྐྱོའི་བར་དུ་བཟླས་པ་བྱ་སྟེ། རྒྱུན་དུ་རྩ་བའི་སྔགས་ཁོ་ན་བཟླས། བསྙེན་པ་ལ་སོགས་པའི་དུས་སུ་འཁོར་གྱི་སྔགས་ཟློས་ན་འཁོར་བའི་དམིགས་པ་སྔ་མ་བཞིན་བྱས་ལ་སྔགས་ཀྱི་འོད་ཟེར་དེས་ལྷ་མོ་གང་གི་བཟླས་པ་བྱེད་པའི་ལྷ་མོ་དེ་ལ་ཕོག་པས་དེ་དབང་དུ་འདུ་ཞིང་ཕྲིན་ལས་བསྐུལ་བར་བསྒོམས་ལ་བཟླས་པ་བྱའོ། །བསྙེན་པ་མི་བྱེད་པའི་དུས་ཚོགས་འཁོར་ལ་སོགས་པའི་དུས་སུ་ཟློས་པ་རྣམས་ནི་སྔགས་ཀྱི་འོད་ཟེར་དེས་ལྷའི་རྣམ་པ་གསལ་གདབ་ཅིང་མཆོད་པར་བསྒོམ་ལ་བཟླས་པ་བྱའོ། །དེ་ཡང་དམིགས་པ་རབ་འཁོར་བའི་སྔགས་ལ་དམིགས་པ་ཡིན། འབྲིང་དང་པོ་འཁོར་བའི་སྔགས་ལ་དམིགས་ལ། དེས་སྐྱོ་ན་ལྷའི་རྣམ་པ་ཉིད་ལ་དམིགས་ལ་བཟླས་སོ། །ཐ་མ་དང་པོ་སྔགས་འཁོར་བ་ལ་དམིགས་ལ་དེས་སྐྱོ་ན་སྔགས་ཀྱི་སྒྲ་རང་ལ་དམིགས་ལ་སེམས་མ་ཡེངས་པར་རྣ་བ་གཏད་ལ་བཟླས་སོ། །སྔགས་ཟློས་པའི་དུས་སུ་རང་གི་ཞལ་ཐམས་ཅད་དང་ཡུམ་དང༌། འཁོར་ཐམས་ཅད་ཀྱི་ཞལ་ནས་ཀྱང་སྔགས་བཟླ་བར་བསམས་ན་ཤིན་ཏུ་བསོད་ནམས་ཆེ་གསུང༌། སློབ་དཔོན་ཁ་ཅིག་ནི་ཞལ་ནས་བཟླས་པའི་གྲངས་ཀྱང་དེ་སྙེད་དུ་འགྱུར་གསུངས་ཏེ། གྲངས་ནི་རང་གི་བཟླས་པའི་གྲངས་དགོས་གསུང་ངོ༌། །སེམས་ཡེངས་པའི་བཟླས་བརྗོད་དོན་མེད་པས་ཡང་དང་ཡང་དུ་དམིགས་པ་གཏད་དོ། །ཨོཾ་ཨཥྚཱ་ན་ནཱ་ཡ། པིངྒ་ལོརྡྷ་ཀེ་ཤ་ཝརྟ་མ་ནེ། ཙ་ཏུརྦིངྴ་ཏི་ནེ་ཏྲཱ་ཡ། ཥོ་ཌ་ཤ་བྷུ་ཛཱ་ཡ། ཀྲྀཥྞ་ཛཱི་མཱུ་ཏ་ཝ་པུ་ཥེ། ཀ་པཱ་ལ་མཱ་ལཱ་ནེ་ཀ་དྷཱ་རི་ཎི། ཨཱདྷྨ་ཏ་ཀྲཱུ་ར་ཙིཏྟཱ་ཡ་ཨརྡྷེནྟུ་དཾཥྚཱི་ཎེ། ཨོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ། ཀཱ་ར་ཡ། གརྫཛ་ཡ། གརྫཛ་ཡ། ཏརྫཛ་ཡ། ཏརྫཛ་ཡ། ཤོཥ་ཡ། ཤོཥ་ཡ། སཔྟ་སཱ་ག་རཱ་ཎ། བནྡྷ་བནྡྷ། ན་གཱ་ཥྚ་ཀཱ་ན། གྲྀཧྞ་གྲྀཧྞ། ཤཱ་ཏྲཱུཾ། ཧ་ཧཱ། ཧི་ཧཱི། ཧུ་ཧཱུ། ཧེ་ཧཻ། ཧོ་ཧཽ། ཧྃ་ཧཿཕཊ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་སོ། །ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོའི་སྔགས་སོ། །ཨོཾ་བཛྲ་ཀརྟཱ་རི་ཧེ་བཛྲཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོའི་སྔགས་སོ། །ཨོཾ་ཨཿ ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཧཱུྃ་ཕཊ་སྭཱ་ཧཱ། རྣལ་འབྱོར་མའི་ཕྲེང་བའི་སྔགས་སོ། །ཨོཾ་ཨཱཿགཾ་ཧཱུྃ་ཕཊ་སྭཱ་ཧཱ། གཽ་རཱིའི་འོ། །ཨོཾ་ཨཱཿཙཾ་ཧཱུྃ་ཕཊ་སྭཱ་ཧཱ། ཙཽ་རཱིའི་འོ། །ཨོཾ་ཨཱཿབྃ་ཧཱུྃ་ཕཊ་སྭཱ་ཧཱ། བེ་ཏཱ་ལཱིའི་འོ། །ཨོཾ་ཨཱཿགྷྃ་ཧཱུྃ་ཕཊ་སྭཱ་ཧཱ། གྷསྨ་རཱིའི་འོ། །ཨོཾ་ཨཱཿབྃ་ཧཱུྃ་ཕཊ་སྭཱ་ཧཱ། པུཀྐ་སཱིའི་འོ། །ཨོཾ་ཨཱཿཤྃ་ཧཱུྃ་ཕཊ་སྭཱ་ཧཱ། ཤ་བ་རཱིའི་འོ། །ཨོཾ་ཨཱཿལྃ་ཧཱུྃ་ཕཊ་སྭཱ་ཧཱ། ཙཎྜཱ་ལཱིའི་འོ། །ཨོཾ་ཨཱཿཌྃ་ཧཱུྃ་ཕཊ་སྭཱ་ཧཱ། ཌོམྦི་ནཱིའི་སྔགས་སོ། །དེ་ལྟར་ས་བོན་དེ་ཉིད་ལྔས་སྤེལ་བའོ། །རྒྱས་པར་སྤྲོ་ན། ཨོཾ་ཨཱཿགྃ་བཛྲ་གཽ་རཱི་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་བཞིན་ས་བོན་གྱི་རྩ་བར་མིང་གཞུག་པར་བྱས་ལ་བཟླས་སོ། །དེ་ལྟར་ས་བོན་དང་མཚན་དེ་ཉིད་ལྔས་སྤེལ་བའོ། །དེ་ལྟར་བཟླས་པའི་རྣལ་འབྱོར་བྱས་པའི་དགོས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ནས་བསྐུལ་བས་བདག་གི་རྒྱུད་ལ་བྱིན་གྱིས་རློབ་པར་སྙན་གསན་འབེབས་པ་ཡིན་ཏེ། རྡོ་རྗེ་གུར་ལས། མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ནི་སྙན་གསན་འབེབས་པར་བརྗོད། །ཅེས་བྱ་བ་དང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །མཁའ་དང་མཉམ་པའི་སངས་རྒྱས་བཞུགས། །དེ་རྣམས་སྔགས་རིག་དྲུང་མི་གཤེགས། །རྡོ་རྗེ་ཅན་གྱིས་རྣམ་པར་གཟིགས། །ཞེས་གསུངས་སོ། །བཟླས་པའི་རྣལ་འབྱོར་རོ། །དེ་ནས་སྤྱོད་ལམ་བྱེད་ན་སྤྱོད་ལམ་གྱི་རྣལ་འབྱོར་བྱའོ། །ཁ་ཟས་དང་འབྲེལ་ན་ཁ་ཟས་ཀྱི་རྣལ་འབྱོར་བྱ་སྟེ། ཁ་ཟས་དང་པོར་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བགེགས་བསལ་བ་ལ་སོགས་པ། གཏོར་མ་བཞིན་བྱིན་གྱིས་བརླབས་ཏེ། རང་དཔལ་ཀྱེའི་རྡོ་རྗེར་གསལ་བའི་ཐུགས་ཀར་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ཙམ་ལས་ལྷ་དགུའི་དཀྱིལ་འཁོར་བསྐྱེད། ལྟེ་བར་འབྱུང་པོ་བརྒྱད་གསུམ་ཉི་ཤུ་རྩ་བཞི་བསྐྱེད་ལ་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། རང་གི་ཁ་ནས་ཞུགས་ཏེ་དམ་ཚིག་པ་ལ་བསྟིམ། དབང་བསྐུར་ཡང་དྲན་པ་ཙམ་བྱས་ལ་རང་གི་ལྕེ་ཧཱུྃ་ལས་རྡོ་རྗེར་བསྐྱེད་ལ་དེ་ལས་འོད་བྱུང་སྟེ་གསོལ་བས་ཕུད་ཀྱིས་སྙིང་གའི་ལྷ་དགུར་མཆོད། དེའི་ལྷག་མས་ལྟེ་བའི་འབྱུང་པོ་བརྒྱད་གསུམ་ཉི་ཤུ་རྩ་བཞིར་མཆོད་པར་བསམ་ཞིང༌། ཁ་ཧོམ་ཁུང་ལག་པ་གཟར་བུ་ཁ་ཟས་བསྲེག་རྫས་སུ་བསམས་ལ་བཟའོ། །འབྲིང་ནི་ཁ་ཟས་མཁའ་འགྲོ་སྤྱི་གཏོར་ལྟར་བྱིན་གྱིས་བརླབས་ལ། སྙིང་གར་ལྷ་དགུའི་དཀྱིལ་འཁོར་བསམས་ལ་ལྟེ་བ་ནས་མེ་འབར་ཏེ་ལྷ་མཆོད་པའི་བསམ་པས་བཟའ་འོ། །འདི་ནི་ནང་གི་གཏོར་མ་ཞེས་བྱ་བ་ཡིན་པས། དམིགས་པ་དང་ང་རྒྱལ་བརྟན་པ་རྣམས་ལ་གཏོར་མ་ལ་སོགས་པ་གཞན་མི་དགོས་ཀྱང༌། དེ་བཞིན་གཤེགས་པའི་བཀའ་བཞིན་བསྲུང་བ་དང༌། རང་གི་སྔར་གྱི་སྤྱོད་པ་དང་དམ་བཅའ་བརྟན་པའི་ཕྱིར་དང༌། སེམས་ཅན་མ་དད་པ་བསྲུང་བའི་ཕྱིར་དང༌། ལས་དང་པོ་པའི་སེམས་ཅན་གཞན་རྗེས་སུ་དྲང་བའི་ཕྱིར། ལྷ་བཤོས་དང་ཆང་བུ་དང་གཏོར་མ་ལ་སོགས་པ་ཐམས་ཅད་ཐུན་མོང་གི་ལུགས་བཞིན་དུ་བྱའོ། །བསྡུས་པ་ནི་ཁ་ཟས་ལ་ལག་པ་གཡོན་གྱི་སྲིན་ལག་དང་མཐེ་བོས་རེག་སྟེ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་དེ་ཁ་ཟས་དེ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ཏེ་ལྔའི་ངོ་བོར་མོས་ལ། སྙིང་གའི་ཡི་གེ་ཧཱུྃ་ལྷ་ཐམས་ཅད་ཀྱི་ངོ་བོར་མོས་ལ། དེ་ལ་མཆོད་པའི་བསམ་པས་བཟའ་སྟེ། དེའི་དགོས་པ་ནི། སྙིང་གའི་ས་བོན་མེ་འབར་ལ། །དེ་ཡིས་ག་བུར་བཏུང་བར་བྱ། །བཏུང་བ་དེ་ཡིས་རྣལ་འབྱོར་པ། །མྱུར་དུ་དངོས་གྲུབ་འཐོབ་པར་འགྱུར། །ཞེས་གསུངས་ཏེ་འདིས་བཅུད་ཀྱིས་ལེན་དུ་འགྱུར་བའི་དགོས་པ་ཡང་བསྟན་ཏོ། །གཞན་ཡང་ཡོན་དག་པར་འགྱུར་བའི་དགོས་པའང་བསྟན་ཏེ། ཟས་ཀྱི་རྣལ་འབྱོར་མཆོག་འདི་ཡིས། །བུ་ལོན་དུ་ཡང་མི་འགྱུར་རོ། །ཞེས་གསུངས་སོ། །གཞན་ཡང་འདིས་རྩ་བའི་ལྟུང་བ་བཅུ་གསུམ་པ་མི་འབྱུང་བར་བྱ་བའི་དགོས་པའང་ཡོད་དོ། །རྗེས་སུ་ཆགས་པའི་རྣལ་འབྱོར་ནི། རྣལ་འབྱོར་པ་ལས་ཀྱི་ཕྱག་རྒྱ་བསྟེན་པ་ཡིན་ན་དགོས་ཀྱི། ཕྱག་རྒྱ་མི་བསྟེན་པ་རྣམས་ལ་མི་དགོས་སོ། །དེ་ལ་ལས་ཀྱི་ཕྱག་རྒྱ་བསྟེན་པར་འདོད་ན་ལྷའི་འདུ་ཤེས། སྔགས་ཀྱི་འདུ་ཤེས། ཆོས་ཀྱི་འདུ་ཤེས་བྱ་བ་གསུམ་དང་ལྡན་པས་བསྟེན་ན། འདོད་ཆགས་ཉིད་ལམ་དུ་འགྱུར་བར་བྱེད་པའོ། །དེ་ལ་ལྷའི་འདུ་ཤེས་ནི་རང་དཔལ་ཀྱེའི་རྡོ་རྗེར་བསྐྱེད། ཕྱག་རྒྱ་ཡུམ་བདག་མེད་མར་བསྐྱེད་པའོ། །སྔགས་ཀྱི་འདུ་ཤེས་ནི་ཡུམ་གྱི་མཁའ་མི་དམིགས་ཏེ་སྟོང་པ་ལས། ཨ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨས་མཚན་པ་བསྐྱེད་དེ། ཨོཾ་པདྨ་སུ་ཁའི་སྔགས་ཀྱིས་བྱིན་གྱིས་བརླབ། ཡབ་ཀྱི་གསང་བའི་གནས་མི་དམིགས་ཏེ་སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ་བསྒོམས་ལ། ཨོཾ་བཛྲ་མ་ཧཱ་དྭེ་ཥའི་སྔགས་ཀྱིས་བྱིན་གྱིས་བརླབ། དེ་དག་ཀྱང་མཚོ་སྐྱེས་ལས། ཕྱི་རོལ་གྱི་དགའ་བའི་ཆོ་ག་ལ། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་འདིས་བྱའོ་ཞེས་གསུངས་སོ། །དེ་ནས་ཡང་གཉིས་ཀའི་མགོ་བོ་ལ་ཨོཾ། མགྲིན་ཨཱཿ སྙིང་གར་ཧཱུྃ་བསམས་པ་ནི་སྔགས་ཀྱི་འདུ་ཤེས་སོ། །བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་བཅོམ་ལྡན་འདས་དཔལ་ཀྱེའི་རྡོ་རྗེ་ལ་མཆོད་པར་བྱའོ་སྙམ་པ་ནི་བསྐྱེད་པའི་རིམ་པའི་ཆོས་ཀྱི་འདུ་ཤེས་སོ། །རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱའོ་ཞེས་བསམ་པ་ནི་ཆོས་ཀྱི་འདུ་ཤེས་སོ། །དེ་ལྟ་བུའི་འདུ་ཤེས་གསུམ་དང་ལྡན་པས་བསྟེན་ནོ། །རྒྱས་པར་ནི་དབང་གསུམ་པའི་ལམ་དུ་རྟོགས་པར་བྱའོ། །དེ་ལ་དགོས་པ་གསུམ་སྟེ་འདོད་པས་ལོག་པར་གཡེམ་པར་མི་འགྱུར་བའི་དགོས་པ་དང༌། ལྷ་མཆོད་པར་འགྱུར་བའི་དགོས་པ་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་འགྱུར་བའི་དགོས་པའོ། །དེ་ལ་དང་པོ་ཆོས་ཀྱི་འདུ་ཤེས་ནི། དེ་ཉིད་འདུས་པ་ལས། འདོད་ཆགས་ལྟ་བུའི་བདེ་བ་མེད། །དེ་བས་སངས་རྒྱས་རྣམས་ལ་འབུལ། །སེམས་ཅན་དོན་ཕྱིར་གཞན་བུད་མེད། །བསྟེན་པས་བསོད་ནམས་ཐོབ་པར་འགྱུར། །ཞེས་གསུངས་སོ། །དགོས་པ་གཉིས་པ་ལྷའི་འདུ་ཤེས་ནི། རྡོ་རྗེ་གུར་ལས་གསུངས་པ། རང་ཉིད་ཧེ་རུ་ཀར་བྱས་ཤིང༌། །རང་གི་བཙུན་མོ་ངར་བྱས་ནས། །ཆགས་ཆེན་གྱིས་ནི་འདོད་སྤྱད་པ། །དེ་ལ་ང་ནི་རྟག་ཏུ་མཉེས། །ཞེས་སོ། །དགོས་པ་གསུམ་པའང༌། སློབ་དཔོན་ཨིནྡྲ་བྷཱུ་ཏིས་གསུངས་པ། བདེ་བས་བདེ་བ་ཆེན་པོ་ཀུན། །སྲིད་པའི་སྡུག་བསྔལ་གཅོད་བྱེད་ཅིང༌། །མྱ་ངན་འདས་པའི་གནས་ཐོབ་ཅེས། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས། །ཞེས་གསུངས་པ་ལྟ་བུའོ། །སྤྱོད་ལམ་གྱི་རྣལ་འབྱོར་ནི། དཔལ་བརྟག་པ་གཉིས་པ་ལས་ལངས་ཏེ་ལྷའི་གཟུགས་སུ་གཞག་པར་བྱའོ། །ཞེས་གསུངས་སོ། །དེ་བས་ན་སྤྱོད་ལམ་གྱི་རྣལ་འབྱོར་མདོར་བསྡུས་པ་ནི། བདག་དང་སྣང་བའི་དངོས་པོ་ཐམས་ཅད་དཔལ་ཀྱེའི་རྡོ་རྗེར་མོས་པ་བྱས་ལ་སྤྱོད་ལམ་བྱའོ། །དེ་བས་སྤྱོད་ལམ་རྒྱས་པར་བྱེད་ན། མིག་ཏུ་གཏི་མུག་རྡོ་རྗེར་གྱུར། །རྣ་བར་ཞེ་སྡང་རྡོ་རྗེ་མ། །སྣ་ལ་སེར་སྣ་རྡོ་རྗེ་མ། །ཁ་ལ་འདོད་ཆགས་རྡོ་རྗེ་མ། །ལུས་ལ་ཕྲག་དོག་རྡོ་རྗེ་མ། །ཡིད་ལ་བདག་མེད་རྣལ་འབྱོར་མ། །ཞེས་ནང་གི་དབང་པོ་དྲུག་པོ་དང༌། རྣམ་ཤེས་དྲུག་པོ་གོང་དུ་བསྟན་པ་ལྟར་ལྷ་མོ་དྲུག་ཏུ་བསྐྱེད། གཟུགས་ལ་དཀར་མོ་རྟག་ཏུ་བཤད། །སྒྲ་ལ་ཆོམ་རྐུན་མ་རབ་གྲགས། །དྲི་ཡི་ཆ་ལ་རོ་ལངས་མ། །རོ་ལ་གྷསྨ་རཱི་རབ་གྲགས། །རེག་གི་ཆ་ལ་ས་སྤྱོད་མ། །ཆོས་ཀྱི་དབྱིངས་ལ་མཁའ་སྤྱོད་མ། །ཞེས་ཡུལ་དྲུག་པོའང་ལྷ་མོ་དྲུག་ཏུ་བྱས་ཏེ། ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་ལོངས་སྤྱད་དོ། །གཞན་ཡང་རབ་ཏུ་རྒྱས་པར་བྱེད་ན་བར་སྐབས་འགའ་ཞིག་ཏུ་དཀྱིལ་འཁོར་དང༌། ལྷའི་རྣམ་པར་དག་པ་དང༌། དེ་ཁོ་ན་ཉིད་ཀྱང་རྒྱས་པར་དྲན་པར་བྱ་སྟེ། རང་གི་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པ་ནི་དཔལ་ཧེ་རུ་ཀ་ཡབ་ཡུམ་སྟེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །གཟུགས་ཀྱི་ཕུང་པོ་ནི་གཽ་རཱི་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཚོར་བའི་ཕུང་པོ་ནི་ཙཽ་རཱི་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །འདུ་ཤེས་ཀྱི་ཕུང་པོ་ནི་བེ་ཏཱ་ལཱི་སྟེ་སོ་སོར་རྟོག་པའི་ཡེ་ཤེས་སོ། །འདུ་བྱེད་ཀྱི་ཕུང་པོ་ནི་གྷསྨ་རཱི་སྟེ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །སའི་ཁམས་ནི་པུཀྐ་སཱི་བྱམས་པ་ཚད་མེད་པའོ། །ཆུའི་ཁམས་ནི་ཤ་བ་རཱི་སྟེ་སྙིང་རྗེ་ཚད་མེད་པའོ། །མེའི་ཁམས་ནི་ཙཎྜཱ་ལཱི་སྟེ་དགའ་བ་ཚད་མེད་པའོ། །རླུང་གི་ཁམས་ནི་ཌོཾ་བི་ནཱི་སྟེ་བཏང་སྙོམས་ཚད་མེད་པའོ། །དེ་ལྟར་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷའི་ངོ་བོར་ཤེས་པར་བྱའོ། །ཡང་ལྷ་ཉིད་ཀྱི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པའི་རྣམ་པར་དག་པ་དྲན་པར་བྱ་སྟེ། སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་ངོ་བོ་ཉིད་དཔལ་ཀྱེའི་རྡོ་རྗེའོ། །ཐུགས་རྗེས་སེམས་ཅན་ལ་རྗེས་སུ་ཆགས་པས་སྤྱན་དམར་པོའོ། །སྐུ་གསུང་ཐུགས་དག་པས་སྤྱན་གསུམ་པའོ། །བདུད་ལ་སོགས་པ་སྐྲག་པར་མཛད་པས་ཞལ་མཆེ་བ་གཙིགས་པའོ། །ཞལ་བརྒྱད་ནི་རྣམ་པར་ཐར་པ་བརྒྱད་དོ། །གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་པར་ཐར་པ་སྟོང་པར་མཐོང་བ་དང༌། ནང་གཟུགས་མེད་པར་མཐོང་སྟེ་ཕྱི་རོལ་ལ་ལྟ་བའི་རྣམ་པར་ཐར་པ་སྟོང་པར་མཐོང་བ་དང༌། སྡུག་པ་དང་མི་སྡུག་པར་བྱས་པའི་ལྟ་བའི་རྣམ་པར་ཐར་པ་སྟོང་པར་མཐོང་བ་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་སྟོང་པར་མཐོང་བ་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་སྟོང་པར་མཐོང་བ་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་སྟོང་པར་མཐོང་བ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་སྟོང་པར་མཐོང་བ་དང༌། འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པར་ཐར་པ་སྟོང་པར་མཐོང་བའོ། །ཕྱག་བཅུ་དྲུག་ནི་སྟོང་པ་བཅུ་དྲུག་སྟེ། ནང་གི་སྐྱེ་མཆེད་དྲུག་རྟག་པ་དང་བརྟན་པ་དང་ཐེར་ཟུག་གམ་རང་བཞིན་གྱིས་ཡུལ་ཅན་མ་གྲུབ་པར་ཤེས་པ་ནི་ནང་སྟོང་པ་ཉིད་དོ། །ཕྱིའི་ཡུལ་དྲུག་རང་བཞིན་གྱིས་མ་གྲུབ་པར་ཤེས་པ་ནི་ཕྱི་སྟོང་པ་ཉིད་དོ། །ཡུལ་དང་ཡུལ་ཅན་གཉིས་ཀ་རང་བཞིན་གྱིས་མ་གྲུབ་པར་ཤེས་པ་ནི་ཕྱི་ནང་སྟོང་པ་ཉིད་དོ། །དེ་ལྟར་གསུམ་པོ་དེ་སྟོང་པ་ཉིད་ཅེས་བྱ་བ་དེ་ལྟ་བུ་ཉིད་དུ་མ་གྲུབ་པར་ཤེས་པ་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །སྣོད་དང་བཅུད་ཀྱི་འཇིག་རྟེན་རང་བཞིན་གྱིས་མ་གྲུབ་པར་ཤེས་པ་ནི་ཆེན་པོ་སྟོང་པ་ཉིད་དོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ངོ་བོས་མ་གྲུབ་པར་ཤེས་པ་ནི་དོན་དམ་པ་སྟོང་པ་ཉིད་དོ། །འདུས་བྱས་ཁམས་གསུམ་པོ་ངོ་བོས་མ་གྲུབ་པ་ནི་འདུས་བྱས་སྟོང་པ་ཉིད་དོ། །སྐྱེ་བ་མེད་པ་དང་འགག་པ་མེད་པ་ངོ་བོས་མ་གྲུབ་པ་ནི་འདུས་མ་བྱས་སྟོང་པ་ཉིད་དོ། །རྟག་པ་དང་ཆད་པའི་མཐའ་ངོ་བོས་མ་གྲུབ་པ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །འཁོར་བའི་ངོ་བོ་མེད་པས་ཐོག་མ་སྐྱེ་བ་མེད་ཐ་མ་འགག་པ་མེད་པའི་ངོ་བོས་མ་གྲུབ་པ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །སྤང་བྱ་སྤངས་པ་མེད་ཅེས་བྱ་བ་དེ་ངོ་བོས་མ་གྲུབ་པ་ནི་དོར་བ་མེད་པ་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་རང་བཞིན་སུས་ཀྱང་མ་བྱས་པ་ཞེས་བྱ་བ་དེ་རང་བཞིན་སྟོང་པ་ཉིད་དོ། །འདུས་བྱས་དང་འདུས་མ་བྱས་དང་འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཆོས་གང་ཡང་ངོ་བོས་མ་གྲུབ་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །གཟུགས་ཀྱི་མཚན་ཉིད་གཟུགས་སུ་རུང་བ་ཞེས་བྱ་བ་ལ་སོགས་པ་ངོ་བོས་མ་གྲུབ་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །དུས་གསུམ་མི་དམིགས་པ་སྟོང་པ་ཞེས་བྱ་བ་ངོ་བོས་མ་གྲུབ་པ་ནི་མི་དམིགས་པ་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ནི་དངོས་པོ་མེད་པ་ཡིན་ལ་དེའང་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དངོས་པོ་དང་དངོས་པོ་མེད་པ་སྟོང་པ་ཉིད་རྣམ་པར་རྟོག་པ་བཅད་པ་ཤེས་རབ་ཀྱི་ངོ་བོ་ཉིད་ཀྱང༌། ཐབས་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་གྱིས་གཡས་དང་གཡོན་པའི་ཕྱག་ལ་ཐོད་པ་སྟེ་ཨཱ་ལི་བཅུ་དྲུག་གོ །གཡས་པའི་ཐོད་པ་བརྒྱད་ལ་གནས་པའི་གླང་པོ་ཆེ་ལ་སོགས་པ་བརྒྱད་ནི། གློ་དང་དབུགས་དང་དེ་བཞིན་སྨྱོ། །ཁོང་སྐེམས་མཛེ་དང་བིརྫི་ཀ །མཆིན་པ་མཚེར་པའི་ནད་རྣམས་ནི། །གླང་པོ་ལ་སོགས་རིམ་ཤེས་བྱ། །ཞེས་བྱ་སྟེ་གདུལ་བྱའི་ནད་བརྒྱད་སེལ་བའི་བརྡའོ། །གཡོན་པའི་སའི་ལྷ་ལ་སོགས་པ་བརྒྱད་ནི། གདུལ་བྱ་རྣམས་ལ་སའི་དབང་ཕྱུག་ལ་སོགས་པ་དབང་ཕྱུག་བརྒྱད་ཀྱི་དངོས་གྲུབ་སྩོལ་བར་མཛད་པའོ། །འཁོར་ལོ་ལ་སོགས་པའི་རུས་རྒྱན་དྲུག་ནི་རྒྱལ་བ་དྲུག་དག་པ་སྟེ། འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་བདག །ལག་པ་ལ་ནི་རྣམ་སྣང་མཛད། །སྐ་རགས་ལ་ནི་དོན་ཡོད་གནས། །ཡན་ལག་ཀུན་ལ་རྡོར་འཛིན་དགོད། །ཅེས་བྱའོ། །ཨཱ་ལི་ཀཱ་ལི་ལྔ་བཅུ་དག་པ་དང༌། ཤེས་རབ་དང་མི་འབྲལ་བར་བསྟན་པའི་ཕྱིར། ཁྲག་འཛག་པའི་མགོ་བོ་ལྔ་བཅུའི་དོ་ཤལ་ལོ། །ཕྱི་རོལ་དུ་གདུག་པ་ཅན་འདུལ་བས་ན་ཁྲོ་བོའི་ཆ་ལུགས་སོ། །བྱམས་པའི་ཐུགས་ལས་མི་འགྱུར་བས་ན་སྐུ་མདོག་ནག་པོའོ། །རང་བཞིན་གྱིས་འོད་གསལ་བས་ན་ཞལ་གཡས་དཀར་བའོ། །ཐུགས་རྗེ་ཆེན་པོས་སེམས་ཅན་ལ་རྗེས་སུ་ཆགས་པས་ན་གཡོན་དམར་བའོ། །སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གོང་ནས་གོང་དུ་རྒྱས་པས་ན་དབུ་སྐྲ་སེར་པོ་གྱེན་དུ་འབར་བའོ། །ཐུགས་རྗེ་ཆེན་པོས་སེམས་ཅན་ལ་ཁྱབ་པས་ན་མྱ་ངན་ལས་འདས་པ་ལ་མི་བཞུགས་པར་བསྟན་པའི་ཕྱིར་གཡས་བརྐྱང་བའོ། །ཤེས་རབ་ཀྱིས་ཆོས་གང་ལ་ཡང་མི་འཛིན་པས་འཁོར་བ་ལ་མི་བཞུགས་པར་བསྟན་པའི་ཕྱིར་ཞབས་གཡོན་བསྐུམ་པའོ། །གར་མཁན་ལྟར་ཆ་ལུགས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པས་ན་གར་མཁན་གྱི་ཆ་ལུགས་སུ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའོ་ཞེས་བྱ་བ་ལ་སོགས་པ་དེ་ཁོ་ན་ཉིད་དྲན་པར་བྱའོ། །གང་ཟག་དང་ཆོས་ཀྱི་བདག་གིས་སྟོང་པས་ན་བདག་མེད་མའོ། །དེ་བཞིན་ཉིད་དུ་རོ་གཅིག་པས་ན་ཞལ་གཅིག་མའོ། །ཐབས་ཤེས་རབ་ཟུང་དུ་འབྲེལ་པས་ན་ཕྱག་གཉིས་མའོ། །ང་རྒྱལ་ལ་སོགས་སྐྱོན་དྲུག་རྣམས། །གཅོད་ཕྱིར་གྲི་གུག་རྣམ་པར་བསྣམས། །དངོས་དང་དངོས་མེད་རྣམ་རྟོག་གི །མགོ་བོ་པདྨའི་སྣོད་དུ་ནི། །བདུད་རྣམས་བཞི་ཡི་ཁྲག་གིས་བཀང༌། །དངོས་གྲུབ་ཕྱིར་ནི་བཏུང་བར་བྱ། །རྒྱལ་བ་ལྔ་དང་ལྡན་པས་རྒྱན་ལྔས་བརྒྱན་པའོ། །ཐབས་དང་མི་འབྲལ་བར་མཚོན་པས་སྐྱེས་པའི་མགོ་བོའི་ཕྲེང་བས་མགུལ་པ་བརྒྱན་པའོ། །ཞེས་བྱ་བ་ལ་སོགས་པ་ཡུམ་གྱི་དེ་ཁོ་ན་ཉིད་ཀྱང་རྒྱས་པར་དྲན་པར་བྱའོ། །གཞན་ཡང་ཉོན་མོངས་པའི་མུན་པ་ལས་གྲོལ་བས་ཉི་མའི་དཀྱིལ་འཁོར་ལ་བཞུགས་པའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་བཞིས། ཕུང་པོའི་བདུད་དང༌། ཉོན་མོངས་པའི་བདུད་དང༌། འཆི་བདག་གི་བདུད་དང༌། ལྷའི་བུའི་བདུད་དང་བཞི་བཅོམ་པའི་བརྡར། ཚངས་པ་དང༌། དབང་པོ་དང༌། ཉེ་དབང་དང༌། དྲག་པོའི་སྟེང་ན་བཞུགས་པའོ། །ཞེས་བྱ་བ་ལ་སོགས་པ་གཙོ་བོ་ཡབ་ཡུམ་གྱི་རྣམ་དག་དང་དེ་ཁོ་ན་ཉིད་རྒྱས་པར་དྲན་པར་བྱའོ། །དེ་བཞིན་དུ་གཽ་རཱི་ལ་སོགས་པ་རྣལ་འབྱོར་མ་བརྒྱད་ཀྱི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པའི་རྣམ་དག་རྒྱས་པར་དྲན་པར་བྱ་སྟེ། འདི་དག་གཞུང་དུ་ཤེས་པར་ནུས་པས་འདིར་རྒྱས་པར་མ་སྨོས་སོ། །ད་ནི་དཀྱིལ་འཁོར་གྱི་རྣམ་པར་དག་པ་བརྗོད་པར་བྱ་སྟེ་རང་གིས་སེམས་ཉིད་རྣམ་པར་དག་པ་ནི་དཀྱིལ་འཁོར་རོ། །གྲུ་བཞི་ནི་ཆོས་ཀྱི་དབྱིངས་མི་མཉམ་པ་མེད་པའོ། །སྒོ་བཞི་ནི་རྣམ་པར་ཐར་པའི་སྒོ་བཞི་སྟེ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུས་མ་བྱས་པའོ། །རྩིག་པ་ལྔ་ནི་དབང་པོ་ལྔ་དང་སྟོབས་ལྔ་སྟེ། དད་པའི་དབང་པོ་དང༌། བརྩོན་འགྲུས་ཀྱི་དབང་པོ་དང༌། དྲན་པའི་དབང་པོ་དང༌། ཏིང་ངེ་འཛིན་གྱི་དབང་པོ་དང༌། ཤེས་རབ་ཀྱི་དབང་པོ་དང༌། ཡང་དག་པའི་སྟོབས་ལ་སོགས་པ་ལྔའོ། །ཁ་ཁྱེར་བཞི་ནི་དྲན་པ་ཉེ་བར་གཞག་པ་བཞི་སྟེ། ལུས་དྲན་པ་ཉེ་བར་གཞག་པ་དང༌། ཚོར་བ་དྲན་པ་ཉེ་བར་གཞག་པ་དང༌། སེམས་དྲན་པ་ཉེ་བར་གཞག་པ་དང༌། ཆོས་དྲན་པ་ཉེ་བར་གཞག་པའོ། །སྒོ་ཁང་བཞི་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ་འདུན་པའི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་པ་དང༌། དཔྱོད་པའི་ཏིང་ངེ་འཛིན་དང༌། སེམས་ཀྱི་ཏིང་ངེ་འཛིན་དང༌། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་པའོ། །རྟ་བབས་བཞི་ནི་ཡང་དག་པར་སྤོང་བ་བཞི་སྟེ། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང༌། སྐྱེས་པ་རྣམས་སྤོང་བ་དང༌། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པ་དང༌། སྐྱེས་པ་རྣམས་ཡང་དག་པར་སྲུང་བའོ། །ཀ་བ་བརྒྱད་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དེ། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོགས་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཏོ། །མེ་ཏོག་གི་ཕྲེང་བ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། བརྩོན་འགྲུས། དགའ་བ། ཤིན་ཏུ་སྦྱངས་པ། ཏིང་ངེ་འཛིན། བཏང་སྙོམས། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །དྲྭ་བ་ནི་རྩ་བའི་ཉོན་མོངས་པ་སྤངས་བའོ། །དྲྭ་བ་ཕྱེད་པ་ནི་ཉེ་བའི་ཉོན་མོངས་པ་སྤངས་པའོ། །རིན་པོ་ཆེའི་ཕ་གུ་ལ་སོགས་པ་རྣམས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་དང་ལྡན་པའོ། །རྡོ་རྗེའི་གདུང་བཞི་ནི་ཆོས་ཀྱི་གནས་བཞི་རྗེས་སུ་དྲན་པ་སྟེ། འདུས་བྱས་ཐམས་ཅད་མི་རྟག་པ་དང༌། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ་དང༌། ཆོས་ཐམས་ཅད་བདག་མེད་པ་དང༌། མྱ་ངན་ལས་འདས་པ་ཐམས་ཅད་ཞི་བ་དང༌། བདེ་བ་ཞེས་བྱ་བའོ། །རྡོ་རྗེའི་རྭ་བ་ནི་ཕྱོགས་ཐམས་ཅད་དུ་མཉམ་པ་ཉིད་དུ་རྡོ་རྗེ་ཐེག་པའི་འཁོར་ལོ་བསྐོར་བ་ཞེས་པའོ། །དེ་ལ་སོགས་པ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་རྣམ་པར་དག་པའང་རྒྱས་པར་དྲན་པར་བྱའོ། །དེ་ལ་དུར་ཁྲོད་ནི། དབུགས་རྒྱུ་ཞེས་པའི་རིགས་པ་འདིས། །དུར་ཁྲོད་ཅེས་ནི་མངོན་པར་བརྗོད། །ཅེས་གསུངས་པས་རང་གི་ལུས་འདི་ཉིད་དུར་ཁྲོད་དོ། །དུར་ཁྲོད་བརྒྱད་སྣ་བུག་གཉིས་གཅིག་ཏུ་བསྡོམས་པ། བུ་ག་བརྒྱད་དུར་ཁྲོད་བརྒྱད། གཏུམ་དྲག་གཞང་ཁའི་དབྱིབས་ཅན་ཡིན། །གསང་བ་ཚང་ཚིང་ཁ་རུའོ། །འབར་བ་ཞེས་བྱའི་དུར་ཁྲོད་ནི། །སྣ་ཡི་བུ་ག་གཉིས་ལ་གནས། །འཇིགས་སྡེ་ཀི་ལི་ཀི་ལ་ནི། །མིག་གཉིས་ལ་ནི་གནས་པའོ། །ཧ་ཧ་དགོད་དང་དབང་ཕྱུག་ནགས། །རྣ་བ་གཉིས་ལ་དགོད་པའོ། །མུན་པ་མི་བཟད་གསང་བའོ། །རྙེད་པ་དང་མ་རྙེད་པ་དང༌། བསྟོད་པ་དང་སྨད་པ་དང༌། སྙན་པ་དང་མི་སྙན་པ་དང༌། བདེ་བ་དང་སྡུག་བསྔལ་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཆོས་བརྒྱད་མགོ་སྙོམས་འཇིག་རྟེན་སྐྱོང་བའོ། །རླུང་རྣམས་ནི་ཞིང་སྐྱོང་བའོ། །རོ་ནི་སའོ། །མེ་ནི་མེའོ། །ཆུ་ནི་ཆུའོ། །ཤིང་ནི་རྩྭའོ། །སྤྲིན་ནི་ནམ་མཁའི་ཁམས་སོ། །ནད་རྣམས་ནི་ཀླུའོ། །དེ་དག་གི་དབང་གིས་ལུས་ན་བ་ལ་སོགས་པ་སྣ་ཚོགས་སུ་འགྱུར་བ་རྣམས་ནི། འབྱུང་པོ་དང༌། རོ་ལངས་དང༌། ཡི་དྭགས་དང༌། མཁའ་འགྲོ་དང༌། ཅེ་སྤྱང་ལ་སོགས་པ་སྣ་ཚོགས་འདུས་པ་རྣམས་སོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་ཤེས་པར་བྱའོ། །མདོར་ན་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། ལྷའི་དེ་ཁོ་ན་ཉིད་དང༌། རྣམ་པར་དག་པ་ཞེས་བྱ་བ་འདི་ནི་སྦྱང་གཞི་ཕྱི་རོལ་གྱི་སྣོད་དང་བཅུད་ཀྱིས་བསྡུས་པ་མཐའ་དག་དང༌། ལུས་ངག་ཡིད་གསུམ་གྱིས་བསྡུས་པ་མཐའ་དག་དང༌། དེ་སྦྱོང་བར་བྱེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་གསུམ་གྱིས་བསྡུས་པའི་ཆོས་མཐའ་དག་སྟེ། རྣལ་འབྱོར་པའི་བློའི་སྣང་བའི་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་གི་སྟེང་དུ་ཚང་བར་སྦྱོར་བ་ཡིན་ཏེ། དེ་ཡང་ཕ་རོལ་ཏུ་ཕྱིན་པ་བས་སྤྱིའི་རྣམ་པས་མིང་གི་རྗེས་སུ་འབྲངས་པ་ཙམ་ཞིག་ལ་མོས་པ་ལམ་དུ་བྱས་པ་ཡིན་ལ། གསང་སྔགས་ཀྱི་རྣམ་པ་བརྡ་ཙམ་ལམ་དུ་བྱེད་པས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ལྟར་ཡང་རྡོ་རྗེ་གུར་ལས། འོན་ཀྱང་མི་གཙང་བའི་ཚད་མཉམ་པར་སྦྱང་བའི་ཕྱིར་སངས་རྒྱས་ཀྱི་སྐུ་གཟུགས་རབ་ཏུ་བསྒོམ་པར་བྱའོ་ཞེས་གསུངས་སོ། །དེ་དག་ཀྱང་ཚིག་ཟོར་ཡང་བར་བྱ་བའི་ཕྱིར། སྒྲུབ་ཐབས་སུ་ཕྱོགས་རེ་ཙམ་དུ་ཁྲིའུར་གསུངས་པ་དེ་བླ་མའི་མན་ངག་གིས་རྒྱས་པར་སྦྱར་ཏེ་ཤེས་པར་བྱའོ། །དེ་ལས་གཞན་ཡང་སྤྱོད་ལམ་གྱི་རྣལ་འབྱོར་ནི། མཆོད་རྟེན་བཞེངས་པ་དང༌། རྡོ་རྗེའི་ཆུ་སྦྱིན་པ་དང༌། དཀྱིལ་འཁོར་དང༌། རབ་གནས་དང༌། སྦྱིན་སྲེག་དང༌། ཆོས་འཆད་པ་དང་ཉན་པ་ལ་སོགས་པའི་བྱ་བ་ཐམས་ཅད་ཡིན་ཏེ་དེ་དག་ཀྱང་རྒྱས་པར་གཞན་དུ་ཤེས་པར་བྱའོ། །དེ་ལ་ཐུན་བཞིའི་རྣལ་འབྱོར་བྱེད་པ་རྣམས་ཀྱིས་སྤྱོད་ལམ་གྱི་རྣལ་འབྱོར་ཅི་ནུས་པ་བྱས་ལ་གཙོ་ཆེར་མཉམ་པར་གཞག་པའི་རྣལ་འབྱོར་ལ་འབད་པར་བྱའོ། །ཐུན་བཞིའི་རྣལ་འབྱོར་མི་བྱེད་པ་རྣམས་ཀྱིས་ནི་བྱ་བ་ཐམས་ཅད་སྤྱོད་ལམ་གྱིས་དུས་འདའ་བ་ཡིན་པས། སྤྱོད་ལམ་གྱི་རྣལ་འབྱོར་ལ་གཙོ་བོར་བྱའོ། །དེ་བས་ན་མཉམ་པར་མ་གཞག་པའི་རྣལ་འབྱོར་བརྒྱད་ཀྱི་གཙོ་བོ་སྤྱོད་ལམ་གྱི་རྣལ་འབྱོར་ཡིན་ནོ། །དེ་ལྟར་རྣལ་འབྱོར་བཅུས་བར་མེད་པར་སྤྱད་པར་བྱའོ། །དཔལ་ཀྱེའི་རྡོ་རྗེའི་མངོན་པར་རྟོགས་པ་མཉམ་པར་གཞག་པ་དང༌། མ་གཞག་པ་གཉིས་ཀྱིས་ཉིན་ཞག་གཅིག་གི་བྱ་བ་མ་ལུས་པ་རྫོགས་པར་བསྟན་ཟིན་ཏོ། །འདི་ནི་ཕྱི་དབྱིབས་བསྐྱེད་པའི་རིམ་པའི་མངོན་པར་རྟོགས་པ་རྒྱས་པ་ཡིན་ལ། འབྲིང་དང་བསྡུས་པ་དང༌། ལུས་ཀྱི་དཀྱིལ་འཁོར་ནི་ལོགས་སུ་རྟོགས་པར་བྱའོ། །མཚུངས་མེད་བརྒྱུད་པའི་རིམ་པ་ནི། བདག་མེད་མ་དང་བིརྺ་པ། །ནག་པོ་ཌཱ་མ་རུ་པ་དང༌། །ཨ་ཝ་དྷཱུ་ཏཱི་ག་ཡ་དྷ་ར། །མི་བསྐྱོད་ཞེ་སྡང་རྡོ་རྗེ་དང༌། །རོལ་པའི་རྡོ་རྗེ་མི་བསྐྱོད་པ། །རྡོ་རྗེ་ཞེས་བྱའི་བར་གྱིས་ནི། །ཞལ་གྱི་བུམ་པས་ལེགས་གསོལ་བ། །སྲིད་ལམ་འཁྱམས་པས་དུབ་པ་ཡི། །བསྟི་གནས་ཀུན་སྦྱོར་འཆིང་བ་ཡིས། །བསྡམས་པ་གྲོལ་ཕྱིར་མངོན་རྟོགས་ཀྱི། །ལམ་གྱི་རིམ་པ་གསལ་བྱེད་ཡིན། །དཔལ་ཀྱེའི་རྡོ་རྗེའི་མངོན་པར་རྟོགས་པ་རྒྱས་པ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

 

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*