དཔལ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དུ་སློབ་མ་སྨིན་པར་བྱེད་པའི་ཆོ་ག་དབང་གི་ཆུ་བོ་ཆེན་མོ།

༼ཅ༽

༄༅། །དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་སློབ་མ་སྨིན་པར་བྱེད་པའི་ཆོ་ག་དབང་གི་ཆུ་བོ་ཆེན་མོ་བཞུགས་སོ།།

༄༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །དབང་བསྐུར་བ་ནི་རྡོ་རྗེ་ཐེག་པའི་ལམ་གྱི་གཞི་ཡིན་ཏེ། དེ་དང་མི་ལྡན་པ་ལ་རྡོ་རྗེ་ཐེག་པའི་ལམ་བསྒོམ་པའི་སྐལ་པ་མེད་དེ། དེ་བཞིན་སྨིན་བྱེད་མེད་པའི་ཕྱིར་རོ། །གལ་ཏེ་བསྒོམས་ནས་ཐུན་མོང་གི་དངོས་གྲུབ་ཐོབ་ཀྱང་དམྱལ་བར་ལྟུང་སྟེ། དེ་ལྟར་དུ་ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་ལྟར། །གང་ཞིག་རྒྱུད་ལུང་མན་ངག་གིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་ལ་ནི་དབང་ནོད་ཞུ། །ཞེས་གསུངས་པས་དབང་བླང་ངོ༌། །དབང་བསྐུར་དེ་ཡང་སངས་རྒྱས་ནས་བརྒྱུད་པ་བར་མ་ཆད་པ། སྔོན་ཆད་ལས་ཀྱི་ཆོ་ག་མཐོང་བ། ཆོ་ག་ལ་མཁས་པ། བྱིན་རླབས་དང་ལྡན་པ། སྦྱང་གཞི་སྦྱོང་བྱེད་ངོ་འཕྲོད་པ། ཆོ་ག་གང་ཞུགས་རྫོགས་པར་ཐོབ་པར་བྱས་པ་ཅིག་དགོས་པ་ཡིན་གྱི། དབང་བསྐུར་བྱས་ཀྱང་ཡིད་བརྟན་དུ་མི་བཏུབ་པ། ཅི་ཡིན་གཏོལ་མེད་པ་བླུན་པོ་བསླུ་བར་འདྲ་བར་སྣང་བ་དང༌། ཡང་བྱིན་རླབས་ཕྲ་མོ་བྱས་པ་ལ་དེས་དབང་བསྐུར་གྱི་གོ་བཅད་ནས། ཟབ་མོ་སྟོན་པའི་རྡོ་རྗེ་ཐེག་པའི་གཟུགས་བརྙན་སྤང་བར་བྱའོ། །དེ་བས་ཐར་པ་འདོད་པའི་སྐྱེ་བོ་ཤེས་རབ་ཀྱི་མིག་དང་ལྡན་པ། ལམ་ཟབ་མོ་རྡོ་རྗེ་ཐེག་པ་ལ་མོས་པའི་ཤེས་རབ་དང་སྙིང་རྗེ་དང་ལྡན་པའི་གང་ཟག བདག་བདེ་ལེགས་སུ་འདོད་པ་དེས་བླ་མ་ལ་དབང་ནོད་པར་བྱའོ། །དཔལ་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ། སློབ་མ་ཡོངས་སུ་སྨིན་པར་བྱེད་པའི་ཆོ་ག་ལ་དོན་བརྒྱད་དེ། སློབ་མ་ཡོངས་སུ་གཟུང་བའི་ཆོ་ག་དང༌། སྔོན་དུ་བསྙེན་པ་དང༌། སའི་ཆོ་ག་དང༌། སྟ་གོན་ལ་གནས་པའི་ཆོ་ག་དང༌། དཀྱིལ་འཁོར་ཆེན་པོ་བྲི་ཞིང་རྒྱན་དགྲམ་པའི་ཆོ་ག་དང༌། སྒྲུབ་ཅིང་མཆོད་པའི་ཆོ་ག་དང༌། འཇུག་ཅིང་དབང་བསྐུར་བའི་ཆོ་ག་དང༌། དཀྱིལ་འཁོར་ཆེན་པོའི་མཇུག་གི་ཆོ་གའོ། །དང་པོ་ནི། སློབ་དཔོན་མཚན་ཉིད་དང་ལྡན་པ་ལ། སློབ་མས་ཞུ་བའི་ཕྱིར། ཁྱོད་ཞབས་པདྨ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་མཐུ་ཆེན་གྱིས། །བློ་མཆོག་བདག་ནི་གནང་བར་མཛོད། །ཅེས་པའམ། ཡང་འདི་སྐད་དུ། ཁྱོད་ལ་བླ་མར་གསོལ་བ་འདེབས་ཀྱིས། བདག་ལ་དཔལ་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་བར་ཞུའོ། །ཞེས་དེ་སྐད་ལན་གཉིས་སམ་གསུམ་དུ་གསོལ་བ་འདེབས་ན། བླ་མས་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། སྐྱབས་གསུམ་སྔོན་དུ་སོང་བའི་སོ་སོར་ཐར་པ་ལ་སོགས་པའི་སྡོམ་པ་ལ་སྔར་བསྙེན་ནམ། བསྙེན་པར་སྤྲོའམ་ཞེས་དྲི། སྔར་བསྙེན་ན་མི་དགོས། མ་བསྙེན་ན་སེམས་བསྐྱེད་བྱ། དཔོན་སློབ་འབྲེལ་བརྟགས་ལ། སློབ་དཔོན་གྱིས་སློབ་མའི་བློ་རིགས་བརྟགས་ཏེ་རྗེས་སུ་གཟུང་བར་བྱའོ། །དེ་ལ་གང་ཟག་གི་རིགས་བཞི་སྟེ། སྔར་གསང་སྔགས་ཀྱི་སྒོར་ཞུགས་པ་དང༌། གསང་སྔགས་ལ་མ་ཞུགས་ཀྱང་ཐེག་པ་ཆེན་པོའི་ལམ་ལ་ཞུགས་པ་དང༌། ཐེག་པ་ཆེན་པོ་ལ་མ་ཞུགས་ཀྱང་ཉན་ཐོས་ལ་སོགས་པའི་ལམ་ལ་ཅི་རིགས་པར་ཞུགས་པ་དང༌། སངས་རྒྱས་ཀྱི་བསྟན་པ་ལ་མ་ཞུགས་པའོ། །དེ་ལྟར་བཞིར་ཤེས་པར་བྱས་ལ་སློབ་དཔོན་གྱིས་དྲི་བར་བྱ་སྟེ། ཁྱོད་སྔར་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་ཅིག་ཡིན་ནམ་མ་ཞུགས་པ་ཅིག་ཡིན། ཞུགས་པ་ཅིག་ཡིན་ན་གང་ལ་ཞུགས་པ་ཅིག་ཡིན་ཞེས་དྲི་བར་བྱའོ། །དེ་ལ་དང་པོ་གསང་སྔགས་ཀྱི་ལམ་ལ་ཞུགས་པ་ཅིག་ཡིན་ནོ་ཞེས་སྨྲ་ན། དེས་གསང་སྔགས་ལ་ཇི་ལྟར་ཞུགས་པར་ཤེས་པར་བྱའོ། །གལ་ཏེ་གསང་སྔགས་ཀྱི་ལམ་ལ་མ་ཞུགས་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་བྱས་ཏེ་ཐེག་པ་ཆེན་པོར་ཞུགས་སོ་ཞེས་སྨྲ་ན། དེའང་འོས་སུ་གྱུར་པ་ཡིན་པས་ཁས་བླང༌། སློབ་མ་རྗེས་སུ་གཟུང་བར་བྱའོ། །གལ་ཏེ་ཐེག་པ་ཆེན་པོ་ལ་མ་ཞུགས་ཏེ་སོ་སོར་ཐར་པ་ལ་ཞུགས་སོ་ཞེས་སྨྲ་ན། དེ་མ་ཐག་ཏུ་དབང་བསྐུར་བར་ཁས་མི་ལེན་ཏེ། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། དེའི་འོག་ཏུ་སློབ་མ་རྗེས་སུ་གཟུང་བའི་ཆོ་ག་བྱའོ། །གལ་ཏེ་སྔར་སངས་རྒྱས་ཀྱི་བསྟན་པ་ལ་མ་ཞུགས་སོ་ཞེས་སྨྲ་ན། དེ་ལ་ཁྱོད་ཅི་དོན་དུ་གཉེར་ནས་དབང་བསྐུར་བ་འདོད་ཅེས་དྲི་བར་བྱའོ། །དེ་ལའང་རིགས་གསུམ་ལ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་འདོད་དོ་ཞེས་ཟེར་ན། དེ་ནི་སྐྱེ་བ་མང་པོ་ནས་ཐེག་པ་ཆེན་པོ་ལ་བློ་ཞུགས་པ་ཡིན་པས་སློབ་མར་རྗེས་སུ་གཟུང་བར་བྱའོ། །གལ་ཏེ་བདག་ཉིད་གཅིག་པུ་འཁོར་བ་ལས་ཐར་ཏེ་ཞི་བ་དོན་དུ་གཉེར་བར་འདོད་དོ་ཞེས་སྨྲ་ན། དེ་ལའང་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ལ། དཔོན་སློབ་ཕན་ཚུན་འབྲེལ་བརྟགས་ལ་རྗེས་སུ་མཐུན་ན་གདོད་སློབ་མ་རྗེས་སུ་གཟུང་བའི་ཆོ་ག་བྱའོ། །གལ་ཏེ་ཚེ་འདིར་ཚེ་རིང་བ་དང༌། ནད་མེད་པ་ལ་སོགས་པའམ། སྐྱེ་བ་ཕ་རོལ་ཏུ་ལྷ་དང་མི་ལ་སོགས་པ་དོན་དུ་གཉེར་བར་འཚལ་ལོ། །ཞེས་ཟེར་ན། དེ་ལ་དེ་མ་ཐག་རྗེས་སུ་གཟུང་བར་མི་བྱ་སྟེ། དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལས་གསུངས་པ། དང་པོ་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་སྦྱིན། །ཞེས་བྱ་བ་ལ་སོགས་པ་དང་འབྲེལ་བརྟགས་པ་ལ་སོགས་པས་བློ་ལེགས་པར་སྦྱངས་ལ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་རྗེས་སུ་གཟུང་བར་བྱའོ། །དེ་ལྟར་འབྲེལ་བརྟགས་ནས། མཚན་ཉིད་དང་ལྡན་པའི་སློབ་མ་གཅིག་ནས་ཉེར་ལྔའི་བར་དུ་ཁ་ཡར་བ་གཟུང་བར་བྱའོ། །ཁ་འཆམ་པ་དང་དེ་བས་ལྷག་པ་དཀྱིལ་འཁོར་དུ་མི་གཟུང་སྟེ། དེ་སྐད་དུ། མཁས་པས་སློབ་མ་གཅིག་གམ་གསུམ། །ལྔའམ་ཡང་ན་བདུན་དག་གམ། །ཉི་ཤུ་རྩ་ནི་ལྔ་ཡི་བར། །ཟུང་དུ་མ་གྱུར་སློབ་མ་གཟུང༌། །དེ་བས་ལྷག་པའི་སློབ་མ་ནི། །ཡོངས་སུ་གཟུང་བར་མི་ཤིས་སོ། །ཞེས་གསུངས་པས་སོ། །དེ་ཡང་གཟའ་སྐར་བཟང་པོ་དང་ཡར་ངོ་ལ་བྱ་སྟེ། དེ་སྐད་དུའང༌། དབང་བསྐུར་དང་ནི་རབ་གནས་དག །ཡར་གྱི་ངོ་ལ་བརྟག་པར་བྱ། །ཞེས་གསུངས་སོ། །ཡང༌། གཟའ་དང་སྐར་མ་འཛོམ་གྱུར་ན། །མར་གྱི་ངོ་ལའང་ཉེས་པ་མེད། །ཅེས་གསུངས་སོ། །དེ་དག་ནི་སློབ་མ་རྗེས་སུ་གཟུང་བའི་ཆོ་གའོ། །གཉིས་པ་བསྙེན་པ་ནི། མཆོད་པ་དང་གཏོར་མ་བཤམས་ལ། སློབ་མས་མཎྜལ་ཕུལ་ཏེ། ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །ཐབས་དང་ཤེས་རབ་བདག་ཉིད་ཅན། །སྟོན་པའི་བསྟན་པར་ལེགས་གནས་པ། །ཀྱེ་རྡོར་ཆོ་ག་བཤད་དུ་གསོལ། །ཞེས་ལན་གསུམ་གསོལ་བ་གདབ་ཏུ་བཅུག་ལ། ཐལ་མོ་སྦྱར་ཏེ་ཙོག་པུར་སྡོད་དུ་བཅུག་ལ། དེ་ནས་སློབ་དཔོན་རང་དཔལ་ཀྱེའི་རྡོ་རྗེའི་རྣལ་འབྱོར་གསལ་བར་དམིགས་ཏེ། རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་སློབ་མའི་ལུས་ལ་ཞུགས་ཏེ། དེས་ཐོག་མ་མེད་པ་ནས་བསགས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་དང༌། བགེགས་ཐམས་ཅད་སྲེག་པར་བསམ་ཞིང་རྩ་བའི་སྔགས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ནས་གཏོར་མའི་ཆོ་གས་ལྷ་དང་འབྱུང་པོ་ཐམས་ཅད་ལ་གཏོར་མ་བྱིན་ཏེ། ཁོ་བོས་ནི་ལྷ་མཉེས་པར་བྱ་བའི་ཕྱིར་སྔོན་དུ་བསྙེན་པ་བྱའོ། །ཁྱོད་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོར་མཆོད་པའི་ཡོ་བྱད་དང༌། དཔའ་བོ་དང་རྣལ་འབྱོར་མ་རྣམས་མཆོད་པའི་ཡོ་བྱད་འདི་དང་འདི་དགོས་པས་འཚོག་ཆས་གྱིས་ཤིག ལུས་དང་སྲོག་གི་བར་ཆད་དུ་འགྱུར་བ་འོང་བའི་གནས་འདི་དག་ཏུ་མ་འགྲོ་ཞིག དགེ་བའི་རྩ་བ་ལ་བརྩོན་པར་གྱིས་ཤིག ཅེས་བསྒོས་ལ་བཏང་ངོ༌། །སློབ་མས་ཀྱང་སློབ་དཔོན་ལ་ཕྱག་བྱས་ཏེ་ཇི་ལྟར་ནུས་པ་ཁས་བླང་ངོ༌། །དེ་ནས་སློབ་དཔོན་ལ་བསྙེན་པའི་ཡོ་བྱད་ཕུལ་བ་དང༌། སློབ་དཔོན་གྱིས་གནས་དབེན་པར་འདུག་སྟེ། ཐུན་བཞིའི་རིམ་པས་གཏོར་མ་དང་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་སྒྲུབ་ཐབས་ཀྱི་རིམ་པ་ལྟར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་དང༌། བཟླས་པས་བསྙེན་པ་བྱའོ། །དེའང་བསྙེན་པ་ལ་ལུགས་གཉིས་ཡོད་དེ། བུམ་པ་ལ་མ་བརྟེན་པ་དང༌། བུམ་པ་ལ་བརྟེན་པའོ། །བུམ་པ་ལ་མ་བརྟེན་པ་ནི། སྒྲུབ་ཐབས་ནས་འབྱུང་བ་ལྟར་བསྒོམ་སྟེ་བཟླས་པའི་དུས་སུ་ལྷ་ཐམས་ཅད་དབང་དུ་བྱེད་པའི་བཟླས་པ་དམར་པོ་བྱ་བ་དང༌། ཡང་ན་བདག་དང་སློབ་མའི་བསོད་ནམས་རྒྱས་པའི་སེར་པོ་བྱ་བ་གང་རུང་བྱའོ། །བུམ་པ་ལ་བརྟེན་པར་བྱེད་ན། བུམ་པ་སྟ་གོན་བཞིན་ཆོ་ག་ཇི་ལྟ་བ་བཞིན་ལེགས་པར་བཅས་ཏེ། བུམ་པའི་སྟེང་དུ་དུང་ཆོས་ཀྱི་ནང་དུ་དྲི་ཞིམ་པོ་ལ་སོགས་པ་སྦྱར་བ་བྱ་སྟེ། བདག་ལྷའི་རྣལ་འབྱོར་དབང་བསྐུར་གྱི་བར་དུ་རྫོགས་པ་དང༌། བུམ་པའི་བགེགས་བསལ་ལ། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱངས་ཏེ། པྃ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ཡངས་ཤིང་མགྲིན་པ་ཕྲ་བ་བསྐྱེད་ལ། དེ་ནས་བུམ་པའི་ནང་དུ་སྲུང་འཁོར་དུར་ཁྲོད་བརྒྱད་གཞལ་ཡས་ཁང་སྐད་ཅིག་མས་བསྐྱེད། དེར་གཙོ་བོ་མངོན་བྱང་ལྔས་འཁོར་རྣམས་འབྱིན་པའི་ཚུལ་དུ་བསྐྱེད། ཡན་ལག་བཞི་རྫོགས་སུ་བྱ། དེ་ལ་མཆོད་པ་དང་བསྟོད་པ་བྱའོ། །དེ་ནས་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཚུར་འཁོར་དུ་སྔགས་ཕྲེང་དམར་པོའམ་སེར་པོའི་འོད་འཕྲོས་པས། བུམ་པའི་ནང་གི་ལྷ་ལ་ཕོག་པས་ཐམས་ཅད་དམར་པོར་སོང་བས་ཐམས་ཅད་དབང་དུ་སོང་བར་དམིགས་པའམ། ཡང་ན་སེར་པོ་འཕྲོས་ནས་ལྷ་ཐམས་ཅད་སེར་པོར་སོང་བར་དམིགས་པས་བདེ་བ་ཆེན་པོའི་ཡེ་ཤེས་རྒྱས་པར་དམིགས་ལ། བུམ་པའི་ནང་གི་ལྷ་ཐམས་ཅད་ཀྱི་བ་སྤུའི་བུ་ག་ནས་བདུད་རྩི་ལྔའི་ཆུ་རྒྱུན་འཛག་པར་དམིགས་ལ་སྔགས་བཟླས་སོ། །དེ་ལ་སྤྱིར་བསྙེན་པ་རབ་འབྲིང་གསུམ་སྟེ། གྲངས་ཀྱི་བསྙེན་པ་དང༌། དུས་ཀྱི་བསྙེན་པ་དང༌། མཚན་མའི་བསྙེན་པའོ། །དེ་རེ་རེ་ལའང་གསུམ་གསུམ་སྟེ། གྲངས་ཀྱི་བསྙེན་པ་རྫོགས་ལྡན་དང༌། རྩོད་དུས་ལ་བཞི་འགྱུར་དུ་ཤེས་པར་བྱ་སྟེ། རྫོགས་ལྡན་ལ་རབ་གཙོ་བོ་ལ་འབུམ། འཁོར་ལ་ཁྲི་ཕྲག་རེ་བཟླས་སོ། །བསྙེན་པ་འབྲིང་གཙོ་བོ་ལ་ཁྲི། འཁོར་ལ་སྟོང་ཕྲག་རེ་བཟླས་སོ། །གྲངས་ཀྱི་བསྙེན་པ་ཐ་མ་ལ་གཙོ་བོ་ལ་སྟོང༌། འཁོར་ལ་བརྒྱ་ཕྲག་རེ་བྱས་ཏེ། དེའང་རྩོད་དུས་སུ་བཞི་འགྱུར་དུ་བཟླའོ། །དུས་ཀྱི་བསྙེན་པ་རབ་ཟླ་བ་དྲུག འབྲིང་ཟླ་བ་གསུམ། ཐ་མ་ཞག་དྲུག་གམ་བདུན་དུ་ཐུན་བཞིའི་ངེས་པས་བྱའོ། །མཚན་མའི་བསྙེན་པ་རབ་ལྷས་གནང་བ་བྱིན་པ། འབྲིང་རྨི་ལམ་དུ་བྱིན་པ། ཐ་མ་རང་གི་ཉམས་སམ་བླ་མས་གནང་བ་བྱིན་པའོ། །དེ་ལྟར་རབ་འབྲིང་དགུ་གང་ཡང་རུང་བ་རྫོགས་པ་དང༌། བུམ་པའི་ལྷ་ལ་མཆོད་པ་དང་བསྟོད་པ་ལ་སོགས་པ་བྱས་ལ་དུང་ཆོས་ཆུ་བླུགས་པས་བུམ་པའི་ལྷ་རྣམས་འོད་དུ་ཞུ་བར་བྱའོ། །སྔོན་དུ་བསྙེན་པའི་ཆོ་གའོ། །དེ་ལ་སའི་ཆོ་ག་ནི། སྤྱིར་དུ་རྣམ་པར་གཞག་པ་དྲུག་སྟེ། སའི་ཕྱོགས་ལ་སོགས་པ་བརྟག་པ་དང༌། ས་བློས་ཡོངས་སུ་གཟུང་བ་དང༌། ས་བསླང་བ་དང༌། ས་སྦྱང་བ་དང༌། སྟང་སྟབས་ཀྱི་བཀོད་པ་ལ་སོགས་པས་གཟུང་བ་དང༌། བགེགས་མི་འཇུག་པར་བྱ་བའི་ཕྱིར་བསྲུང་བའོ། །དེ་ལ་གཙུག་ལག་ཁང་ས་ཆོག་ལེགས་པར་བྱས་པའམ་སློབ་དཔོན་གཞན་གྱི་དཀྱིལ་འཁོར་གྱི་ཁང་པ་རྙིང་པའམ། དཀྱིལ་འཁོར་རང་གི་ཁང་པ་རྙིང་པ་རྣམས་སུ་སའི་ཆོ་ག་གང་ཡང་བྱ་མི་དགོས་གསུངས། ལུས་ཀྱི་སྟང་སྟབས་ཀྱི་བཀོད་པ་དང༌། ས་བསྲུང་བ་དང་གཉིས་ཙམ་བྱས་ཀྱང་ལེགས་སོ། །གཞན་ཡང་དྲང་སྲོང་གནས་དང་བ་ལང་ལྷས། །ཕུག་དང་རི་ཡི་རྩེ་མོ་དང༌། །ས་གཞི་གང་ན་འཐས་པ་དང༌། །ཁང་ཐོག་དང་ནི་རྡོ་ལེབ་དང༌། །མཆོད་རྟེན་དྲུང་དང་འབབ་ཆུའི་གླིང༌། །མཚོ་རྣམས་ཀྱི་ནི་འགྲམ་དག་ཏུ། །ས་གཞི་སྦྱང་དང་བརྟག་པ་དག །ནན་ཏན་དུ་ནི་བྱ་མི་དགོས། །དེར་ནི་ཟུག་རྔུ་དབྱུང་མི་དགོས། །འཐས་པར་བཅག་ཀྱང་དེར་མི་དགོས། །མཐོ་དམན་ལ་སོགས་སྐྱོན་རྣམས་ཀུན། །དེར་ནི་དོགས་པ་བསྐྱེད་མི་དགོས། །ཞེས་གསང་བ་སྤྱི་རྒྱུད་ལས་འབྱུང་བས། བརྟག་པ་དང་སྦྱང་བ་གཉིས་མི་དགོས་ཆོ་ག་གཞན་རྣམས་བྱའོ། །དེ་ལྟ་བུ་མ་ཡིན་པའི་ས་ཕྱོགས་རྣམས་སུ་ཆོ་ག་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ། །དེ་ལ་ས་བརྟག་པའི་ཆོ་ག་ནི། ཕྱོགས་ལ་སོགས་པའི་སྒོ་ནས་བརྟག་པ་དང༌། ས་ལྟས་ཀྱི་སྒོ་ནས་བརྟག་པ་སྟེ་རྒྱས་པ་དཀྱིལ་འཁོར་གྱི་ཆོ་ག་གཞན་རྣམས་བླ་མའི་ཞལ་ལས་ཤེས་པར་བྱའོ། །མདོར་བསྡུས་པའི་དབང་དུ་བྱས་ན་སའི་ཕྱོགས་ངམ་གྲོག་ལས་གྱུར་པ་དང༌། ཐལ་བས་ཁེབས་པ་ལ་སོགས་པ་ཉམས་མི་དགའ་བའི་ས་ཕྱོགས་ནི་སྤང་བར་བྱ་བ་ཡིན་ལ། ས་གཞི་དཀར་ཞིང་སྣུམ་པ་ལ་སོགས་པ་ཉམས་དགའ་བ་གྲོང་ཁྱེར་གྱི་བྱང་ཤར་གྱི་ཕྱོགས་སུ་བྱའོ། །དེ་ལྟར་ས་ཕྱོགས་ཉམས་དགའ་བའི་ས་འདིར་བདག་གི་དཀྱིལ་འཁོར་བྱའོ་སྙམ་པའི་བློས་ཡོངས་སུ་གཟུང་ངོ༌། །དེ་ནས་ས་བསླང་བ་ལ་གཉིས་ཏེ། སྣང་བ་ལས་བསླང་བ་དང་མི་སྣང་བ་ལས་བསླང་བའོ། །དང་པོ་ནི་ས་ཕྱོགས་དེར་རྒྱལ་པོའམ་བློན་པོ་ལ་སོགས་པས་དབང་དུ་བཟུང་བ་ཡིན་ན་དེ་ལས་བསླང་སྟེ། སའི་བདག་པོ་ཁྱོད་གསོན་ཅིག བདག་སློབ་མ་ཆེ་གེ་མོ་ཞེས་བྱ་བས་གསོལ་བ་གདབ་ནས། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཧེ་བཛྲ་ཞེས་བྱ་བའི་དཀྱིལ་འཁོར་བཞེངས་པར་ཁྱོད་ཀྱིས་གནང་བ་བྱིན་ཅིག་ཅེས་བྱས་ལ་བསླང་ངོ༌། །དེ་སྐབས་བྱིན་པ་དང༌། མི་སྣང་བའི་ས་བདག་ལས་བསླང་བའི་ཕྱིར། ས་ཕྱོགས་དེར་མཎྜལ་དང་གཏོར་མ་གཉིས་དང་མཆོད་པ་བཤམས་ལ། རང་དཔའ་བོ་གཅིག་པའི་རྣལ་འབྱོར་ཡོངས་སུ་རྫོགས་པར་བསྒོམས་ལ། དེ་ལས་ལངས་ཏེ་མཆོད་པ་བྱིན་གྱིས་བརླབས་ཏེ། དཀྱིལ་འཁོར་གྱི་དབུས་དེར་དྲིའི་ཐིག་ལེ་དང་མེ་ཏོག་ཚོམ་བུ་བྱ། དེར་པྃ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྃ་ལས་སའི་ལྷ་མོ་མདོག་སེར་མོ། ཞི་བའི་ཆ་ལུགས་དང་རྒྱན་གྱིས་ཀླུབས་པ། ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་སྙིང་གར་བཟུང་བ་ཅིག་བསྐྱེད། སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ཅིག་བྱ། དེ་ནས་རང་གི་སྙིང་གའི་ཧཱུྃ་གི་འོད་ཀྱིས་ས་འོག་ནས་ཡེ་ཤེས་ཀྱི་ལྷ་མོ་དེ་འདྲ་བ་ཅིག་སྤྱན་དྲངས་ཏེ། གཽ་རཱི་ལ་སོགས་པ་རྣལ་འབྱོར་མ་བཞིས་དགུག་གཞུག་བཅིང༌། དབང་དུ་བྱ། དེ་ནས་དབང་བསྐུར་གྱི་ལྷ་སྤྱན་དྲངས་ལ། དབང་བསྐུར་བ་དང་ཆུའི་ལྷག་མ་ཡར་ལུད་པས་རིན་ཆེན་འབྱུང་ལྡན་གྱི་དབུ་རྒྱན་བྱ། དེ་ལྟར་ཡན་ལག་བཞི་རྫོགས་པ་དང༌། བཟེད་ཞལ་གཅིག་མདུན་དུ་བཞག་ལ། ཞབས་བསིལ་བླངས་ཏེ། ཨོཾ་པྲྀ་ཐྭཱི་དེ་ཝཱི་ནི་རི་ཧཱུྃ་ཁཾ། ཞེས་བརྗོད་དེ་བཟེད་ཞལ་དུ་བླུགས་ཏེ། ལྷ་མོའི་ཞབས་བཀྲུས་པར་བསམ། དེ་བཞིན་དུ་ཞལ་བསིལ་བླངས་ཏེ། ཨོཾ་པྲྀ་ཐྭཱི་དེ་ཝཱི་ནི་ཝི་ཏི་ཧཱུྃ། ཞེས་བྱ་བས་བཟེད་ཞལ་དུ་བླུགས་ཏེ་ཞལ་བསིལ་གྱིས་ལྷ་མོའི་ཞལ་བསིལ་བར་བསམ། ཡང་འཐོར་འཐུང་བླངས་ཏེ། ཨོཾ་པྲྀ་ཐྭཱི་དེ་ཝཱི་ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུྃ། ཞེས་པས་ལུས་ལ་གཏོར་ཞིང་ཞལ་བསིལ་བར་བསམ། ཡང་མཆོད་ཡོན་བླངས་ཏེ། ཨོཾ་པྲྀ་ཐྭཱི་དེ་ཝཱི་ཛཿཧཱུྃ་བྃ་ཧོཿཁྃ་རྃ། ཞེས་བརྗོད་དེ་བཟེད་ཞལ་དུ་བླུགས་ཏེ་ལྷ་མོའི་ཕྱག་ཏུ་ཕུལ་བར་བསམ། དེ་བཞིན་དུ་མེ་ཏོག་ལ་སོགས་པ་རྣམས་ལའང༌། ཨོཾ་པྲྀ་ཐྭཱི་དེ་ཝཱི་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པས་མེ་ཏོག་དབུལ། དེ་བཞིན་དུ་བདུག་སྤོས་ལ་སོགས་པ་རོལ་མོའི་བར་དུ་སོ་སོའི་སྔགས་ཀྱིས་དབུལ། དེ་ནས་གཏོར་མ་ལ་ཆང་ཕུད་དང་ཆུ་ལ་སོགས་པ་བླུགས་ལ། ཨོཾ་ཨཱཿཧཱུྃ་ཞེས་བྱ་བས་ཁ་དོག་དང་དྲི་དང་རོ་དང་ནུས་པའི་མཐུ་ཕུན་སུམ་ཚོགས་པ་དྭངས་ཤིང་ཐོགས་པ་མེད་པའི་འདོད་ཡོན་ལྔ་དང་ལྡན་པ་བདུད་རྩིའི་རང་བཞིན་དུ་བསམས་ལ། ལག་པ་གཡས་མཆོག་སྦྱིན་དུ་བྱས་ཏེ། ཨོཾ་པྲྀ་ཐྭཱི་དེ་ཝཱི་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤ་ནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ལན་གསུམ་གྱིས་ལྷ་མོའི་ལྗགས་ལས་འོད་ཟེར་བྱུང་སྟེ་གསོལ་བར་བསམས་ལ་སེ་གོལ་གསུམ་བྱ། དེ་ནས་རྡོ་རྗེ་དྲིལ་བུ་གསིལ་ཞིང༌། མ་མ་རིན་ཆེན་སྣ་ཚོགས་འཛིན། །ཀྱེ་ཡི་རྡོ་རྗེ་ཁྲོས་མཆོད་པའི། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ས་འདིར་དཀྱིལ་འཁོར་འདྲི་བར་བྱ། །ཞེས་ལན་གསུམ་བརྗོད་ལ། བདག་རྡོ་རྗེ་སློབ་དཔོན་ཆེ་གེ་མོ་ཞེས་བྱ་བ་སློབ་མ་ཆེ་གེ་མོ་ཞེས་བྱ་བས་བསྐུལ་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཀྱིལ་འཁོར་ཆེན་པོ་འདྲི་ན། དེ་ལ་བདག་གིས་སྔོན་དུ་བསྙེན་པ་ཡོངས་སུ་རྫོགས་ཀྱིས། དེ་ལ་བར་དུ་གཅོད་པ་ཐམས་ཅད་ལ་བསྙེན་པ་རྫོགས་པའི་དཔང་པོ་ལྷ་མོ་ཁྱོད་ཀྱིས་གྱིས་ལ་ས་ཕྱོགས་འདིར་དཀྱིལ་འཁོར་བྲི་བར་གནང་བ་བྱིན་ཅིག་ཅེས་བསླངས་ལ། སའི་ལྷ་མོ་ནི་ཡིད་ཀྱིས་ནམ་མཁའ་ལ་བཏེག་ལ་དཔང་པོར་བྱོན་པར་བསམ། དེ་ནས་གཏོར་མ་ཅིག་ཤོས་བྱིན་གྱིས་བརླབས་ལ། ཕྱོགས་སྐྱོང་བ་རྣམས་དང་སའི་སྟེང་ན་གནས་པའི་བགེགས་རྣམས་ལའང་བྱིན་ལ་སྔ་མ་བཞིན་བརྗོད་ལ་ས་བསླང༌། བགེགས་གདུག་པ་ཅན་སྔགས་དང་ཕྱག་རྒྱ་ལྟ་བ་ལ་མི་དབང་བ་རྣམས་ལ། ས་ཕྱོགས་འདིར་ནི་སློབ་དཔོན་བདག །དཀྱིལ་འཁོར་རྒྱལ་པོ་ཀྱེ་རྡོ་རྗེ། །བཞེངས་ཤིག་འདི་ན་གནས་པའི་བགེགས། །འདི་ནས་གཞན་དུ་འགྲོ་བར་གྱིས། །ཞེས་བྱ་བས་བསྒོས་ཏེ་བསྐྲད་པར་བྱའོ། །དེ་དག་ནི་ས་བསླང་བའི་ཆོ་གའོ། །དེ་ནས་ས་སྦྱང་བ་ལ་གཉིས་ཏེ། ལས་དང་བྱ་བས་སྐྱོན་སྦྱང་བ་དང་ཏིང་ངེ་འཛིན་གྱིས་བགེགས་སྦྱང་བའོ། །དང་པོ་ནི། སའི་ཕྱོགས་དེར་དཀྱིལ་འཁོར་གྱི་ཚད་ཙམ་གྱི་རྒྱ་ལ་ཟབས་སུ་པུས་མོ་ནུབ་པའི་ཚད་ཙམ་མམ་སྙིང་ག་ནུབ་པའི་ཚད་ཙམ་དུ་བརྐོས་ལ། ས་དེའི་ཕུབ་མ་དང་གྱོ་མོ་དང་རྡོ་བ་དང་གསེག་མ་དང་རུས་པ་ལ་སོགས་པ་བསལ་ལ། རིན་པོ་ཆེ་ལྔ་ལ་སོགས་པའི་གཏེར་བཅུག་ལ་ས་བརྙན་གཞན་དང་བསྲེས་ཏེ་དྲི་ཞིམ་གྱི་ཆུས་སྦྲུས་ལ་ལེགས་པར་བཀང་སྟེ་རིན་པོ་ཆེ་ལ་སོགས་པ་བརྡར་ཞིང་འཐས་པར་བྱའོ། །གལ་ཏེ་སྐྱོན་དེ་དག་བསལ་གྱིས་མི་ལང་ཞིང་གཅོང་རོང་མང་པོར་གྱུར་ན་རང་ལྷའི་ང་རྒྱལ་དང་ལྡན་པས་ལག་པ་གཡས་པ་ས་ལ་བཞག་ལ། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླས། ཡང་ས་དེ་ནམ་མཁའི་རང་བཞིན་ལྟར་དག་པར་བསྒོམས་ཏེ། ཨོཾ་བྷུ་ཁྃ་སྭཱ་ཧཱ། ཞེས་བརྗོད་པར་བྱའོ། །དེ་ནས་ཏིང་ངེ་འཛིན་གྱིས་ས་སྦྱང་བ་ཞེས་ཀྱང་བྱ་སྟེ། དེར་རྃ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་བསམ། དེའི་ལྟེ་བ་ལ་ཧཱུྃ་ལས་འོད་འཕྲོས་པས་རྡོ་རྗེའི་རྭ་བ་དང༌། གུར་དང༌། བླ་རེ་དང༌། རྡོ་རྗེའི་ས་གཞི་བསམས་ལ། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་པར་བྱའོ། །དེར་ཁྲོ་བོ་བཅུའི་སྲུང་བའི་འཁོར་ལོ་བསྒོམ་པར་བྱའོ། །དེ་ནས་དེར་དཀྱིལ་འཁོར་གྱི་ཁང་པ་ཇི་ལྟར་འཚམ་པ་ཇི་ལྟར་འབྱོར་པ་བརྩིག་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ཁང་པ་བརྩིགས་ཏེ་མཛེས་པར་བྱས། དེའི་དབུས་སུ་དཀྱིལ་འཁོར་གྱི་ས་སྟེགས་བྱས་ལ་ཉེ་འཁོར་ཀུན་ཏུ་བའི་ལྕི་བ་དང༌། དྲི་ཞིམ་པོས་བྱུག་པར་བྱའོ། །བླ་རེ་དང་བ་དན་ལ་སོགས་པས་ཀྱང་བརྒྱན། བྲིས་སྐུ་ལ་སོགས་པའང་བཀྲམ་སྟེ་བཀྲ་ཤིས་ཤིང་མཛེས་པར་བྱའོ། །དེ་ནས་སྟང་སྟབས་ཀྱི་བཀོད་པ་ལ་སོགས་པས་གཟུང་བར་བྱ་བའི་ཕྱིར། སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་སྟན་ནང་ཚངས་ཅན་ལ་འདུག་ལ། ཕྱོགས་བཞིར་ཡང་སློབ་མ་བཞི་འདུག་ལ། དེ་ནས་མཆོད་པ་མཛེས་པར་བཤམས་ལ། ཕྱོགས་བཞིའི་ལས་ཀྱི་རྡོ་རྗེ་སློབ་མས་ལྷའི་རྣལ་འབྱོར་ལ་གནས་པའི་ཕྱིར། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །ཞེས་བྱ་བ་ལ་སོགས་པས་གསོལ་བ་བཏབ་ལ། དཔོན་སློབ་ལྔ་པོས་སྒྲུབ་ཐབས་ལས་འབྱུང་བ་བཞིན་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་རྣལ་འབྱོར་ཕྱོགས་གཅིག་ཏུ་བྱས་ཏེ། དབང་བསྐུར་བ་དང་མཆོད་པ་དང་བསྟོད་པའི་བར་དུ་བྱའོ། །ཕྱོགས་ཀྱི་བཞིས་རང་རང་གི་ང་རྒྱལ་ལས་མངོན་རྟོགས་རྫོགས་པར་མ་བྱས་ཀྱང་བཏུབ་སྟེ། གང་ལྟར་ཡང་དེ་ལྟར་རྣལ་འབྱོར་རྫོགས་པ་དང༌། ཏིང་ངེ་འཛིན་གྱིས་ས་བསླངས་ཤིང་དཀྱིལ་འཁོར་བྲི་བའི་ཕྱིར། ཡང་གཽ་རཱི་ལ་སོགས་པའི་ང་རྒྱལ་དང་ལྡན་པའི་ཕྱོགས་བཞིའི་སློབ་མས་ཚིགས་སུ་བཅད་པ་འདི་བཞིས་གསོལ་བ་གདབ་པར་བྱ་སྟེ། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་སེམས་དཔའ་ལས་བྱུང་བའི། །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །ཞི་བའི་ཆོས་མཆོག་ལས་བྱུང་བ། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་མཛད། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་མཁྱེན་པོ། །རང་བཞིན་དག་པས་དྲི་མ་མེད། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མཆོག །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །ཞེས་ཕྱོགས་བཞི་ནས་རིམ་པ་བཞིན་གསོལ་བ་གདབ། དེ་ནས་སློབ་དཔོན་གྱིས། ཧཱུྃ་བཛྲོ་ཏིཥྛ། ཞེས་བྱ་བ་ཕྱག་རྒྱ་དང་བཅས་པས་རང་གིས་བསྒོམས་པའི་དཀྱིལ་འཁོར་ནམ་མཁའ་ལ་བཏེག་ལ། རང་ཕྱག་གཉིས་པའི་ང་རྒྱལ་གྱིས་གཙོ་བོ་ལས་བྱེ་སྟེ་རྣམ་ལྔ་འདོད་པ་བསྐོར་ནས་རྡོ་རྗེ་དྲིལ་བུ་བླངས་ཏེ་དཀྱིལ་འཁོར་གྱི་དབུས་སུ་ལངས་ལ། རང་གི་མིག་གཡས་པ་མ་ལས་ཉི་མའི་དཀྱིལ་འཁོར། གཡོན་པ་ཊ་ལས་ཟླ་བའི་དཀྱིལ་འཁོར། མིག་འབྲས་ཧཱུྃ་གཉིས་ལས་བསྐལ་པའི་མེ་ལྟ་བུ། རྐང་པའི་མཐིལ་དུ་ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་གདེངས་པ་བསྒོམས་ལ། ཁྲོ་བོའི་ལྟ་བས་གཡོན་ནས་བསྐོར་བས་གེགས་རྣམས་ཚར་བཅད། གཡས་ནས་བསྐོར་བའི་ལྟ་བས་སླར་གསོས་པར་བསམ། སྙེམས་པ་དང་བཅས་པས་དབང་ལྡན་གྱི་ཕྱོགས་སུ་སོང་སྟེ་དཀྱིལ་འཁོར་གྱི་དབུས་སུ་ཁ་བལྟས་ལ་གར་གྱི་འགྱིང་བཙལ་བ་ལན་གསུམ་བྱས་ལ། གཡས་སྐོར་དུ་ཞི་བའི་འགྲོས་དང་ཁྲོ་བོའི་འགྲོས་གཉིས་ཀྱིས་དཀྱིལ་འཁོར་གྱིས་ཀུན་ཏུ་བཅག་སྟེ། དེའི་དུས་སུ་རྐང་པའི་རྗེས་ཐམས་ཅད་རྡོ་རྗེའི་སར་མོས་པ་བྱ་ཞིང་ངག་ཏུ་ཧཱུྃ་ཧཱུྃ་བརྗོད་པར་བྱའོ། །དེ་ནས་རྐང་སྟབས་ཀྱི་བཀོད་པ་རྣམས་བྱས་ཏེ། རྒྱས་པར་ནི་རྡོ་རྗེ་གུར་དང༌། དཀྱིལ་འཁོར་གྱི་ཆོ་ག་དག་ལས་ཤེས་པར་བྱའོ། །དེ་ཙམ་མི་ནུས་ཏེ། མདོར་བསྡུ་ན། ཤར་དུ་གཡས་བརྐྱང༌། ལྷོར་གཡོན་བརྐྱང༌། ནུབ་ཏུ་ས་ག བྱང་དུ་ཟླུམ་པོ་ཙམ་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སམ། དབང་ལྡན་གྱི་ཕྱོགས་སུ་གནས་ནས་བགེགས་ལ་བཀའ་བསྒོ་བ་བྱ་སྟེ། ཧཱུྃ་ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ང་ལ་ཉོན། །ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །སྲུང་བའི་འཁོར་ལོ་རབ་སྦྱོར་བས། །རྡོ་རྗེ་འབར་བའི་ལུས་འདི་ཡིས། །སྐུ་གསུམ་ལས་བྱུང་དགས་པར་བྱ། །གལ་ཏེ་བདག་ཚིག་ལས་འདས་ན། །ཞིག་གྱུར་འདི་ནི་ཐེ་ཚོམ་མེད། །ཅེས་བརྗོད་ནས། སླར་ཡང་འདི་སྐད་དུ། རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོའི་ཡེ་ཤེས་ལས་བྱུང་བའི་ལས་བརྩམ་གྱིས། གང་སུ་ཡང་རུང་བ་ལུས་སྲུལ་པོ་ལ་སོགས་པ་བགེགས་ཀྱི་ཚོགས་ཆེན་པོ་རྣམས། འདིར་མ་གནས་པར་གཞན་དུ་དེངས་ཤིག གལ་ཏེ་མི་འགྲོ་བར་གྱུར་ན་ཡེ་ཤེས་ཀྱི་རྡོ་རྗེ་འབར་ཞིང་ཀུན་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་དགས་པར་བྱའོ། །ཞེས་བྱ་བ་དང༌། ཁྲོ་བོའི་སྔགས་བཟླས་པར་བྱའོ། །དེ་དག་ལན་གསུམ་བརྗོད་དོ། །དེ་དག་གིས་ནི་སྟང་སྟབས་ཀྱི་བཀོད་པས་ས་ཡོངས་སུ་བཟུང་བ་ཡིན་ནོ། །དེ་ནས་སླར་བགེགས་མི་འཇུག་པར་བྱ་བའི་ཕྱིར། ས་བསྲུང་བ་ནི། རང་གི་སྙིང་གའི་ས་བོན་ལས་བདུད་རྩི་འཁྱིལ་པ་ཁྲོ་བོ་ཞལ་གཅིག་ཕྱག་གཉིས་པ། སྐུ་སྨད་ཕུར་པའི་གཟུགས་ཅན་བཅུ་ཕྱུང་ལ་ལག་ཏུ་གཏད་པར་བསམ། ཡང་སྙིང་གའི་ས་བོན་གྱི་དབང་པོ་ལ་སོགས་པ་ཕྱོགས་སྐྱོང་བཅུ་བཀུག་ལ། ཤར་ཕྱོགས་ནས་འོག་གི་མཐར་ཐུག་པར་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཕུར་བུ་ཕྱུང་ལ། གཡས་པ་རྡོ་རྗེ་ཐོ་བ་ཐོགས་པས་དེ་རྣམས་ཀྱི་སྙིང་གར་བཏབ་པར་བསམས་ལ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཧཱུྃ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཛྙཱ་པ་ཡ་ཏཱི། ཀཱ་ཡ་ཝཱཀྩིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་པ་དང༌། ཨོཾ་བཛྲ་མུཏྐ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ཅེས་བརྗོད་ལ་གདབ་བོ། །ཁྱད་པར་དུ་སྟེང་གི་ཕུར་པ་ཤར་གྱི་གཡས། འོག་གི་ཕུར་པ་ནུབ་ཀྱི་གཡོན་དུའོ། །དེ་ནས་ཕུར་བུ་དང་བགེགས་ཀྱི་རོ་ལས་འོད་བྱུང་བའི་ཚུལ་གྱིས། སྐད་ཅིག་གིས་རྡོ་རྗེའི་རྭ་བ་དང་གུར་ལ་སོགས་པ་བསམ་ཞིང༌། རཀྵ་ལ་སོགས་པའི་སྔགས་ཀྱང་བརྗོད་དོ། །དེ་དག་གིས་ནི་སའི་ཆོ་ག་ཡོངས་སུ་རྫོགས་པའི་དབང་དུ་བྱས་ནས་སའི་ཆོ་ག་བསྟན་ཏོ། །དེ་ནས་སྟ་གོན་ལ་གནས་པའི་ཆོ་ག་ནི། དེ་ལྟར་ས་ཆོག་ཡོངས་སུ་རྫོགས་པར་བྱས་ནས། དེ་ནས་ཕུར་བུ་ཐམས་ཅད་བཏབ་མ་ཐག་ཏུ་མཆོད་པ་ལ་སོགས་པ་རྒྱས་པར་བཤམས་ནས། བདག་གི་ལྷའི་རྣལ་འབྱོར་གསལ་བཏབ་ནས། དྲིའི་ཐིག་ལེ་ལས་སའི་ལྷ་མོ་ནམ་མཁའ་ལས་ཕབ་སྟེ། དེ་ལ་སྔ་མ་བཞིན་མཆོད་དེ་མཁྱེན་པར་གསོལ་ལ། ས་དེ་ཉིད་ལ་ཐིམ་པར་བྱས་པའི་ལྷ་མོ་ལྷག་པར་གནས་པ་དང༌། ལྷ་ལྷག་པར་གནས་པ་དང༌། བུམ་པ་ལྷག་པར་གནས་པ་དང༌། སློབ་མ་ལྷག་པར་གནས་པ་རྣམས་ཀྱང་རྗེས་ཐོགས་ཉིད་ལ་བྱ་བ་ཡིན་ནོ། །ཕལ་ཆེར་དུ་ནི་གཉུག་མར་གནས་པའི་ས་ཡིན་པས་སའི་ཆོ་ག་དེ་དག་མི་དགོས་པས། ས་སྟ་གོན་ལ་གནས་པའི་ཆོ་ག་ཉིད་ནས་བརྩམས་ཏེ་ཕྱག་ལེན་མཛད་དོ། །དེ་ལྟ་བུའི་ཆོ་གའི་ཕྱོགས་ལ་ནི་སྟ་གོན་ཞེས་བྱ་བ་འོག་ཏུ་དགོས་པ་གོང་དུ་འཚོག་ཆས་བྱེད་པ་ཡིན་པས། ཡང་དེ་ཉིད་ལས་གོང་དུ་འཚོག་ཆས་དགོས་པ་དེའི་ཆོ་ག་ནི། ཇི་ལྟར་འོས་པའི་དཀྱིལ་འཁོར་གྱི་སའི་ཆ་ཕྱག་དར་དང་སྐྱང་ནུལ་བྱ། བླ་རེ་ལ་སོགས་པའི་རྒྱན་གྱིས་མཛེས་པར་བྱ། བྲིས་སྐུ་དང་ལུགས་སྐུ་ལ་སོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྟེན་རྣམས་ཀྱང་ཇི་ལྟར་འཚམ་པའི་གནས་སུ་བཞུགས་སུ་གསོལ། དཀྱིལ་འཁོར་ལའང་ཐིག་བརྒྱད་སྐྱ་ཐིག་ཏུ་གདབ་ལ། པཉྩ་རེ་ཁའི་ནང་ཚུན་ཆད་སྟོང་པར་བཞག་སྟེ། དེའི་ཕྱི་རོལ་ནས་མཆོད་པའི་ཡོ་བྱད་ཐམས་ཅད་ཁོ་ར་ཁོར་ཡུག་ཏུ་བཤམ་མོ། །མཆོད་པ་རྒྱ་ཆེར་འབྱོར་པ་ལ་ནི་ཚད་མེད་དེ། འབྱོར་པ་ཆུང་བས་ཀྱང་ཞབས་བསིལ་དང༌། ཞལ་བསིལ་དང༌། འཐོར་འཐུང་དང༌། མཆོད་ཡོན་དང༌། མེ་ཏོག་དང༌། སྤོས་དང༌། མར་མེ་དང༌། དྲི་དང༌། ལྷ་བཤོས་རྣམས་བཅུ་གཅིག་བཅུ་གཅིག་ཏུ་བཤམས་ཏེ། དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་ཇི་ལྟར་མཛེས་པས་བསྐོར་རོ། །གཞན་ཡང་བའི་རྣམ་པ་ལྔ་དང༌། དྲི་ཞིམ་པོའི་ལྡེ་གུ་དང༌། ལས་ཐམས་ཅད་པའི་མེ་ཏོག་དང༌། སྤོས་དང༌། མར་མེ་དང༌། དྲི་དང༌། ལྷ་བཤོས་ཀྱང་བཤམ་མོ། །གཞན་ཡང་བུམ་པ་སྟ་གོན་གྱི་བུམ་པ་ཡང་སྐབས་འདིར་བཤམས་ཏེ། བུམ་པ་ཡང་ལེགས་པར་བཀྲུས་ཏེ། རྣམ་པར་རྒྱལ་བའི་བུམ་པ་ལ་པདྨའི་སྟེང་དུ་ཐོད་པ་ལ་སྣ་ཚོགས་རྡོ་རྗེས་མཚན་པ་དང་གྲི་གུག་བྲི། ལྷ་མོ་རྣམས་ཀྱི་བུམ་པ་ལ་རང་རང་གི་གཡས་པའི་ཕྱག་མཚན་བྲི། ལས་ཐམས་ཅད་པ་ལ་སྣ་ཚོགས་རྡོ་རྗེ་བྲི། དེ་ནས་ལྷའི་ཁ་དོག་དང་མཐུན་པའི་རས་སམ་དར་དཀར་པོ་ཁ་ཚར་མ་ཉམས་པས་མགུལ་ཆིངས་ཕྲོག་ལྔ་པའམ་བདུན་པ་བྱས་ལ། དེ་ནས་བདུད་རྩི་འཁྱིལ་པའི་སྔགས་བཟླས། གུ་གུལ་ནག་པོའི་དུད་པས་བདུག ཡུངས་ཀར་གྱིས་བརྡེག་སྟེ་བུམ་པའི་བགེགས་བསལ། དེ་ནས་བུམ་པའི་ནང་དུ་བཅུད་གཞུག་སྟེ། ནས་དང༌། གྲོ་དང༌། སྲན་མ་དང༌། འབྲས་སོ་བ་དང༌། ཏིལ་ཏེ་འབྲུ་ལྔའོ། །གསེར་དང༌། དངུལ་དང༌། བྱི་རུ་དང༌། མུ་ཏིག་དང༌། དུང་སྟེ་རིན་པོ་ཆེ་ལྔ་དང༌། པྲྀ་ཧ་ཏི་དང༌། ཀཎྜ་ཀ་རི་དང༌། ཨ་པ་རཱ་ཛི་ཏ་དཀར་པོ་དང༌། ཧ་ས་དང༌། ཧ་ས་དེ་ཝ་རྣམས་ཏེ་སྨན་ལྔ་དང༌། ལན་ཚྭ་དང༌། བུ་རམ་དང༌། འོ་མ་དང༌། མར་དང༌། སྦྲང་རྩི་སྟེ་སྙིང་པོ་ལྔ་དང༌། ཙནྡན་དཀར་པོ་དང༌། དམར་པོ་དང༌། གུར་གུམ་དང༌། ག་བུར་དང༌། ཛཱ་ཏི་སྟེ་དྲི་ལྔ་དང༌། ཤ་ལྔ་དང༌། བདུད་རྩི་ལྔ་སྟེ། དེ་ལྟར་སུམ་ཅུ་སོ་ལྔ་པོ་ཐམས་ཅད་དམ་ཅི་འབྱོར་པ་གཞུག དྲི་ཞིམ་པོའི་ཆུ་ལ་བདུད་རྩི་ལྔ་དང་སྦྱར་བས་ནང་དུ་ཅི་རིགས་པས་བཀང་ལ། ཤིང་ལོ་རློན་པའམ། དེ་མེད་ན་ཀུ་ཤ་རློན་པས་ཁར་བརྒྱན་ལ། དཀྱིལ་འཁོར་གྱི་ཕྱི་རོལ་ལོགས་ཤིག་ཏུ་གནས་མཛེས་པ་ཅིག་ཏུ་རས་སམ་སྣམ་བུ་ལ་སོགས་པའི་སྟན་ལ། ལྷའི་བཀོད་པ་ཇི་ལྟ་བ་བཞིན་བཀོད་ལ་བཞག ལས་ཐམས་ཅད་པའི་བུམ་པ་བྱང་ཤར་དུ་པུཀྐ་སཱིའི་བུམ་པའི་དྲུང་དུ་བཞག དེ་ནས་རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་ཐོད་པའམ་དུང་ཆོས་ལ་སོགས་པ། དྲི་ཞིམ་པོའི་ཆུ་དང་འོ་མ་དང༌། བདུད་རྩི་རིལ་བུ་སྦྱར་བས་བཀང་བའི་སྟེང་དུ། རྡོ་རྗེ་ལ་གཟུངས་ཐག་བཏགས་ལ་བཞག་གོ །གཞན་ཡང་སློབ་མ་སྟ་གོན་ལ་དགོས་པའི་ཉེ་བར་མཁོ་བའི་ཡོ་བྱད། སློབ་མའི་གྲངས་དུ་ཡོད་པ་ལ། མཆོད་པ་ལྔ་ལྔ་དགོས་ཏེ། མེ་ཏོག་འབུལ་བའི་དུས་སུ་མེ་ཏོག་སོ་སོར་ཕུལ་བས་ཆོག་གོ །དྲིའི་ལྡེ་གུ་ལས་ཐམས་ཅད་པ་དེ་ཉིད་ཀྱི་དབུལ་བ་ནི་སོ་སོར་བྱས་པས་ཆོག་གོ །མར་མེའི་སྣོད་དང་ལྷ་བཤོས་སོ་སོར་བཤམ། སོ་ཤིང་སོར་བཅུ་གཉིས་པའི་ཚད། ལྕང་མ་ལ་སོགས་པའི་འཇམ་ལ་དྲང་བ་རྩི་མ་ཉམས་པ་ལས་བྱས་པ་རྩེ་མོར་མེ་ཏོག་བཅིངས་པ་སློབ་མའི་གྲངས་དང་མཉམ་པ། ཀུ་ཤའི་ཆུན་པོ་ཆེ་ཆུང་གཉིས་གཉིས་ཀྱང་སློབ་མའི་གྲངས་དང་མཉམ་པ། སྲུང་སྐུད་དམར་པོའི་སྐུད་པ་ཐིག་གུ་སློབ་མའི་ཚད་ལས་མཐོ་རེ་ཙམ་གྱིས་ལྷག་པ་སློབ་མའི་གྲངས་དང་མཉམ་པ་གྲུ་བུར་བྱས་པ་དང༌། ཁ་བཤལ་ཆུ་དྲི་ཞིམ་པོའི་ཆུ་རྣམས་སྟ་གོན་བྱའོ། །གཞན་ཡང་དང་པོར་འཇིག་རྟེན་ལས་འདས་པ་ལ་དབུལ་བའི་གཏོར་མ་ཕུད་ལས་ཆུང་བར་བྱ། འབྱུང་པོ་བརྒྱད་གསུམ་ཉི་ཤུ་རྩ་བཞི་དང་ཆོས་སྐྱོང་ལ་དབུལ་བའི་གཏོར་མ་ཆེ་བར་བྱ། སའི་ལྷ་མོའི་གཏོར་མ་དང་སྔོན་དུ་འགྲོ་བའི་གཏོར་མ་སྟེ་བཞི་པོ་བཤམ། རྣལ་འབྱོར་པ་རྣམས་ཀྱི་གྲལ་ཇི་ལྟར་མཛེས་པའི་གནས་སུ་གདན་བྱ། སྦྱིན་སྲེག་བྱེད་ན་སྦྱིན་སྲེག་གི་ཡོ་བྱད་ཀྱང་བཤམ། དེ་ལ་སོགས་པ་གང་དགོས་པ་བཤམ། འདི་དག་ནི་སྟ་གོན་གྱི་སྦྱོར་བ་ཡིན་ལ། ས་ཆོག་མ་བྱས་ན་དོན་གྱི་ས་ཆོག་གི་དོད་ཀྱང་ཡིན་ནོ། །དེ་ནས་སྲོད་ཀྱི་དུས་སུ། རྣལ་འབྱོར་པ་རྣམས་གྲལ་ལེགས་པར་བྱས་ལ། དང་པོ་བར་དུ་གཅོད་པ་ཐམས་ཅད་ཞི་བར་བྱ་བའི་ཕྱིར་སྔོན་དུ་འགྲོ་བའི་གཏོར་མ་བཏང་སྟེ། དེའི་ཆོ་ག་ནི་འབྱུང་པོ་སྤྱིའི་གཏོར་མའམ། ཡང་ན་མཁའ་འགྲོ་སྤྱིའི་གཏོར་མས་བཏང་ངོ༌། །དེ་ནས་མཆོད་པའི་ཡོ་བྱད་ཐམས་ཅད་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་བྱིན་གྱིས་བརླབས་ཏེ། དྲིལ་བུ་ལ་སོགས་པ་རོལ་མོའི་ཡོ་བྱད་ཐམས་ཅད་འབུད་དཀྲོལ་བྱ་ཞིང་བཏང་ངོ༌། །ཨོཾ་བཛྲ་གྷཎྜེ་ར་ཎི་ཞེས་བྱ་བ་ལ་སོགས་པའི་སྔགས་ལན་གསུམ་བརྗོད་དེ་མཆོད་པ་བྱིན་གྱིས་བརླབ། དེ་ནས་ལས་ཀྱི་རྡོ་རྗེས་སྤྱིར་མཎྜལ་ཕུལ། སོ་སོར་མེ་ཏོག་ཕུལ་ཏེ་ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ་པ་དང༌། དམ་ཚིག་གི་ཉམས་ཆགས་བསྐང་བའི་ཕྱིར་ཡི་གེ་བརྒྱ་པ་ཅི་ནུས་བཟླས། བར་ཆད་ཞི་བར་བྱ་བའི་ཕྱིར་སྲུང་བའི་འཁོར་ལོ་བསྒོམ། བཟླས་པ་ཅུང་ཟད་བྱས་ལ། ཐམས་ཅད་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོའི་ལྷའི་རྣལ་འབྱོར་སྒྲུབ་ཐབས་འབྲིང་ཡན་ལག་དྲུག་རྫོགས་སུ་བསྒོམ་པ་དང་བཟླས་པ་ཅུང་ཟད་བྱས་ཏེ། མཆོད་པའི་ཡོ་བྱད་ཐམས་ཅད་བསང་ཞིང་བྱིན་གྱིས་བརླབས་ལ་བཞག་གོ །དེ་ནས་རང་གི་དཀྱིལ་འཁོར་གྱི་འཁོར་ལོ་དེ་ནམ་མཁའ་ལ་འདེགས་པའམ་རང་གི་ཐུགས་ཀར་བསྡུས་ཏེ། རང་ཕྱག་གཉིས་པའི་ང་རྒྱལ་གྱིས་ལངས་ལ་སྟ་གོན་དུ་གནས་པའི་ཆོ་ག་རྣམས་བྱའོ། །སའི་ལྷ་མོ་སྟ་གོན་དུ་གནས་པའི་ཕྱིར། དཀྱིལ་འཁོར་གྱི་དབུས་དེར་བདུད་རྩི་ལྔ་དང་དྲི་ཞིམ་པོ་བསྲེས་པའི་ལྡེ་གུས་དྲིའི་ཐིག་ལེ་བྱ། དེར་མེ་ཏོག་ཚོམ་བུ་བཀོད་ལ། སྔར་ས་ཆོག་བྱས་ན་སའི་ལྷ་མོ་ནམ་མཁའ་ལས་ཕབ་ལ་བཞག ས་ཆོག་མ་བྱས་ན་དེར་དམ་ཚིག་པ་བསྐྱེད་པ་ལ་སོགས་པ་ཡན་ལག་བཞི་རྫོགས་སུ་སྔར་བསྟན་པ་བཞིན་བྱས་ལ། དེར་བཟེད་ཞལ་དུ། ཨོཾ་པྲི་ཐྭཱི་དེ་ཝཱི་ནི་རི་ཧཱུྃ་ཁྃ། ཞེས་བྱ་བ་ལ་སོགས་པས་ཞབས་བསིལ་འབུལ་བ་ལ་སོགས་པ་དང་གཏོར་མ་སྦྱིན་པ་ལ་སོགས་པའི་བར་དུ་སའི་ཆོ་གའི་སྐབས་སུ་སྔར་བསྟན་པ་བཞིན་བྱས་ལ། མ་མ་རིན་ཆེན་སྣ་ཚོགས་འཛིན། །ཀྱེ་ཡི་རྡོ་རྗེ་ཁྲོས་མཆོད་པའི། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ས་འདིར་དཀྱིལ་འཁོར་བྲི་བར་བྱ། །ཞེས་བྱ་བའི་རྗེས་ལ། ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་ལྟར་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་བྱ་བ་ལན་གསུམ་གྱིས་མཁྱེན་པར་གསོལ་ལ། རིག་པ་འཛིན་པ་ཁྱོད་དཀྱིལ་འཁོར་བྲིས་ལ་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་གནང་བ་བྱིན་ནས་ས་དེ་ཉིད་ལ་ཐིམ་པར་བསམ་པར་བྱའོ། །དེ་ནས་གཏོར་མ་ས་གཙང་སར་བསྐྱལ། མེ་ཏོག་གི་ཚོམ་བུ་བསལ་ལ་ལྷ་སྟ་གོན་ལ་གནས་པར་བྱ་སྟེ། བའི་རྣམ་པ་ལྔ་དང་བདུད་རྩི་ལྔ་དང་དྲི་ལྔ་སྦྱར་བ་དབང་ལྡན་གྱི་མཚམས་སུ་བླུགས་ལ། དབང་ལྡན་གྱི་མཚམས་དེ་ཉིད་ནས་ལག་པ་གཡས་པས་གཡས་སྐོར་དུ་བྱུགས་ཏེ། ཨོཾ་མ་དི་ནཱི་བཛྲཱི་བྷ་ཝ་བནྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་པཉྩ་རེ་ཁའི་མཚམས་ཚུན་ཆད་བྱུགས་པས་འོག་ཐམས་ཅད་རྡོ་རྗེའི་ས་གཞིར་བསམ། ཡང་མཐའ་མར་ལེགས་པར་བསྐོར་ཞིང་བྱུག་ཅིང༌། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་པས་སྲུང་བའི་འཁོར་ལོ་རྡོ་རྗེའི་རྭ་བ་དང་གུར་དང་བླ་རེ་དང་དྲ་བ་ལ་སོགས་པ་དུར་ཁྲོད་བརྒྱད་ཀྱང་གསལ་བར་བསམ། བྱུག་པ་ཟིན་པ་དང་ལག་པ་མ་བཏེག་པར་མེ་ཏོག་གཅིག་བསྐྱུར་ཏེ། དེར་དཀྱིལ་འཁོར་གྱི་འཁོར་ལོ་གཞལ་ཡས་ཁང་གདན་དང་བཅས་པ་སྐད་ཅིག་གིས་བསམ་མོ། །ཡང་ན་སྲུང་བའི་འཁོར་ལོ་གཞལ་ཡས་ཁང་གི་བར་འབྲིང་གི་མངོན་རྟོགས་བཞིན་དུ་བསྒོམ་པར་བྱ་སྟེ། གཙོར་འདི་མཛད་དོ། །དེ་ནས་ལག་པ་བཀྲུས་ཏེ་དབུས་སུ་དྲིའི་ཐིག་ལེ་གྲུ་བཞི་པ་ན་གཅིག་བྱས་ཏེ། དེའི་སྟེང་དུ་མེ་ཏོག་ཚོམ་བུ་གཅིག་བཞག ཨོཾ་ཤྲཱི་ཧེ་བཛྲ་ན་མཿ ཞེས་བརྗོད་པ་ཙམ་གྱིས་དཔལ་ཀྱེའི་རྡོ་རྗེ་སྐད་ཅིག་གིས་བསྐྱེད། དེ་ཡང་དེ་ཉིད་དུ་མེ་ཏོག་གཅིག་བཞག་སྟེ། ནཾ་ནཻ་རཱཏྨྱ་ན་མཿ ཞེས་བརྗོད་པས་ཡུམ་བདག་མེད་མ་སྐད་ཅིག་གིས་བསྐྱེད། དེར་ཡབ་ཡུམ་གསལ་གདབ་ལ། དེ་བཞིན་དུ་ཤར་ལ་སོགས་པར་དྲིའི་ཐིག་ལེ་ཟླུམ་པོ་རེའི་སྟེང་དུ། གྃ་གཽ་རཱི་ན་མཿ ཞེས་པ་ལ་སོགས་པ་བརྗོད་ཅིང་མེ་ཏོག་ཚོམ་བུ་རེ་བཞག་ལ། ལྷ་མོ་བརྒྱད་པོའང་སྙིང་པོ་ཚིག་ཙམ་གྱིས་བསྐྱེད་དེ། སྔར་སྒྲུབ་ཐབས་ཀྱི་ཐུན་མཚམས་ཀྱི་བྱ་བའི་སྐབས་སུ་བསྟན་པ་བཞིན་བྱ་སྟེ། དམ་ཚིག་སེམས་དཔའ་བསྐྱེད་པ་ཡན་ལག་དང་པོའི་བསྙེན་པའོ། །དེའི་རྗེས་ལ་ཡན་ལག་གཉིས་ལ་ཉེ་བར་སྒྲུབ་པ་ནི། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའོ། །ཡན་ལག་གསུམ་པ་སྒྲུབ་པ་ནི་སྔར་དཀྱིལ་འཁོར་གྱི་འཁོར་ལོ་ནམ་མཁའ་ལ་བཏེགས་པ་དེ་དགུག་པའོ། །སྔར་ནམ་མཁའ་ལ་བཏེག་པ་མེད་ན་རང་གི་སྙིང་གའི་ཧཱུྃ་གི་འོད་ཀྱིས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ལ། དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱ་བའོ། །ཡན་ལག་བཞི་པ་ནི་དབང་བསྐུར་གྱི་ལྷ་སྤྱན་དྲངས་ཏེ། དབང་བསྐུར་བར་གསོལ་བ་གདབ་སྟེ། དབང་བསྐུར་ནས་རིགས་ཀྱི་བདག་པོས་དབུར་བརྒྱན་པར་བྱ་བ་ནི། སྒྲུབ་པ་ཆེན་པོ་སྟེ་དེ་ལྟར་ཡན་ལག་བཞི་རྫོགས་སུ་བྱས་ལ། དེ་ནས་མཆོད་པ་བྱ་སྟེ་མར་མེ་ལ་སོགས་པ་ཐམས་ཅད་སྦར་བ་ལ་སོགས་པ་བྱ་སྟེ། བྱིན་རླབས་སྔར་ཟིན་ཡང༌། དེའི་དུས་སུ་བསང་བ་དང་སྦྱང་བ་སྐད་ཅིག་ཙམ་གྱིས་བྱིན་གྱིས་བརླབས་ལ། སྔར་སྒྲུབ་ཐབས་ཀྱི་སྐབས་སུ་བཤད་པ་ལྟར་ཞབས་བསིལ་མཆོད་ཡོན་ནས་བརྩམས་ཏེ་རོལ་མོའི་བར་དུ་དབུལ་ལོ། །ཁྱད་པར་དུ་ན་བཟའི་མཆོད་པ་བྱ་སྟེ། འབྱོར་པ་ཡོད་ན་ལྷ་རེ་རེ་ལ་ན་བཟའ་ཟུང་དུ་སྦྱར་བ་རེ་དབུལ། མི་འབྱོར་ན་ཐམས་ཅད་ཀྱི་སྤྱིར་ན་བཟའ་ཟུང་དུ་སྦྱར་བ་གཅིག་བཞག་ལ། དེ་ལ་བདུད་རྩིས་བསངས་ནས་དྭངས་ཤིང་ཐོགས་པ་མེད་པར་བྱིན་གྱིས་བརླབས་ཏེ། སྲབ་འཇམ་ཡངས་བ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་ལ་གསོལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཝསྟྲ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བརྗོད་དེ་དབུལ་ལོ། །དེའི་རྗེས་ལ་ནང་བདུད་རྩིའི་མཆོད་པ་དང༌། ལྷ་མོ་བརྒྱད་ཀྱི་མཆོད་པ་དང༌། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཞེས་བྱ་བ་ལ་སོགས་པ་དང༌། ཐམས་ཅད་དངོས་པོའི་རང་བཞིན་མཆོག །ལ་སོགས་པའི་བསྟོད་པའི་མཆོད་པའི་བར་གྱིས་མཆོད་པར་བྱ་སྟེ། འདི་དག་ནི་སྔར་ཐུན་མཚམས་ཀྱི་སྐབས་སུ་བསྟན་པ་ལྟར་བྱའོ། །སྤྲོས་པ་ལ་དགའ་བ་རྣམས་ཀྱིས་ནི། མཆོད་པ་དང་བསྟོད་པ་རྣམས་ལ་དབྱངས་དང་སྦྱར་ཏེ་དབུལ་ལོ། །དེ་ནས་ལག་པ་གཡས་པས་རྡོ་རྗེ་དང་བཅས་པས་སྤོས་བཟུང་སྟེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། དྲིལ་བུ་གསིལ་ཞིང་སྙན་གསན་ཕབ་པ་བརྗོད་པར་བྱའོ། །ཧཱུྃ་ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རིག་པའི་རྒྱལ་པོར་ཕྱག་འཚལ་བསྟོད། །དཀྱིལ་འཁོར་ཐུགས་རྗེའི་བདག་ཉིད་ཅན། །མགོན་པོ་བདག་ནི་འདྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱོད་ལ་མཆོད་པ་བྱ་བའི་ཕྱིར། །བཅོམ་ལྡན་བདག་གི་གུས་པ་ལ། །དེ་བས་བཀའ་དྲིན་མཛད་པར་འོས། །འགྲོ་བ་འཁོར་ལོའི་དོན་མཛད་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འབྲས་གནས་བྱང་ཆུབ་སེམས་དཔའ་དང༌། །སྔགས་ཀྱི་ལྷ་གཞན་གང་ལགས་དང༌། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །གང་ཡང་འབྱུང་པོ་མཐུ་ཆེན་དང༌། །སེམས་ཅན་བསྟན་ལ་དགའ་བ་དང༌། །གང་དུ་རྡོ་རྗེ་འཛིན་པ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །ཧེ་ཞེས་བྱ་བའི་དཀྱིལ་འཁོར་ནི། །ཡོ་བྱད་ཅི་འབྱོར་དག་གིས་ནི། །འགྲོ་ལ་ཕན་ཕྱིར་བདག་འདྲི་བས། །བདག་དང་སློབ་མར་བཅས་པ་ལ། །ཐུགས་རྗེ་ཐུགས་དཔག་མཛད་ནས་སུ། །དཀྱིལ་འཁོར་པར་བཅས་ཐམས་ཅད་ཀྱིས། །ཐུགས་རྗེས་དགོངས་ནས་གནང་བར་མཛོད། །ཅེས་དེ་ལྟར་ལན་གསུམ་གསོལ་བ་གདབ་སྟེ་ལྷས་གནང་བ་མཛད་པར་བསམ། དེ་རྗེས་ལ་གཏོར་མ་གཏོང་བའམ་ཡང་ན་བུམ་པ་སྟ་གོན་གྱི་རྗེས་ལ་གཏོར་མ་བཏང་ངོ༌། །གཏོར་མ་དེའི་རྗེས་ལ་བཏང་ན་དེ་ཉིད་ཀྱི་དུས་སུ་དཀྱིལ་འཁོར་ནམ་མཁའ་ལ་གཤེགས་སུ་གསོལ། ཡང་ན་ནང་པར་ཐོ་རངས་གཤེགས་སུ་གསོལ་བར་བྱ་སྟེ། དེ་དག་ནི་ལྷ་སྟ་གོན་ལ་གནས་པའི་ཆོ་གའོ། །དེ་ནས་བུམ་པ་སྟ་གོན་ལ་གནས་པར་བྱ་བའི་ཕྱིར། ལྷའི་ང་རྒྱལ་གསལ་བས་བདུད་རྩི་འཁྱིལ་པའི་སྔགས་བརྗོད་ཅིང༌། ལས་ཀྱི་རྡོ་རྗེའམ་ཀུ་ཤའི་ཆུན་པོས་བདུད་རྩིའི་བསངས་ཆུས་བུམ་པ་རྣམས་ལ་གཏོར་ཞིང་བགེགས་བསལ། ཨོཾ་སྭ་བྷཱ་ཝའི་སྔགས་བརྗོད་སྟོང་པར་བསམས་ལ། སྟོང་པའི་ངང་ལས་པྃ་བཅུ་ལས་པདྨ་བཅུའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བཅུ། དེ་རྣམས་ཀྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ཡངས་ཤིང་མགྲིན་པ་ཕྲ་བ་བཅུ་བསྐྱེད། དེ་ནས་རྣམ་པར་རྒྱལ་བའི་བུམ་པའི་ནང་དུ་མངོན་པར་བྱང་ཆུབ་པ་ལྔ་ལས་གཙོ་བོ་ཡབ་ཡུམ་དུ་བསྐྱེད། དེའི་མཁའ་གསང་སྒྲུབ་ཐབས་བཞིན་བྱིན་གྱིས་བརླབས་ལ། སྙོམས་པར་ཞུགས་པའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ། ཞལ་ནས་ཞུགས་ཏེ་ཐུགས་ཀར་འོད་དུ་ཞུ་སྟེ་ཡུམ་གྱི་བྷ་གར་ས་བོན་དུ་གྱུར། དེ་ལས་ལྷ་མོ་བརྒྱད་བདུད་རྩི་འཁྱིལ་པ་གཡས་རྡོ་རྗེ་རྒྱ་གྲམ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་སྐུ་མདོག་ལྗང་གུ་དང་དགུ་བསྐྱེད་ལ། བུམ་པ་དགུར་སྤྲོས་ཏེ་དམ་ཚིག་པ་བསྐྱེད་པ་དང༌། སྐྱེ་མཆེད་དྲུག་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང༌། དེ་ལ་ཡེ་ཤེས་པ་གཞུག་པ་དང༌། དབང་བསྐུར་བའི་བར་དུ་ཡན་ལག་བཞི་རྫོགས་པར་བྱས་ལ། ཕྱི་ནང་གི་མཆོད་པས་མཆོད་དེ། གཟུངས་ཐག་ནས་བཟུང་སྟེ་བཟླས་པ་བྱ། དེའི་དམིགས་པ་ནི། བདག་གི་ཞལ་ནས་སྔགས་ཀྱི་འོད་ཟེར་དམར་པོ་བྱུང་ནས་གཟུངས་ཐག་ལ་ཞོན་སྟེ་སོང་བས། བུམ་པའི་ནང་གི་ལྷ་རྣམས་ལ་ཕོག་པས་དེ་རྣམས་དམར་ལམ་ལམ་སོང་ནས་བདག་གི་དབང་དུ་འདུ་ཞིང༌། དེ་དག་གི་བ་སྤུའི་བུ་ག་ནས་བདུད་རྩིའི་ཆུ་རྒྱུན་འཛག་པར་བསམ་ཞིང་སྔགས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ལ་རྣམ་པར་རྒྱལ་བའི་བུམ་པ་ལ་ནི། ཨོཾ་དེ་ཝ་བི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་དང༌། ཨོཾ་ཨཱཿཨྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་བརྒྱ་རྩ་བརྒྱད་བཟླས་སོ། །ལྷ་མོ་བརྒྱད་ཀྱི་བུམ་པ་ལ། ཨོཾ་ཨཱཿགྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་རང་རང་གི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ་ལས་ཐམས་ཅད་པའི་བུམ་པ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་ལ། མཐར་ཅི་འབྱོར་པས་མཆོད་ལ་བསྟོད་པ་བྱས་ལ། རྣམ་རྒྱལ་བུམ་པའི་ནང་གི་ཆུ་དེ་ཐིགས་རེ་བླུགས་པས་ཞུ་བར་བསམ་མོ། །བུམ་པ་ལྷག་པར་གནས་པའི་ཆོ་གའོ། །སྔར་གཏོར་མ་མ་གཏང་ན་སྐབས་འདིར་གཏོར་མ་གཉིས་པོ་གཏང༌། རྣལ་འབྱོར་པ་རྣམས་མཉེས་པར་བྱ་བའི་ཕྱིར་ཚོགས་ཀྱི་བཟའ་བ་དང་བཏུང་བ་བླངས་ལ་བྱིན་གྱིས་བརླབས་ལ། ཕུད་དབུལ་བ་ནས་ལྷག་མ་གཏོང་བའི་བར་དུ་ཚོགས་ཀྱི་འཁོར་ལོའི་ཆོ་ག་བཞིན་བྱ། སློབ་མ་སྟ་གོན་དཀྱིལ་འཁོར་གྱི་ཁང་པ་དེ་ཉིད་དུ་བྱེད་ན་བྲིས་སྐུ་ལ་སོགས་པ་ཞལ་དགབ། ལྷ་སྟ་གོན་གྱི་མེ་ཏོག་ཚོམ་བུ་ལ་སོགས་པ་ལ་མེ་ཏོག་གཏོར་ཏེ་མི་མཐོང་བར་བྱ། ཡང་ན་དར་ལ་སོགས་པས་དགབ། བུམ་པ་རྣམས་ཀྱང་ཞལ་བཀབ་ལ་མི་མཐོང་བར་བྱའོ། །འཇིག་རྟེན་པའི་གཏོར་མ་གཏང༌། འདས་པའི་གཏོར་མ་བར་ཆད་ཞི་བར་བྱ་བའི་ཕྱིར་གཞག་གོ །དེ་ནས་སློབ་མ་སྟ་གོན་ལ་གནས་པ་ལ་དོན་བཅུ་བཞི་སྟེ། ལུས་ཀྱི་བྱ་བ་དང༌། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་བསྐྱེད་དུ་གཞུག་པ་དང༌། ནང་གི་དབང་བསྐུར་བ་དང༌། ཁྱད་པར་ཅན་གྱི་དོན་ཞུ་བ་དང༌། གསང་སྔགས་ལ་སྤྲོ་བ་བསྐྱེད་པ་དང༌། རྒྱུན་བཤགས་སྔོན་དུ་སོང་བས་སེམས་བསྐྱེད་པ་དང༌། བསྲུང་བ་བྱ་བ་དང༌། མཆོད་པ་རྒྱས་པས་མཆོད་པ་དང༌། སོ་ཤིང་དོར་བ་དང༌། སྐྱོར་ཆུ་བླུད་པ་དང༌། ཀུ་ཤ་སྦྱིན་པ་དང༌། སྲུང་སྐུད་གདགས་པ་དང༌། ཆོས་ཟབ་མོ་བཤད་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་དང༌། རྨི་ལམ་བརྟག་ཅིང་ངན་ན་བསྲུང་བར་བྱ་བའོ། །དེ་ལ་དང་པོ་ནི། སློབ་མ་ཁྲུས་ལེགས་པར་བྱས་ལ་གྲལ་རིམ་པ་བཞིན་འཁོད་དོ། །གླིང་བཞི་རི་རབ་དང་བཅས་པ་ཉི་མ་དང་ཟླ་བ་དང་བཅས་པ་རིན་པོ་ཆེ་སྣ་བདུན་གྱིས་བཀང་བ་བླ་མ་ལ་སེམས་བསྐྱེད་པའི་ཡོན་དུ་དབུལ་བར་བསམ་ཞིང༌། མཎྜལ་འབུལ། མེ་ཏོག་ཕུལ་ཏེ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱར་ལ་མ་ཡེངས་པར་འདུག་ཏུ་གཞུག་གོ །གཉིས་པ་མྱ་ངན་ལས་འདས་པའི་སེམས་བསྐྱེད་པ་ནི། གང་ཞིག་ཚེ་འདིའམ་ཚེ་གཞན་ལ། །སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདོད་པས་དེ་ལས་གཞན། །བདག་གཞན་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོ་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། །འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདིར་འབྲས་འགྲུབ། །ཅེས་ལན་ཅིག་བརྗོད་ལ་དེའི་དོན་རྒྱས་པར་བཤད། མདོར་བསྡུ་ན། ཚེ་འདི་ཞེས་བྱ་བ་ནི་ཚེ་འདིར་ཚེ་རིང་བ་དང༌། ནད་མེད་པ་ལ་སོགས་པ་དང༌། སྐྱེ་བ་ཕྱི་མར་ལྷ་དང་མི་ལ་སོགས་པའི་བདེ་བ་ཐོབ་པར་འདོད་པ་ཡིན་ཏེ་དེ་ལ་སྙིང་པོ་མེད་པ་ཡིན། འཁོར་བ་ནི་ཉེས་དམིགས་དུ་མ་དང་ལྡན་པ་ཡིན་པར་བཤད་པར་བྱ། གལ་ཏེ་དོན་དུ་གཉེར་ན་དཀྱིལ་འཁོར་ཆེན་པོར་འཇུག་མི་དགོས། དེ་བས་ཁྱེད་དཀྱིལ་འཁོར་ཆེན་པོར་འཇུག་པ་དོན་དུ་གཉེར་བས་ན། སྔགས་ཀྱི་དངོས་གྲུབ་ཅེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅེས་བྱ་བ་དེ་འདོད་པར་བྱ་དགོས་ཏེ། དེ་དོན་དུ་གཉེར་བ་སྐྱེ་བ་འདི་དང་སྐྱེ་བ་གཞན་གྱི་ཕུན་སུམ་ཚོགས་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བའང་འབད་པ་མེད་པར་འཐོབ་སྟེ། དཔེར་ན་འབྲས་མཁར་མ་ལོ་ལེགས་ན་སོག་ཕུབ་ལ་སོགས་པ་ཞར་ལ་འབྱུང་བ་དང་འདྲའོ། །ཞེས་བྱ་བ་རྒྱས་པར་བཤད་པར་བྱའོ། །གསུམ་པ་ནང་གི་དབང་བསྐུར་བ་ནི། རང་དཔལ་ཀྱེའི་རྡོ་རྗེ་ཡབ་ཡུམ་དུ་གསལ་གདབ་ལ། སློབ་མ་རྣམས་རིམ་པ་བཞིན་དུ་རང་གི་ཞལ་ནས་བཅུག་སྟེ། སྙིང་གའི་ཧཱུྃ་གི་གཟི་བརྗིད་ཀྱིས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བསྲེགས་ནས་སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་བྷ་གར་ཧེ་རུ་ཀ་ཕྱག་གཉིས་པའི་རྣམ་པས་བཞག་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ལ། ཡབ་ཀྱི་ཞལ་ལམ་སྣ་གཡོན་ནས་ཞུགས་སྙིང་གར་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་བྷ་གར་ཕབ་སྟེ། སློབ་མ་ཐམས་ཅད་ཀྱི་སྤྱི་བོ་ནས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར་བས། ལུས་ཐམས་ཅད་གང་བས་ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པར་བསམས་ལ། ཡུམ་གྱི་དཀུ་གཡོན་པ་ནས་རིམ་གྱིས་ཕྱུང་ལ་རང་རང་གི་གྲལ་ལ་རིམ་གྱིས་གཞག་གོ །བཞི་པ་ཁྱད་པར་ཅན་གྱི་དོན་ཞུ་བ་ནི། བདག་མེད་མ་ཡིས་མགྲིན་འཁྱུད་པའི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་པ་སློབ་དཔོན་གྱི་རྗེས་སུ་བཟླས་པ་ལན་གསུམ་གྱིས་གསོལ་བ་གདབ་པར་བྱའོ། །ལྔ་པ་གསང་སྔགས་ཀྱི་ཐེག་པ་ལ་སྤྲོ་བ་བསྐྱེད་པ་ནི། བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པའི་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །སྟོབས་ཆེན་དག་ཀྱང་དེས་བཅོམ་སྟེ། །འཇིག་རྟེན་མཐུན་པར་གཤེགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་ལན་ཅིག་བརྗོད་ལ་དེའི་དོན་རྒྱས་པར་བཤད་དེ། མདོར་ན་ཁྱོད་ནི་ཚུལ་ཆེན་སྣོད་ཡིན། །ཞེས་པ་ནི། ཁྱོད་སྙིང་རྗེ་དང་ཤེས་རབ་དང་ལྡན་པས། ཐེག་པ་ཆེན་པོའི་ཆོས་ཀྱི་སྣོད་ཡིན་ལ། ཐེག་པ་ཆེན་པོ་ལའང་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དང༌། གསང་སྔགས་ཀྱི་ཐེག་པ་ཆེན་པོ་གཉིས་ལས། ཁྱོད་ལ་གསང་སྔགས་ཀྱི་ཐེག་པ་ཆེན་པོ་སྟོན་པར་བྱེད་དེ། གསང་སྔགས་ཀྱི་ཐེག་པ་ཆེན་པོ་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་གཤེགས་པའི་ལམ་ཡིན་པས། ཁྱོད་ཀྱང་བློ་འདི་ལས་མི་འགྱུར་བར་གྱིས་ཤིག་ཅེས་བཤད་པ་རྒྱས་པར་བྱའོ། །དྲུག་པ་རྒྱུན་བཤགས་སྔོན་དུ་སོང་ནས། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ནི། ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་ལ་འགྱོད་པའི་སེམས་བསྐྱེད་དུ་གཞུག སླར་མི་བྱེད་པར་བསྡམ་དུ་གཞུག སོ་སོ་སྐྱེ་བོའི་དང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྟེ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ལ་ཕྲག་དོག་མི་བྱེད་པར་ཡི་རང་དུ་གཞུག་སྟེ། དེ་ལྟ་བུའི་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་རུ་གཞུག དུས་ད་ནས་བཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་གྲོགས་སུ་འགྲོར་གཞུག སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ལ་བསླབ་པར་བྱའོ། །ཞེས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དུ་བཅུག་ལ། འདི་སྐད་ཅེས་བརྗོད་དུ་གཞུག་པར་བྱ་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བྱའོ། །དེའི་རྗེས་ལ་རིགས་ལྔའི་སྡོམ་པ་གཟུང་བ་བྱས་ཀྱང་འགལ་བ་ཆེན་པོ་མེད་ནའང༌། འོན་ཀྱང་འོག་ཏུ་སློབ་མ་འཇུག་པའི་སྐབས་སུ་བྱའོ། །བདུན་པ་དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་བར་ཆད་མི་འབྱུང་བར་བྱ་བའི་ཕྱིར་རྩ་བའི་སྔགས་ཀྱིས་བསྲུང་ཞིང་ལྷར་བསྐྱེད་ཅིང་བྱིན་གྱིས་བརླབ་པ་ནི། སློབ་མ་རྣམས་ལ་དམིགས་ལ་རྩ་བའི་སྔགས་བཟླས་པ་དང༌། སྙིང་གའི་ས་བོན་གྱི་འོད་ཀྱིས་སྡིག་པ་རྣམས་བསྲེགས་པས་ཕྱི་ནང་གི་བར་ཆད་བསྲུངས་ལ། སློབ་མ་རྣམས་སྐད་ཅིག་གིས་ཕྱག་གཉིས་པར་བསམས་ལ། སློབ་དཔོན་གྱི་ཁུ་ཚུར་གཡས་པར་རྡོ་རྗེ་བཟུང༌། གཡོན་པར་དྲི་ཞིམ་པོ་དང་བཅས་པའི་ཆུ་བཟུང་ནས་ལངས་ཏེ། སློབ་མའི་སྤྱི་བོར་དྲི་ཞིམ་པོའི་ཆུས་ཐིག་ལེ་བྱ། ཨོཾ་བརྗོད་པས་འཁོར་ལོའི་ལྟེ་བར་ཨོཾ་གྱིས་མཚན་པའམ་སྐུ་རྡོ་རྗེ་མར་བསམ། དེ་བཞིན་དུ་མགྲིན་པར་རེག་ཅིང་ཨཱཿབརྗོད་པས་པདྨ་ཨཱཿས་མཚན་པའམ་གསུང་རྡོ་རྗེ་མར་བསམ། ཐུགས་ཀར་རེག་ཅིང་ཧཱུྃ་བརྗོད་པས་རྡོ་རྗེ་ཧཱུྃ་གིས་མཚན་པའམ་ཐུགས་རྡོ་རྗེ་མར་བསམ། དེ་ནས་སྙིང་ག་ནས་མས་རིམ་གྱིས་ཧཱུྃ་ཨཱཿཨོཾ་བརྗོད་ཅིང་རྡོ་རྗེ་དང་བཅས་པའི་ལག་པས་རེག་ཅིང་གསལ་གདབ་བོ། །ཡང་ཡས་མར་རེག་ཅིང་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་གསལ་གདབ་བོ། །བརྒྱད་པ་དེ་ལྟར་སེམས་བསྐྱེད་ཅིང་བྱིན་གྱིས་བརླབས་པ་ལ་མཆོད་པ་ནི། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཞེས་བྱ་བ་ལ་སོགས་པའི་སྔགས་དང་སྤྱི་བོར་མེ་ཏོག མདུན་དུ་སྤོས། ཐུགས་ཀར་བྱུག་པ། སྤྱན་སྔར་མར་མེ། ཞལ་ཟས་ཞལ་དུ་སྦྱིན་ནོ། །དགུ་པ་དངོས་གྲུབ་ཀྱི་ལྟས་བརྟག་པའི་ཕྱིར། སོ་ཤིང་སྦྱིན་པ་ནི། དཀྱིལ་འཁོར་གྱི་ཤར་སྒོའམ་ལྷོ་རུ་མཎྜལ་ཁྲུ་གང་བ་བྱུང་རྣམ་པ་ལྔས་བ་ལང་གི་ཀོ་བ་ཙམ་དུ་བྱུགས་ལ། དེའི་སྟེང་དུ་མེ་ཏོག་ཚོམ་བུ་དགུ་དགོད། དེའི་དྲུང་དུ་སློབ་མ་ཁ་ཤར་རམ་བྱང་དུ་བལྟས་ཏེ་གཞག དེ་ནས་སློབ་དཔོན་གྱིས་སྔར་བཤམས་པའི་སོ་ཤིང་ལ་རྩ་བའི་སྔགས་ཀྱིས་མངོན་པར་བཟླས། ཨོཾ་ཨཱཿཛི་ཧྭ་བཛྲ་སཾ་ཝརྡྷ་ནི་ཧཱུྃ་སྭཱ་ཧཱ། ཞེས་བརྗོད་དེ་སློབ་མའི་ཐལ་མོ་སྦྱར་བའི་བར་དུ་འཛིན་དུ་བཅུག་ལ། འདི་རིན་པོ་ཆེ་གསེར་རམ་དངུལ་ལས་བྱས་པར་མོས་ཤིག དེ་སོས་ནེམ་ནེམ་བཅའ་བ་དང་སོ་བྲུད་པ་བཞིན་གྱིས་ལ། སྨན་པ་མཁས་པས་སྐྱུག་སྨན་བཏང་བ་ལྟར། བདག་ཉིད་ཀྱི་སྡིག་སྒྲིབ་ཐམས་ཅད་ཕྱིར་ཕྱུང་བར་བསྒོམས་ལ་དབུས་སུ་ཐལ་མོ་ཁ་ཕྱེ་ལ་དོར་ཅིག་བརྗོད་དོ། །དེ་ལྟར་སོ་བྲུད་པ་ལ་སོགས་པ་བྱས་ནས་དོར་བས། བདག་ཉིད་ལ་རྩེ་མོ་བསྟན་ན་མཆོག་འགྲུབ་བོ། །ཐུར་དུ་བལྟས་ན་ས་འོག་འགྲུབ་བོ། །སྟེང་དུ་བལྟས་ན་མཁའ་སྤྱོད་ལ་སོགས་པ་འབྲིང་མཆོག་འགྲུབ་བོ། །གཞན་དག་གིས་ནི་དངོས་གྲུབ་ཕྲན་ཚེགས་གང་ཡང་རུང་བ་འགྲུབ་སྟེ། ཤར་དུ་ཞི་བ། ལྷོར་མངོན་སྤྱོད། ནུབ་ཏུ་དབང༌། བྱང་དུ་རྒྱས་པ། མཚམས་རྣམས་སུ་དངོས་གྲུབ་ཕྲན་ཚེགས་གང་ཡང་རུང་བ་འགྲུབ་ཅེས་བསྟན་ཏོ། །དེ་ནས་ཀུ་ཤ་སྲུང་སྐུད་སྐྱོར་ཆུ་སྔོན་ལ་གང་བྱང་ཀྱང་འདྲ་སྟེ། བརྗོད་པའི་གོ་རིམ་གྱི་དབང་དུ་བྱས་ན། བཅུ་པ་ཁ་དག་པར་བྱ་བ་ནི། རྨི་ལམ་གསལ་པོ་འབྱུང་བར་བྱ་བའི་ཕྱིར་སྐྱོར་ཆུ་བླུད་པ་ནི། དྲི་ཞིམ་པོའི་ཆུ་ལ། ཨོཾ་ཧྲཱིཿབི་ཤུདྡྷཿསརྦ་དྷརྨཱཿསརྦ་པཱ་པཾ་ནི་ཙ་སྱ་བི་ཤོ་དྷ་ཡ་སརྦ་བི་ཀལྤ་ཨ་པ་ན་ཡ་ཧཱུྃ། ཞེས་བྱ་བས་མངོན་པར་བསྔགས་ཏེ་གཡས་པའི་སྐྱོར་མོར་ཆུ་བླུགས་ལ་འཐུང་དུ་གཞུག དེ་ནས་བཅུ་གཅིག་པ་རྨི་ལམ་མི་འཁྲུག་པར་བྱ་བའི་ཕྱིར་ཀུ་ཤ་སྦྱིན་པ་ནི། ཡི་གེ་དྷཱིཿབཟླས་པའི་ཀུ་ཤ་ཆུང་བ་སྔས་སུ་སྦྱིན་ཞིང༌། ཡི་གེ་ཧ་བཟླས་པའི་ཀུ་ཤ་ཆེ་བ་སྟན་དུ་བཏིང་ངོ༌། །དེ་ནས་བཅུ་གཉིས་པ་རྨི་ལམ་ལ་བར་ཆད་མི་འབྱུང་བར་བྱ་བའི་ཕྱིར་སྲུང་སྐུད་བཅིང་པ་ནི། སྐུད་པ་རྐྱང་པ་ལུས་ཀྱི་ཚད་དང་མཉམ་པ་སུམ་སྒྲིལ་བྱས་ཏེ། དེ་ལ་ཧཱུྃ་བཟླས་ཤིང་རྡོ་རྗེ་མདུད་པ་ཞེས་བྱ་བ་མདུད་པ་སུམ་བརྩེགས་བྱས་ཏེ། དེ་ཐལ་མོའི་བར་དུ་བཅུག་ལ་མི་དམིགས་ཏེ་སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སྐུད་པར་བསྐྱེད་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་ཏ་ཐཱ་ག་ཏ་ཐམས་ཅད་ཀྱི་ཐུགས་ཀ་ནས། ཡེ་ཤེས་ཀྱི་སྐུད་པ་བཀུག་སྟེ་གཉིས་སུ་མེད་པར་བསྟིམ་ལ་རྩ་སྔགས་བཟླས་ཤིང་སྐྱེས་པའི་དཔུང་པ་གཡོན། བུད་མེད་ཀྱི་གཡས་པ་དེ་ལ་ལག་པ་གཉིས་འཇུས་ཏེ། ཨོཾ་བཛྲ་ས་ཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། ཤ་ཤྭ་ཏོ་མེ་བྷ་ཝ། ཧྲྀ་ད་ཡ་མེ། ཨ་དྷི་ཏིཥྛ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱཾ་སརྦ་ཏ་ཐཱ་ག་ཏ་བཛྲ་མ་མཱེ་མུ་ཉྩ། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨ། ཞེས་བརྗོད་པས་བརྟན་པར་བྱའོ། །ཕྱག་ལེན་ལ་ནི་གཙོར་སོ་ཤིང་རྗེས་ལ་སྲུང་སྐུད། དེ་ནས་སྐྱོར་ཆུ། དེ་ནས་ཀུ་ཤ་སྦྱིན་པ་མཛད་དོ། །དེ་ནས་བཅུ་གསུམ་པ་ཆོས་ཟབ་མོ་བཤད་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་ནི། སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་དེ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག ཨུ་དུམྦཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མར་ནི། །སྔོན་དུ་སྡིག་པ་བྱས་པ་གང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་དཀའ་བླ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དམ་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་བརྗོད་ལ་དེ་དག་གི་དོན་རྒྱས་པར་བཤད་པར་བྱའོ། །དེའི་དོན་འདི་ཡིན་ཏེ། འཇིག་རྟེན་ན་གང་དཀོན་ན་ཨུ་དུམྦཱ་རའི་མེ་ཏོག་དཀོན་ཏེ། དེ་ལ་སངས་རྒྱས་གཅིག་འཇིག་རྟེན་དུ་བྱོན་ན། ཨུ་དུམྦཱ་རའི་མེ་ཏོག་གཅིག་འབྱུང་སྟེ། དེའང་རྒྱལ་རིགས་ལ་དཀར་པོ། བྲམ་ཟེའི་རིགས་འཚང་རྒྱ་ན། སེར་པོ་འབྱུང༌། དེ་ཡུམ་གྱི་ལྷུམས་སུ་འཇུག་པའི་དུས་ན་ཁ་འབུ། བལྟམས་པའི་དུས་ན་ཁ་འབྱེ། གཞོན་ནུ་རོལ་རྩེད་མཛད་པ་ན་རྒྱས། དཀའ་ཐུབ་མཛད་པ་ན་རྙིང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་ན་ཤིན་ཏུ་རྒྱས། མྱ་ངན་ལས་འདས་པ་ན་དེ་བསྐམས་ནས་འགྲོའོ། །སངས་རྒྱས་པས་ཀྱང་གསང་སྔགས་དཀོན་ཏེ། གསང་བ་འདུས་པ་ལས། ཐུབ་པ་ཆེན་པོ་མར་མེ་མཛད་ནས་ཐུབ་པ་ཆེན་པོ་འོད་སྲུངས་ཀྱི་བར་གྱིས་ཀྱང་གསང་སྔགས་མ་གསུངས། མ་བྱོན་པའི་སངས་རྒྱས་བྱམས་པ་ནས་སངས་རྒྱས་མོས་པའི་བར་གྱིས་ཀྱང་གསང་སྔགས་མི་གསུང་བས། ཤཱཀྱ་ཐུབ་པ་འདི་ཁོ་ནས་སྨོན་ལམ་གྱིས་གསུངས་པ་ཡིན་པས་ན་ཤིན་ཏུ་དཀོན་ནོ། །དཀོན་པས་ཅི་སྟེ། དཀོན་པ་དག་རི་བོང་གི་རྭ་ཡང་དཀོན། ནམ་མཁའི་མེ་ཏོག་ཀྱང་དཀོན་ཟེར་ན། བསྐལ་པ་དཔག་ཏུ་མེད་པར་སྡིག་པ་བྱས་པ་ཐམས་ཅད་ཟད་པར་བྱེད་དེ། དཔེར་ན་བྲག་ཕུག་སྟོང་པ་ཁ་བྱང་དུ་བལྟས་པ་ལ་སྣང་བ་གཏན་འོང་མ་མྱོང་བའི་ལོ་བརྒྱ་ཕྲག་མང་པོར་ལོན་པ་དེར་མར་མེ་གཅིག་བཏེག་ན། མུན་པ་དེ་ན་རེ། ང་བུང་ཆེ་བ་གྲངས་མང་བ་ལོ་མང་པོ་བསྡད་པ་ཡིན་གྱིས། ཁྱོད་ཀྱིས་བསལ་བར་མི་ནུས་མི་ཟེར་བར་མར་མེ་ཆུང་ངུ་སྐྱེས་མ་ཐག་མུན་པ་ཐམས་ཅད་འཇོམས་པར་བྱེད་པ་ཆོས་ཉིད་ཡིན་ནོ། །དཔེ་དེ་བཞིན་དུ་བསྐལ་པ་དཔག་ཏུ་མེད་པར་སྡིག་པ་བྱས་པ་ཐམས་ཅད་སང་ནུབ་དཀྱིལ་འཁོར་མཐོང་མ་ཐག་ཟད་པར་བྱེད་པ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་ཆེན་པོ་མཐོང་བ་ལ་ཕན་ཡོན་དེ་ཙམ་ཡོད་ན། གསང་སྔགས་ཀྱི་ལམ་ལ་ཞུགས་པ་ལ་སྨོས་ཅི་དགོས། དེ་ལྟ་བུའི་རྙེད་དཀའ་ལ་ཕན་ཡོན་ཆེ་བའི་གསང་སྔགས་ཁྱེད་ཀྱིས་ཐོབ་ཀྱིས་ཁྱེད་དགའ་བར་གྱིས་ཤིག ཅེས་བྱ་བ་ལ་སོགས་པའི་ཆོས་ཟབ་མོ་བཤད་དོ། །དོན་བཅུ་བཞི་པ་རྨི་ལམ་བརྟག་ཅིང་ངན་ན་བསྲུང་བ་ནི། སློབ་མ་རྣམས་ལ། ཁྱེད་དཀྱིལ་འཁོར་གྱི་དྲུང་ལ་སོགས་པ་ཇི་ལྟར་བདེ་བའི་གནས་སུ་སྔར་བསྟན་པའི་ཀུ་ཤ་སྔས་དང་སྟན་དུ་ཐིང་ལ། ཕན་ཚུན་གཅིག་ལ་གཅིག་མ་རེག་པར་གྱིས་ལ། སེང་གེའི་ཉལ་སྟབས་ཞེས་བྱ་བ་གློ་གཡས་པ་ས་ལ་ཕོབ་ལ་ཉོལ་ཅིག བསམ་པའང་སང་ནུབ་དཀྱིལ་འཁོར་ཆེན་པོ་ཇི་ལྟ་བུ་ཅིག་མཐོང་སྙམ་པ་ཡིད་ལ་གྱིས་ལ། གཞན་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཡིད་ལ་མ་སྐྱེད་ཅིག རྨི་ལམ་ཅི་མཐོང་བ་ཡང་ང་ལ་སྨྲོས་ཤིག བུ་ཀྱེ་ནང་བར་དཀྱིལ་འཁོར་ནི། །མཐོང་བར་འགྱུར་རོ་ཉོལ་ཅིག་དང༌། །རྨི་ལམ་མཐོང་བ་གང་ཡིན་པ། །དེ་ཀུན་དྲང་པོ་རང་ལ་སྨྲོས། །ཞེས་བསྒོས་ལ་བཏང་ངོ༌། །སློབ་མས་ཀྱང་སློབ་དཔོན་ལ་ཕྱག་འཚལ་ཏེ་ཇི་ལྟར་བདེ་བའི་གནས་སུ་སོང་ལ། སློབ་དཔོན་གྱིས་ཇི་ལྟར་བསྒོ་བ་བཞིན་བྱས་ལ་ཉལ་བར་བྱའོ། །དེ་ནས་སློབ་དཔོན་བདག་ཉིད་ནང་པར་ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ཕྱག་གཉིས་པའི་ཧེ་རུ་ཀར་ལངས་ལ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་མོས་ཏེ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅་ཧཾ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅་ཧཾ། ཞེས་བརྗོད་དེ་དག་པ་རྣམ་གསུམ་དྲན་པར་བྱའོ། །དེ་ནས་དྲིའི་དཀྱིལ་འཁོར་ལ་གནས་པའི་སྟ་གོན་ཅི་འབྱོར་པས་མཆོད་པ་དང་བསྟོད་པ་བྱས་ཏེ་ཡིད་ཀྱིས་ནམ་མཁའ་ལ་འདེགས་སོ། །དེ་ནས་མེ་ཏོག་གི་ཚོམ་བུ་རྣམས་བསྡུ་བ་དང༌། བུམ་པ་རྣམས་གནས་དབེན་པར་བཞུགས་ཏེ་དགབ་པ་དང༌། མཆོད་པ་དམན་པ་རྣམས་གཤེགས་སུ་གསོལ་བ་དང༌། དཀྱིལ་འཁོར་ཀུན་ཏུ་བྱུགས་ཏེ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ནས་སློབ་མ་དེ་རྣམས་དེར་བོས་ལ་ཁྱེད་ཀྱིས་རྨི་ལམ་དུ་ཅི་ལྟ་བུ་མཐོང༌། ཞེས་དྲི་བར་བྱའོ། །སློབ་མས་ཅི་ལྟ་བ་བཞིན་དུ་སྨྲ་བར་བྱ་བ་དང༌། ཐོས་ནས་བཟང་དང་མི་བཟང་བ། །ཐེ་ཚོམ་མེད་པར་བཤད་པར་བྱ། །རྨི་ལམ་ཐམས་ཅད་བདེན་མིན་ཡང༌། །དེ་ལ་མ་དད་རིགས་མ་ཡིན། །དེ་ལ་རྨི་ལམ་གྱི་ལྟས་བཟང་བ་རྣམས་གསང་བ་སྤྱི་རྒྱུད་ལས་འབྱུང་བ། རྨི་ལམ་སངས་རྒྱས་མཐོང་བ་ནི། །ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན། །མཆོད་རྟེན་དང་ནི་སྐུ་གཟུགས་མཐོང༌། །དེ་ལ་མཆོད་པར་བརྩམ་པ་དང༌། །དགེ་སློང་དག་ལ་ཆོས་ཉན་ཏམ། །ཡང་ན་མ་ཉན་ན་ཡང་རུང༌། །ཆོས་ནི་རྣམ་པར་སྤྱོད་པ་དང༌། །དེ་བཞིན་མདོ་སྡེ་ཀློག་པ་དང༌། །རྨི་ལམ་དགེ་འདུན་མཐོང་བ་དང༌། །ཡང་ན་དགེ་སློང་གཅིག་པུ་མཐོང༌། །དེ་དང་འགྲོགས་ཤིང་གཏམ་ཟེར་དང༌། །ཡང་ན་དགེ་སློང་དངོས་སུ་གྱུར། །གཙུག་ལག་ཁང་དག་མཐོང་བ་དང༌། །དེ་བཞིན་དགེ་སློང་མ་དག་མཐོང༌། །རྒྱལ་པོའི་སྲས་དག་མཐོང་བ་དང༌། །དེ་བཞིན་ཕ་མ་བླ་མ་རྣམས། །མཛའ་བོ་རྣམ་པ་སྣ་ཚོགས་དང༌། །རྨི་ལམ་དག་ཏུ་མཐོང་ན་ནི། །རིག་སྔགས་དང་ནི་དངོས་གྲུབ་ཐོབ། །དེ་བཞིན་སློབ་མ་འཛིན་པ་དང༌། །ཀུན་དགའ་རྣམ་པ་སྣ་ཚོགས་དང༌། །འབབ་ཆུ་རྣམས་དང་རྒྱ་མཚོ་དང༌། །རི་དང་གླིང་པོ་ཆེ་དག་ཀྱང༌། །མཐོང་ན་ཡང་ནི་བཟང་པོ་བསྒྲགས། །ཞེས་བྱ་བ་ལ་སོགས་པ་རྒྱལ་པོར་དབང་བསྐུར་བ་དང༌། བཞོན་པ་ཞོན་པ་དང༌། ནོར་བུ་དང་འབྲུ་དང་ཟས་མཆོག་ཏུ་གྱུར་པ་ཐོབ་པ་ལ་སོགས་པ་རྣམས་བཟང་པོར་ཤེས་པར་བྱའོ། །མི་དགེ་བའི་ལྟས་ནི། རྒྱ་སྐྱེགས་ཀྱི་རི་ལ་འཛེག་པ་དང༌། ཀ་ར་བཱི་རའི་མེ་ཏོག་རྒྱས་པ་ཐུ་བ་དང༌། མཆོད་སྡོང་དང་བྱེ་མའམ་ཐལ་ཕུང་ལ་འཛེག་པའམ། བོང་བུ་ལ་ཞོན་ནས་ཁ་ལྷོ་ཕྱོགས་སུ་བལྟས་ཏེ་སོང་ནས་མ་ལོག་པ་དང༌། སྤྲེའུ་ལ་ཞོན་ནས་ལྷོ་ཕྱོགས་སུ་འགྲོ་བའམ། བུད་མེད་རབ་ཏུ་ཁྲོས་པའམ། བུད་མེད་ནག་མོ་གོས་ནག་ཅན་ལ་འདོད་པ་སྤྱོད་ཅིང༌། གཡང་ས་དང་གཅོང་རོང་དུ་འདུག་པ་དང༌། ཤིང་ལས་ལྷུང་བ་དང༌། ལྗོན་པའི་འབྲས་བུ་མེད་པ་སྐམ་པོ་མཐོང་བ་དང༌། ཁྱི་དང་ཁྭ་དང་སྲིན་པོ་ལ་སོགས་པས་ཟོས་པ་དང༌། ཕག་དང་རྔ་མོ་དང་མ་ཧེ་ལ་ཞོན་པ་དང༌། མི་ནག་པོ་ལྕགས་ཀྱི་དབྱུག་པ་ཐོགས་པས་བསྡིགས་པ་དང༌། ལུས་ཏིལ་མར་གྱིས་བྱུགས་ནས་ཕྲེང་བ་དམར་པོ་བཅིངས་པ་དང༌། །སྐྲ་བྲེགས་ནས་ཕྲེང་བ་དམར་པོ་བཅིངས་པ་ལ་སོགས་པ་རྣམས་མི་དགེ་བའི་ལྟས་སོ། །དེ་ལྟར་དགེ་བའི་ལྟས་རྣམས་ལ་སྔགས་ཀྱི་དངོས་གྲུབ་རབ་འབྲིང་གསུམ་དུ་འགྲུབ་པར་བསྟན་ཏོ། །མི་དགེ་བའི་ལྟས་རྣམས་ལ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་རང་བཞིན་དུ་བསྟན་ལ། རྩ་བའི་སྔགས་བརྒྱ་རྩ་བརྒྱད་ཀྱིས་བསྲུངས་ལ། སངས་རྒྱས་སྤྱན་གྱི་མན་ངག་ཇི་ལྟ་བ་བཞིན་དུ་བྱིན་ལ། སྲེག་བླུགས་བརྒྱ་རྩ་བརྒྱད་དུ་སྦྱིན། ཞི་བའི་སྦྱིན་སྲེག་བྱའོ། །སློབ་མ་ལྷག་པར་གནས་པའི་ཆོ་གའོ། །དེ་དག་གིས་ནི་སྟ་གོན་གྱི་ཆོ་གའོ། །དེ་ནས་དཀྱིལ་འཁོར་ཆེན་པོ་བྲི་ཞིང་རྒྱས་དགྲམ་པ་ནི། སྤྱིར་དཀྱིལ་འཁོར་ལ་བྲིས་སྐུ་ལ་བརྟེན་པའི་ལུགས་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་བྲིས་པ་ལ་བརྟེན་པའི་ལུགས་གཉིས་ལས། བྲིས་སྐུ་ལ་བརྟེན་པའི་ལུགས་ལ་ནི། དེའི་ཉིན་མོ་ཇི་ལྟར་བདེ་བར་གནས་ཏེ་ལྷའི་དཀྱིལ་འཁོར་བསྒོམ་པ་ལ་སོགས་པས་དུས་འདའ་བར་བྱའོ། །རས་རིས་ལ་བརྟེན་པའི་ལུགས་འདི་ནི་བདེ་མཆོག་ཨ་བྷི་དྷ་ནར་གསུངས་པ་ལ་བརྟེན་ནས་སློབ་དཔོན་རྡོ་རྗེ་དྲིལ་བུ་པ་དང༌། སློབ་དཔོན་དགའ་རབ་རྡོ་རྗེ་ལ་སོགས་པས་གསུངས་ལ། དེང་སང་རྒྱ་གར་གྱི་ཡུལ་ནའང་ཆོ་ག་ཕལ་ཆེར་འདི་ལ་བྱེད། བླ་མ་གོང་མ་རྣམས་ཀྱང་ཕལ་ཆེར་འདི་ལ་ཕྱག་ལེན་མཛད་པས་ལུགས་འདི་ནི་ལེགས་པ་ཡིན་ནོ། །དེ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བར་འདོད་ན། དཀྱིལ་འཁོར་ཐིག་གིས་བྲི་བ་དང༌། ཚོན་གྱིས་བྲི་བའོ། །ཐིག་གིས་བྲི་བ་ལ། ཡེ་ཤེས་ཀྱི་ཐིག་གིས་ས་གཞི་བྱིན་གྱིས་བརླབ་པ་དང༌། ལས་ཀྱི་ཐིག་གིས་ཆ་རྣམ་པར་བགོ་བའོ། །ཐིག་གཉིས་པོ་འདི་ལ་གོ་རིམ་ངེས་པ་མེད་དེ། དང་པོར་ཡེ་ཤེས་གྱི་ཐིག་བཏབ་ནས་ལས་ཀྱི་ཐིག་བཏབ་ཀྱང་ཆོག དང་པོར་ལས་ཐིག་གདབ་ནས། དེ་ནས་ཡེ་ཤེས་ཀྱི་ཐིག་གི་བྱིན་གྱིས་བརླབས་ཀྱང་ཆོག་ཏེ་གང་བདེ་བར་བྱའོ། །དེ་ནས་ལས་ཀྱི་ཐིག་འདེབས་པར་འདོད་ན། དེའི་ཚུལ་ནི་འདི་ཡིན་ཏེ། དཀྱིལ་འཁོར་ལེགས་པར་བྱུགས་ལ་ནུབ་མོ་ལྷ་སྟ་གོན་གྱི་གནས་མི་འཁྲུག་པར་ངོ་ཤེས་པར་བྱས་ལ། དང་པོ་ཚངས་ཐིག་གདབ་ལ་དེའི་དབུས་ངོ་ཤེས་པར་བྱ། དེ་ནས་ཤར་དང་ནུབ་ཏུ་པཉྩ་རེ་ཁའི་མཚམས་སུ་རི་མོ་རེ་བྱ། དེ་ནས་ཕྱིའི་མཚམས་གཉིས་ཀྱང་དེ་དང་མཉམ་པོར་བྱ་སྟེ། མཉམ་པོ་བཞིར་འགྱུར། དེ་ནས་པཉྩ་རེ་ཁའི་ནང་གཉིས་པོ་དཀྱིལ་འཁོར་གྱི་ཚད་དེ། དེ་བལྟབ་པ་བསྡམས་པའི་ཐི་གུ་པཉྩ་རེ་ཁའི་མཚམས་དེར་བཟུང་སྟེ་ལྷོ་བྱང་གཉིས་སུ་བྱ་རོག་རྗེས་བྱ། དེ་ལ་ཚངས་ཐིག་གཉིས་པ་གདབ། ཚད་དེ་ཉིད་ཀྱིས་ཚངས་ཐིག་གི་ཕྱོགས་བཞི་གར་མཉམ། མཉམ་པའི་ས་ནས་ཚད་དེ་ཉིད་བཟུང་སྟེ་མཚམས་བཞིར་བྱ་རོག་རྗེས་རེ་བྱ། དེ་ཉིད་ལ་ཟུར་གྱི་ཐིག་དང་ཕྱིའི་གྲུ་བཞི་བྱ། གྲུ་བཞི་གྲུ་ཆོད་དུ་བྱས་ལ་ཕྱི་ཕྱེད་ནང་ཕྱེད་དུ་བྱས་པ་ནི་རྩ་བའི་ཐིག་གོ །དེ་བཞིན་དུ་གྲུ་ཆོད་བྱ་ཞིང་ཕྱེད་ཕྱེད་དུ་གཤགས་ལ་ཆ་ཆེན་བཅུ་དྲུག་ཏུ་བཏང་ངོ༌། །དེ་ལྟར་ཆ་ཆེན་བཅུ་དྲུག་ཏུ་ཐོང་བ་དང་དཀྱིལ་འཁོར་གྱི་ཆ་ཕྲ་མོ་བགོ་བར་བྱ་སྟེ། ཚངས་པའི་ཐིག་གི་དྲུང་ནས་ཆ་ཆེན་དང་པོ་ཞེས་བྱ་བ་བཟུང་སྟེ་གཡས་ན་བརྒྱད་གཡོན་དུ་བརྒྱད་ཡོད་པས་བཅུ་དྲུག་ཡིན་ལ། དེའང་ཕྱོགས་གཅིག་གི་ཤེས་ན་ཕྱོགས་བཞི་ཀ་དེས་འགྲེའོ། །དེ་ལ་ཕྱོགས་གཅིག་གི་དབང་དུ་བྱས་ན། ཆ་ཆེན་དང་པོ་ཕྱེད་དུ་གདབ། །དེ་ལ་སྒོ་དང་ཉི་དཀྱིལ་འཁོར། །དེ་ཡི་ཕྱི་ཡང་ཕྱེད་དུ་གདབ། །དེ་ལ་སྒོ་ཁྱུད་པདྨའི་ལྟེ། །ཆ་ཆེན་གཉིས་པ་ཕྱེད་དུ་གདབ། །དེ་ཡི་ནང་མ་ཕྱེད་དུ་གདབ། །དེ་ལ་སྒོ་ལོགས་ནམ་མཁའ་དང༌། །དཀྱིལ་འཁོར་ནང་དུ་པད་ཟེའུ་འབྲུ། །གཉིས་པའི་ཕྱི་མ་ཕྱེད་དུ་གདབ། །དེ་ལ་ཀ་བ་ཀ་ཞུ་འབྱུང༌། །ཆ་ཆེན་གསུམ་པ་ཚུན་ཆོད་ནི། །པདྨ་དང་ནི་རྡོ་རྗེའོ། །གཉིས་པ་མེ་རི་བཅས་པ་ཡིན། །ཆ་ཆེན་བཞི་པ་ལྷ་སྣམ་འདོད། །ནང་གི་ཆ་ཡི་དབྱེ་བ་འདི། །འཕར་མ་གཉིས་པའི་ལུགས་ཀྱིས་ནི། །ཡང་ན་ཆ་གཉིས་ལྟེ་བ་སྟེ། །ཆ་གཉིས་པདྨའི་འདབ་མ་ཡིན། །ཆ་ཆེན་ལྔ་པ་གང་ཡིན་པའི། །མཐའ་གཉིས་གདབ་ཅིང་དབུས་གཉིས་དོར། །ནང་གི་ངོས་ཀྱི་རྩིག་རིང་སྟེ། །དབུས་མ་གཉིས་པོ་འདོད་ཡོན་ལ། །ཕྱི་མ་སྒོ་འགྲམ་རྩིག་པ་དང༌། །དེ་བཞིན་རིན་ཆེན་ཕ་གུ་ཡིན། །ཆ་ཆེན་དྲུག་པ་ཕྱེད་བཏབ་པ། །ནང་མ་དྲྭ་བ་དྲྭ་ཕྱེད་ལ། །དེ་ཡི་ཕྱི་ཡང་ཕྱེད་བཏབ་པའི། །ནང་མ་ཡ་ཕུབ་རྩིག་པ་དང༌། །དེ་བཞིན་དུ་ནི་མདའ་ཡབ་བོ། །དེ་ཡི་ཕྱི་མ་ནམ་མཁའ་འོ། །ཆ་ཆེན་བདུན་པ་ཆ་བཞིར་བགོ དེ་དག་རྟ་བབས་ཆ་བཞིའོ། །བརྒྱད་པ་ལ་ཡང་ཆ་བཞི་སྟེ། །ནང་གི་ཆ་ནི་པདྨ་ལ། །དབུས་མ་གཉིས་པོ་འཁོར་ལོ་སྟེ། །ཆ་ཆུང་ཕྱི་མ་གདུགས་མཛེས་པ། །དེ་ལྟར་ཕྱོགས་བཞིའི་ཐིག་གདབ་ལ། །ཆ་ཆེན་ཕྱེད་ཕྱེད་རྡོ་རྗེ་རྭ་བ་དང་མེ་རིས་བསྐོར། ནང་གི་དཀྱིལ་འཁོར་གྱི་རྡོ་རྗེ་རྭ་བ་དང་མེ་རི་ནི་ཆ་ཆུང་རེ་རེ་ཡིན་ནོ། །དེ་དག་གིས་ནི་ལས་ཐིག་གདབ་པ་བསྟན་ཏོ། །དེ་ནས་ཡེ་ཤེས་ཀྱི་ཐིག་གདབ་པ་ནི། དང་པོ་ཐིག་སྐུད་བྱིན་གྱིས་བརླབས་ལ་དེ་ནས་གདབ་བོ། །དེ་ནས་ཐིག་དང་ཚོན་བྱིན་གྱིས་བརླབ་པ་སོ་སོར་བྱ་བར་གསུངས་ཀྱང༌། ཆོ་ག་ཕལ་ཆེར་མཐུན་པས་ཐིག་དང་ཚོན་ཕྱོགས་གཅིག་ཏུ་བྱིན་གྱིས་བརླབ་པ་ཕྱག་ལེན་དུ་མཛད་དོ། །དེའི་ལག་ལེན་ནི་ཚོན་རྩི་ཁ་དོག་ལྔ་ལེགས་པར་བྱས་ལ། དུར་ཁྲོད་ཀྱི་སོལ་བ་ལ་སོགས་པས་སྐྱེས་པའི་རུས་པའི་ཕྱེ་མ་སྦགས་པར་བྱས་ལ། དབུས་སུ་ཚོན་རྩི་སྔོན་པོ་ལ་ཧཱུྃ་བྲིས་ལ་དེ་ལ་སྐུད་པ་སྔོན་པོ་གཞག ཤར་དུ་དཀར་པོ་ལ་བྷྲཱུྃ། ལྷོ་རུ་སེར་པོ་ལ་ཨོཾ། ནུབ་ཏུ་དམར་པོ་ལ་ཛྲཱིཾ། བྱང་དུ་ལྗང་གུ་ལ་ཁྃ་བྲི། དེ་དག་གི་ཁ་དོག་དང་མཐུན་པར་བསྒྱུར་བའི་སྐུད་པ་རྣམས་ཀྱང་གཞག དེ་དག་གི་མདུན་དུ་མཆོད་པ་ལྔ་དང་གཏོར་མ་གཅིག་བཤམ། རང་རྡོ་རྗེ་དྲིལ་བུ་བཟུང་ལ་ཤར་ཕྱོགས་ནས་འདུག་ལ། ལྷའི་རྣལ་འབྱོར་དྲན་པ་ཙམ་གྱིས་གསལ་གདབ། ཐིག་ཚོན་བྱིན་གྱིས་བརླབས་ལ། དང་པོར་སྭ་བྷཱ་ཝའི་སྔགས་བརྗོད་པས་ཐིག་ཚོན་སྟོང་པར་བསྒོམ། སྟོང་པའི་ངང་ལས་པྃ་ལས་པདྨ་ལྔ། རྃ་ལས་ཉི་མའི་ལྔའི་སྟེང་དུ། སྔོན་པོའི་ཐིག་ཚོན་ཧཱུྃ་ལས་མི་བསྐྱོད་པར་བསྐྱེད། དཀར་པོ་བྷྲཱུྃ་ལས་རྣམ་སྣང༌། སེར་པོ་ཨཱྃ་ལས་རིན་འབྱུང༌། དམར་པོ་ཛྲཱིཾ་ལས་འོད་དཔག་མེད། ལྗང་གུ་ཁྃ་ལས་དོན་ཡོད་གྲུབ་པར་བསྐྱེད། དེའང་ནུས་ན་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཡུམ་དང་བཅས་བར་བསྐྱེད། མི་ནུས་པས་ཕྱག་གཉིས་པ་ཡབ་ཡུམ་དུ་བསྐྱེད་པས་ཆོག སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ། གཽ་རཱི་ལ་སོགས་པ་ལྷ་མོ་བཞིས་ཡེ་ཤེས་པ་དགུག་པ་ནས། རང་གི་མིག་གཉིས་མ་དང་ཊ་ལས་ཟླ་བ་དང་ཉི་མར་བསྐྱེད། མིག་འབྲས་ཧཱུྃ་ལས་བྱིན་གྱིས་བརླབས་ཏེ། མིག་གི་རྫི་མ་མྱུར་དུ་བརྡབ་ཅིང་གྱེན་དུ་བལྟ་བ་ནི། འབར་བའི་ལྟ་བ་ཞེས་བྱ་བ་སྟེ་སྟ་གོན་གྱི་ལྷ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཚོན་དང་སྐུད་པ་ཚོན་སྐུད་ཀྱི་རྣམ་པར་བྱོན་པའམ། ཡང་ན་རིགས་ལྔའི་རྣམ་པར་སྤྱན་དྲངས་ཏེ་བསྐྱེད་པ་ལ་བསྟིམ་ལ། དབང་བསྐུར་སྟེ་རིགས་ཀྱི་བདག་པོའི་རྒྱས་གདབ། ཆུ་བཞི་སྔོན་དུ་འགྲོ་བའི་མཆོད་པ་ལྔ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་འབུལ། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར་གྱིས་བསྟོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་བྱ་བའི་བསྟོད་པས་ཀྱང་བཏུབ། ཨ་ཀཱ་རོ་མུ་ཁཾ་གིས་གཏོར་མ་བཏང་ལ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུྃ། ཞེས་བྱ་བ་ལན་བདུན་ནམ་ཉེར་གཅིག་བཟླས། མཐེ་བོ་དང་སྲིན་ལག་གིས་ཚོན་རྣམས་ལ་རེག་སྟེ་མཉེས་པས་ལྷ་རྣམས་འོད་དུ་ཞུ་སྟེ། ཏ་ཐཱ་ག་ཏའི་རྡུལ་ཕྲ་རབ་ལས་གྲུབ་པའི་ཚོན་རྩི་དང་ཐིག་སྐུད་དུ་བསམ། ཚོན་རྩི་བྱིན་གྱིས་བརླབས་པ་དེ་ཙམ་ཉིད་ཀྱིས་ཆོག་གོ །དེ་ནས་ཐིག་སྐུད་རྣམས་སློབ་དཔོན་གྱིས་བཟུང་ལ། རང་དཔལ་ཀྱེའི་རྡོ་རྗེའི་རྣལ་འབྱོར་ལ་གནས་ཏེ། སློབ་མ་གཽ་རཱིར་སྤྲུལ་ལ་ཐིག་སྐུད་ལྔ་པོ་ནག་པོ་དང་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་རྣམས་རིམ་གྱིས་བརྐྱང་ལ། ཏ་ཐཱ་ག་ཏ་སོ་སོར་མོས་ཏེ་ཕན་ཚུན་རྗེས་སུ་རྟོགས་པ་སྟེ། ཆོས་ཀུན་ཕན་ཚུན་རྗེས་སུ་འགྲོ། །ཆོས་རྣམས་ཐམས་ཅད་སེམས་སུ་ཡང༌། །ཀུན་ཏུ་འགྲོ་བར་ཆོས་ཀུན་བརྗོད། །ཅེས་བརྗོད་ཅིང་བསྒྲིལ། ཏ་ཐཱ་ག་ཏ་ཐམས་ཅད་གཉིས་སུ་མེད་པར་བསམས་ཏེ་རྡོ་རྗེའི་ལྟེ་བ་ལ་དཀྲིས་ཏེ། བདུད་རྩིས་ཅུང་ཟད་གཏོར་ཏེ་བཞག་གོ །དེ་དག་ནི་ཐིག་དང་ཚོན་བྱིན་གྱིས་བརླབས་པའོ། །དེ་ནས་ཚོན་དང་མཆོད་པ་ལ་སོགས་པ་གཞན་དུ་གསལ་ལ། ཡེ་ཤེས་ཀྱི་ཐིག་གིས་ས་གཞི་བྱིན་གྱིས་བརླབ་པའི་ཕྱིར་གདབ་པར་བྱ་སྟེ། རང་ནུབ་ཕྱོགས་ནས་ཤར་ཕྱོགས་སུ་ཁ་བལྟས་ཏེ་དཔལ་ཀྱེའི་རྡོ་རྗེར་བསྐྱེད། སློབ་མ་ཤར་ནས་ནུབ་ཏུ་བལྟས་ལ་གཽ་རཱིར་སྤྲུལ་ལ། རང་གི་ལག་པ་གཡོན་པའི་རྡོ་རྗེ་ལ་དཀྲིས་པའི་ཐིག་སྐུད་ཐད་ཀར་བཟུང་སྟེ་ཐིག་སྐུད་ཀྱི་སྣ་ནས་བཟུང་ལ། ཛ་ཛ་ཛ། ཞེས་བརྗོད་ཅིང་སློབ་མ་ལ་གཏད། སློབ་མས་ཀྱང༌། ཛ་ཛ་ཛ། ཞེས་བརྗོད་ཅིང་སྣ་ནས་དྲངས་ལ་ལྟེ་བའི་ཐད་ཀར་བཟུང་སྟེ་བརྐྱང་ལ། ལག་པ་གཡས་པས་སྟེང་ནས་ཐིག་སྐུད་བཟུང་ལ་གཅུས་ཏེ་གྱེན་ལ་བཏང༌། ངག་ཏུ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད། ཡང་ཐུར་ལ་དེ་བཞིན་དུ་གདབ། དེའི་ཚེ་སེམས་ཀྱིས་ཐིག་སྒྲ་དེ་ལས། །ནམ་མཁའ་གང་བའི་དེ་བཞིན་གཤེགས། །འགྲོ་དོན་མཛད་དུས་འདི་ལགས་པས། །ཁྱེད་རྣམས་འདིར་ནི་གཤེགས་གསོལ་བར། །ཐིག་སྐུད་སྒྲས་ནི་སྐུ་ལ་འདེབས། །ཞེས་སྒྲ་དེ་གྲགས་པས་ཏ་ཐཱ་ག་ཏ་ཐམས་ཅད་ནམ་མཁའི་ཁམས་འདིར་གང་བར་བྱོན་པར་བསམ་ཞིང༌། ཚངས་ཐིག་དང་པོ་གདབ་བོ། །དེ་བཞིན་དུ་ཐིག་འོག་མ་རྣམས་འདེབས་པའི་ངག་ཏུ་བརྗོད་པ་དང༌། ཏིང་ངེ་འཛིན་དེ་ཉིད་ཀྱིས་ཤེས་པར་བྱའོ། དེ་ནས་གཡས་སྐོར་གྱི་རིམ་པས་སློབ་དཔོན་ལྷོ་ན་འདུག་སྟེ་བྱང་དུ་བལྟ། སློབ་མ་བྱང་དུ་འདུག་པ་དང་ཚངས་ཐིག་གཉིས་པ་གདབ། དེ་བཞིན་དུ་གཡས་སྐོར་དུ་སོང་སྟེ། ཤར་ལྷོར་སློབ་དཔོན་འདུག་སྟེ། བྱང་ཤར་དུ་སློབ་མ་འདུག་པ་དང་ཤར་གྱི་ལོགས་ཐིག་གདབ། ཡང་གཡས་སྐོར་གྱིས་ནུབ་བྱང་དུ་སློབ་དཔོན་འདུག་ལ། ལྷོ་ནུབ་མཚམས་སུ་འདུག་པའི་སློབ་མ་དང་ནུབ་ཀྱི་ལོགས་ཐིག་གདབ། སློབ་དཔོན་དེ་ཉིད་འདུག་ལ་སློབ་མ་བྱང་ཤར་དུ་སོང་ལ་བྱང་གི་ལོགས་ཐིག་གདབ། ཡང་གཡས་སྐོར་གྱིས་སློབ་དཔོན་ཤར་ལྷོར་སོང་སྟེ། སློབ་མ་ལྷོ་ནུབ་ཏུ་འདུག་པ་དང་ལྷོའི་ལོགས་ཐིག་གདབ། སློབ་དཔོན་དེ་ཉིད་དུ་འདུག་ལ་སློབ་མ་བྱང་ནུབ་ཏུ་འདུག་པ་དང་མཚམས་ཐིག་དང་པོ་གདབ། སློབ་དཔོན་ལྷོ་ནུབ་ཏུ་སོང་ལ་སློབ་མ་བྱང་ཤར་དུ་སོང་སྟེ་མཚམས་ཐིག་གཉིས་པ་གདབ་བོ། །དེ་ལྟར་སྟེང་དང་འོག་ཏུ་ཐིག་ཆེན་བརྒྱད་གདབ་པས་དཀྱིལ་འཁོར་དུ་ལམ་གྱིས་བྱུང་བར་བསམ། དེ་ནས། ཨོཾ་བཛྲ་བཻ་ག ཞེས་བརྗོད་ཅིང་ཡིད་ཀྱིས་ཡེ་ཤེས་ཀྱི་ཐིག་བཏེག་ལ། སློབ་དཔོན་ནང་དུ་ཞུགས་ཏེ་ཕྱོགས་བཞིར་སྨིན་མ་གཅུས་ཏེ་ཁྲོ་བོའི་ལྟ་བས་བལྟ་ཞིང་ཧིཿ ཞེས་བརྗོད་པས་སྒོ་བཞི་པོ་དེ་བྱེ་བར་བསམ། སྔར་ཕྱི་ནང་གི་རྡོ་རྗེ་རྭ་བ་དང་མེ་རིས་མ་བསྐོར་ན། དེའི་དུས་སུ་དཀྱིལ་འཁོར་གྱི་དབུས་སུ་ཕུར་པ་བཏབ་ལ་བསྐོར། ཐིག་གདབ་པའི་ཆོ་གའོ། །དེ་ནས་ཚོན་གྱིས་བྲི་བ་ནི། དཀྱིལ་འཁོར་གྱི་རྡུལ་ལ་སོགས་པ་ཐམས་ཅད་ཕྱགས་ལ། སློབ་དཔོན་དབུས་སུ་འདུག་ལ་ཚོན་རྩི་རྣམས་བླངས། ལག་པ་གཡོན་པའི་ཁུ་ཚུར་གྱིས་བཟུང་ལ་འདི་སྐད་ཅེས་བརྗོད་དོ། །ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཁམས་ནི་སྒྲོལ་བར་བྱེད། །ཀྱེ་ཡི་རྡོ་རྗེ་རྒྱལ་པོ་ཆེ། །དཀྱིལ་འཁོར་སྙིང་པོ་བྲི་བར་བྱ། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད་ཅིང་དབང་ལྡན་གྱི་མཚམས་ནས་བརྩམས་ཏེ། གཡས་སྐོར་གྱིས་ཆ་ཆེན་གཅིག་གི་བར་དུ་བྲི་བར་བྱའོ། །དེའི་རིམ་པ་ནི་དང་པོ་ནང་དུ་ནག་པོ་བྲི། དེའི་ཕྱི་རོལ་དུ་ལྗང་གུ། དེའི་ཕྱི་རོལ་དུ་དམར་པོ། དེའི་ཕྱི་རོལ་དུ་སེར་པོ། དེའི་ཕྱི་རོལ་དུ་དཀར་པོ། ཡང་ན་ནག་པོའི་རྩར་དཀར་པོ། དེའི་རྩར་སེར་པོ། དེའི་རྩར་དམར་པོ། དེའི་རྩར་ལྗང་གུ་སྟེ། གོང་མ་ནི་རྡོ་རྗེ་རྩེ་མོའི་དགོངས་པ་ཕྱོགས་ཀྱི་རིམ་པ་ཡིན་ལ། འོག་མ་ནི་གདན་བཞིའི་དགོངས་པ་ཡེ་ཤེས་ཀྱི་རིམ་པའོ། །དེ་ལྟར་པཉྩ་རེ་ཁ་ཅུང་ཟད་ཅིག་བྲིས་ལ་ཐོད་པས་ཁ་བཅད་དེ། དེའི་སྟེང་དུ་རྡོ་རྗེ་བཞག་ལ་མཆོད་པ་རྣམ་པ་ལྔས་མཆོད་ལ་གཞག་གོ །འདི་ནི། སློབ་དཔོན་གྱིས་ནི་དང་པོར་དགྱེ། །ཞེས་བྱ་བའི་དོན་ཡིན་ཏེ། སློབ་དཔོན་གྱི་ཁྱད་པར་གྱི་ལས་ཡིན་ནོ། །དེ་ནས་དབུས་སུ་ཕུར་པའི་བུ་གར་འོག་ཏུ་དཀར་པོ་ནས་བརྩམས་ཏེ་ཚོན་རྩི་སྔ་མ་རྣམས་ཀྱིས་རིམ་པ་བཞིན་བཀང་ལ། དེ་ནས་སློབ་མ་རྣམས་ཀྱིས་ཇི་ལྟར་བདེ་བར་དགྱེ་བར་བྱའོ། །དཀྱིལ་འཁོར་གྱི་སྟེང་དུ་འགྲོ་བ་དང༌། ཕྱིར་འགྲོ་བའི་དུས་ཐམས་ཅད་དུ། བཛྲ་བཻ་ག ཞེས་བརྗོད་ཅིང་ཡིད་ཀྱིས་ཡེ་ཤེས་ཀྱི་ཐིག་དང་ཚོན་རྩི་ལ་སོགས་པ་བཏེག་ཅིང་འགྲོ་བར་བྱའོ། །དེ་ལ་སྙིང་པོའི་དཀྱིལ་འཁོར་གྱི་ས་གཞི་ཕྱི་ཐམས་ཅད་སྔོན་པོར་བྱ། དེའི་དབུས་ཀྱི་པདྨའི་ལྟེ་བ་ལ་ཉི་མ་དམར་པོར་བྱ། དེའི་ཕྱི་རོལ་དུ་ཆ་ཆུང་གཅིག་སྔོན་པོར་བྱ། དེའི་ཕྱི་རོལ་དུ་པདྨའི་ཟེའུ་འབྲུ་སྣ་ཚོགས་སུ་བྱ། དེའི་ཕྱི་རོལ་དུ་པདྨ་འདབ་མ་བརྒྱད་པོ་རྣམས་ལྷ་མོའི་ཁ་དོག་དང་མཐུན་པར་བྱ། ཡང་ན་ཕྱོགས་ཚོན་དུ་བྱ། འཕར་མ་གཉིས་པ་བྱེད་ན་དེའི་ཕྱི་རོལ་རྡོ་རྗེ་རྭ་བ་སྔོན་པོ་མེ་རིས་དམར་སེར་དུ་བྱ། དེ་ནས་ཤར་ཕྱོགས་ཀྱི་ལྷ་སྣམ་དང་སྒོ་དཀར་པོ་བྱ། ལྷོའི་སེར་པོ། ནུབ་ཀྱི་དམར་པོ། བྱང་གི་ལྗང་གུ། འཕར་མ་གཅིག་པར་བྱེད་ན། པདྨ་ཆེན་པོ་གཅིག་གིས་སྒོའི་བར་ཁེབས་པར་བྱས་ལ། དེ་ལ་རྡོ་རྗེ་རྭ་བ་དང་མེ་རིས་བྱས་ཀྱང་བཏུབ། མེད་ཀྱང་བཏུབ་བོ། །དེའི་ཕྱི་རོལ་དུ་པཉྩ་རེ་ཁ་སྔ་མ་བཞིན་བྱ། དེ་ནས་སྔར་གྱི་ཐོད་པ་ཕྱེ་ལ་ཚོན་གྱི་ལྟས་བཟང་ངན་བརྟག ངན་ན་མཆོད་པ་དང་གཏོར་མ་བྱ། བདུད་རྩི་འཁྱིལ་པས་སྲུང་བ་བྱེད། དེ་ནས་དབུས་ཀྱི་པདྨའི་ལྟེ་བ་ལ་པདྨ་ཉི་མ་མེ་རིའི་དབུས་སུ་ཐོད་པ་དཀར་པོ་སྣ་ཚོགས་རྡོ་རྗེས་མཚན་པའི་གྲི་གུག་ནག་པོ་བྲི། དེ་བཞིན་དུ་པདྨའི་འདབ་མ་རྣམས་ལ་ལྷ་མོ་རྣམས་ཀྱི་གནས་སུ་སྣ་ཚོགས་པདྨ་དང་མེ་རིས་རྒྱབ་ཡོལ་དང༌། ཟླ་བའི་དཀྱིལ་འཁོར་རེ་བྱས་པའི་སྟེང་དུ་ལྷ་མོའི་ཕྱག་མཚན་དགོད་དེ། དབང་ལྡན་དུ་སེང་གེ་སྔོན་པོ། མེར་དགེ་སློང་དཀར་པོ། སྲིན་པོར་འཁོར་ལོ་སྔོ་དམར། རླུང་དུ་རྡོ་རྗེ་ཁྲ་བོ། ཤར་སྒོར་གྲི་གུག་ནག་པོ། ལྷོ་སྒོར་ཅང་ཏེའུ་དམར་པོ། ནུབ་སྒོར་རུས་སྦལ་སེར་པོ། བྱང་སྒོར་སྦྲུལ་ལྗང་གུ་བྲི། ལྷ་སྣམ་གྱི་མཚམས་སམ་སྒོའི་གཡས་གཡོན་གཉིས་སུ་བུམ་པ་རེ་རེ་བྲི་སྟེ་དེ་ལྟར་བུམ་པ་བརྒྱད་བྲི། རྩིག་པའི་ཕྱི་རོལ་དུ་འདོད་ཡོན་གྱིས་དམར་པོར་བྱ། རིན་ཆེན་ཕ་གུ་སེར་པོར་བྱ། དྲྭ་བ་དྲྭ་ཕྱེད་གཞི་སྔོན་པོ་ལ་དཀར་པོས་དྲྭ་ཕྱེད་བྲིས་པའོ། །མདའ་ཡབ་ཁྲ་བོར་བྲི། སྒོའི་ཕྱི་རོལ་དུ་ནམ་མཁའ་སྟོང་པ་ཆ་ཆུང་གཅིག ཀ་བ་ཀ་ཞུ་དང་བཅས་པ། སྒོ་དང་ཀ་བའི་སྟེང་དུ་རྟ་བབས་ཆ་བཞི་རི་མོ་དང་ཁ་དོག་ཇི་ལྟར་མཛེས་པའོ། །དེའི་སྟེང་དུ་པདྨ་དང་འཁོར་ལོ་དང་གདུགས་ཀྱི་བར་དུ་བྲི། རྟ་བབས་ཀྱི་གཡས་གཡོན་དུ་རྡོ་རྗེའི་རྭ་ཕྱོགས་ཀྱི་ཁ་དོག་དང་མཐུན་པར་བྲི། གཞན་འོག་གི་གཞི་ཐམས་ཅད་དང་ཁ་དོག་ཐམས་ཅད་རྡོ་རྗེའི་ས་གཞི་ཡིན་པས་ཁ་དོག་སྔོན་པོར་བྱ། ཡང་ན་ཉི་མའི་དཀྱིལ་འཁོར་ཡིན་པས་ཁ་དོག་ལྗང་སེར་དུ་བྱ། དེའི་ཕྱི་རོལ་རྡོ་རྗེ་རྭ་བ་བྱ། དེའི་ནང་དུ་དུར་ཁྲོད་བརྒྱད་བྲི། ཕྱོགས་སྐྱོང་བརྒྱད་ཀྱི་མཚན་མ་དང༌། ཀླུ་དང༌། ཤིང་དང༌། སྤྲིན་དང༌། ཞིང་སྐྱོང་བ་དང༌། མེ་དང༌། མཆོད་རྟེན་དང༌། ཆུ་དང༌། རྣལ་འབྱོར་པ་དང༌། རོ་དང༌། འདྲེ་ལ་སོགས་པ་སྒྲུབ་ཐབས་ནས་འབྱུང་བ་བཞིན་ཏེ་ཅི་ནུས་བྲི། ཐ་མས་ཀྱང་རོ་བརྒྱད་དང་དེ་དག་གི་བརྡར་ཐིག་ལེ་ཙམ་བྲི། རྡོ་རྗེ་རྭ་བའི་ཕྱི་རོལ་དུ་མེ་རིས་འབར་བ་གཡས་སྐོར་དུ་བྲི། རྡོ་རྗེ་རྭ་བ་གཞི་ནག་པོ་ལ་དཀར་པོས་བྲི། མེ་རིས་སྣ་ཚོགས་སམ་དམར་སེར་དུ་བྲི། དེ་ལྟར་བྲི་བ་ཡོངས་སུ་རྫོགས་ནས། ཚོན་གྱི་ལྷག་མ་དང་ཡེ་ཤེས་ཀྱི་ཐིག་སྐུད་ལ་མཆོད་པས་མཆོད་ལ། ཨོཾ་ཨཱཿཧཱུྃ་བཛྲ་མུཿ ཞེས་བྱ་བས་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུ། དམན་པའི་ཡེ་ཤེས་པ་གཤེགས་ལ་ཆུ་ལ་དོར་བའམ་གནས་དབེན་པར་གཞག་གོ །དེའི་རྗེས་ལ་དཀྱིལ་འཁོར་གྱི་ཉེ་འཁོར་ཀུན་ཏུ་བའི་རྣམ་པ་ལྔ་དང་དྲི་ཞིམ་པོས་ཁྱབ་པར་བྱུགས་ཏེ་མེ་ཏོག་སིལ་མ་དགྲམ། སྤོས་ཅི་འབྱོར་པ་འཐུལ་ཞིང་བཞག་ལ་བུམ་པ་འབུལ་བ་དང་མཆོད་པ་བཤམ་པ་ལ་སོགས་པ་རྒྱས་པར་བྱའོ། །ཚོན་དགྱེ་པའི་ཆོ་གའོ། །དེ་དག་གིས་ནི་དཀྱིལ་འཁོར་བྲི་བའོ། །དེ་ནས་དཀྱིལ་འཁོར་གྱི་རྒྱན་དགྲམ་ཞིང་བུམ་པ་འབུལ་བའི་ཆོ་ག་ལ། དང་པོ་བུམ་པ་འབུལ་བ་ནི་བུམ་པ་ཀུན་ནས་ཆུ་བསྡུས་ནས་རྣམ་རྒྱལ་གྱི་བུམ་པའི་ནང་དུ་བླུགས་ལ། འོག་ཏུ་བུམ་པའི་དབང་བརྩམ་ན་བུམ་པ་ཀུན་སོ་སོར་དབང་བསྐུར་མི་དགོས་པས་ཟོར་ཡང་བའི་དོན་ཡིན། ཡང་མནའ་ཆུ་ནི་ཐོད་པའི་བདུད་རྩི་ལས་བྱེད་པ་དང༌། བུམ་ཆུས་བྱེད་པ་ལས་གཙོར་གང་མ་གསལ་ལ་བུམ་ཆུས་བྱེད་ན་དེའི་དོན་དུ་བུམ་པ་ཀུན་ནས་བསྡུས་པའི་ཆུ་གཅིག་རྣམ་རྒྱལ་བུམ་པའི་སྟེང་དུ་གཞག་གོ །དཀྱིལ་འཁོར་ཆེ་བ་ཡངས་བར་ཡོད་ན་དཀྱིལ་འཁོར་གྱི་ནང་དུ་བུམ་པ་དབུལ་ཏེ། རྣམ་རྒྱལ་གྱི་བུམ་པ་ནང་དུ་པདྨའི་ཤར་གྱི་འདབ་མའི་སྟེང་དུ། གཞན་ལྷ་མོའི་བུམ་པ་བརྒྱད་པོ་ནང་གི་ལྷ་མོའི་བུམ་པ་བརྒྱད་ཀྱི་སྟེང་ངམ་ལྷ་མོ་ཉིད་ཀྱི་མཚན་མ་མནོན་ཙམ་དུ་བཞག ལས་ཐམས་ཅད་པའི་བུམ་པ་སྒོའི་ཕྱི་རོལ་གྱི་གཡས་སུ་བྱང་ཤར་ལ་ཉེ་བར་གཞག་གོ །དཀྱིལ་འཁོར་ཆུང་བ་ཡིན་ན་ལན་རེ་རེ་ཕུལ་ལ། ཕྱི་རོལ་རྡོ་རྗེ་རྭ་བའི་ནང་མཚམས་ནས་གཽ་རཱིའི་ཤར་ལྷོ་དང་ཤར་གྱི་བར་དུ་གཞན་ལྷ་མོའི་ཕྱོགས་སུ་གཞག རྣམ་རྒྱལ་བུམ་པ་ཤར་ལྷོ་དང་ཤར་གྱི་བར་དུ་གཞག དེའི་སྟེང་དུ་བུམ་པ་ཀུན་གྱི་ཆུ་བསྡུས་པའི་དུང་ཆོས་བཞག ལས་ཐམས་ཅད་པ་བྱང་ཤར་དང་ཤར་གྱི་བར་དེར་གཞག་གོ །དེ་ནས་དཀྱིལ་འཁོར་གྱི་ཕྱི་རོལ་ཁོ་ར་ཁོར་ཡུག་ཏུ་མཆོད་པ་བཤམས་ཏེ། སྔར་སྟ་གོན་གྱི་དུས་སུ་བཤད་པ་བཞིན་ལས་ཉུང་དུ་མི་རུང༌། མང་བར་འབྱོར་པ་ལ་ཚད་མེད་དེ་འབྱོར་ཚད་བཤམ་པར་བྱའོ། །གཏོར་མའང་འཇིག་རྟེན་ལས་འདས་པའི་གཅིག འཇིག་རྟེན་པའི་དང་གཉིས། ཕྱི་རོལ་དུ་འབྱུང་པོའི་གཏོར་མ་ཤིན་ཏུ་ཆེ་བར་བྱས་པ་དང༌། སྔོན་དུ་འགྲོ་བའི་གཏོར་མ་སྟེ་བཞི་བཤམ། གཞན་ཡང་གཏོར་མ་དེ་རྣམས་ལ་འཛུགས་པའི་མར་མེ་དང༌། རིག་པའི་དབང་ལྔའི་དུས་སུ་དབུལ་བའི་མཆོད་པ་ལྔ་ཚན་ལྔ་དང༌། གཞན་ཡང་ལས་ཐམས་ཅད་པའི་མཆོད་པ་ལྔ་ཡང་བཤམ་མོ། །གདུགས་དང་རྒྱལ་མཚན་དང༌། བླ་རེ་བྲེ་བ་ལ་སོགས་པ་ནི་སྔར་ནས་སྟ་གོན་བྱས་ཟིན་ཏོ། །གཞན་ཡང་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་སྟ་གོན་བྱས་ཏེ། སློབ་མ་རེ་རེ་ལ་གདོང་གཡོགས་པ་དང༌། མེ་ཏོག་གི་ཕྲེང་བ་དང༌། གུ་གུལ་ནག་པོའི་བདུག་པ་དང༌། ཡུངས་ཀར་དང༌། སློབ་མ་རེ་རེ་ལ་དབུ་རྒྱན་དང༌། རྡོ་རྗེ་དྲིལ་བུ་དང༌། ཐུན་མོང་དུ་མེ་ལོང་དང༌། མདའ་གཞུ་དང༌། པུསྟི་དང༌། འབུད་དུང་དང༌། དབང་སྟེགས་ཀྱི་དཀྱིལ་འཁོར་བྲི་བའམ། རྒྱས་པ་བྲི་ན་ནི་ཉིན་མོ་ཉིད་བྲི་དགོས་ལ། བསྡུས་པ་བྲི་ན་དེ་བྲི་བའི་ས་ཚོན་དཀར་པོ་དང་བའི་རྣམ་ལྔ་དང་དྲི་སྦྱར་བ་དང༌། ནང་གི་མཆོད་པའི་ཡོ་བྱད་དང༌། རྣལ་འབྱོར་པ་རྣམས་མཉེས་པར་བྱ་བའི་ཡོ་བྱད་བཟའ་བ་དང་བཏུང་བར་བྱ་བ་ལ་སོགས་པ་ཐམས་ཅད་སྟ་གོན་ལེགས་པར་བྱའོ། །དེ་དག་གིས་ནི་དཀྱིལ་འཁོར་ཆེན་པོ་བྲི་ཞིང་རྒྱན་དགྲམ་པའི་ཚོགས་བསྟན་པའོ། །དེ་ནས་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་བྱ་བའི་ཕྱིར། ཕྱི་མ་རེད་དམ་སྲོད་ཀྱི་དུས་སུ། ཁྲུས་བྱས་འཁོར་ལོས་སྒྱུར་བའམ་ཧེ་རུ་ཀའི་ཆས་གང་རུང་དང་རྒྱན་ལ་སོགས་པས་བརྒྱན་ཏེ། སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ཤར་སྒོ་ལ་ཕྱོགས་པས་བྱས་ཏེ་སྟན་ལ་འདུག རྣལ་འབྱོར་པ་གཞན་རྣམས་ཀྱང་ཇི་ལྟར་བདེ་བའི་གནས་སུ་འདུག་ལ། དེ་ནས་དང་པོ་སྔོན་དུ་འགྲོ་བའི་གཏོར་མ་བཏང༌། དེ་ནས་རོལ་མོ་རྣམས་དཀྲོལ་བ་ལ་སོགས་པ་བྱ་ཞིང༌། བདུད་རྩི་འཁྱིལ་པ་དང་དྲིལ་བུའི་སྔགས་ཟློས་ཤིང༌། མཆོད་པ་ཐམས་ཅད་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐས་ཀླས་པར་མོས་པ་བྱ་སྟེ་མཆོད་པ་བྱིན་དབབ། ལས་ཀྱི་རྡོ་རྗེས་མཎྜལ་དང་མེ་ཏོག་ཕུལ་ཏེ། ཐམས་ཅད་ལྷའི་རྣལ་འབྱོར་ལ་གནས་པར་ཞུ་ཞེས་གསོལ་བ་བཏབ་ལ། ཡི་གེ་བརྒྱ་པ་ཅི་ནུས་པ་བཟླས་ཏེ་དམ་ཚིག་གི་ཆགས་ཉམས་ཐམས་ཅད་བསྐང་བར་བྱའོ། །དེ་ནས་སྲུང་བའི་འཁོར་ལོ་དང༌། ཡན་ལག་དྲུག་ཚང་བར་བསྒོམས་ཏེ། དེའི་རྗེས་ལ་སློབ་དཔོན་གྱིས་དཀྱིལ་འཁོར་བསྒྲུབ་པར་བྱ། སྒྲུབ་པའི་གྲོགས་གཞན་དཀྱིལ་འཁོར་སྒྲུབ་ཤེས་པ་རྣམས་ཀྱིས་དཀྱིལ་འཁོར་སྒྲུབ་པའི་གྲོགས་བྱ། མི་ཤེས་པ་རྣམས་ཀྱིས་རང་རང་གི་ལྷ་གང་ཡིན་པའི་རྣལ་འབྱོར་ལ་གནས་པར་བྱ་བ་ཡིན་པས། སློབ་དཔོན་གྱིས་སྒྲུབ་པའི་གྲོགས་རྣམས་ལའང་དེ་ལྟར་གྱིས་ཤིག་ཅེས་བསྒོས་ལ་རྣལ་འབྱོར་ལ་འཇུག་པར་བྱའོ། །དེ་ལ་དཀྱིལ་འཁོར་སྒྲུབ་པའི་ཆོ་ག་ནི་འདི་ཡིན་ཏེ། དེ་ལྟར་བདག་གི་རྣལ་འབྱོར་ཚང་བར་བྱས་ནས། ཁམས་གསུམ་སྣོད་བཅུད་སྲུང་བའི་འཁོར་ལོ་ལ་བསྡུ། ཁྱད་པར་ནི་སྲུང་བའི་འཁོར་ལོ་དུར་ཁྲོད་བརྒྱད་གཞལ་ཡས་ཁང་པ་མི་བསྡུ། ལྷ་མོ་བརྒྱད་ཞལ་བརྒྱད་ལ་བསྡུས་ལ། དེ་ནས་མདུན་བསྐྱེད་རྒྱས་པར་མི་བྱེད་ན། བདག་གིས་བསྒོམས་པའི་སྲུང་འཁོར་དང་བྲིས་པའི་སྲུང་འཁོར་གཉིས་ཐ་མི་དད་སྙམ་དུ་བསྲེས་ལ་སྲུང་བའི་འཁོར་ལོ་གསལ་གདབ། དེ་བཞིན་དུར་ཁྲོད་བརྒྱད་དང་གཞལ་ཡས་ཁང་པ་ཐ་མི་དད་སྙམ་དུ་བསམས་ལ་གསལ་གདབ། རྒྱས་པར་བྱེད་ནའང༌། སྭ་བྷཱ་ཝས་རྡུལ་ཚོན་སྟོང་པར་བསྒོམ། བདག་གི་མངོན་པར་རྟོགས་པ་དང་མཐུན་པར་སྲུང་བའི་འཁོར་ལོ་དང་དུར་ཁྲོད་བརྒྱད་གཞལ་ཡས་ཁང་བསྒོམས་ལ། བདག་གིས་བསྒོམས་པའི་སྲུང་འཁོར་དང་གཞལ་ཡས་ཁང་གི་བར་དུ་བསྲེ། རྡུལ་ཚོན་གྱི་དཀྱིལ་འཁོར་དང་མངལ་ནས་བསྐྱེད་པ་གཉིས་བསྲེས། སྟ་གོན་གྱི་ལྷ་བསྐྱེད་པ་དང་དེ་ལ་ཡེ་ཤེས་པ་བཀུག་པ་གཉིས་དང་བཞི་བསྲེས། དེ་ལ་ཡེ་ཤེས་པ་གཅིག་སྤྱན་དྲངས་པ་དང་ལྔ་བསྲེས་སུ་བྱའོ། སྲུང་འཁོར་དུར་ཁྲུད་བརྒྱད་གཞལ་ཡས་ཁང་དང་བཅས་པ་ནི་མདུན་དུ་བསྐྱེད་པ་ལ་བདག་གིས་བསྐྱེད་པ་དང་གཉིས་བསྣན་པས་བདུན་བསྲེས་སུ་བྱའོ། །གང་ལྟར་ཡང་བདག་དཀྱིལ་འཁོར་གྱི་དབུས་སུ་བསམ་པའམ། ཡང་ན་ཤར་ཕྱོགས་སུ་སྒོ་ཁང་དུ་འདུག་པར་བསམས་ལ། དེ་ནས་ཡབ་ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབ་པ་སྔགས་དང་བཅས་པའང་སྒྲུབ་ཐབས་བཞིན་དུ་བྱས་ལ། ཐབས་ཤེས་སྙོམས་པར་ཞུགས་པའི་བདེ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ལ། ཡབ་ཀྱི་ཞལ་ནས་ཞུགས་ནས་ཐུགས་ཀར་འོད་དུ་ཞུ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་རྣམ་པར་ཡུམ་གྱི་བྷ་གར་བབ་སྟེ། དེ་ལས་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་རྫོགས་པར་བསྐྱེད་དོ། །དེ་ལྟར་དཀྱིལ་འཁོར་རྫོགས་པར་བསྐྱེད་པ་འབྱིན་པའི་ལུགས་གཉིས་ཏེ། ལྷ་རེ་རེ་ནས་རྐང་ཐོན་དུ་སྤྲོ་བ་དང༌། ཡོངས་སུ་རྫོགས་པ་བྱུང་རྫོགས་སུ་སྤྲ་བའོ། །དེ་ལ་རྐང་ཐོན་དུ་སྤྲོ་ན། དཀྱིལ་འཁོར་གྱི་གཙོ་བོ་དཔག་ཏུ་མེད་པ་སྤྲོས་ཏེ་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བཀོད་པ་ལ་སོགས་པས་སེམས་ཅན་གྱི་དོན་བྱས་ཏེ། སླར་ཚུར་འདུས་པ་དང་རང་དབུས་སུ་བསྐྱེད་ན་རང་ལ་བསྟིམ། རང་ཤར་དུ་བསྐྱེད་ན་དཀྱིལ་འཁོར་གྱི་དབུས་སུ་མཚན་མའི་སྟེང་དུ་གཞག དེ་བཞིན་དུ་གཽ་རཱི་དཔག་ཏུ་མེད་པ་སྤྲོས་ཏེ། སེམས་ཅན་ཐམས་ཅད་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བཀོད་དེ། སླར་ཚུར་འདུས་ནས་ཤར་ཕྱོགས་ཀྱི་གདན་ཚངས་པའི་སྟེང་དུ་གཞག དེ་བཞིན་དུ་གཡུང་མོའི་བར་དུ་སྤྲོས་ཏེ། གཡུང་མོ་དཔག་ཏུ་མེད་པ་སྤྲོས་ནས། སེམས་ཅན་ཐམས་ཅད་བཏང་སྙོམས་ཚད་མེད་པ་ལ་བཀོད་དེ། སླར་ཚུར་འདུས་ནས་ནུབ་བྱང་ཐག་ཟངས་རིས་ཀྱི་སྟེང་དུ་བཞག་པའི་བར་དུ་བྱས་ལ། ཡང་རྟེན་གྱི་དཀྱིལ་འཁོར་དཔག་ཏུ་མེད་པ་སྤྲོས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་སླར་འདུས་ཏེ། སྔར་བསྐྱེད་པའི་དཀྱིལ་འཁོར་ལ་བསྟིམ་པར་བྱའོ། །བྱུང་རྫོགས་སུ་སྤྲོ་ན། ཡུམ་གྱི་བྷ་ག་ནས་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ནམ་མཁའི་ཁམས་ཐམས་ཅད་གང་བར་སྤྲོས་ཏེ། སེམས་ཅན་གྱི་དོན་བྱས། སླར་འདུས་ནས་བྲིས་པའི་དཀྱིལ་འཁོར་དང་གཉིས་སུ་མེད་པར་བསྟིམ་པར་བྱའོ། །མདུན་དུ་བསྐྱེད་པ་འདི་ལ། རྒྱུ་རྡོ་རྗེ་འཆང་འོད་དུ་ཞུ་བ་ལས་གླུས་བསྐུལ་ལ། འབྲས་བུ་རྡོ་རྗེ་འཆང་དུ་བཞེངས་པ་མེད་དེ། དཀྱིལ་འཁོར་གྱི་གཙོ་བོར་གྱུར་པ་དེ་ཉིད་འབྲས་བུ་རྡོ་རྗེ་འཆང་དུ་དགོངས་སོ། །དེ་དག་གི་དམ་ཚིག་གི་དཀྱིལ་འཁོར་འབྱིན་པའི་ཚུལ་གྱིས་བསྒྲུབ་པའོ། །དེ་ནས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཚུལ་གྱིས་བསྒྲུབ་པ་ནི་སྒྲུབ་ཐབས་བཞིན་བྱ། དེ་ནས་ཡེ་ཤེས་སེམས་དཔའ་དགུག་གཞུག་བྱ་བའི་ཚུལ་གྱིས་བསྒྲུབ་པ་ནི། སྟ་གོན་གྱི་དུས་སུ་ནམ་མཁའ་ལ་བཏེག་པ་དེ་ཉིད་དགུག་གཞུག་བྱེད་པ་ཡིན་ཏེ། དེ་ལ་དང་པོ་ཡེ་ཤེས་སེམས་དཔའི་ཕྱི་ནས་འཇུག་པའི་བགེགས་བསྐྲད་པར་བྱ་བའི་ཕྱིར་ལུས་ཀྱིས་རྡོ་རྗེ་གསོར་ཞིང༌། སེམས་ཀྱིས་སྙིང་གའི་ཧཱུྃ་གི་འོད་ཀྱི་གཟི་བརྗིད་ཀྱིས་བགེགས་བསྐྲད་ཅིང༌། ངག་ཏུ་རྩ་བའི་སྔགས་གསུམ་མམ་ལྔའམ་བདུན་བཟླས་སོ། །དེ་ནས་མདུན་གྱི་ནམ་མཁའ་ན་བཞུགས་པ་དེ་ལ་དང་པོར་ཞབས་བཀྲུ་འབུལ་ཏེ། ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ནི་རི་ཧཱུྃ་ཁྃ། ཞེས་བརྗོད་དེ། དངོས་སུ་ཞབས་བསིལ་བཟེད་ཞལ་དུ་བླུགས་ཏེ་ཞབས་བཀྲུས་པར་བསམ། ཡང་ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ནཻ་ཝི་དྱེ་ཨཱཿཧཱུྃ། ཞེས་བརྗོད་དོ། །དེ་ནས་ཞལ་བསིལ་བཟེད་ཞལ་དུ་བླུགས་ལ་ཞལ་བསིལ་བར་བསམ། ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུྃ། ཞེས་པས་འཐོར་འཐུང་གིས་གཏོར། ཡང་མཆོད་ཡོན་ལག་པར་བཟུང་ལ་ལྷ་རྣམས་ཀྱི་ཕྱག་ཏུ་ཕུལ་བར་བསམ་ཞིང༌། ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཛཿཧཱུྃ་བྃ་ཧོཿཁྃ་རྃ། ཞེས་བརྗོད་དོ། །དེ་ཡང་དངོས་སུ་འབུལ་བར་མི་ནུས་ནའང་སྔགས་དང་ཏིང་ངེ་འཛིན་ཙམ་གྱིས་དབུལ་བར་བྱའོ། །དེ་ནས་གཽ་རཱི་ལ་སོགས་པའི་རྣལ་འབྱོར་མ་བཞི་སྤྲོས་ཏེ། ལུས་ཀྱིས་ལྕགས་ཀྱུ་དང་ཞགས་པ་དང་ལྕགས་སྒྲོག་དང་དྲིལ་བུ་སྟེ་བཞིའི་ཕྱག་རྒྱ་བཅའ་ཞིང་ངག་ཏུ། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿ བཛྲ་ཙཽ་རཱི་པྲ་ཝེ་ཤ་ཡ་ཧཱུྃ། བཛྲ་བེ་ཏཱ་ལཱི་བནྡྷ་བྃ། །བཛྲ་གྷསྨ་རཱི་བ་ཤྱཾ་ཀུ་རུ་ཧོཿ ཞེས་བརྗོད་ཅིང་སེམས་ཀྱིས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱའོ། །སླར་ཡང་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་སྔར་བཞིན་བྱའོ། །དེ་བཞིན་དབང་བསྐུར་ཞིང་རྒྱས་གདབ་པའི་ཚུལ་གྱིས་བསྒྲུབ་པ་ནི་སྒྲུབ་ཐབས་བཞིན་བྱའོ། །དེ་ནས་དེ་དག་བརྟན་པར་བྱ་བའི་ཕྱིར་ལྷ་སོ་སོ་ལ་དམིགས་ཏེ་ཡི་གེ་བརྒྱ་པ་བཟླས་ཏེ། ཧཱུྃ་ཤྲཱི་ཧེ་བཛྲ་ཡ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཞེས་བྱ་བ་ལ་སོགས་པ་ཚང་བར་བརྗོད་དོ། །དེ་བཞིན་དུ། ནཾ་ནཻ་རཱཏྨྱ། ཨོཾ་བཛྲ་ཧེ་རུ་ཀ ཞེས་བྱ་བ་ལ་སོགས་པ་དང༌། དེ་བཞིན་དུ། གྃ་གཽ་རཱི། ཨོཾ་བཛྲ་ཧེ་རུ་ཀ ཞེས་བྱ་བ་ལ་སོགས་པ་དང༌། དེ་བཞིན་ཐམས་ཅད་ལ་ཤེས་པར་བྱ་སྟེ། ཌྃ་ཌོཾ་བི་ནི། ཨོཾ་བཛྲ་ཧེ་རུ་ཀ ཞེས་བྱ་བའི་བར་དུའོ། །དེ་ལྟར་བརྟན་པར་བཞུགས་སུ་གསོལ་བ་ནི། དཀྱིལ་འཁོར་སྒྲུབ་པའི་ཆོ་གའོ། །དེ་ལྟར་ཤར་ཕྱོགས་ཀྱི་སྒོར་བསྐྱེད་པ་ཡིན་ན་ཡུམ་རང་གི་ཐུགས་ཀར་བསྡུ། ཞལ་བརྒྱད་རྩ་བའི་ཞལ་དུ་བསྡུ། ཕྱག་བཅུ་དྲུག་ཀྱང་ཕྱག་གཉིས་སུ་བསྡུ། ཞབས་ཀྱང་གཉིས་སུ་བསྡུས་ཏེ་ཕྱག་གཉིས་པའི་ང་རྒྱལ་གྱིས་མཆོད་པ་ལ་སོགས་པ་བྱའོ། །དཀྱིལ་འཁོར་གྱི་དབུས་སུ་བསྐྱེད་པ་ཡིན་ན། དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་སུ་ཆད་པ་ལྟར་རང་ཕྱག་གཉིས་པར་བྱེ་སྟེ་མཆོད་པ་ལ་སོགས་པའི་ལས་ཐམས་ཅད་བྱའོ། །དེ་ལ་མཆོད་པ་ནི་འདི་ཡིན་ཏེ་མར་མེ་ལ་སོགས་པ་ཐམས་ཅད་སྦར་ཏེ་ལེགས་པར་མངོན་པར་འདུ་བྱ་སྟེ། བདུད་རྩི་འཁྱིལ་པའི་སྔགས་བརྗོད་དེ། ལས་ཀྱི་རྡོ་རྗེས་དྲི་གཏོར་བས་བསངས་ལ། ཨོཾ་སྭ་བྷཱ་ཝས་སྟོང་པར་སྦྱངས་ཏེ། ཧཱུྃ་ལས་དྭངས་ཤིང་ཐོགས་པ་མེད་པར་བྱིན་གྱིས་བརླབས་ཏེ། རང་རང་གི་སྔགས་ཡི་གེ་གསུམ་དང་བཅས་པ་བརྗོད་ཅིང་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབ་པའོ། །དེ་ནས། དྲི་མེད་ཡིད་དུ་འོང་བ་ཡི། །ཞེས་བྱ་བའི་ཚིགས་བཅད་དང༌། སྔགས་དང་བཅས་པའི་མཆོད་པ་བྱ། ཕྱག་རྒྱ་བཅའ་ཞིང་མཆོད་པ་དབུལ་ཏེ། ཐུན་མཚམས་སུ་བྱ་བའི་སྐབས་བཞིན་དུ་བྱའོ། །དེ་ལ་མཆོད་པའི་རྣམས་གྲངས་ནི་འདི་དག་ཡིན་ཏེ། ཞབས་བསིལ་བ་དང༌། ཞལ་བསིལ་བ་དང༌། འཐོར་འཐུང་དང༌། མཆོད་ཡོན་དང༌། མེ་ཏོག་དང༌། སྤོས་དང༌། མར་མེ་དང༌། དྲི་ཆབ་དང༌། ཞལ་ཟས་དང༌། རོལ་མོའི་མཆོད་པ་དང༌། སྟ་གོན་གྱི་སྐབས་སུ་བཤད་པ་ལྟར་ན་བཟའི་མཆོད་པ་བྱ་སྟེ་དེ་དག་ནི་ཕྱིའི་མཆོད་པའོ། །ཐོད་པའི་ནང་དུ་བདུད་རྩི་རིལ་བུ་སྦྱར་བ་བྱིན་གྱིས་བརླབས་ལ། དབུལ་བ་ནི་ནང་གི་མཆོད་པའོ། །ནམ་མཁར་རྗེ་བཙུན་བལྟས་ནས་ནི། །ཞེས་བྱ་བ་ལ་སོགས་པ་བརྗོད་ཅིང་ལྷ་མོ་བརྒྱད་སྤྲོས་ཏེ་མཆོད་པ་ནི་ཡིད་ལས་བྱུང་བའི་མཆོད་པའོ། །ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཞེས་བྱ་བ་ལ་སོགས་པ་བསྟོད་པ་རྒྱས་བསྡུས་གང་ཡང་རུང་བས་བསྟོད་པ་ནི་བསྟོད་པའི་མཆོད་པའོ། །དེ་ལྟར་མཆོད་པའི་ཁྱད་པར་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོར་མཆོད་ལ་མཉེས་པར་བྱས། རང་གི་ལྕེ་ལ་བདུད་རྩི་མྱངས་ལ་རང་གི་སྙིང་གའི་དཀྱིལ་འཁོར་ཡང་མཉེས་པར་བྱའོ། །དེ་ནས་སྒྲུབ་གཡོག་གི་རྣལ་འབྱོར་པ་རྣམས་ཀྱིས་དཀྱིལ་འཁོར་བསྲུང་བར་བྱས་ལ་རྩ་བའི་སྔགས་ཟློས་སུ་གཞུག ཕྱི་རོལ་དུ་འབྱུང་པོའི་ཚོགས་གཏོར་མས་ཚིམ་པར་བྱ་སྟེ། གཏོར་མ་ཆེན་པོ་ལ་མར་མེ་ཆེ་བར་སྦར་ཏེ་ཕྱི་རོལ་དུ་ཁྱེར་ལ། སློབ་དཔོན་རང་རྡོ་རྗེ་དྲིལ་བུ་བཟུང་ལ། སྒྲུབ་གཡོག་གཞན་གྱིས་དུང་དང་ཆ་ལང་ལ་སོགས་པ་ཁྱེར་ལ་སྒོ་དྲུང་ལས་ཕྱི་རོལ་དུ་སོང་སྟེ་འདུག་ལ། གཏོར་མ་ལ་ཆུ་དང་ཆང་ལ་སོགས་པ་བླུགས་པ་ལ་བསངས་ཏེ་བགེགས་བསྐྲད་དེ། སྟོང་པར་སྦྱང་བ་དང༌། རླུང་མེ་ལ་སོགས་པས་བྱིན་གྱིས་བརླབས་ལ་འབྱུང་པོའི་ཚོགས་རྣམས་བསྐྱེད་པ་དང༌། དབུལ་བ་ལ་སོགས་པ་རྣམས་འབྱུང་པོ་འབའ་ཞིག་པའི་གཏོར་མས་བྱས་ཏེ། སྒྲུབ་ཐབས་ཀྱི་ཐུན་མཚམས་ཀྱི་བྱ་བའི་སྐབས་སུ་བཤད་པ་དང་ཁྱད་པར་མེད་དོ། །འོན་ཀྱང་མགྲོན་བསྐྱེད་པ་ནི་དབུས་མའི་ལྟེ་བ་ལ་དཀྱིལ་འཁོར་མི་བསྐྱེད་པར་ཐུགས་རྡོ་རྗེ་མི་བསྐྱོད་པ་ཞལ་གཅིག་ཕྱག་གཉིས་པ་བསྐྱེད། གཞན་འདྲ། སྔགས་ལ། ཨོཾ་བྷ་ག་ཝཱན་ཀཱ་ཡ་ཝཱཀྩིཏྟ་ཡན་ཆད་མི་དགོས། ཨིནྡྲ་མན་ཆད་ཀྱིས་ཆོག བསྟོད་པ་ལ། ཁྱོད་ནི་རྣལ་འབྱོར་མ་ཚོགས་སོགས་མི་དགོས། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །མན་ཆད་ཀྱིས་ཆོག གཞན་གོང་དུ་བཤད་པ་བཞིན། ཕྲིན་ལས་བཅོལ་བའི་བར་དུ་བྱས་ལ། ཁྱད་པར་དུ་ཕྱོགས་སྐྱོང་བ་ཁྱེད་རྣམས་ཀྱིས་བདག་སློབ་དཔོན་ཆེ་གེ་མོ་ཞེས་བྱ་བ་ལ་སློབ་མ་ཆེ་གེ་མོ་ཞེས་བྱ་བས་གསོལ་བ་གདབ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཀྱིལ་འཁོར་བཞེངས་སུ་གསོལ་ཏེ། སློབ་མའི་ཚོགས་ཡོངས་སུ་སྨིན་པར་བྱེད་དེ། དཀྱིལ་འཁོར་ཆེན་པོའི་བྱ་བ་ཡོངས་སུ་མཐར་མ་ཕྱིན་གྱི་བར་དུ་བར་དུ་གཅོད་པ་ཐམས་ཅད་བསྲུང་བར་གྱིས་ཤིག དེ་ནས་ཀྱང་བདག་ཅག་རྣལ་འབྱོར་པ་འཁོར་དང་བཅས་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བསྲུང་བ་དང་སྟོང་གྲོགས་གྱིས་ཤིག་ཅེས་ཕྲིན་ལས་བཅོལ་ལ། རྡོ་རྗེའི་གླུ་བླངས་ཏེ་སྨོན་ལམ་བཏབ་ལ། ཨོཾ་ཧྲཱིཿབི་ཤུདྡྷཿསརྦ་དྷརྨཱ་སྶརྦ་པཱ་པཾ་ནི་ཙ་སཾ་ཤོ་དྷ་ཡ་སརྦ་བི་ཀལྤཱ་པ་ན་ཡ་ཧཱུྃ། ཞེས་བྱ་བས་ཁར་བཤལ་ཆུ་བྱིན་ལ། ཡི་གེ་བརྒྱ་པའི་མཐར་མུཿབརྗོད་པས་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུ། བདག་དང་སྒྲུབ་པའི་གྲོགས་རྣམས་ལ་གནས་གསུམ་བསྲུང་བ་བྱས་ཏེ། དུང་དང་ཆ་ལང་ལ་སོགས་པས་སྣ་དྲངས་པས་གཏོར་མ་གཤེགས་སུ་གསོལ་ཏེ་འབབ་ཆུའམ་རྒྱ་མཚོ་ལ་སོགས་པ་ཡོད་ན་དེར་དོར་བར་བྱའོ། །དེ་ལྟ་བུ་མེད་ན་ལམ་གྱི་བཞི་མདོ་ཆེན་པོར་དོར་བར་བྱའོ། །ཐམས་ཅད་ཀྱང་རྩ་བའི་སྔགས་ཟློས་བཞིན་པས་བར་དུ་གཅོད་པ་ཐམས་ཅད་ཞི་བར་བྱས་ཏེ། དཀྱིལ་འཁོར་གྱི་ཁང་པའི་ནང་དུ་ལོག་པ་དང་ཆོ་ག་ལྷག་ཆད་ཡོ་བྱད་མ་འབྱོར་པ་ལ་སོགས་པ་ཐམས་ཅད་བཤགས་པར་བྱའོ། །དེའི་ཆོ་ག་ནི་དངོས་སུ་བསྐོར་བ་ཤོང་ན་རྡོ་རྗེ་དྲིལ་བུ་གསིལ་ཞིང་བསྐོར་བ་ལན་བདུན་བྱ། དངོས་སུ་མ་ཤོང་ན་ཡིད་ཀྱིས་འདོད་ཡོན་གྱི་ས་ནས་བསྐོར་བ་བྱེད་པར་བསམས་ལ། རྡོ་རྗེ་དང་དྲིལ་བུ་གསིལ་ཞིང་ངག་ཏུ་ཡི་གེ་བརྒྱ་པ་ཅི་ནུས་པ་བཟླས་པར་བྱ་སྟེ། བདག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས་ཏིང་ངེ་འཛིན་མི་གསལ་བའི་བྱིང་བ་དང་རྒོད་པའི་དབང་དུ་སོང་བ་ཐམས་ཅད་དང༌། ཆོ་ག་ལྷག་པ་དང་མ་ཚང་བར་གྱུར་པ་དང༌། མཆོད་པའི་ཡོ་བྱད་མ་འབྱོར་པ་དང་ཉམས་པ་དང༌། དཀྱིལ་འཁོར་བྲི་བ་ལ་སྐྱོན་དུ་གྱུར་བ་ལ་སོགས་པ་གང་ཡིན་པ་དེ་དག་ཐམས་ཅད་བཟོད་པ་མཛད་དེ་ལྷག་ཆད་ཁ་བསྐང་བར་མཛད་དུ་གསོལ་ཞེས་གསོལ་བ་གདབ་བོ། །དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའི་ཆོ་གའོ། །རྒྱས་པའི་སྦྱིན་སྲེག་བྱེད་ན། བར་འདིར་སྦྱིན་སྲེག་གི་ཆོ་ག་ལས་འབྱུང་བ་ལྟར་སྦྱིན་སྲེག་བྱའོ། །གལ་ཏེ་རབ་ཏུ་གནས་པ་བྱེད་པ་ཡིན་ནའང་དེའི་ཚེ་རབ་གནས་ཀྱི་སྟ་གོན་བྱའོ། །གལ་ཏེ་དཀྱིལ་འཁོར་ནུབ་གསུམ་པའི་ལུགས་སུ་བྱེད་ནའང༌། དེའི་ནུབ་མོར་རབ་གནས་ཀྱི་སྟ་གོན་བྱས་ལ། ཕྱིད་ཉིན་སྔ་དྲོ་རབ་གནས་ཀྱི་དངོས་གཞི་དང་རྒྱས་པའི་སྦྱིན་སྲེག་བྱས་ལ། དེའི་ནུབ་མོར་སློབ་དཔོན་བདག་ཉིད་འཇུག་ཅིང་དབང་བསྐུར་བ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བའི་བར་དུ་བྱའོ། །གལ་ཏེ་རབ་ཏུ་གནས་པ་ལ་སོགས་པ་མི་བྱེད་དེ། དཀྱིལ་འཁོར་ནུབ་གསུམ་པར་ཡང་མི་བྱེད་ན། དེ་ལྟར་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་རྫོགས་པའི་རྗེས་ལ། སློབ་དཔོན་བདག་ཉིད་འཇུག་ཅིང་དབང་བླང་བ་བྱ་སྟེ། དེའི་ཆོ་ག་ནི་རང་ཤར་ཕྱོགས་སུ་སྟན་ལ་འདུག་ལ་ཕྱག་གཉིས་པའི་ཀྱེའི་རྡོ་རྗེའི་ང་རྒྱལ་དུ་བྱས་ལ། དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་ལྟ་བུར་བལྟས་ཏེ། དཀྱིལ་འཁོར་དེའི་ཤར་ཕྱོགས་ཀྱི་སྒོ་ཁང་དུ་སོང་བར་མོས་ཏེ། དེར་མཎྜལ་ཕུལ་བར་མོས་པ་དང༌། དགའ་ཆེན་ཁྱོད་བདག་ཅེས་བྱ་བ་ལ་སོགས་པས་གསོལ་བ་གདབ་པ་ནས་བརྩམས་ཏེ། རྗེས་སུ་གནང་བའི་བར་དུ་བློས་བླང་བ་དང༌། ཡང་ན་དེའི་ནུབ་མོར་སློབ་མ་ལ་དབང་ཇི་ཙམ་བསྐུར་ཚད་ཙམ་ཞིག་རྫོགས་པར་བླང་ངོ༌། །དེའང་དཀྱིལ་འཁོར་གྱི་གཙོ་བོ་ནི་རྡོ་རྗེ་སློབ་དཔོན་གྱི་ཚུལ་དེ་ལས་ཕྱག་གཉིས་པའི་ང་རྒྱལ་གྱིས་ལས་ཀྱི་སློབ་དཔོན་གཅིག་བྱེ་སྟེ། གདོང་གཡོགས་བཅིང་བ་ལ་སོགས་པའི་ལས་རྣམས་མཛད། བདག་ཕྱག་གཉིས་པ་ནི་དབང་ལེན་པ་པོར་མོས་པ་བྱའོ། །དེ་ལྟར་བདག་ཉིད་ཏིང་ངེ་འཛིན་དུ་འཇུག་པ་དང༌། དབང་བསྐུར་བ་ཡོངས་སུ་རྫོགས་པ་དང༌། སློབ་མ་གཞུག་པར་བྱ་བའི་ཕྱིར་དམ་ཚིག་གསུམ་གྱི་གླུའི་མཆོད་པ་དང༌། གདམས་པའི་ཚིག་བརྗོད་པར་བྱ་སྟེ། དེའང་སྒྲུབ་ཅིང་མཆོད་པའི་དཀྱིལ་འཁོར་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ཙམ། རྡོ་རྗེ་སློབ་དཔོན་བདག་ཉིད་ཀྱང་ཚུལ་དེ་བཞིན། དབང་བསྐུར་བའི་སློབ་མ་ཡང་ཚུལ་དེ་ལྟ་བུ་སྟེ། འཁོར་གསུམ་ཀ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་སྐྱེ་མེད་བདེ་བ་ཆེན་པོའི་ངོ་བོ་ལས་མ་འདས་པ་ཡིན་ཏེ། བདག་གིས་དེ་ལྟར་རྟོགས་པ་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཁྱེད་ཀྱིས་མཁྱེན་ཅིང་ཐུགས་སུ་སོན་པར་མཛོད་ཅིག་ཅེས་བསམ་ཞིང༌། དེ་ལྟ་བུའི་གླུའི་ཚིག་གི་མཆོད་པས་སློབ་མ་ལ་ཡང་དེ་ལྟ་བུའི་རྟོགས་པ་སྐྱེད་ཅིག་ཅེས་གསོལ་བ་གདབ་པར་དྲན་པར་བྱས་ལ། རྡོ་རྗེ་དྲིལ་བུ་གསིལ་ཞིང་གླུ་འདི་དག་བླང་བར་བྱ་སྟེ། ཨོཾ་ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །ཀྱེ་ཡི་རྡོ་རྗེར་བདག་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབས་ཤིག །ཉེས་པ་མི་མངའ་རྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་གྱི་བདག །བྱང་ཆུབ་སེམས་སུ་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་ཡིད་ལ་ཞུགས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་ཆགས་མཉམ་པའི་དམ་ཚིག་མཆོག །ཅེས་བརྗོད་དོ། །དེ་ནས་བདེན་པའི་སྟོབས་བརྗོད་པ་ནི། དཀྱིལ་འཁོར་གྱི་འཁོར་ལོ་གཟུགས་བརྙན་གྱི་ཚུལ་དུ་སྣང་བའང་ཆོས་ཀྱི་དབྱིངས་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་ལས་བྱུང་བའི་བདེན་པའི་བྱིན་རླབས་དང༌། སློབ་དཔོན་བདག་ཉིད་ཀྱིས་ཀྱང་སྔོན་དུ་བསྙེན་པ་དང༌། ས་ཡོངས་སུ་བཟུང་བའི་དུས་དང༌། དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པའི་དུས་སུའང་དེ་བཞིན་དུ་རྟོགས་པའི་བྱིན་རླབས་ཀྱིས་རྡོ་རྗེ་སློབ་མ་རྣམས་ཀྱིས་ཀྱང་རྡུལ་ཚོན་ནམ་མཚན་མའམ། སྐུ་ཙ་ཀ་ལི་ལ་སོགས་པར་མཐོང་བ་མ་ཡིན་པར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སྣང་ལ་རང་བཞིན་མེད་པའི་གཟུགས་བརྙན་གྱི་སྐུར་མཐོང་བར་ཤོག་ཅིག་ཅེས་དྲན་པར་བྱ་ཞིང༌། ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པ། །བདེན་པ་དེ་ཡིས་མགོན་བདག་ལ། །ཁྱོད་ཀྱི་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །དེ་བཞིན་དེ་ཉིད་ངེས་པར་འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསབ་བར་སློབ་མ་རྣམས། །དྲི་མེད་ཀུན་གྱིས་མཐོང་བར་ཤོག །ཅེས་ལན་གསུམ་བརྗོད། དེ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་གཉིས་ཆོ་ག་བཞིན་བཏང་ལ་ཚོགས་ཀྱི་ཡོ་བྱད་བཟའ་བ་དང་བཏུང་བ་རྣམས་བླངས་ཏེ་བྱིན་གྱིས་བརླབ་པ་བྱ་བ་ལ་སོགས་པ་ནས་བརྩམས་ཏེ། དམ་ཚིག་དང་ལྡན་པའི་སྐྱེ་བོ་བཟའ་བ་དང་བཏུང་བས་ཚིམ་པར་བྱ་བ་ནས་ལྷག་མའི་གཏོར་མ་བཏང་བའི་བར་དུ་ཚོགས་ཀྱི་འཁོར་ལོའི་ཆོ་ག་བཞིན་བྱའོ། །དེའི་རྗེས་ལ་འཇིག་རྟེན་པའི་གཏོར་མ་བཏང༌། འདས་པའི་གཏོར་མ་བར་ཆད་མེད་པར་བྱ་བའི་དོན་དུ་བཞག་ལ། སློབ་མ་གཞུག་པའི་ཆོ་ག་བྱའོ། །དེ་ནས་སློབ་མ་གཞུག་པའི་ཕྱིར་རྡོ་རྗེ་དང་ལས་ཐམས་ཅད་པའི་བུམ་པ་དང་གདོང་གཡོགས་དང་མེ་ཏོག་ཕྲེང་བ་ལ་སོགས་པ་ཉེ་བར་མཁོ་བའི་ཡོ་བྱད་ཀུན་བཟུང་ལ། དཀྱིལ་འཁོར་གྱི་ཁང་པ་ཡོད་ན་དེའི་སྒོ་དྲུང་དུ་སོང་ལ་བྱ། དཀྱིལ་འཁོར་གྱི་ཁང་པ་མེད་ན་དཀྱིལ་འཁོར་དང་ཡོལ་བས་བར་དུ་བཅད་ལ་བྱ། དེ་ནས་སློབ་མ་རྣམས་ཁྲུས་བྱས་ལ་སྟ་གོན་གྱི་དུས་སུ་ཇི་ལྟར་འདུག་པའི་གོ་རིམ་བཞིན་གྲལ་ལ་འདུག་ལ། གླིང་བཞི་རི་རབ་ཉི་ཟླ་དང་བཅས་པ་དཀྱིལ་འཁོར་དུ་འཇུག་པའི་ཡོན་དུ་འབུལ་བར་མོས་ཤིང་མཎྜལ་དབུལ། གཞན་ཡང་དཀྱིལ་འཁོར་དུ་འཇུག་པའི་ཡོན་ཇི་ལྟར་འབྱོར་པ་དབུལ། དེ་ནས་མེ་ཏོག་དང་བཅས་པ་ཐལ་མོ་སྦྱར་ཏེ་འདུག་ལ། འཇུག་པའི་དོན་ལ་གསོལ་བ་གདབ་པར་བྱ་སྟེ། བདག་མེད་མ་ཡིས་མགྲིན་འཁྱུད་པའི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་གདབ་བོ། །དེའི་རྗེས་ལ་སྡོམ་པ་གཟུང་སྟེ། དེའང་སྔར་སྟ་གོན་གྱི་དུས་སུ་སྡོམ་པ་གཟུང་བ་རྒྱས་པར་བྱས་ན་སྐབས་འདིར་འོག་ནས་འབྱུང་བའི། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་བྱ་བ་ལ་སོགས་པ་རྒྱུན་བཤགས་ཀྱི་ཚིག་ལན་གསུམ་བརྗོད། སྔར་སྡོམ་པ་གཟུང་བར་མ་བྱས་ན་འདིར་སྡོམ་པ་གཟུང་བ་རྒྱས་པར་བྱས་ཏེ། དེའང་དང་པོར་རྒྱས་པར་བསྒྲགས་ཏེ་དོན་བཤད། དེ་ནས་སློབ་མ་སྡོམ་པ་གཟུང་དུ་གཞུག་གོ །དེ་ལ་སྡོམ་པ་བསྒྲག་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །བློ་ཆེན་ཁྱོད་ཀྱིས་གཟུང་བར་བྱ། །བྱང་ཆུབ་སེམས་གང་རྡོ་རྗེ་སྟེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་ཁྱོད་ཀྱིས་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བྱ། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །དེ་ལས་གཞན་ཡང་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤངས་ཤིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །གལ་ཏེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ༌། །འདོད་པ་ལོག་པར་མི་སྤྱད་དོ། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་སྟེ། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་འདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤངས། །དམ་པ་ཉེ་བར་བརྟན་བྱ་ཞིང༌། །རྣལ་འབྱོར་པ་ཀུན་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་རྣམ་པ་བཞི་རྣམས་དང༌། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོངས། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་མི་ཕྱོགས། །འཁོར་བ་དག་ཀྱང་ཡོངས་མི་སྤོང༌། །རྟག་ཏུ་མྱ་ངན་འདར་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང༌། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་བགོམ་པར་མི་བྱ་ཞིང༌། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །གསང་བའི་རྒྱུད་ལས་རབ་ཏུ་བཤད། །ཅེས་ལན་ཅིག་བསྒྲགས་ལ་དེའི་དོན་བཤད་པར་བྱ། དེ་ནས་སློབ་མས་འདི་སྐད་ཅེས་བརྗོད་དུ་གཞུག་པར་བྱའོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གིས་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བཟླས་པས་རྒྱུན་བཤགས་བྱས་པ་ལ། སླར་སྡོམ་པ་གཟུང་བ་རྒྱས་པར་བྱ་སྟེ། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་ནི་བཟུང་ནས་ནི། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་གཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ན་མ་ལུས་གཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་བསྒྲལ་བ་ནི་བསྒྲལ་བར་བགྱི། །མ་གྲོལ་བ་ནི་དགྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་བཟླས་སོ། །དེ་ནས་གདོང་གཡོགས་ཕྱེ་ལ། ཨ་ཁཾ་ཝཱི་ར་ཧཱུྃ། ཞེས་བརྗོད་ཅིང་སློབ་མའི་གདོང་བཅིངས། མེ་ཏོག་ཕྲེང་བ་ཡང་ལག་ཏུ་གཏད། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་ལས་ཐམས་ཅད་པའི་བུམ་པའི་ཆུས་གཏོར། དེ་ནས་སློབ་དཔོན་གྱི་རིགས་ཅན་དང༌། སློབ་མའི་རིགས་ཅན་ངོ་ཤེས་པར་བྱ་བའི་ཕྱིར། ཁྱོད་སུ་ཡིན་ཅི་ལ་དགའ། །ཞེས་བརྗོད་ཅིང་དྲི། སློབ་མས་ཀྱང༌། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །ཞེས་བརྗོད་དོ། །དེ་ནས་སློབ་དཔོན་གྱིས། དེ་ཡི་བུ་ལ་ཅི་ཞིག་བྱ། །ཞེས་དྲི། སློབ་མས། སངས་རྒྱས་མཆོག་གི་དམ་ཚིག་གོ །ཞེས་བརྗོད་དོ། །སློབ་དཔོན་གྱི་རིགས་ཡིན་པར་ཁས་བླང༌། དེ་ནས་སློབ་མའི་སྙིང་གར་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་འཕྲོ་བ་ཅིག་སློབ་དཔོན་དང་སློབ་མ་གཉིས་ཀས་བསྒོམས་ཏེ། སྙིང་གར་རྡོ་རྗེ་དངོས་སུ་བཞག་སྟེ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡ་མི། ཞེས་བརྗོད་དེ་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། སུ་ར་ཏི་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་རིགས་སུ་ཞུགས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལའང་མ་ཡིན་ནོ། །ཞེས་བརྗོད་དེ། ཧཱུྃ་ཛཿཧཱུྃ་ཞེས་བྱ་བའམ། ལྷ་མོ་བཞིའི་སྔགས་བརྗོད་དེ་སློབ་མ་རྡོ་རྗེ་འཛིན་དུ་བཅུག་ལ། སེམས་ཀྱིས་དཀྱིལ་འཁོར་གྱི་ཤར་སྒོ་ནས་ཞུགས་ཏེ། དཀྱིལ་འཁོར་གྱི་གཙོ་བོའི་དྲུང་དུ་བསྡད་པར་བསྒོམ་མོ། །དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་བྱས་པ་ཡིན་ན། དཀྱིལ་འཁོར་གྱི་ཁང་པའི་ནང་དུ་ཁྲིད་དེ་བཅུག་ལ་རང་གི་གྲལ་གང་ཡིན་པ་དེར་བཞག དེ་བཞིན་དུ་རིམ་གྱིས་ཁྲིད་དེ་གཞུག དཀྱིལ་འཁོར་གྱི་ཁང་པ་དེ་ཉིད་ཀྱི་ནང་དུ་བྱས་ཏེ་ཡོལ་བས་བར་དུ་བཅད་པ་ཙམ་ལས་མེད་ན། ཅུང་ཟད་འདུད་པ་ཙམ་རེ་བྱེད་དུ་གཞུག དེ་དག་ནི་དཀྱིལ་འཁོར་ཆེན་པོའི་ཕྱིའི་འཇུག་པའོ། །དེ་ནས་དཀྱིལ་འཁོར་ཆེན་པོའི་ནང་དུ་འཇུག་པའི་དང་པོར་དམ་ལ་གཞག་པ་བཞིས་དམ་ལ་གཞག་པར་བྱ་སྟེ། ཕན་ཡོན་གྱི་སྒོ་ནས་དམ་ལ་གཞག ཉེས་དམིགས་ཀྱི་སྒོ་ནས་དམ་ལ་གཞག གཉིས་ཀའི་སྒོ་ནས་དམ་ལ་གཞག བླ་མའི་བཀའ་གཉན་པའི་སྒོ་ནས་དམ་ལ་གཞག དེ་ལ་དང་པོར་ཕན་ཡོན་གྱི་སྒོ་ནས་དམ་ལ་གཞག་པ་ནི། སློབ་དཔོན་ལངས་ལ་སློབ་མའི་སྤྱི་བོར་རྡོ་རྗེ་བཞག་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱའི། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། བུ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་བརྗོད། སློབ་མ་མང་པོ་ཡོད་ན་དེ་བཞིན་དུ་སློབ་མ་རེ་རེ་ཞིང་བྱ་སྟེ། དེའི་དོན་གོ་བར་བྱའོ། །དེ་ནས་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་གཞག་པ་ནི། སློབ་མའི་སྙིང་གར་རྡོ་རྗེ་བཞག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཧཱུྃ་ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བརྗོད་དོ། །ཡང་རྡོ་རྗེ་སྤྱི་བོར་བཟུང་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན། འདིས་ཁྱོད་ཀྱི་མགོ་བོ་འགས་པར་འགྱུར་རོ། །ཞེས་བརྗོད། མང་པོ་ཡོད་ན་ཀུན་ལ་དེ་བཞིན་དུ་བྱས་ཏེ་དོན་གོ་བར་བྱའོ། །དེ་ནས་གཉིས་ཀའི་སྒོ་ནས་དམ་ལ་གཞག་པ་ནི། ཐོད་པའི་བདུད་རྩིའམ་སྔར་བུམ་པ་ཀུན་གྱི་ཆུ་བསྡུས་པ་རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་བཞག་པ་དེ་བདུད་རྩི་ལྔ་བསྲེས་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋཿཋཿཋཿ ཞེས་བརྗོད་དེ། སློབ་མའི་ཁྱོར་བ་གཡས་པར་བླུགས་ཏེ་འཐུང་དུ་གཞུག་གོ །དེ་བཞིན་དུ་ཀུན་ལ་བྱས་ཏེ་མནའ་ཆུ་བླུད་པའི་ཚིག་གོ །དེ་ནས་བླ་མའི་བཀའ་གཉན་པའི་སྒོ་ནས་དམ་ལ་གཞག་པ་ནི། ཡང་སློབ་མའི་སྤྱི་བོར་རྡོ་རྗེ་བཟུང་སྟེ། དེང་ཕྱིན་ཆད་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བྱ་བ་ཁྱོད་ཀྱིས་བྱ་དགོས་སོ། །ང་ལའང་བརྙས་པར་མ་བྱེད་ཅིག་བྱས་ན་ཡ་ང་བ་མ་སྤང་བར་འཆི་བའི་དུས་བྱས་ནས་ཁྱོད་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཞེས་བརྗོད་དེ། དེའི་དོན་བཤད་པས་གོ་བར་བྱའོ། །དེ་ནས་འཇུག་པའི་དངོས་གཞི་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བའི་ཕྱིར། སློབ་མས་གསོལ་བ་གདབ་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ཤིག དཔལ་ཧེ་རུ་ཀ་བདག་ལ་དབབ་ཏུ་གསོལ། །ཞེས་ལན་གསུམ་བྱའོ། །དེ་ནས་སློབ་དཔོན་གྱིས་སློབ་མ་རྣམས་ལ་བསྒོས་ཏེ། ཁྱེད་དངོས་པོ་གང་ལ་ཡང་སྙིང་པོ་མེད་པར་སོམས་ལ་གང་ཡང་ཡིད་ལ་མ་བཞག་ཅིག རྡོ་རྗེ་སློབ་དཔོན་ལ་དཔལ་རྡོ་རྗེ་སེམས་དཔའ་ཡིན་སྙམ་པའི་འདུ་ཤེས་སྐྱེད་ལ་མོས་གུས་དྲག་པོ་གྱིས་ཤིག ལུས་ཀྱི་སྤྱོད་ལམ་ཡང་ཙོག་པུར་འདུག་ལ་ཕན་ཚུན་གཅིག་ལ་གཅིག་མ་རེག་པར་འདུག་ལ་གང་ལ་ཡང་མ་རེག་པར་སྡོད་ལ་སེམས་ཀྱིས་རང་རེ་ལངས་ནས་ཡོད་པར་བསྒོམས་ལ། རྐང་པ་གཉིས་བགྲད་པའི་འོག་ཏུ་རླུང་གི་དཀྱིལ་འཁོར་གཞུ་བདུངས་པ་ལྟ་བུ་ཁ་དོག་སྔོན་པོ། དེའི་ཆང་ཟུང་ཐུར་དུ་བསྟན་པ་དེའི་མཆོག་མ་གཉིས་ཀྱི་སྟེང་དུ། རྐང་པ་གཉིས་བགྲད་ནས་འདུག་པའི་རླུང་གི་སྟེང་དུ་རྐང་པ་གཉིས་བགྲད་པའི་བར་དེར་མེའི་དཀྱིལ་འཁོར་རབ་ཏུ་འབར་བ། དེའི་དབུས་སུ་ཛྷཻཾ་ཞེས་བྱ་བའི་ཡི་གེ་ལྗང་གུ་བསམ། དེའི་སྙིང་གར་ལྃ་ལས་བྱུང་བའི་སའི་དཀྱིལ་འཁོར་གྲུ་བཞི་པ་ཁ་དོག་སེར་པོ་རྡོ་རྗེ་རྩེ་གསུམ་པ་རྒྱ་གྲམ་གྱིས་མཚན་པའི་ལྟེ་བ་ལ་ཧཱུྃ་བསམ། མགྲིན་པར་ཝྃ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་ལ་ཨ་བསམ། སྤྱི་བོའི་ཐོད་པར་ཡྃ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་དུ་བ་འཁྲིགས་པ་ལྟ་བུའི་དབུས་སུ་ཧས་མཚན་པར་བསམ། དེ་ནས་རྐང་པའི་འོག་ཏུ་རླུང་འགུལ་བས་སུམ་མདོའི་མེ་སྦར་ཏེ། ཛྷཻཾ་མེར་གྱུར་པ་དེ་ལོང་བུའི་རྩ་ནང་དུ་ཡར་ཞུགས་ཏེ་ལྟེ་བའི་གནས་སུ་འདོམ་སྟེ་འབར་བས། དེའི་སྟོབས་ཀྱིས་སྙིང་གའི་ས་ཡང་ཚ་ལམ་གྱིས་བསྲོས། མགྲིན་པའི་ཆུ་ཡང་བསྐོལ་ཏེ། རྐང་པའི་རླུང་གིས་གྱེན་ལ་འདེགས་པར་བསམ། སྤྱི་བོའི་རླུང་གིས་ཐུར་ལ་གནོན་པར་བསམས་ལ། དེའི་དུས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་བྱོན་ཏེ་ཁ་བ་ཆེན་པོ་བབ་པ་བཞིན། བ་སྤུའི་བུ་ག་ནས་རང་གི་ལུས་ལ་སིབ་སིབ་ཞུགས་པར་སོམས་ཤིག ཅེས་བསྒོས་ལ་སློབ་མས་ཀྱང་དེ་ལྟར་བསྒོམ། སློབ་དཔོན་གྱིས་ཀྱང་སློབ་མ་རེ་རེ་ནས། ཧཱུྃ་ཨ་ཧ་ཛྷཻཾ་ཞེས་བརྗོད་ཅིང༌། སློབ་མ་རེ་རེ་ནས་སྔར་བཤད་པ་བཞིན་ཡང་དང་ཡང་གསལ་གདབ་ལ། བྱི་ལའི་བྲུན་དང༌། འདོམ་དཀྲིས་ཟླ་མཚན་དང་ལྡན་པ་དང༌། གུ་གུལ་བསྲེས་པས་བྱ། དེ་མེད་ན་གུ་གུལ་གྱི་དུད་པས་བདུག་ཅིང་རྡོ་རྗེ་དྲིལ་བུ་གསོར་ཞིང་དཀྲོལ་ཏེ། ཨོཾ་ཏིཥྛ་བཛྲ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་སྟྭམྦྷ་ཡ་ར་ར་ར་ར། ཙ་ལ་ཡ་ཙ་ལ་ཡ་ཧཱུྃ་ཨ་ཧ་ཛྷཻཾ། ཞེས་བརྗོད་ཅིང་དམིགས་པ་ལ་སེམས་མ་ཡེངས་པར་བྱས་ན་འབབ་པར་འགྱུར་རོ། །དེ་ལྟར་སྔགས་བདུན་ནམ་ཉེར་གཅིག་གི་བར་དུ་བཟླས་པས་མ་ཕེབས་ན་དམིགས་པ་མ་གསལ་བའི་དབང་ཡིན་པས། སྔ་མའི་དམིགས་པ་རྣམས་བསྐྱར་ཏེ་བསླབས་ལ་དེ་བཞིན་དུ་བཟླས་ཏེ་དབབ། དེས་ཀྱང་མ་ཕེབས་ན་དེ་བཞིན་དུ་སྔགས་བརྒྱ་རྩ་བརྒྱད་སོང་གི་བར་དུ་བསྐྱར་ཞིང་བྱ། དེས་མ་ཕེབས་པར་གྱུར་ན་བླ་མ་ལ་མ་གུས་པའམ། བགེགས་ཀྱིས་བརླབས་པ་ཅིག་ཡིན་པས། སློབ་མའི་སྤྱི་བོར་བླ་མ་མཉམ་པར་གཞག་པའི་ཕྱག་རྒྱ་དང་སྐྱིལ་ཀྲུང་གིས་བཞུགས་པར་བསྒོམས་ལ། མོས་གུས་དྲག་ཏུ་གྱིས་ཤིག་ཅེས་བསྒོས་ལ་རྩ་བའི་སྔགས་དྲག་ཏུ་ཉི་ཤུ་རྩ་གཅིག་གི་བར་དུ་བཟླས་པས་འབབ་པར་འགྱུར་རོ། །དེ་ལ་སྐུ་བབ་པ་ནི་འཕར་གཡོ་འབྱུང༌། གསུང་བབ་པ་ནི་སྔགས་ལ་སོགས་པ་སྨྲ་བར་འགྱུར་རོ། །ཐུགས་བབ་པ་ནི་ཏིང་ངེ་འཛིན་དུ་འགྱུར་རོ། །གསུང་བབ་པ་ལ་པྲ་རྟོག་པར་འདོད་ན་ལྕེ་ལ་ཨཱཿདམར་པོ་བསམས་ཏེ། རྡོ་རྗེ་དགེ་བ་དང་མི་དགེ་བ་གསུངས་ཤིག ཅེས་དྲི་བ་བྱས་ན་སྨྲ་བའོ། །དེ་ལྟར་སྐུ་གསུང་ཐུགས་གང་བབ་པ་དེ་བརྟན་པའི་ཕྱིར། ཨོཾ་ཏིཥྛཱ་བཛྲ། ཞེས་བརྗོད་ཅིང་སློབ་མའི་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་གཞག་གོ །དེ་དག་གིས་ཀྱང་འཕར་གཡོ་ལ་སོགས་པ་ཞི་བར་མ་ནུས་ན། གང་སྣང་བ་ཐམས་ཅད་རང་གི་སེམས་སུ་ཤེས་པར་གྱིས་ཤིག་ཅེས་བརྗོད་ལ་དམིགས་པ་གཏོད་དུ་གཞུག་གོ །ཡེ་ཤེས་དབབ་པའི་ཆོ་ག་སྟེ་ནང་དུ་གཞུག་པའི་ཆོ་གའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་དྲིལ་བུ་གསིལ་ཞིང་དཀྱིལ་འཁོར་ལ་གསོལ་བ་གདབ་པར་བྱའོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དང༌། །བསོད་ནམས་རིམ་པའང་དེ་བཞིན་ཤོག །རིགས་ནི་གང་གི་སྣོད་དུ་གྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ཅེས་ལན་གསུམ་གྱིས་གསོལ་བ་གདབ་ལ། སློབ་མ་དཀྱིལ་འཁོར་གྱི་ཤར་སྒོའི་དྲུང་དུ་ཁྲིད་དེ། དེར་ལངས་ལ་མགོ་ཅུང་ཟད་གུག་པར་བྱས་ཏེ་མིག་ལམ་ན་ཁྲུ་གང་ཚུན་ཆད་ཀྱི་མདོག་དྲི་བར་བྱའོ། །དེས་དཀར་པོ་ལ་སོགས་པ་གང་མཐོང་བ་དེ་སྨྲ་བར་བྱའོ། །དཀར་པོ་མཐོང་ན་ཁྱོད་ཀྱིས་ཞི་བའི་ལས་འགྲུབ་བོ། །ཞེས་བརྗོད་པར་བྱའོ། །སེར་པོ་མཐོང་ན་རྒྱས་པའི་ལས་འགྲུབ་བོ། །དམར་པོ་མཐོང་ན་དབང་གི་ལས་འགྲུབ་བོ། །ནག་པོ་འམ་སྔོན་པོ་མཐོང་ན་མངོན་སྤྱོད་ཀྱི་ལས་འགྲུབ་བོ། །སྣ་ཚོགས་སུ་མཐོང་ན་ཕྲིན་ལས་སྣ་ཚོགས་སུ་འགྲུབ་བོ། །ཞེས་བརྗོད་པར་བྱའོ། །དེ་ནས་སློབ་དཔོན་གྱིས་དྲིལ་བུ་གསིལ་ཞིང༌། ཞེ་སྡང་རྡོ་རྗེར་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེར་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེ་བདག་ལ་གསོལ། །འདོད་ཆགས་རྡོ་རྗེས་བདག་ལ་སྐྱོབས། །ཡིད་དང་ཕྲག་དོག་ཆེན་པོ་དང༌། །རྡོ་རྗེ་ཀུན་གྱི་དམ་ཚིག་མཆོག །ལས་རྣམས་ཐམས་ཅད་སྒྲུབ་བྱེད་པ། །རྡོ་རྗེ་ཅན་ཀུན་བདག་དགེས་མཛོད། །ཅེས་བརྗོད་དོ། །དེ་ལྟར་ནམ་མཁའི་ཁ་དོག་བརྟགས་ལ། སྔར་གྱི་མེ་ཏོག་གི་ཕྲེང་བ་སློབ་མའི་ཐལ་མོའི་དབུས་སུ་འཛིན་དུ་བཅུག་ལ་ཐལ་མོ་སྦྱར་བ་བརྐྱང་དུ་བཅུག་སྟེ། །འདི་སྐད་ཅེས་བསྒོ་སྟེ། འདི་ན་དཀྱིལ་འཁོར་གྱི་འཁོར་ལོ་ལྷ་དགུ་བཞུགས་ཏེ། འདི་རྣམས་ལ་བཟང་ངན་གྱི་ཁྱད་པར་གྱུར་པ་གང་ཡང་མེད་དེ། སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་དག་པ་ཅིག་གི་སྣང་བ་ཡིན་ནོ། །དེ་བས་ན་རང་གི་ལས་བསགས་པའི་ལྷ་གཅིག་དང་འཕྲད་པར་འགྱུར་བ་ཡིན་པས། ཨོཾ་པྲ་ཏཱིཙྪ་བཛྲ་ཧོ། ཞེས་བརྗོད་པས་ལྟོས་པ་མེད་པར་མེ་ཏོག་གི་ཕྲེང་བ་དོར་ཅིག ཅེས་བརྗོད་ལ་སློབ་མས་ཀྱང་སྔགས་དེ་བརྗོད་ལ་དོར་བར་བྱའོ། །དེ་ལ་ལྷ་གང་ལ་བབ་པ་དེའི་རིགས་སུ་ཤེས་པར་བྱའོ། །གཉིས་ཀྱི་བར་དུ་ལྷུང་ན་གང་ལ་ཉེ་བ་དེའི་རིགས་སུ་ཤེས་པར་བྱའོ། །ཉེ་རིང་མེད་ན་བསྐྱར་ཏེ་དོར་དུ་བཅུག་ལ། པཉྩ་རེ་ཁ་སྟེ་རྩིག་པའི་ཕྱི་རོལ་དུ་ལྷུང་ན་ཡང་བསྐྱར་ཏེ་དོར་དུ་བཅུག་ལ། མེ་ཏོག་ཕྲེང་བ་དེ་བླངས་ཏེ་སློབ་མའི་སྤྱི་བོའམ་རྣ་ལྟག་གཡས་པར་བཞག་ལ། ཨོཾ་པྲ་ཏི་གྲྀཧྞ་སྟྭ་མི་མཾ་སཏྭ་མ་ཧཱ་བ་ལ། ཞེས་བརྗོད་ལ་སླར་ཡང༌། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་གྱུར་པ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པ་ཤྱ། ཞེས་བརྗོད་ལ་གདོང་གཡོགས་བཀྲོལ་ལ། ཡང་འདི་སྐད་དུ། ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །མེ་ཏོག་གང་དུ་ལྷུང་གྱུར་པ། །དེ་ནི་ཁྱོད་ཀྱི་ཧེ་རུ་ཀ །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། །ཁྱོད་ཀྱང་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །དམ་ཚིག་ཐམས་ཅད་བསྐྱང་བ་དང༌། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །ཞེས་བརྗོད་ལ་དཀྱིལ་འཁོར་བལྟར་བཅུག་ལ། དབུས་ཀྱི་གཙོ་བོའམ་ཤར་ཕྱོགས་ཀྱི་ལྷ་མོ་གཽ་རཱི་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་པ་གྲི་གུག་དང་རོ་ཧི་ཏའི་ཉ་བཟུང་བ་ལ་མེ་ཏོག་ཕོག་པ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །དེ་བཞིན་དུ་སློབ་མ་རྣམས་རིམ་གྱིས་བཅུག་ལ། བླ་མའི་ཞབས་ལ་ཕྱག་བྱས་ཏེ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཨོཾ་རྡོ་རྗེ་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་ཞུགས་སོ། །ཨོཾ་རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་བདག་གིས་དེ་རིང་མཐོང༌། །ཨོཾ་གསང་བའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་དབང་བསྐུར། །ས་མ་ཡ་ཧོཿཞེས་བརྗོད་ལ་དཀྱིལ་འཁོར་བསྟན་ཏེ། དེའང་གཙོ་བོ་ནས་མཐའི་བར་དུ་བསྟན་ཀྱང་རུང་མོད་ཀྱི། གཙོར་མཐའ་ནས་སྟོན་པས་དེ་ནས་དཀྱིལ་འཁོར་གྱི་མིང་བརྗོད་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་བསྟན་ཏེ། དེའང་དཀྱིལ་འཁོར་གྱི་མཐའ་སྐོར་དུ་རྡོ་རྗེའི་རྭ་བ་དང་མེ་རིས་བསྐོར་བ་གནས་སོ། །དེའི་ནང་དུ་དུར་ཁྲོད་ཆེན་པོ་བརྒྱད་གནས་ཏེ། ཤར་ཕྱོགས་ན་འཇིགས་སྡེའི་དུར་ཁྲོད་ཅེས་བྱ་བ་ན་ལྷའི་དབང་པོ་བརྒྱ་བྱིན་འཁོར་དང་བཅས་པ་གནས། དེ་ན་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་མཐའ་ཡས་ཞེས་བྱ་བ། ཤི་རི་ཤའི་ཤིང་ལ་ཞིང་སྐྱོང་བ་ཨ་ཊ་ཧ་ས་ཞེས་བྱ་བ་དང༌། ཆར་སྤྲིན་གརྫཛ་ན་ཞེས་བྱ་བ་གནས། དེ་བཞིན་དུར་ཁྲོད་བདུན་པོའང་བཤད་ལ། དེ་ལྟ་བུའི་དུར་ཁྲོད་ཆེན་པོ་བརྒྱད་ན། ཕྱོགས་སྐྱོང་བ་དང༌། ཀླུ་དང༌། ཤིང་དང༌། ཤིང་གི་ལྷ་དང༌། ཆར་སྤྲིན་དང༌། མཆོད་རྟེན་དང༌། ཆུ་དང༌། མེ་དང༌། རྣལ་འབྱོར་པ་དང༌། རོ་དང༌། འདྲེ་དང༌། མཁའ་འགྲོ་མ་དང༌། འབྱུང་པོའི་ཚོགས་དུ་མས་གང་བ། ཅེ་སྤྱང་ལ་སོགས་པ་སྒྲ་རབ་ཏུ་སྒྲོགས་པ་འཇིགས་སུ་རུང་བས་གང་བ་བཞུགས་སོ། །དེའི་དབུས་ན་སྣ་ཚོགས་རྡོ་རྗེའི་དབུས་ཀྱི་ལྟེ་བ་ལ་ཐར་པ་ཆེན་པོའི་གྲོང་ཁྱེར་ཞེས་བྱ་བ་གནས་ཏེ། གྲུ་བཞི་པ། སྒོ་བཞི་པ། སྒོ་བཞིའི་སྟེང་ན་རྟ་བབས་ཀྱིས་མཛེས་པར་བྱས་པ། དཀྱིལ་འཁོར་གྱི་ཕྱི་རོལ་འདོད་ཡོན་གྱི་ས་སྟེགས་ལ་འདོད་ཡོན་གྱི་ལྷ་མོ་གར་བྱེད་པས་མཛེས་པར་བྱས་པའོ། །དེའི་ནང་དུ་དང་པོ་དཀར་པོའི་རྩིག་པ། དེའི་ནང་སེར་པོ། དེའི་ནང་དམར་པོ། དེའི་ནང་ལྗང་གུ། དེའི་ནང་ནག་པོའི་རྩིག་པ་སྟེ། ལྔ་སྦྲགས་སུ་བརྩིགས་ནས། ལོགས་བཞིར་སྒོ་བཞི་བཏོད་པས་མཛེས་པར་བྱས་པ། རྩིག་པའི་སྟེང་ན་རིན་པོ་ཆེའི་ཕ་གུ་ལ་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། དེའི་སྟེང་ན་རྡོ་ཀྲ་མ་ཤཱིརྵའི་མདའ་ཡབ་ཡོད་པ། མདའ་ཡབ་དང་རྟ་བབས་རྣམས་ལ་རྒྱལ་མཚན་དང༌། བ་དན་དང༌། རླུང་གིས་བསྐྱོད་པའི་དྲིལ་བུ་དང༌། རྔ་མ་དཀར་པོ་ལ་སོགས་པས་བརྒྱན་པ་བྱས་ལ། གཞལ་ཡས་ཁང་གི་སྟེང་གཙང་ཁང་ཕྱུར་བུར་ཡོད་པའི་རྩེ་མོ་ལ་རྡོ་རྗེ་དང་ནོར་བུ་རིན་པོ་ཆེས་སྤྲས་པ་བཞུགས་སོ། །དེའི་ནང་ན་བཅོམ་ལྡན་འདས་ལྷ་དགུའི་དཀྱིལ་འཁོར་བཞུགས་ཏེ། ཤར་ཕྱོགས་ཀྱི་སྒོ་ཁང་ན་ལྷ་མོ་གཽ་རཱི་ཞེས་བྱ་བ་སྐུ་མདོག་ནག་མོ་གྲི་གུག་དང་རོ་ཧི་ཏའི་ཉ་བཟུང་བ། གདན་ཚངས་བའི་སྟེང་ན་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བསྐལ་བའི་མེ་འབར་བའི་དབུས་ན་བཞུགས་པའོ། །དེ་བཞིན་དུ་ལྷོའི་ལྷ་མོ་ཙཽ་རཱི་ལ་སོགས་པ་དང༌། གཡུང་མོའི་བར་དུ་སྐུ་མདོག་ཕྱག་མཚན་ལ་སོགས་པ་རྒྱས་པར་བཤད་ལ། མཐར་དབུས་ཀྱི་བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་འདི་ལྟར་བཞུགས་ཞེས་བྱ་བའི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་སྒྲུབ་ཐབས་ལས་འབྱུང་བ་བཞིན་བསྟན་པར་བྱས་ཏེ། འདི་དག་ནི་མིང་བརྗོད་པ་ཙམ་ཡིན་གྱི། དེ་ཁོ་ན་ཉིད་སྐབས་འདིར་བཤད་པར་མི་བྱ་སྟེ་དབང་བསྐུར་བ་མ་བྱས་པའི་ཕྱིར་རོ། །དེ་སྐད་དུའང༌། དབང་བསྐུར་ནས་ནི་དེ་ཉིད་བསྟན། །གཞན་དུ་ན་ནི་དེ་ཉིད་དག །ཤིན་ཏུ་རིང་བར་འགྱུར་རོ་ཞེས། །རྡོ་རྗེ་འཛིན་པ་ཉིད་ཀྱིས་གསུངས། །ཞེས་བཤད་པས་སློབ་དཔོན་གྱིས་དབང་བསྐུར་བའི་རྗེས་ལ་བཤད་པར་བྱའོ། །དེ་ལྟར་དཀྱིལ་འཁོར་གྱི་མིང་བརྗོད་པ་ཙམ་གྱིས་བསྟན་ལ། སློབ་མ་རྣམས་ཀྱིས་དཀྱིལ་འཁོར་ལ་ཕྱག་འཚལ་དུ་གཞུག དེ་དག་གིས་དཀྱིལ་འཁོར་དུ་གཞུག་པའི་ཆོ་གའོ། །དེ་ནས་དབང་བསྐུར་བར་བྱ་བའི་ཕྱིར། སློབ་མ་རྣམས་ཀྱིས་མཎྜལ་ཕུལ། དབང་བསྐུར་བར་བྱ་བའི་ཕྱིར་ཅི་ཙམ་འབྱོར་པའི་ཡོན་ཕུལ་ལ་གསོལ་བ་གདབ་པར་བྱ་སྟེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་ལན་གསུམ་གསོལ་བ་གདབ་པར་བྱའོ། །དེ་ལྟར་གསོལ་བ་གདབ་པ་དང༌། དང་པོ་སློབ་མ་དབང་སྟེགས་སུ་བཞག་ལ་ཤིས་པའི་ཆོ་ག་བྱ། དེ་ནས་དབང་བསྐུར་བར་བྱའོ། །དེ་ལ་དབང་སྟེགས་ནི་དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་སུ་ཁྲུ་དོ་ཙམ་གྱི་སར་བྱེད་དོ། །དེའང་རྒྱས་པར་བྱེད་ན་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཡིན་ལ་རྩ་བའི་དཀྱིལ་འཁོར་ཇི་ལྟར་བྲིས་པ་བཞིན་ཉིན་མོ་ཉིད་དུ་བྲི་བར་བྱའོ། །མདོར་བསྡུས་པ་ནི། གསང་བ་སྤྱི་རྒྱུད་ལས། དབང་བསྐུར་དོན་དུ་དཀྱིལ་འཁོར་ནི། །ཕྱེ་མ་དཀར་པོས་བྲི་བར་བྱ། །ཞེས་འབྱུང་བས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ། ཁྲུ་དོ་ཙམ་གྱི་སར་ལེགས་པར་བྱུགས་ལ། ས་ཚོན་དཀར་པོས་པདྨ་འདབ་བརྒྱད་བྱ། ཕྱི་གྲུ་བཞི་པ། སྒོ་བཞི་པ། འདོད་ཡོན་དང༌། ཕ་གུ་དང༌། དྲྭ་བ་དྲྭ་ཕྱེད་དང་མདའ་ཡབ་ལ་སོགས་པ་ཐམས་ཅད་ཀྱི་མཚན་མ་ཚང་བ་གཅིག་བྲིས་ལ། དེའི་སྟེང་དུ་རས་སམ་དར་རམ་སྣམ་བུ་གཙང་མ་བཏིང་ལ། དེར་སློབ་མ་མེ་ཏོག་ཕྲེང་བ་ཕོག་པའི་ལྷའི་རྣམ་པར་བསམས་ལ་བདག་ལ་ཁ་བསྟན་ཏེ་བཞག་གོ །དེ་ནས་སློབ་མའི་གཡས་བདག་གི་གཡོན་ནས་ཞབས་བཀྲུ་བའི་ཆུ་དྲི་ཞིམ་པོ་དང༌། ཞལ་བཀྲུ་བའི་ཆུ་འོ་མ་དང་མངར་དང་སྦྱར་བ་དང༌། བསང་གཏོར་གྱི་ཆུ་གཙང་མ་དང༌། མཆོད་ཡོན་གྱི་ཆུ་གཙང་མ་ལ་མེ་ཏོག་དཀར་པོ་སྦྱར་བ་སྟེ་ཆུ་བཞི་དང༌། ཡུངས་ཀར་དང༌། གཞན་ཡང་ཆུ་གཙང་མ་སྟེ་སྦྱང་བའི་ཡོ་བྱད་གཉིས་ཏེ་དྲུག བདག་གི་གཡོན་ངོས་ནས་བཞག བདག་གི་གཡས་སློབ་མའི་གཡོན་ངོས་ནས་སརྫ་ར་ཛའི་བདུག་སྤོས་ཀྱིས་བདུག མེ་ཏོག་དང༌། སྤོས་དང༌། མར་མེ་དང༌། དྲི་དང༌། ལྷ་བཤོས་དང༌། མཆོད་པའི་ཡོ་བྱད་ལྔ་བཤམ། མདུན་དུ་བཟེད་ཞལ་གྱི་སྣོད་གཉིས་དང༌། མེས་བཀང་བའི་ཁམ་ཕོར་བཞག་གོ །སྟེང་དུ་བླ་རེ་བྲེ་བ་དང༌། གཡས་སུ་གདུགས་དཀར་པོ་དང༌། གཡོན་དུ་རྒྱལ་མཚན་བསྒྲེང་བ་དང༌། དུང་ལ་ལ་སོགས་པ་མཆོད་པའི་ཡོ་བྱད་གཞན་རྣམས་ཀྱང་ཇི་ལྟར་འཚམ་པའི་གནས་སུ་སྟ་གོན་བྱས་ལ་གཞག་གོ །དེ་ནས་སྦྱངས་ཤིང་ཤིས་པར་བྱ་བའི་ཆོ་ག་དངོས་ནི། དང་པོ་སློབ་མ་རབ་ཏུ་གནས་པའི་ཆོ་ག་བཞིན་པའི་རྣམ་པ་ལྔ་དང༌། དྲི་ལྔ་དང༌། མར་ཁུ་དང༌། ཤུན་པ་ལྔ་ལ་སོགས་པས་སློབ་མ་ཁྲུས་བྱ། ཁྲུས་མ་གྲུབ་ནའང་འགལ་བ་མེད་དེ། སློབ་མ་ཁྲིའི་སྟེང་དུ་བཞག་ལ། སློབ་མ་མེ་ཏོག་ཕོག་པའི་ལྷར་བསྐྱེད། གོ་རིམ་བཞིན་དུ་དང་པོར། ཨོཾ་ནི་རི་ཧཱུྃ་ཁྃ་ཞེས་པས་ཞབས་བཀྲུ། ཨོཾ་བཛྲ་ནི་ཝི་ཏི་ཧཱུྃ་ཞེས་པས་ཞལ་བསིལ་གྱིས་ཞལ་བསིལ་ཏེ་བཟེད་ཞལ་དུའོ། །ཀུ་ཤའི་ཆུན་པོས། ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ་ཞེས་པས་ལུས་ཐམས་ཅད་ལ་གཏོར། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་ཞེས་མཆོད་ཡོན་ཕྱག་ཏུ་གཏད། དེ་ནས་ཁུ་ཚུར་གཉིས་ཀྱིས་ཡུངས་ཀར་བླངས་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་བཛྲ་སཏཱ་སྱ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཞེས་བྱ་བས་ལག་པ་གཡས་ཀྱིས་སློབ་མའི་གཡས་ནས་བསྐོར། གཡོན་གྱིས་གཡོན་ནས་བསྐོར་ལ་ཁམ་ཕོར་གྱི་མེར་བླུག དེ་བཞིན་དུ་ཁུ་ཚུར་གཉིས་ཀྱིས་ཆུ་བླངས་ལ། ཨོཾ་ཧཱུྃ་ཌ་ཌི་ཏ་ཕཊ། ཅེས་བརྗོད་ཅིང་བསྐོར་ལ་གཡོན་གྱིས་མེར་བླུག་པར་བྱའོ། །དེ་ནས་མེ་ཏོག་དཀར་པོ་གཅིག་སྤྱི་བོར་བཞག་སྟེ། ཆེ་གེ་མོ་ཞེས་བྱ་བའི་བྱུར་དང་སྐལ་བ་ངན་པ་དང༌། བཀྲ་མི་ཤིས་པ་ཐམས་ཅད་ཞི་བར་གྱུར་ཅིག་ཅེས་བརྗོད་པར་བྱའོ། །དེ་ལྟར་སློབ་མ་རྣམས་ལ་ཤིས་པ་བརྗོད་པ་དང་ཞབས་བསིལ་ལ་སོགས་པ་དེ་དག་ཁང་པའི་ཕྱི་རོལ་དུ་ཕྱུང་ལ་མེ་ཆུའི་ནང་དུ་བླུགས་ལ་བསྐྱུར་རོ། །མཆོད་པ་ལ་སོགས་པ་རྣམས་ཀྱང་བསལ་ཏེ་ལེགས་པར་བྱས་ལ་དབང་སྟེགས་ནི་མི་བཤིག་པར་དེ་བཞིན་དུ་བཞག་གོ །དེ་ནས་སློབ་མ་རང་གི་སྟན་ལ་འཁོད་པ་ལ་བཀྲ་ཤིས་ཀྱི་གླུ་བླང་བར་བྱ། སྒྲུབ་གཡོག་དང་བཅས་པས་ལས་ཐམས་ཅད་པའི་བུམ་པ་ལག་པར་བཟུང་ལ། དྲིལ་བུ་གསིལ་ཞིང་དབྱངས་དང་བཅས་པས། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་འདབ་མ་རྒྱས་པའི་སྤྱན་མངའ་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་དུ་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པ་ཡིན། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །གཞན་ཡང་མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་ལ་སོགས་པ་ཇི་ལྟར་འདོད་པའི་བཀྲ་ཤིས་ཀྱི་གླུ་བླང་བར་བྱའོ། །དབང་བསྐུར་བའི་ཆོ་ག་དངོས་ལ་གཉིས་ཏེ། སློབ་མ་ལ་བྱ་བ་ཐུན་མོང་གི་དབང་བསྐུར་བའི་ཆོ་ག་དང༌། ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་ལ་སོགས་པ་བཞིན་བསྐུར་བའི་ཆོ་གའོ། །དང་པོ་ལ་གཉིས་ཏེ། རང་གི་ལྷག་པའི་ལྷའི་རྟེན་ལ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་རིག་པའི་དབང་ལྔ་བསྐུར་བ་དང༌། རྡོ་རྗེ་འཆང་ཆེན་པོའི་རྟེན་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའོ། །དང་པོ་ནི་ཆུ་ལ་སོགས་པ་རེ་རེ་ལའང་འཁོར་གསུམ་ཡོངས་སུ་དག་པ་བཞིས་དབང་བསྐུར་ཏེ། མཆོད་པ་བྱས་ནས་དོན་ལྔའི་རྟོགས་པ་བསྐྱེད་པ་ཡིན་ནོ། །དེ་ལ་འཁོར་གསུམ་ཡོངས་སུ་དག་པའི་མངོན་པར་རྟོགས་པ་ནི་འདི་ཡིན་ཏེ། ཆུའི་དབང་བསྐུར་བའི་དུས་སུ་རྣམ་པར་རྒྱལ་བའི་བུམ་པར་བུམ་པ་ཀུན་གྱི་ཆུ་བསྡུས་ལ་མཎྜལ་ལ་སོགས་པའི་སྟེང་དུ་བཞག་སྟེ། བདག་དང་སློབ་མ་དབང་རྫས་གསུམ་ཀ་སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས་མི་བསྐྱོད་པ་དགེས་པའི་རྡོ་རྗེ་ཞལ་བརྒྱད་པ། ཕྱག་བཅུ་དྲུག་པ། ཞབས་བཞི་པ། སྐུ་མདོག་སྔོན་པོ། ཡུམ་མཱ་མ་ཀཱིས་འཁྱུད་པ་སྐུ་མདོག་དང་ཕྱག་མཚན་དང་གདན་ལ་སོགས་པ་སྒྲུབ་ཐབས་བཞིན་བསྐྱེད་པའམ། བསྡུས་པར་བྱེད་ན་གཡས་བརྒྱད་རྡོ་རྗེ། གཡོན་བརྒྱད་དྲིལ་བུ་འཛིན་པའོ། །ཡུམ་གྲི་གུག་དང་ཐོད་པ་འཛིན་པ་གང་ཡང་རུང་སྟེ་འདིར་གཙོ་བོར་མཛད་དོ། །དེའང་སློབ་མ་སྐད་ཅིག་ཙམ་གྱིས་བསྒོམ་དུ་གཞུག དམ་ཚིག་སེམས་དཔའ་བསྐྱེད་པ་སྟེ་དེ་ནི་ཡན་ལག་དང་པོ་བསྙེན་པའི་ཡན་ལག་གོ །སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ་གཉིས་པ་ཉེ་བར་སྒྲུབ་པའི་ཡན་ལག་གོ །དེ་ནས་སྙིང་གའི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ཏེ། གཽ་རཱི་ལ་སོགས་པའི་ལྷ་མོ་བཞིས་དགུག་གཞུག་བཅིང་དབང་དུ་བྱ་སྟེ་ཡན་ལག་གསུམ་པ་བསྒྲུབ་པའོ། །སྒྲུབ་པ་ཆེན་པོ་ནི། ཡང་སྙིང་གའི་ས་བོན་གྱི་འོད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ཏེ། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་བརྗོད་ནས་དབང་བསྐུར་བར་གསོལ་བ་གདབ་པས། དེ་བཞིན་གཤེགས་པ་དེ་དག་ཧེ་རུ་ཀའི་གཟུགས་སུ་གྱུར་ནས་བདག་དང་བུམ་པའི་ལྷ་གཉིས་ལ་དབང་བསྐུར་ནས། དེས་ལུས་ཐམས་ཅད་ཁེངས་ཏེ། ཆུ་ལུད་པ་ལས་སྤྱི་བོར་མི་བསྐྱོད་པ་དེ་བཞིན་གཤེགས་པས་དབུར་བརྒྱན་པར་བསམ། དེ་ནས་བུམ་པའི་ནང་གི་མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ཞུགས་པས་འོད་དུ་ཞུ་སྟེ་ཆུར་གྱུར་པར་བསམ་མོ། །སློབ་དཔོན་དང་དབང་རྫས་ཀྱི་ཡན་ལག་བཞི་པའོ། །སློབ་མའི་ཡན་ལག་བཞི་བྱ་བའི་ཕྱིར་དབང་སྐུར་གྱི་ལྷ་རྣམས་ལ། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱི། །ཁྱེད་ཀྱིས་འདི་ལ་དབང་སྐུར་ཅིག །ཅེས་སློབ་དཔོན་དང་སློབ་མ་གཉིས་ཀས་གསོལ་བ་གདབ་པ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རིན་པོ་ཆེ་ལས་བྱས་པའི་བུམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བས་སངས་རྒྱས་རྣམས་ནི་ཞེས་སོགས་གསུངས་ནས་དབང་བསྐུར་བར་བསམ། དངོས་སུ་སློབ་དཔོན་གྱིས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཞེས་བརྗོད་ཅིང་བུམ་པ་བརྒྱད་པོ་ཐམས་ཅད་ཀྱི་ཆུ་བསྡུས་པའམ། རྣམ་པར་རྒྱལ་བའི་བུམ་པར་བླུགས་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བར་བྱའོ། །དེ་ལྟར་དབང་བསྐུར་བ་དང་ཆུས་ལུས་ཐམས་ཅད་གང་ནས་ཆུའི་ལྷག་མ་ཡར་ལུད་པས་སྤྱི་བོར་དེ་བཞིན་གཤེགས་པ་མི་བསྐྱོད་པས་དབུར་བརྒྱན་པར་བསམ་མོ། །ཡན་ལག་བཞི་པའོ། །དེ་ནས་མཆོད་པ་རྣམ་པ་ལྔས་མཆོད་དེ། དེ་བཞིན་གཤེགས་པའི་སྐུར་གནས་པ་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཞེས་བྱ་བ་ལ་སོགས་པའི་མཆོད་པ་ལྔས་མཆོད་པར་བྱའོ། །དེའི་རྗེས་ལ་བཤད་པ་རྣམ་པ་ལྔ་བྱ་བ་ནི་འདི་ཡིན་ཏེ། ཁྱོད་ཀྱིས་དབང་བསྐུར་བ་ལྔ་ལས་ཆུའི་དབང་ཐོབ་བོ། །དེས་ནི་ཉོན་མོངས་ལྔ་ལས་ཞེ་སྡང་གི་དྲི་མ་དག་པར་བྱས། ཕུང་པོ་ལྔ་ལས་རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། ཡེ་ཤེས་ལྔ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་གྱུར། དེ་བཞིན་གཤེགས་པ་ལྔ་ལས་མི་བསྐྱོད་པའི་བག་ཆགས་དང་ས་བོན་རྒྱུན་ལ་བཞག་གོ །ཞེས་རྟོགས་པ་བསྐྱེད་པར་བྱའོ། །དབང་ལས་དང་པོ་ཆུའི་དབང་ངོ༌། །གཉིས་པ་ཅོད་པཎ་གྱི་དབང་བསྐུར་བ་ནི། བདག་དང་སློབ་མ་དང་དབང་རྫས་གསུམ་ཀ་སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཉི་མའི་སྟེང་དུ། ཨཱྃ་ལས་རིན་པོ་ཆེ་ཨཱྃ་གིས་མཚན་པ། དེ་ལས་འོད་སྤྲོས་བསྡུས་གཅིག་ཏུ་གྱུར་པ་ལས་རིན་ཆེན་འབྱུང་ལྡན་དགེས་པའི་རྡོ་རྗེ་ཞལ་བརྒྱད། ཕྱག་བཅུ་དྲུག་པ། སྐུ་མདོག་སེར་པོ། ཡུམ་རིན་ཆེན་སྒྲོལ་མས་འཁྱུད་པ་སྒྲུབ་ཐབས་བཞིན་བསྐྱེད་པའམ། ཡང་ན་གཡས་བརྒྱད་ན་རིན་པོ་ཆེ་བརྒྱད། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པར་བསྐྱེད་དེ། ཡན་ལག་དང་པོའོ། །གཉིས་པ་སྐྱེ་མཆེད་བྱིན་གྱིས་བརླབ་པ་དང༌། གསུམ་པ་ཡེ་ཤེས་དགུག་པ་སྔ་མ་དང་འདྲ་བར་བྱའོ། །ཡན་ལག་བཞི་པའང༌། དང་པོར་བདག་དང་དབང་རྫས་ཀྱི་ཡན་ལག་བཞི་བྱ་སྟེ། སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་དབང་བསྐུར་བའི་ལྷ་སྤྱན་དྲངས་ཏེ། གསོལ་བ་གདབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་དང་ཅོད་པཎ་གྱི་ལྷ་ལ་ཅོད་པཎ་བཅིང༌། སྤྱི་བོ་ནས་བུམ་པའི་ཆུས་དབང་བསྐུར་བས། ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་བསམ་མོ། །དེ་ནས་དབང་རྫས་ཅོད་པཎ་གྱི་རིན་འབྱུང་ཡབ་ཡུམ་སྙོམས་པར་ཞུགས་པས་འོད་དུ་ཞུ་སྟེ་ཅོད་པཎ་དུ་གྱུར་པར་བསམ་མོ། །དེ་ནས་སློབ་མའི་ཡན་ལག་བཞི་པ་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ལ་སློབ་དཔོན་དང་སློབ་མ་གཉིས་ཀས་གསོལ་བ་གདབ་པ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མའི་སྤྱི་བོར་ཅོད་པཎ་བཅིང་བར་བསམ། དངོས་སུ་སློབ་དཔོན་གྱིས་ལག་ཏུ་བཟུང་སྟེ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །རིན་ཆེན་དབང་བསྐུར་ཆེན་པོ་སྦྱིན། །ཞེས་གསུངས་ནས་དབང་བསྐུར་བར་བསམ། ཨོཾ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མི། བཛྲ་རཱ་ག་ཏ་བཛྲ་ཤ་ལི་ཧོཿ ཞེས་བརྗོད་དེ་སློབ་མའི་མགོ་ལ་བཅིང༌། སྔ་མ་བཞིན་དུ་བུམ་པའི་ཆུས་དབང་བསྐུར་ཏེ་ལུས་ཐམས་ཅད་གང༌། ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་ཡང་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་བསམ་མོ། །དེ་ནས་མཆོད་པ་ལྔས་མཆོད་པར་བྱའོ། །དེ་ནས་བཤད་པ་རྣམ་པ་ལྔ་བྱ་བ་ནི། དབང་བསྐུར་བ་ལྔ་ལས་ཅོད་པཎ་གྱི་དབང་ཐོབ། ཉོན་མོངས་པ་ལྔ་ལས་སེར་སྣའི་དྲི་མ་དག་པར་བྱས། ཕུང་པོ་ལྔ་ལས་ཚོར་བའི་ཕུང་པོ་གནས་གྱུར། ཡེ་ཤེས་ལྔ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་གྱུར། དེ་བཞིན་གཤེགས་པ་ལྔ་ལས་རིན་ཆེན་འབྱུང་ལྡན་གྱི་བག་ཆགས་སམ་ས་བོན་རྒྱུད་ལ་བཞག་གོ །ཞེས་རྟོགས་པ་བསྐྱེད་པར་བྱའོ། །དབང་གཉིས་པའོ། །གསུམ་པ་རྡོ་རྗེའི་དབང་བསྐུར་བ་ལ་ནི། བདག་དང་སློབ་མ་དབང་རྫས་གསུམ་ཀ་སྟོང་པར་བསྒོམ། དེའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཛྲཱིྃ་ལས་པདྨ་ཛྲཱིྃ་གིས་མཚན་པ། དེ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་འོད་དཔག་ཏུ་མེད་པ་དགེས་པའི་རྡོ་རྗེ་ཞལ་བརྒྱད་པ། ཕྱག་བཅུ་དྲུག་པ། སྐུ་མདོག་དམར་པོ། ཡུམ་གོས་དཀར་མོས་འཁྱུད་པ། གཡས་པདྨ་བརྒྱད། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རྒྱས་པར་བྱེད་ན་སྒྲུབ་ཐབས་བཞིན་བསྐྱེད་པར་བྱའོ། །ཡན་ལག་དང་པོའོ། །ཡན་ལག་གཉིས་པ་དང་གསུམ་པ་སྔ་མ་དང་འདྲ་བར་བྱས་ལ། ཡན་ལག་བཞི་པ་བྱ་བའི་ཕྱིར་སྙིང་གའི་ས་བོན་གྱི་འོད་ཀྱིས་དབང་བསྐུར་བའི་ལྷ་སྤྱན་དྲངས་ལ། གསོལ་བ་གདབ་པ་དང་དེ་བཞིན་གཤེགས་པ་དེ་དག་གིས་བདག་ལ་དབང་རྫས་ཀྱི་ལྷའི་ཕྱག་གཡས་པར་རྡོ་རྗེ་རྩེ་དགུ་པ་གཏད། སྤྱི་བོ་ནས་བུམ་པའི་ཆུས་དབང་བསྐུར་བས་ལུས་ཐམས་ཅད་གང༌། ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་འོད་དཔག་མེད་ཀྱིས་མཚན་པར་བསམ་མོ། །དབང་རྫས་ཀྱི་འོད་དཔག་མེད་ཡབ་ཡུམ་སྙོམས་པར་ཞུགས་པས་འོད་དུ་ཞུ་སྟེ་རྡོ་རྗེར་གྱུར་པར་བསམས་ལ། སློབ་མའི་ཡན་ལག་བཞི་པ་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལ་བདག་དང་སློབ་མ་གཉིས་ཀས་གསོལ་བ་བཏབ་པ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱིས་སློབ་མའི་ལག་པ་གཡས་པར་རྡོ་རྗེ་གཏད་པར་བསྒོམ་ཞིང༌། དངོས་སུ་རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་ལག་པ་གཡས་སུ་བཟུང་ལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་དབང་བསྐུར་བྱ། །སངས་རྒྱས་ཀུན་ཏུ་རབ་འགྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོངས། །ཞེས་བརྗོད་ལ་སློབ་མའི་ལག་པ་གཡས་པར་རྡོ་རྗེ་གཏད་ལ། སྔ་མ་བཞིན་དུ་བུམ་པའི་ཆུས་ཀྱང་དབང་བསྐུར་བས་ལུས་ཐམས་ཅད་གང༌། ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམ། དེ་ནས་མཆོད་པ་ལྔས་མཆོད་ལ། དེ་ནས་བཤད་པ་ལྔ་བྱ་སྟེ། དབང་བསྐུར་བ་ལྔ་ལས་རྡོ་རྗེའི་དབང་ཐོབ། ཉོན་མོངས་པ་ལྔ་ལས་འདོད་ཆགས་ཀྱི་དྲི་མ་དག་པར་བྱས། ཕུང་པོ་ལྔ་ལས་འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། ཡེ་ཤེས་ལྔ་ལས་སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་གྱུར། དེ་བཞིན་གཤེགས་པ་ལྔ་ལས་འོད་དཔག་ཏུ་མེད་པའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་གོ །ཞེས་རྟོགས་པ་བསྐྱེད་པར་བྱའོ། །དབང་གསུམ་པའོ། །བཞི་པ་དྲིལ་བུའི་དབང་བསྐུར་བ་ནི། བདག་དང་སློབ་མ་དབང་རྫས་གསུམ་ཀ་མི་དམིགས་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ། ཁྃ་ལས་རལ་གྲི་ཁྃ་གིས་མཚན་པ་སྤྲོས་བསྡུས་གཅིག་ཏུ་གྱུར་པ་ལས། དོན་ཡོད་གྲུབ་པ་དགེས་པའི་རྡོ་རྗེ་ཞལ་བརྒྱད། ཕྱག་བཅུ་དྲུག་པ། སྐུ་མདོག་ལྗང་གུ། ཡུམ་དམ་ཚིག་སྒྲོལ་མས་འཁྱུད་པ། གཡས་བརྒྱད་རལ་གྲི། གཡོན་བརྒྱད་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པའམ། རྒྱས་པར་བྱེད་ན་སྒྲུབ་ཐབས་བཞིན་བསྐྱེད་དེ། ཡན་ལག་དང་པོའོ། །གཉིས་པ་དང་གསུམ་པ་སྔ་མ་དང་འདྲ་བར་བྱས་ལ། ཡན་ལག་བཞི་པ་བྱ་བའི་ཕྱིར་སྙིང་གའི་ས་བོན་གྱི་འོད་ཀྱིས་དབང་བསྐུར་གྱི་ལྷ་ཐམས་ཅད་སྤྱན་དྲངས་ལ། གསོལ་བ་གདབ་པ་དང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ངོ་བོ་དྲིལ་བུ་ལག་པ་གཡོན་པར་གཏད། སྤྱི་བོ་ནས་བུམ་པའི་ཆུས་དབང་བསྐུར་བས་བདེ་བ་ཆེན་པོ་མངོན་དུ་བྱས་ལུས་ཐམས་ཅད་ཁེངས། ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་དོན་ཡོད་གྲུབ་པས་དབུར་བརྒྱན་པར་བསམ་པར་བྱའོ། །དེ་ནས་དྲིལ་བུའི་དོན་ཡོད་གྲུབ་པ་ཡབ་ཡུམ་སྙེམས་པར་ཞུགས་པས་འོད་དུ་ཞུ་སྟེ་དྲིལ་བུར་གྱུར་པར་བསམས་ལ། སློབ་མའི་ཡན་ལག་བཞི་པ་བྱ་བའི་ཕྱིར་བདག་དང་སློབ་མ་གཉིས་ཀས་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་པ་དང་དེ་བཞིན་གཤེགས་པ་རྣམས་ཀྱིས་སློབ་མའི་ལག་པ་གཡོན་པར་དྲིལ་བུ་གཏད་པར་བསམ་ཞིང༌། དངོས་སུ་སློབ་དཔོན་གྱིས་དྲིལ་བུ་བཟུང་སྟེ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མི་ཏིཥྛཱ་བཛྲ་ས་མ་ཡ། ཞེས་བརྗོད་ལ་སློབ་མའི་ལག་པ་གཡོན་པར་གཏད། སྔ་མ་བཞིན་དུ་བུམ་པའི་ཆུས་དབང་བསྐུར་བས་ལུས་ཐམས་ཅད་ཁེངས། ཆུའི་ལྷག་མ་ཡར་ལུད་པ་ལས། སྤྱི་བོར་དོན་ཡོད་གྲུབ་པས་དབུར་བརྒྱན་པར་བསམ་པར་བྱའོ། །དེ་ནས་མཆོད་པ་ལྔས་མཆོད་ལ། བཤད་པ་ལྔ་བྱ་སྟེ། དབང་བསྐུར་བ་ལྔ་ལས་དྲིལ་བུའི་དབང་ཐོབ། དེས་ཉོན་མོངས་པ་ལྔ་ལས་ཕྲག་དོག་དག་པར་བྱས། ཕུང་པོ་ལྔ་ལས་འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། ཡེ་ཤེས་ལྔ་ལས་བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་གྱུར། དེ་བཞིན་གཤེགས་པ་ལྔ་ལས་དོན་ཡོད་གྲུབ་པའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་གོ །ཞེས་རྟོགས་པ་བསྐྱེད་དོ། །དབང་བཞི་པའོ། །ལྔ་པ་མིང་གི་དབང་བསྐུར་བར་བྱ་བའི་ཕྱིར། བདག་དང་སློབ་མ་གཉིས་ཀ་སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ། བྷྲཱུྃ་ལས་འཁོར་ལོ་བྷྲཱུྃ་གྱིས་མཚན་པ། དེ་ལས་འོད་སྤྲོས་བསྡུས་གཅིག་ཏུ་གྱུར་པ་ལས་རྣམ་པར་སྣང་མཛད་དགེས་པའི་རྡོ་རྗེ་སྐུ་མདོག་དཀར་པོ། ཞལ་བརྒྱད། ཕྱག་བཅུ་དྲུག་པ། ཡུམ་སྤྱན་མ་ལ་འཁྱུད་པ། རྒྱས་པ་སྒྲུབ་ཐབས་བཞིན་བསྐྱེད་པའམ། བསྡུས་པ་བྱེད་ན། གཡས་བརྒྱད་འཁོར་ལོ། གཡོན་བརྒྱད་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པར་བསྐྱེད་དེ། འདི་གཙོ་བོར་མཛད་དེ་ཡན་ལག་དང་པོའོ། །མིང་གི་དབང་ལ་དབང་རྫས་མེད། ཡོད་པར་བྱེད་ན་མེ་ཏོག་ཕྲེང་བའམ་རྡོ་རྗེ་གཉིས་ཀས་བྱའོ། །ཡན་ལག་གཉིས་པ་དང་གསུམ་པ་སྔ་མ་དང་འདྲ་བར་བྱས་ལ། ཡན་ལག་བཞི་པ་བྱ་བའི་ཕྱིར་སྙིང་གའི་བྷྲཱུྃ་གྱི་འོད་ཟེར་གྱིས་དབང་བསྐུར་གྱི་ལྷ་སྤྱན་དྲངས་ཏེ། གསོལ་བ་གདབ་པ་དང་དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་མིང་བཏགས། བུམ་ཆུས་དབང་བསྐུར་བས་ལུས་ཐམས་ཅད་ཁེངས། ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་རྣམ་སྣང་གིས་དབུར་བརྒྱན་པར་བསམ་པར་བྱའོ། །དབང་རྫས་ཡོད་པའི་ལུགས་ལའང་སྔ་མ་བཞིན་སྦྱར་བར་བྱའོ། །སློབ་མའི་ཡན་ལག་བཞི་པ་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལ་བདག་དང་སློབ་མ་གཉིས་ཀས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་སློབ་མ་ལ་མེ་ཏོག་ཕོག་པའི་ལྷ་ལས་དྲས་པའི་མིང་འདོགས་པར་བསམ་སྟེ། དངོས་སུ་སློབ་དཔོན་གྱིས་སློབ་མའི་སྤྱི་བོར་རྡོ་རྗེ་དྲིལ་བུ་འཛིན་པའི་ལག་པ་བཞག་ལ། ཨོཾ་བཛྲ་སཏྭ་སྟྭཾ། ཨ་བྷི་ཥིཉྩ་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའོ། །ཞེས་བརྗོད་ལ་དེ་བཞིན་གཤེགས་པ་ལྔ་པོ་དེ་དང་དེའི་མིང་འདོགས། རྡོ་རྗེ་གུར་གྱི་ལེའུ་གསུམ་པ་ལས་འབྱུང་བ་བཞིན་བྱའོ། །དེ་ཡང་མེ་ཏོག་གཙོ་བོ་ལ་ཕོག་ན་མི་བསྐྱོད་པའི་མིང་གདགས། གཽ་རཱི་དང་པུཀྐ་སཱི་ལ་ཕོག་ན་རྣམ་སྣང་གི ཤ་ཝ་རཱི་དང་ཙཽ་རཱི་ལ་ཕོག་ན་རིན་འབྱུང་གི ཙཎྜཱ་ལཱི་དང་བེ་ཏཱ་ལཱི་ལ་ཕོག་ན་འོད་དཔག་ཏུ་མེད་པའི། གཡུང་མོ་དང་གྷསྨ་རཱི་ལ་ཕོག་ན་དོན་ཡོད་གྲུབ་པའི་མིང་གདགས་སོ། །ཁ་ཅིག་ཏུ་དབུ་རྒྱན་ལ་གཽ་རཱི་ལ་མི་བསྐྱོད་པ་ཡོད་པས་གཽ་རཱི་ལ་མི་བསྐྱོད་པའི་མིང་གདགས་སོ། །དེ་བཞིན་དུ་གཞན་ཡང་དེ་དང་འདྲ་ཞེས་ཟེར་བ་ནི་ནོར་རོ། །དཀྱིལ་འཁོར་རེ་རེ་ཡང་དེ་བཞིན་གཤེགས་པ་ལྔ་ལྔ་ཡིན་ལ། དེའི་མིང་ཡང་འདོགས་པར་མངོན་གྱི། སློབ་དཔོན་རྣམས་དང་བླ་མ་གོང་མ་རྣམས་ཀྱང་དེ་བཞིན་མཛད་དོ། །དེས་ན་ལྷ་གང་ཡིན་པའི་དེ་ཉིད་མིང་དུ་འདོགས་ཀྱིས། དབུ་རྒྱན་གྱི་རིགས་ཀྱི་མིང་དུ་མི་འདོགས་སོ། །ཡང་ན་ལྷ་ཐམས་ཅད་ལ་རྡོ་རྗེ་སེམས་དཔའི་མིང་དུ་བཏགས་པས་བཏུབ་བོ། །དེའི་རྡོ་རྗེའི་རིགས་ཀྱི་མིང་རྣམས་རྡོ་རྗེ་གུར་ལས་གསུངས་པ། མི་བསྐྱོད་པའི་རིགས་ཀྱི་མིང་ལ། བཞད་པའི་རྡོ་རྗེ་དང་ནི་སྒེག་པའི་རྡོ་རྗེ་དང༌། །རོལ་པའི་རྡོ་རྗེ་དང་ནི་ཨ་ལ་ལ་ཡི་རྡོ་རྗེ་སྟེ། །ཤིན་ཏུ་དགའ་བའི་རྡོ་རྗེ་མྱུ་གུ་རྡོ་རྗེ་ཞེ་སྡང་རྡོ་རྗེ་དང༌། །ཀྱེ་ཡི་རྡོ་རྗེ་དང་ནི་རྡོ་རྗེ་སེམས་དཔའ་དང༌། །རྣམ་སྣང་ཆེན་པོ་དང་ནི་རང་བྱུང་དང༌། །རྡོ་རྗེ་ཨཱ་ར་ལླི་དང་སྐྱེམ་པའི་ཁྲོ་བོ་དང༌། །རྡོ་རྗེ་བདུད་རྩི་དང་ནི་བདུད་རྩི་ཐབ་སྦྱར་དང༌། །རྡོ་རྗེ་ཁྲོ་བོ་དང་ནི་སྙིང་པོའི་སྟོབས། །དཔལ་ཧེ་རུ་ཀ་ཞེས་བྱ་བ་སྟེ་བཅུ་བདུན་ནོ། །རྣམ་སྣང་གི་རིགས་ཀྱི་མིང་ལ། མཛེས་པའི་རྡོ་རྗེ་དང་ནི་ཡེ་ཤེས་རྡོ་རྗེ་དང༌། །ཕ་རོལ་ཕྱིན་པའི་རྡོ་རྗེ་ཞེས་ནི་བྱ་བ་དང༌། །རྟག་པའི་རྡོ་རྗེ་དང་ནི་གཏི་མུག་རྡོ་རྗེ་དང༌། །རྣམ་པར་སྣང་མཛད་དང་ནི་ཐམས་ཅད་སྐྱོབ། །སྒྱུ་འཕྲུལ་རྡོ་རྗེ་དང་ནི་ཨོཾ་མཛད་རྡོ་རྗེ་དང༌། །སྐུ་ཡི་རྡོ་རྗེ་ས་ཡི་སྙིང་པོ་གཏི་མུག་རྡོ་རྗེ་དང༌། །གཤིན་རྗེ་གཤེད་དང་ཐོ་བའི་དབང་ཕྱུག་དང༌། །དེ་བཞིན་གཤེགས་དང་ཤཱཀྱ་ཐུབ་པ་དང༌། །སངས་རྒྱས་ཞེས་བྱ་བ་སྟེ་དེ་ཡང་བཅུ་བདུན་ནོ། །རིན་ཆེན་འབྱུང་ལྡན་གྱི་རིགས་ཀྱི་མིང་ལ། ཤིན་ཏུ་དགའ་བའི་རྡོ་རྗེ་དང་ནི་ཡན་ལག་མེད། །ཡིད་བཞིན་ནོར་བུ་དང་ནི་མདངས་དགའ་བ་ཡི་རྡོ་རྗེ་དང༌། །ཤིན་ཏུ་བདེ་བ་དགའ་བའི་རྡོ་རྗེ་དང༌། །རྡོ་རྗེ་ཉི་མ་དང་ནི་རིན་ཆེན་བདག །རིན་ཆེན་རྒྱལ་པོ་དང་ནི་རྡོ་རྗེ་གཟི་བརྗིད་རྒྱལ་པོ་ཆེ། །རྡོ་རྗེ་བདུད་ཟིལ་ནོན་སྣང་བྱེད་རྡོ་རྗེ་ཞེས་བྱ་བ་སྟེ་བཅུ་གཉིས་སོ། །འོད་དཔག་མེད་ཀྱི་རིགས་ཀྱི་མིང་ལ། པདྨའི་རྡོ་རྗེ་པདྨའི་མྱུ་གུ་རྡོ་རྗེ་དང༌། །པདྨའི་ལྕགས་ཀྱུ་རྡོ་རྗེ་འདོད་ཆགས་རྡོ་རྗེ་དང༌། །སྤྱན་རས་གཟིགས་ཀྱི་རྡོ་རྗེ་དང༌། །རྟ་མགྲིན་དང་ནི་འཇིག་རྟེན་བདག་པོ་དང༌། །རྡོ་རྗེ་ཆོས་དང་སྤྱན་རས་གཟིགས་དང་ནི། །པདྨ་གར་དབང་དེ་བཞིན་འདོད་ཆགས་རྡོ་རྗེ་དང༌། །འཇིག་རྟེན་མགོན་པོ་རབ་ཏུ་གྲགས་པའོ། །འདིའང་བཅུ་གཉིས་སོ། །དོན་ཡོད་གྲུབ་པའི་རིགས་ཀྱི་མིང་ལ། ནམ་མཁའ་རྡོ་རྗེ་འཇུག་པའི་རྡོ་རྗེ་དང༌། །ཤེས་རབ་མྱུ་གུ་དང་ནི་ཤེས་རབ་རྡོ་རྗེ་དང༌། །སྙིང་རྗེ་མྱུ་གུ་རྡོ་རྗེ་ཞེས་ནི་བྱ་བ་དང༌། །དམ་པའི་རྟ་དང་རྟ་ཡི་རྒྱལ་པོ་དང༌། །བདུན་པའི་རྒྱལ་པོ་དང་ནི་ལྕགས་རྒྱལ་དང༌། །དམ་ཚིག་རྡོ་རྗེ་དང་ནི་རྟ་མཆོག་དང༌། །དོན་ཡོད་དང་ནི་དོན་ཡོད་གྲུབ་པ་དང༌། །ལས་ཀྱི་རྡོ་རྗེ་མགྱོགས་འགྲོར་རབ་ཏུ་གྲགས་པའོ། །མིང་བཅོ་ལྔ་པའོ། །རྡོ་རྗེ་སེམས་དཔའ་དང་ནི་རྡོ་རྗེ་ཅན། །རྣམ་པར་རྒྱལ་བ་དང་ནི་ཕྱག་ན་རྡོ་རྗེ་དང༌། །དཔེ་མེད་རྡོ་རྗེ་རོ་མཉམ་རྡོ་རྗེ་ཤིན་ཏུ་དགའ་བ་དང༌། །དམ་པ་དང་པོ་དང་ནི་བདེ་བ་ཆེན་པོ་སྟེ། །དགུ་པོ་འདིའང་དྲུག་པོ་རྡོ་རྗེ་འཆང་གི་མིང་ཀུན་ལ་སྦྱར་བའམ་ཡང་ན་རྡོ་རྗེ་རིགས་ཀྱི་མིང་ངོ༌། །བུད་མེད་ཀྱི་མིང་ལ། རྡོ་རྗེ་སྙེམས་མ་རྡོ་རྗེ་མཚོན་ཆ་མ། །རྡོ་རྗེ་བདག་མེད་མ་དང་ཨེ་མའོ་བདེ་བ་དང༌། །རྡོ་རྗེ་སྒེག་མོ་དེ་ལྔ་མི་བསྐྱོད་རིགས། །རྡོ་རྗེ་སྤྱན་དང་རྡོ་རྗེ་མཁའ་འགྲོ་མ། །རྡོ་རྗེ་དཀར་མོ་རྡོ་རྗེ་སྒྱུ་མ་དང༌། །དེ་བཞི་ནི་རྣམ་སྣང་གི་རིགས་སོ། །རྡོ་རྗེ་འབར་མ་རྡོ་རྗེ་འཁྲིལ་ཤིང་མ། །རྡོ་རྗེ་མགྱོགས་མ་རྡོ་རྗེ་རོ་ལངས་མ། །རྡོ་རྗེ་ལྕགས་ཀྱུ་རྡོ་རྗེ་ཨ་ཝ་ལི། །དེ་ལྟར་དྲུག་ནི་རིན་པོ་ཆེ་ཡི་རིགས། །རྡོ་རྗེ་ཕྲེང་བ་རྡོ་རྗེ་ལཱ་སྱ་མ། །རྡོ་རྗེ་ཕྲེང་དང་རྡོ་རྗེ་འཁྱུད་མ་དང༌། །རྡོ་རྗེ་ཕྱེ་མ་རྡོ་རྗེ་པདྨ་དང༌། །འདོད་ཆགས་མ་སྟེ་བདུན་ནི་པདྨའི་རིགས། །རྡོ་རྗེ་འབྱུང་མ་རྡོ་རྗེ་ཆེན་མོ་དང༌། །རྡོ་རྗེ་སྒྲོལ་མ་དང་ནི་རྡོ་རྗེ་དོ་ཤལ་མ། །རྡོ་རྗེ་བློ་གྲོས་མ་དང་རྡོ་རྗེ་ཀོངྐ་ན། །རྡོ་རྗེ་ནར་མ་རྡོ་རྗེ་དབུགས་དབྱུང་མ། །རྡོ་རྗེ་རྣམ་པ་མ་སྟེ་དེ་ལྟར་དགུ། །དོན་ཡོད་གྲུབ་པའི་རིགས་ཀྱི་མིང་ཡིན་ཏེ། །དེ་ལྟར་བུད་མེད་ཀྱི་རིགས་ཀྱི་མིང་ནི་ཉི་ཤུ་རྩ་དགུ་ཡོད། དེ་ལྟར་མིང་གི་རྣམ་གྲངས་དེ་དག་ལ། རྡོ་རྗེ་ཞེས་བྱ་བ་མེད་པ་རྣམས་ལ་རྡོ་རྗེ་ཞེས་པའི་མིང་གི་མགོ་དང་པོའམ་མཐའ་རྟེན་དུ་གདགས་པར་བྱའོ། །དེ་ནས་ཡང་བུམ་པའི་ཆུས་དབང་བསྐུར་བས་ལུས་ཐམས་ཅད་ཁེངས་པས་ཆུ་ལྷག་མ་ཡར་ལུད་པས། རྒྱུད་ལ་བདེ་བ་ཆེན་པོ་མངོན་དུ་བྱས་པར་བསམས་ལ། སྤྱི་བོར་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ་པར་བྱའོ། །དེ་ནས་མཆོད་པ་ལྔས་མཆོད་ལ། བཤད་པ་རྣམ་པ་ལྔ་བྱ་སྟེ། ཁྱོད་ཀྱིས་དབང་བསྐུར་བ་ལྔ་ལས་མིང་གི་དབང་ཐོབ་བོ། །ཉོན་མོངས་པ་ལྔ་ལས་གཏི་མུག་གི་དྲི་མ་དག་པར་བྱས་སོ། །ཕུང་པོ་ལྔ་ལས་གཟུགས་ཀྱི་ཕུང་པོ་གནས་གྱུར། ཡེ་ཤེས་ལྔ་ལས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་གྱུར། དེ་བཞིན་གཤེགས་པ་ལྔ་ལས་རྣམ་པར་སྣང་མཛད་ཀྱི་བག་ཆགས་སམ་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་བརྗོད་དོ། །སླར་ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དངོས་ཀུན་གང་དང་གང་སྣང་བ། །གཙོ་དེ་རང་གི་ལྷག་པའི་ལྷ། །ཆོས་རྣམས་རང་བཞིན་རྙོག་མེད་དག །སངས་རྒྱས་ཡེ་ཤེས་བལྟ་བར་བྱ། །ཞེས་བྱ་སྟེ། དོན་ནི་འདི་ཡིན་ཏེ། དངོས་ཀུན་གང་དང་གང་སྣང་བ། །ཞེས་བྱ་བ་ནི། ཕུང་པོ་ལྔ་དང་ཉོན་མོངས་པ་ལྔ་རྣམས་སོ། །གཙོ་དེ་རང་གི་ལྷག་པའི་ལྷ། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་རིགས་ལྔར་ངོ་ཤེས་པར་བྱའོ། །གང་ཕྱིར་ཆོས་རྣམས་རྙོག་མེད་པ། །ཞེས་བྱ་བ་ནི། ཕུང་པོ་ལྔ་ལ་སོགས་པ་ཏ་ཐཱ་ག་ཏའི་ངོ་བོ་ཉིད་ཀྱིས་རྣམ་པར་དག་གོ་ཞེས་བྱ་བའོ། །སངས་རྒྱས་ཡེ་ཤེས་བལྟ་བར་བྱ། །ཞེས་བྱ་བ་ནི། རང་བཞིན་གྱིས་དག་ཀྱང་གློ་བུར་གྱི་དྲི་མས་བསྒྲིབས་པ་དེ་ཆོ་ག་འདིས་གསལ་བར་བྱས་པས་ལམ་བསྒོམ་པའི་སྣོད་དུ་རུང་གི ཕུང་པོ་ལ་སོགས་པ་གནས་ཡོངས་སུ་གྱུར་པར་བྱེད་དེ་ཞེས་བྱ་བའི་དོན་ཏོ། །རིག་པའི་དབང་འདི་རྣམས་ལ་སློབ་དཔོན་བདག་ཉིད་མི་བསྐྱོད་པའི་རྣལ་འབྱོར་ཁོ་ན་ལ་གནས་ལ། སློབ་མ་དང་དབང་རྫས་སོ་སོའི་རྣལ་འབྱོར་དུ་བྱས་པས་རུང་གསུང་ངོ༌། །དེ་དག་གིས་ནི་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་ལྔ་དག་པར་བྱེད་པའི་ཕྱིར་དང༌། ཕུང་པོ་ལྔ་གནས་ཡོངས་སུ་གྱུར་པའི་ཕྱིར་དང༌། རིག་མ་སྤྱན་ལ་སོགས་པ་ལྔ་དང༌། རིག་པ་ཡབ་ལྔའི་དབང་ཡིན་པའི་ཕྱིར་རིག་པའི་དབང་ལྔ་ཞེས་བྱ་སྟེ། ཆོས་ཅན་ཕུང་པོ་ལྔ་དང་ཉོན་མོངས་པ་ལྔ། ཡེ་ཤེས་ལྔ་དང་སངས་རྒྱས་ལྔར་བྱིན་གྱིས་རློབ་པའི་དབང་ཡིན་ནོ། །དྲུག་པ་རྡོ་རྗེ་འཆང་ཆེན་པོའི་རྟེན་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་དབང་ལ་གཉིས་ཏེ། སློབ་དཔོན་དང་སློབ་མ་ཐུན་མོང་གི་དབང་དང༌། རྡོ་རྗེ་སློབ་དཔོན་གྱི་ཐུན་མོང་མ་ཡིན་པའི་དབང་བསྐུར་བའོ། །དང་པོ་ནི། སློབ་དཔོན་ཀྱེའི་རྡོ་རྗེར་བསམས་ལ། སློབ་མ་སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་རྡོ་རྗེ་དཀར་པོ། དེ་ལས་འོད་སྤྲོས་བསྡུས་གཅིག་ཏུ་གྱུར་པ་ལས་རྡོ་རྗེ་འཆང་སྐུ་མདོག་དཀར་པོ། ཞལ་བརྒྱད་པ། ཕྱག་བཅུ་དྲུག་པའི་ཐུགས་ཀར་རྡོ་རྗེ་སེམས་དཔའ། ཡུམ་རྡོ་རྗེ་སྙེམས་མ་དང་བཅས་པར་བསྐྱེད། ཕྱག་མཚན་མི་བསྐྱོད་པ་ལྟ་བུར་བསྐྱེད་པའམ། ཡང་ན་རྡོ་རྗེ་དྲིལ་བུ་འཛིན་པར་བསྐྱེད། དེ་ལ་ཡན་ལག་གཉིས་པ་དང་གསུམ་པ་བྱ། དབང་སྐུར་གྱི་ལྷ་སྤྱན་དྲངས་ལ་གསོལ་བ་གདབ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བུམ་པའི་ཆུས་དབང་བསྐུར་ནས་ཆུ་ལྷག་མ་ཡར་ལུད་པ་ལས། སྤྱི་བོར་དེ་བཞིན་གཤེགས་པ་མི་བསྐྱོད་པས་དབུར་བརྒྱན་པར་བསྒོམས་ཏེ། རྡོ་རྗེ་མི་དམིགས་ཏེ་སྟོང་པ་ལས། ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེར་བསྐྱེད་ལ། དེ་ལ་ཏ་ཐཱ་ག་ཏ་ལྔ་དང་ཡུམ་ལྔ་དང་བྱང་ཆུབ་སེམས་དཔའ་དང་ལྷ་མོ་ལ་སོགས་པ་རྡོ་རྗེ་འདི་ཁོ་ན་ལྟར་ཡོངས་སུ་རྫོགས་པར་མོས་པ་བསྐྱེད་ལ། དེ་སློབ་དཔོན་གྱིས་ལག་ཏུ་བཟུང་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛཱ་བཛྲ་ས་མ་ཡ་སྟྭཾ་དྷ་ར་ཡ་མི་ཧི་ཧི་ཧི་ཧི་ཧཱུྃ། ཞེས་བརྗོད་དེ། སློབ་མའི་ལག་པ་གཡས་པར་གཏད་དེ་དོན་ནི། དེ་བཞིན་གཤེགས་པ་ལྔ་པོ་ཐམས་ཅད་ཀྱི་བདག་ཉིད་ཡིན་ནོ། །དེང་ཕྱིན་ཆད་ཐ་མལ་གྱི་སྤྱོད་པ་ཐུལ་ལ་རྡོ་རྗེ་འཆང་ཆེན་པོའི་སྐུ་གསུང་ཐུགས་ལ་གནས་པར་གྱིས་ཤིག ཅེས་བྱ་བའི་རྟོགས་པར་བསྐྱེད་པར་བྱས་ཏེ། དེ་ལྟར་དབང་བསྐུར་བ་དྲུག་པ་འདི་ནི་སློབ་དཔོན་དང་སློབ་མ་གཉིས་ཀ་ལ་དབང་བསྐུར་བར་བྱ་བ་ཡིན་ནོ། །དེ་ནས་སློབ་མ་རྣམས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་ཁ་དོག་དང་དབྱིབས་མིག་གིས་མཐོང་བ་དང༌། ཕྱིའི་འཇུག་པ་བྱས་པ་དང་ཡེ་ཤེས་དབབ་པའི་ཏིང་ངེ་འཛིན་སྐྱེས་པ་ནི་ནང་གི་འཇུག་པ་ཡིན་ཏེ། དེས་ན་རྡོ་རྗེ་སེམས་དཔའ་ཁྱོད་ཀྱི་སྙིང་ལ་ཞུགས་པ་ཡིན་ཏེ། དེས་ནི་དེང་ལྷ་དང་སྐལ་བ་མཉམ་པར་བྱས་པ་ཡིན་ནོ། །དེས་ན་ཁོ་བོས་ཁྱོད་ལ་ཆུ་དང༌། ཅོད་པཎ་དང༌། རྡོ་རྗེ། དྲིལ་བུ་དང༌། མིང་གི་དབང་རྫས་རྣམས་སྤྱི་བོ་དང་ལག་པར་འཁོར་གསུམ་ཡོངས་སུ་དག་པ་བཞིས་བྱིན་པ་ཡིན་ཏེ། དེས་ན་ཁྱོད་ཀྱི་ཉོན་མོངས་པ་ལྔ་དང༌། ཕུང་པོ་ལྔ་དང༌། འབྱུང་བ་ལྔའི་དྲི་མ་སྦྱངས་ཏེ། དེ་བཞིན་གཤེགས་པ་ལྔ་དང་ཡེ་ཤེས་ལྔར་བྱིན་གྱིས་བརླབ་པ་ཞེས་བྱ་བ་ཡིན་ནོ། །དེའི་རྗེས་ལ་རྡོ་རྗེའི་བརྟུལ་ཞུགས་བྱིན་པས་ནི་ཁྱོད་ཐ་མལ་པའི་སྤྱོད་པ་ཐུལ་ལ། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་སྐུ་གསུང་ཐུགས་རྡོ་རྗེ་ལ་གནས་པར་གྱིས་ཤིག ཅེས་བྱ་བའི་དོན་ཡིན་ནོ། །དེ་ལྟ་བུའི་རིག་པའི་དབང་ལྔ་ཐོབ་ཕྱིན་ཆད་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལྔའི་སྤྱི་དང་ཁྱད་པར་གྱི་དམ་ཚིག ཁྲིམས་ཀྱི་བསླབ་པ་ལ་སོགས་པ་བསྲུང་བ་དང་བསྟེན་པ་ལ་བསླབ་པར་བྱའོ། །དབང་འདིའི་བརྡ་ནི་སོར་མོ་ལྔ་ནི་ཕྲལ་ཏེ་བསྟན། །ཞེས་བྱ་བ་ཡིན་ནོ། །དབང་འདི་ཐོབ་པས་ཁྱོད་ཀྱིས་བྱ་བ་དང་སྤྱོད་པའི་རྒྱུད་མཐའ་དག་ཉན་དུའང་རུང༌། རྣལ་འབྱོར་གྱི་རྒྱུད་བཤད་དུ་མི་རུང་ཡང༌། བྱ་སྤྱོད་ཀྱི་རྒྱུད་བཤད་དུའང་རུང་བ་ཡིན་ནོ། །རྣལ་འབྱོར་བླ་མ་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་མཐའ་དག་གི་སྒྲུབ་ཐབས་ལ་སོགས་པ་ཅི་རིགས་པར་མཉན་དུའང་རུང་ལ། རྒྱུད་ཀྱི་གཞུང་མ་ལུས་པ་བསྟན་པའི་སྐལ་པ་དང་ལྡན་པ་མ་ཡིན་མོད་ཀྱང༌། དེ་ནས་གསུངས་པའི་དངོས་གྲུབ་ཀྱི་སྒྲུབ་ཐབས་དང་དྲན་པ་གཅིག་པའི་སྒྲུབ་ཐབས་དང༌། དཀྱིལ་འཁོར་བྲིས་པ་ལས་དངོས་གྲུབ་སྒྲུབ་པར་གང་འདོད་པ་ཉམས་སུ་བླང་དུ་རུང་བ་ཡིན་ནོ། །དེ་བས་ན་ད་ནི་ཁྱོད་ཀྱི་མེ་ཏོག་ཕོག་པའི་ལྷ་འདི་ཞེས་བྱ་བ་ཡིན་ནོ། །དེའི་སྒྲུབ་ཐབས་འདི་ཡིན་པས། ལྷ་འདི་མཉེས་པར་བྱེད་པ་སྔོན་དུ་བསྙེན་པ་ལ་བརྩོན་པར་གྱིས་ཤིག འདིར་ལྷ་གཅིག་གི་བསྙེན་པ་རྫོགས་ན་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱས་པ་ཡིན་པས། ཁྱོད་ཀྱིས་རིག་པ་འཛིན་པ་དང༌། ནམ་མཁའ་ལ་འགྲོ་བ་དང༌། གཏེར་མཐོང་བ་ལ་སོགས་པའི་དངོས་གྲུབ་གང་འདོད་པ་དེ་འགྲུབ་པར་འགྱུར་རོ། །ཞེས་བརྗོད། དེ་ལ་སྒྲུབ་པའི་ཐབས་དང་བཟླས་པའི་ལུང་མན་ངག་ལས་འབྱུང་བ་བཞིན་སྦྱིན་པར་བྱའོ། །དེ་ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་དང་ཡེ་ཤེས་བབ་པ་དང་དབང་བསྐུར་བ་དང་དམ་ཚིག་དང་སྒྲུབ་ཐབས་དང་ཕྱག་རྒྱ་ལ་སོགས་པ་ཐམས་ཅད་སུ་ཡང་རུང་བ་ལ་སྨྲས་ན་ཁྱོད་ཉམས་པར་འགྱུར་ཏ་རེ། དེས་ན་ཐམས་ཅད་སུ་ལའང་མ་སྨྲ་ཞིག སྔར་གང་བཟུང་བའི་དམ་ཚིག་རྣམས་ཀྱང་བརྩོན་པར་སྲུངས་ཤིག ཅེས་བསྒོའོ། །དེ་ནས་སློབ་མ་རྣམས་ཀྱིས་སློབ་དཔོན་གྱི་བཀའ་བཞིན་བྱེད་པའི་བློས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་གིས་བགྱིད་པར་འཚལ། །ཞེས་ལན་གསུམ་བཟླས་པས་དམ་ཚིག་མཐའ་དག་གཟུང་བར་འགྱུར་བ་ཡིན་ནོ། །དེའི་ནུབ་མོ་སློབ་མ་ལ་དེ་ཙམ་ལས་མི་བསྐུར་བ་ཡིན་ན། སློབ་མས་བླ་མ་ལ། ལུས་དང་ལོངས་སྤྱོད་ཡོན་དུ་ཕུལ་བ་དང༌། སློབ་དཔོན་གྱིས་དཀྱིལ་འཁོར་མཆོད་དེ་གཤེགས་སུ་གསོལ་བའི་བྱ་བ་རྣམས་རྫོགས་པར་བྱའོ། །གལ་ཏེ་སློབ་མ་ཁ་ཅིག་ལ་ནི་སློབ་དཔོན་གྱི་དབང་བསྐུར། ཁ་ཅིག་ལ་ནི་མི་བསྐུར་བ་ཡིན་ན། དཀྱིལ་འཁོར་གཤེགས་པ་སྐབས་འདིར་མི་བྱ་བར། སློབ་མས་ཡོན་དབུལ་བ་ལ་སོགས་པའི་བྱ་བ་བྱས་ནས་སློབ་མའི་དབང་ཙམ་ལས་མི་ལེན་པ་རྣམས་བཀྱེད་ལ། སློབ་དཔོན་གྱི་སྐལ་བ་དང་ལྡན་པ་རྣམས་བཞག་ལ། དཀྱིལ་འཁོར་གྱི་དྲུང་དེ་ཉིད་དུ་སློབ་དཔོན་གྱི་དབང་བསྐུར་བར་བྱའོ། །སློབ་དཔོན་དང་སློབ་མ་ཐུན་མོང་གི་ཆོ་ག་རྣམས་རྫོགས་སོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་གང་ཟག་ལ་ཐུན་མོང་མ་ཡིན་པའི་དབང་བསྐུར་བ་ནི་བཞི་སྟེ། དང་པོ་བུམ་པའི་དབང་དང༌། གཉིས་པ་གསང་བའི་དབང་དང༌། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། བཞི་པ་ཚིག་ཉིད་རིན་པོ་ཆེའི་དབང་བསྐུར་བར་བྱའོ། །དེ་ནས་གང་ཟག་རབ་ཏུ་གྱུར་པ་རྣམས་ལ་དབང་བཞི་པོ་འདི་མཚན་གཅིག་ལ་རྫོགས་པར་བསྐུར། འབྲིང་ལ་སློབ་དཔོན་གྱི་བུམ་དབང་ཡན་ཆད་བསྐུར། ཐ་མལ་སྔར་བསྟན་པའི་སློབ་མའི་དབང་ཙམ་བསྐུར་བ་ཡིན་ནོ། །དེ་ལྟར་རབ་མཚན་གཅིག་ལ་རྫོགས་པར་བསྐུར་ན་དབང་གི་མཐའ་རྟེན་ཡང་ཐ་དད་དུ་བྱེད་དེ། བུམ་དབང་གི་མཐའ་རྟེན་རྗེས་གནང༌། གསང་དབང་གི་མཐའ་རྟེན་ལུང་བསྟན། ཤེས་རབ་ཡེ་ཤེས་ཀྱི་མཐའ་རྟེན་དབུགས་དབྱུང༌། བཞི་པའི་མཐའ་རྟེན་གཟེངས་བསྟོད་དོ། །དེ་དག་ཀྱང་སློབ་མ་རེ་རེ་ནས་རྫོགས་པར་བསྐུར་བའི་ལུགས་ཡིན་ཏེ། དེའི་ལག་ཏུ་བླང་བ་ནི། བཟང་པོ་ཡོངས་སུ་གཟུང་བའི་ཡིག་སྣར་ཤེས་པར་བྱའོ། །འདིར་སློབ་མ་འབྲིང་པོ་ལ་བུམ་པའི་དབང་ཙམ་བསྐུར་བའི་ལུགས་ལ་ནི། མཐའ་རྟེན་ཐམས་ཅད་བུམ་པའི་དབང་གི་མཐའ་རྟེན་དུ་བླ་མའི་ཕྱག་ལེན་དུ་མཛད་པའི་དབང་དུ་བྱས་ན། དང་པོ་གསོལ་བ་དུས་གཅིག་ལ་བཏབ་ནས། རྡོ་རྗེ་སློབ་དཔོན་གྱི་དངོས་གཞི་དབང་སྟེགས་ཀྱི་ཁར་སློབ་མ་བཞག་ལ། རེ་རེ་ནས་བསྐུར་ནས་མཐའ་རྟེན་དུས་གཅིག་ཏུ་མཛད་དེ། དེ་ཡང་རྗེས་གནང་རྒྱས་པ་དང༌། ལུང་བསྟན། དབུགས་དབྱུང༌། གཟེངས་བསྟོད། ཐམས་ཅད་རྫོགས་པར་མཛད་པས་དེའི་ལུགས་དང་མཐུན་པར་བྱའོ། །དེའི་ལུགས་ནི་དེ་ལྟར་ཐུན་མོང་གི་དབང་དྲུག་རྫོགས་པ་དང༌། ཡང་སློབ་དཔོན་གྱི་དབང་ཐོབ་པར་བྱ་བའི་ཕྱིར་མཎྜལ་འབུལ་དུ་གཞུག མེ་ཏོག་ལ་སོགས་པའི་ཡོན་ཕུལ་ལ། གསོལ་བ་གདབ་པ་ནི། མི་ལྡོག་འཁོར་ལོའི་དབང་བསྐུར་བ། །མགོན་པོ་བདག་ལ་སྩལ་ནས་ཀྱང༌། །འཁོར་ལོ་ལྷ་ཡི་དེ་ཉིད་དང༌། །སློབ་དཔོན་ཕྲིན་ལས་ཡོངས་སུ་གསུངས། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པའང་བླ་ན་མེད་པ་གསུངས། །ཞེས་ལན་གསུམ་གསོལ་བ་འདེབས་སུ་གཞུག་གོ །དེ་ནས་སློབ་མ་གཅིག་དབང་སྟེགས་ཀྱི་སྟེང་དུ་བཞག་ལ། རྡོ་རྗེ་འཆང་ཆེན་པོའི་རྣམ་པར་བསམས་ལ། དེ་ལ་དམ་ཚིག་གསུམ་སྦྱིན་པ་ནི། རྡོ་རྗེ་ལག་ཏུ་བླངས་ཏེ་ཧཱུྃ་ལས་རྡོ་རྗེའི་དེ་ཁོ་ན་ཉིད་རྫོགས་པར་དྲན་པས་རྡོ་རྗེར་བསྐྱེད་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་བསྣམས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛཱ་བཛྲ་ས་མ་ཡ་སྟྭཾ། དྷ་ར་ཡ་མི་ཧི་ཧི་ཧི་ཧི་ཧཱུྃ། ཞེས་བརྗོད་དེ་སློབ་མའི་ལག་པ་གཡས་པར་གཏད་ལ། རྡོ་རྗེའི་དེ་ཁོ་ན་ཉིད་བརྗོད་པར་བྱ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་བརྗོད་དོ། །དེའི་དོན་ནི་རྡོ་རྗེ་འདི་ནི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་རིག་སྟོང་དབྱེར་མེད་ཀྱི་ངོ་བོ་ཡིན་ནོ། །དེ་ནི་སྐྱེ་བ་དང་འགག་པ་མེད་པ་དེ་དང་རོ་གཅིག་པའི་སེམས་དང་སེམས་ལས་བྱུང་བ་རྣམས་དང་དབྱེར་མེད་པ་ཐུགས་རྗེ་ཆེན་པོས་སེམས་ཅན་ལ་རྗེས་སུ་ཆགས་པའི་རང་བཞིན་ཀུན་ནས་བཟང་ཞིང་རིགས་ལྔ་པོ་ཐམས་ཅད་ཀྱི་བདག་པོ་དབྱིངས་རྣམ་པར་དག་པ་རིག་པའི་ལྷ་མོའི་བདག་པོ་བྱ་བ་ཡིན་ནོ། །ཞེས་བྱ་བ་ནི་རྡོ་རྗེའི་དེ་ཁོ་ན་ཉིད་དེ་ཐུགས་ཀྱི་དམ་ཚིག་གོ །དེ་ནས་དྲིལ་བུ་བླངས་ལ། ཨཿཡིག་ལ་དྲིལ་བུའི་དེ་ཁོ་ན་ཉིད་རྫོགས་པར་དྲན་པས་དྲིལ་བུར་བསྐྱེད་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཅེས་བྱ་བས་སློབ་མའི་ལག་པ་གཡོན་པར་བྱིན་ལ། ཨཿསྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པ་དམ་པར་བྱེད་པར་འགྱུར། །ཞེས་བྱ་བས་དེ་ཁོ་ན་ཉིད་བརྗོད་པར་བྱའོ། །དེའི་དོན་འདི་ཡིན་ཏེ་དྲིལ་བུ་འདི་ནི་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྒྲ་ཡིན་ཏེ། དེ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ། །ངོ་བོ་ཉིད་ཀྱིས་མ་སྐྱེས་པའོ། །དེ་ལྟར་ངོ་བོ་ཉིད་ཀྱིས་གྲོལ་ཞེས་བྱའོ། །དེ་ནི་དྲིལ་བུའི་དེ་ཁོ་ན་ཉིད་གསུང་གི་དམ་ཚིག་ཡིན་ནོ། །དེ་ནས་སློབ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པའམ། མི་ནུས་ན་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་གཡོན་དྲིལ་བུ་འཛིན་པར་མོས་ལ། ཡུམ་རྡོ་རྗེ་སྙེམས་མ་གྲི་གུག་དང་ཐོད་པ་འཛིན་པ་ལོ་བཅུ་དྲུག་ལོན་པ་ལྟ་བུས་འཁྱུད་པར་བསྒོམ་སྟེ། ཤེས་རབ་ལོ་གྲངས་བཅུ་དྲུག་ལ། །ལག་པ་དག་གིས་ཡང་དག་འཁྱུད། རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་གསུངས་པས། དེ་ལྟར་དྲན་པར་གྱིས་ཤིག ཅེས་བསྒོ་ལ། སླར་ཡང༌། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཤིག་རྡོ་རྗེར་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་བྱ་བས་དེ་ཁོ་ན་ཉིད་དང་རྗེས་སུ་གནང་བ་ཉིད་དང༌། སློབ་མའི་ལག་པ་གཉིས་ཀ་འཁྱུད་པའི་སྟངས་ཀ་བྱེད་དུ་བཅུག་ལ། ཕྱག་རྒྱའི་དེ་ཁོ་ན་ཉིད་རྒྱས་པ་བརྗོད་པར་བྱ་སྟེ། སྲིད་པའི་བདེ་བ་ཤིན་ཏུ་ཆུང༌། །སྡུག་བསྔལ་ཤིན་ཏུ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་རྟག་ཏུ་སྐྱེད། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཅི་འདོད་པར་ནི་བསྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འདའ་བ་རུ་ནི་མི་མཛད་པ། །ཕྱག་རྒྱ་དམ་ཚིག་ཞེས་སུ་བསྒྲགས། །ཡིད་ཀྱིས་ལུས་ནི་བརྟན་ཕྱིར་རོ། །ཞེས་བྱའོ། །དེའི་དོན་ནི་འདི་ཡིན་ཏེ། ཐ་མལ་པའི་བདེ་བ་ནི་མ་དག་པའོ། །དེ་བས་ན་སྲིད་པའི་སྡུག་བསྔལ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་རང་ལྷའི་རྣལ་འབྱོར་བྱས་ཏེ་འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་ལོངས་སྤྱོད་ཅིག ཐམས་ཅད་ལ་མཆོད་པ་གྱིས་ཤིག འདིས་རྡོ་རྗེ་འཆང་ཆེན་པོ་ཁ་སྦྱོར་གྱི་སྐུ་ཐོབ་པ་ལས་མི་འདའོ། །དེ་བས་ན་ཏིང་ངེ་འཛིན་འདི་ལ་གནས་པར་གྱིས་ཤིག ཅེས་བྱ་བ་འདི་ནི་ཕྱག་རྒྱའི་དམ་ཚིག་གོ །དེ་ནས་དེ་བརྟན་པའི་ཡན་ལག་ཏུ་བུམ་པའི་དབང་བསྐུར་ཏེ། མཁའ་འགྲོ་ལྔ་དང་ཡང་དག་ལྡན། །མཁའ་འགྲོ་མ་ཡི་ཚོགས་དང་ལྡན། །དམ་ཚིག་ལྔ་ཡིས་ཡོངས་གང་བས། །སློབ་མ་རྡོ་རྗེ་ཅན་དབང་བསྐུར། །ཞེས་བྱ་བའི་དོན་ཏོ། །སློབ་དཔོན་གྱི་སྙིང་གའི་ས་བོན་ལས་དེ་བཞིན་གཤེགས་པ་རིགས་ལྔའི་དཀྱིལ་འཁོར་གྱི་འཁོར་ལོ་དཔག་ཏུ་མེད་པས་ནམ་མཁའ་གང་བར་སྤྲུལ་ལ་དེ་དག་གིས་ཀྱང་མཆོད་པའི་ཡོད་བྱད་སྣ་ཚོགས་དང༌། ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པ་བསྣམས་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་དབང་བསྐུར་བར་བསམས་ལ། དངོས་སུའང་རྒྱལ་མཚན་ལ་སོགས་པས་མཛེས་པར་བྱ་ཞིང་བཀྲ་ཤིས་ཀྱི་གླུ་དང་རོལ་མོ་ལ་སོགས་པ་དང་བཅས་པས་སློབ་དཔོན་གྱིས་རྣམ་པར་རྒྱལ་བའི་བུམ་པ་བླངས་ཏེ་བཟེད་ཞལ་སློབ་མའི་མདུན་དུ་བཞག་ལ། བུམ་པའི་ཆུས་སློབ་མའི་སྤྱི་བོ་ནས་བླུག་ཅིང༌། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བརྗོད། ཏིང་ངེ་འཛིན་གྱིས་ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྔར་བཤད་པའི་དབང་ཐམས་ཅད་བསྐུར་བར་བསམ་པར་བྱའོ། །སྤྲོས་པ་ལ་དགའ་བ་དང་ནུས་པ་རྣམས་ཀྱིས་སྔགས་དང་ཚིགས་སུ་བཅད་པ་དང་བཅས་པས་བུམ་པ་ཐམས་ཅད་ཀྱིས་དབང་བསྐུར་བར་བྱའོ། །དེ་ལྟ་བུའི་བུམ་པའི་ཆུས་སྤྱི་བོ་ནས་བླུགས་པས་ལུས་ཐམས་ཅད་བུམ་པའི་ཆུས་གང་བས་སྒྲིབ་པ་ཐམས་ཅད་དག་སྟེ། རྒྱུད་ལ་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས་པར་བསམ། ཆུའི་ལྷག་མ་ཡར་ལུད་པ་ལས་ཧེ་རུ་ཀའི་སྤྱི་བོར་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་བསམ། སྤྲོས་པ་ལ་དགའ་ན་ནི་དངོས་སུ་དབུ་རྒྱན་བཅིང་ངོ༌། །སློབ་དཔོན་ཁ་ཅིག་སྔར་བཤད་པའི་དམ་ཚིག་གསུམ་འདིའི་རྗེས་ལ་བྱེད་པར་འདོད་དེ། བླ་མ་ཕྱག་ལེན་མི་མཛད་དོ། །དེ་ནས་སློབ་དཔོན་དང་སྒྲུབ་པའི་གྲོགས་ཀྱིས། ཨོཾ་སུ་པྲ་ཏིཥྛཱ་བཛྲེ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གཏོར། ཇི་ལྟར་འབྱོར་པའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ལྟར་སློབ་མ་རེ་རེ་ནས་རྫོགས་པ་དང༌། སློབ་མ་རྣམས་ལ་དུས་གཅིག་ཏུ་དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། དེ་ལྟར་ན་ཁྱོད་ལ་རྡོ་རྗེ་འཆང་ཆེན་པོའི་དབང་བསྐུར་བ་འདིས། ཁྱོད་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དྲི་མ་དག་པར་བྱས་པས། དེ་ཐམས་ཅད་རང་གི་སེམས་ཉིད་ཙམ་དུ་འདུ་ལ། སེམས་དེ་ཉིད་བཅོམ་ལྡན་འདས་མི་བསྐྱོད་པ་ཡིན་ལ་དེའི་རང་བཞིན་དཔལ་རྡོ་རྗེ་སེམས་དཔའ་ཡིན་པས། རྡོ་རྗེ་སེམས་དཔའ་ཉིད་མི་བསྐྱོད་པ་ཡིན་པར་མོས་པ་གྱིས་ཤིག དེ་བས་ན་རང་གི་སེམས་རྣམ་པར་དག་པ་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་ཡིན་ཏེ། དཀྱིལ་འཁོར་ཞེས་ནི་གང་བཤད་པ། །ཡིད་ཀྱི་དཀྱིལ་འཁོར་དམ་པ་ཉིད། །ཅེས་གསུངས་སོ། །དེ་ལ་སེམས་ཀྱི་བྱེ་བྲག་ཐ་དད་ཀྱི་དབང་དུ་བྱས་ནས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་གཞལ་ཡས་ཁང་གི་སྒོ་རྒྱན་ལ་སོགས་པ་ཡིན་ནོ། །དེ་བས་ན་སེམས་ཉིད་ནི་རྟེན་གྱི་དཀྱིལ་འཁོར་ཡིན་ན། སེམས་ཉིད་དེ་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཉིད་གདན་གསུམ་ཚང་བའི་ལྷ་ཡིན་ཏེ། མདོར་ན་ཕུང་པོ་ལྔ་རྒྱལ་བ། །དེ་བཞིན་གཤེགས་པ་ཐམས་ཅད་ཡིན། །ཞེས་བྱ་བ་ལ་སོགས་པ་ཐབས་རྒྱུད་ལས་གསུངས་པ། འདིར་ཡང༌། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཚོར་བ་ལ་ནི་དཀར་མོར་བརྗོད། །འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཕུང་པོ་ལྔ་ནི་དེ་བཞིན་གཤེགས་པའི་གདན། འབྱུང་བ་བཞི་ནི་རིག་མའི་གདན། ནང་གི་སྐྱེ་མཆེད་ནི་བྱང་ཆུབ་སེམས་དཔའི་གདན། ཕྱིའི་སྐྱེ་མཆེད་ནི་ལྷ་མོའི་གདན། ཉོན་མོངས་པ་ལ་སོགས་པ་ཟད་པར་བྱེད་པ་ནི་ཁྲོ་བོ་དང་ཁྲོ་མོའི་གདན་ཡིན་ནོ། །ཞེས་བྱ་བ་དེ་ལྟར་གདན་གསུམ་ཚང་བ་ཡིན་ནོ། །ཞེས་དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་བསྡུས་པ་དེ་ཙམ་བསྟན་པར་བྱའོ། །ཡང་ན་སློབ་མ་བློ་མཆོག་ཏུ་གྱུར་པ་རྣམས་ལ་དེ་ཁོ་ན་ཉིད་རྒྱས་པར་བསྟན་པར་བྱ་སྟེ། དེའི་དཀྱིལ་འཁོར་ཆོ་ག་སྒྲུབ་པའི་ཐབས་ལས་སྔར་བཤད་པ་བཞིན་འདིར་བཤད་པར་བྱ་སྟེ། དེ་ཡང༌། དཀྱིལ་འཁོར་ཞེས་ནི་གང་བཤད་པ། །ཡིད་ཀྱི་དཀྱིལ་འཁོར་དམ་པ་ཉིད། །གཞལ་མེད་ཁང་ཞེས་བཤད་པ་ནི། །སེམས་ནི་གཞལ་ཡས་ཁང་བརྩེགས་ཉིད། །དེ་ཡི་ཕྱི་རོལ་གྲུ་བཞི་པ། །མཉམ་པ་ཉིད་ཀྱི་རང་བཞིན་ནོ། །གང་ཞིག་བྱམས་པ་ལ་སོགས་སེམས། །ཐིག་སྐུད་བཞིར་ནི་བཤད་པའོ། །རྡོ་རྗེ་ཐིག་ཏུ་གང་བཤད་པ། །ཆོས་ནི་རྗེས་སུ་དྲན་པའོ། །ལྟ་བ་ཀུན་ལས་རྣམ་གྲོལ་བ། །ཡེ་ཤེས་ཐིག་ཏུ་གང་བཤད་ཡིན། །རྒྱན་གང་ཡང་དག་བཤད་པ་ནི། །ཚུལ་ཁྲིམས་སོགས་ཀྱིས་སྡོམ་པའོ། །དབང་པོ་ལྔ་ཡི་སེམས་གང་ནི། །རྭ་བ་ལྔ་ནི་འབྱུང་བ་ཉིད། །གང་ཞིག་སྒོ་ཞེས་བཤད་པ་ནི། །རྣམ་པར་ཐར་པ་རྣམ་པ་བཞི། །རྟ་བབས་ཀ་བ་བཞི་པོ་ནི། །ཡང་དག་སྤང་བ་བཞི་ཞེས་བརྗོད། །དྲན་པ་ཉེར་གཞག་བཞི་པོ་ནི། །ཁ་ཁྱེར་བཞིར་ནི་བརྗོད་པ་ཡིན། །སྒོ་ཁང་བཞི་ནི་གང་ཡིན་པ། །རྫུ་འཕྲུལ་རྐང་པ་བཞི་པོ་ཡིན། །དེ་བཞིན་མེ་ཏོག་ཕྲེང་རྒྱན་པའང༌། །བྱང་ཆུབ་ཡན་ལག་བདུན་པོ་ཡིན། །འཕགས་ལམ་ཡན་ལག་བརྒྱད་པོ་ནི། །ཀ་བ་བརྒྱད་པོ་ཞེས་བཤད་དོ། །ལམ་གྱི་ཡེ་ཤེས་ཁྱད་པར་ནི། །རྔ་ཡབ་ཏུ་ནི་རབ་ཏུ་གྲགས། །གང་ཞིག་དོ་ཤལ་བཤད་པ་ནི། །ཉོན་མོངས་ཐམས་ཅད་གཅོད་པ་སྟེ། །ཀུན་ཏུ་གཅོད་པའི་ངོ་བོ་ཡིན། །ཉོན་མོངས་འཕྲོག་པས་དྲྭ་བ་ཉིད། །ཚོགས་གཉིས་དག་པའི་སྦྱོར་བ་ལས། །འཁོར་ལོ་བསྐོར་བ་གང་ཡིན་པ། །ཉོན་མོངས་ཕྱེད་ནི་གཅོད་པས་ན། །དོ་ཤལ་ཕྱེད་པ་ཉིད་དུ་བརྗོད། །ཅེས་བྱ་བ་བརྗོད་ལ། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་རྒྱས་པར་བཤད། དེ་ནས་སྔར་བཤད་པ་བཞིན་གདན་གསུམ་ཚང་བའི་ལྷའི་དེ་ཁོ་ན་ཉིད་རྒྱས་པར་བརྗོད་པར་བྱའོ། །བདུན་པ་བུམ་པའི་དབང་གི་དངོས་གཞིའོ། །དེ་ལྟར་ན་དབང་དེས་དེ་ཁོ་ན་ཉིད་རྟོགས་པའི་སློབ་མ་དེ་ལ། དབང་དེའི་མཐའ་རྟེན་ནི་ནུབ་གཅིག་ལ་དབང་བཞི་ཀ་རྫོགས་པར་བྱེད་ན། བུམ་དབང་གི་མཐའ་རྟེན་རྗེས་གནང༌། གསང་དབང་གི་མཐའ་རྟེན་ལུང་བསྟན། ཤེས་རབ་ཡེ་ཤེས་ཀྱི་མཐའ་རྟེན་དབུགས་དབྱུང༌། དབང་བཞི་པའི་མཐའ་རྟེན་གཟེངས་བསྟོད། ནུབ་གཅིག་ལ་བུམ་དབང་གཅིག་པུ་ལས་མི་བསྐུར་ན། མཐའ་རྟེན་ཐམས་ཅད་བུམ་དབང་གི་སྟེང་དུ་བྱེད་པ་ཡིན་ཏེ། དེ་ལ་དང་པོ་རྗེས་སུ་གནང་བར་བྱས་ཏེ། དོན་ནི་དེ་ལྟར་དམ་ཚིག་གསུམ་དང་དེ་ཁོ་ན་ཉིད་ལ་གནས་པ་ཡིན་ནོ། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །ཞེས་བྱ་བ་ཡིན་པས་ཐབས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་གྱིས་ཤིག ཅེས་བྱ་བ་ཡིན་ནོ། །དེ་ལ་རྗེས་སུ་གནང་བ་མདོར་བསྡུ་ན་ཚིགས་སུ་བཅད་པ་ལྔ་ཙམ་གྱིས་ཀྱང་ཆོག་ལ། སྤྲོས་པ་ལ་དགའ་བས་རྒྱས་པའི་དབང་དུ་བྱས་ན། ལྷ་མཆོད་པའི་རྗེས་སུ་གནང་བ་དང་སེམས་ཅན་གྱི་དོན་བྱ་བའི་རྗེས་སུ་གནང་བ་གཉིས་ཙམ་མཛད་དོ། །དེའི་ལག་ལེན་ནི་དེ་ལྟར་སློབ་མ་ལ་དེ་ཁོ་ན་ཉིད་བཤད་ནས་སློབ་མ་རྣམས་ཀྱིས་དཀྱིལ་འཁོར་ལ་མེ་ཏོག་གཏོར། སློབ་མའི་ཁུ་ཚུར་གཉིས་དཀུར་བཞག་སྟེ་སྒེག་པ་ལྟར་བྱེད་དུ་བཅུག་སྟེ། འདི་སྐད་ཅེས་བརྗོད་དོ། །དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་རྣམས་རྣམ་རོལ་ཅིང༌། །རྡོ་རྗེ་སྙེམས་མའི་རྣལ་འབྱོར་གྱིས། །དགའ་སྟོན་བདེ་བའི་མཆོད་པ་གྱིས། །ཨཿ དོན་ནི་དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་ལ་སྒེག་པའི་མཆོད་པ་ཕུལ་ཅིག དེ་ཕུལ་བས་དེང་ཕྱིན་ཆད་སྒེག་པའི་སྤྱོད་པ་ཅི་དང་ཅི་བྱས་པ་ཐམས་ཅད་དཀྱིལ་འཁོར་ལ་མཆོད་པ་བྱས་པར་འགྱུར། ཞེས་བཤད་དོ། །འོག་མ་རྣམས་ལ་ཡང་སྐབས་སུ་བསྒྲེས་ཏེ་ཤེས་པར་བྱས་ལ་བཤད་པར་བྱའོ། །ཡང་སློབ་མ་ཕྲེང་བ་དཀྱིལ་འཁོར་ལ་འབུལ་བའི་ཚུལ་བྱེད་དུ་བཅུག་ལ། སྒེག་དང་བཅས་པས་ཕྲེང་བ་འཕང༌། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །དེས་ནི་བཅོམ་ལྡན་འབྲལ་མི་འགྱུར། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ཨོཾ། ཞེས་པ་སྔ་མ་ལྟར་དོན་བཤད་དོ། །ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་བྱ། །དེ་ཡིས་བདེ་གཤེགས་དངོས་གྲུབ་ནི། །མྱུར་དུ་བདེ་བ་མྱོང་འགྱུར་གྱིས། །གཱི། ཞེས་བརྗོད་ལ་དངོས་སུ་གླུ་ལེན་དུ་བཅུག་སྟེ། སྔ་མ་བཞིན་དུ་དོན་བཤད་དེ། ཡང་སློབ་མ་ཐལ་མོ་སྦྱར་བའི་གར་བྱེད་དུ་བཅུག་ལ། དེ་ཉིད་ཐལ་མོའི་གར་གྱིས་ནི། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །སངས་རྒྱས་འདུ་བའི་ཕྲིན་ལས་ཀྱི། །གར་མཁན་ཚུལ་དུ་བསྒྱུར་བར་གྱིས། །ཧོཿ ཞེས་བརྗོད་ལ་དོན་བཤད་དོ། །ཡང་སློབ་མ་སྤོས་འཛིན་དུ་བཅུག་ལ། རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། །ཧཱུྃ། ཞེས་བརྗོད་ལ་དོན་བཤད་དོ། །ཡང་སློབ་མ་མེ་ཏོག་འཐོར་དུ་བཅུག་ལ། སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པས། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་གྱིས། །བྷྲཱུྃ། ཞེས་བརྗོད་ལ་དེའི་དོན་བཤད་དོ། །ཡང་སློབ་མ་མར་མེ་འཛིན་དུ་བཅུག་ལ། ཆོས་ཀྱི་མེ་ནི་ལེགས་སྦར་བས། །རྡོ་རྗེ་ཆོས་དང་འདྲ་བ་རུ། །སེམས་ཅན་མ་རིག་ལྡོངས་པ་ལ། །ཡེ་ཤེས་སྒྲོན་མེ་སྦར་བར་གྱིས། །པྲ། ཞེས་བརྗོད་ལ་དེའི་དོན་བཤད། ཡང་སློབ་མ་དྲི་འཐོར་དུ་བཅུག་ལ། རྒྱལ་བ་རྣམས་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང༌། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོས། །ག དེའི་དོན་བཤད་ལ་སྔ་མ་བཞིན་དུ་བསྒྲེས་ཏེ་ཤེས་པར་བྱའོ། །དེ་དག་གིས་ནི་ལྷ་མཆོད་པའི་རྗེས་སུ་གནང་བའོ། །དེ་ནས་སེམས་ཅན་གྱི་དོན་བྱ་བའི་རྗེས་སུ་གནང་བ་ལ། དང་པོར་མ་རིག་པའི་ལིང་ཏོག་བསལ་བས་སེམས་ཅན་གྱི་དོན་བྱ་བར་རྗེས་སུ་བསྟན་པའི་ཕྱིར། གསེར་གྱི་ཐུར་མའམ་མེད་ན་རྡོ་རྗེ་ལ་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་བཟླས་ཏེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་ནེ་ཏྲ་ཨ་བ་ཧ་ར་པ་ཊ་ལ་ཧྲཱིཿཔྲཾ། ཞེས་བྱ་བ་བརྗོད་ཅིང་མིག་ལ་བྱུག་པའི་ཚུལ་དུ་བྱའོ། །དེ་ལྟར་མ་རིག་པའི་ལིང་ཏོག་བསལ་བས་ཆོས་ཐམས་ཅད་གཟུགས་བརྙན་ལྟར་ཤེས་པར་གྱིས་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་མེ་ལོང་བསྟན་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །ངོ་བོ་མེད་ཅིང་གནས་མེད་པར། །དེ་ལྟར་ཆོས་རྣམས་ཤེས་ཀྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །ཞེས་བརྗོད་པར་བྱའོ། །དེ་ནས་སྒྲ་ཐམས་ཅད་གྲགས་ལ་རང་བཞིན་མེད་པར་བསྟན་པར་བྱ་བའི་ཕྱིར། ཨཿལས་སྐྱེས་པའི་དྲིལ་བུ་བྱིན་ལ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་བྱ་བ་བརྗོད་ཅིང་དཀྲོལ་དུ་གཞུག་གོ །དེ་ལྟར་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་ནས་ཉན་ཐོས་དང་རང་རྒྱལ་བའི་སེམས་སུ་གྱུར་ན་མི་རུང་བས། ཕྱོགས་ཐམས་ཅད་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་བསད་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་འགྱུར་བས་དེ་ལྟར་བསྟན་པའི་ཕྱིར། ཧོཿཞེས་བྱ་བས་མདའ་གཞུ་བྱིན་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་བྱོས་ཤིག ཅེས་བརྗོད་དེ། ཕྱོགས་བཞི་སྟེང་དང་འོག་ཏུ་མདའ་རེ་འཕེན་དུ་གཞུག་གོ །དེ་ལྟར་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པས་མ་རིག་པའི་ལིང་ཏོག་བསལ་བ་དེ་ཡང་གང་གིས་ཤེས་ན། སྔར་ཡེ་ཤེས་ཕབ་པའི་ཉམས་སུ་མྱོང་བ་དེ་ཡང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་སྣང་ལ་རང་བཞིན་མེད་པའི་ཚུལ་གྱིས་བཞུགས་སོ། །ཞེས་ཤེས་པར་བྱ་བའི་ཕྱིར། ཡང༌། ཨ་བཛྲ་སཏྭ། ཞེས་པས་མེ་ལོང་བསྟན་ལ། རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །གསལ་ཞིང་དག་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའ་རང་ཉིད་གཙོ། །ཞེས་བྱ་བ་དང༌། གང་ཡང་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་ནི་འདི་ཡིན་པར་ཤེས་པར་གྱིས་ཤིག ཅེས་བརྗོད་དོ། །དེ་ལྟར་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་བསད་ནས་སེམས་ཅན་གྱི་དོན་བྱེད་པ་དེ་ལ་ཆོས་ཀྱི་འཁོར་ལོ་བསྐོར་དགོས་པས། ཆོས་བཤད་པའི་རྗེས་སུ་གནང་བའི་ཕྱིར། ཡང་སློབ་མ་རེ་རེ་ནས་དབང་སྟེགས་ཀྱི་སྟེང་དུ་བཞག་ལ། ཨོཾ་བཛྲ་ཧེ་ཏུ་མྃ། ཞེས་བྱ་བས་འཁོར་ལོ་རྐང་པའི་འོག་ཏུ་གཞུག ཨོཾ་བཛྲ་བྷ་ཥ་རྃ། ཞེས་བྱ་བས་ལག་པ་གཡས་སུ་དུང་བྱིན། ཨོཾ་བཛྲ་གྷཎྜེ་ཨཿཞེས་པས་གཡོན་དུ་དྲིལ་བུ་བྱིན། ཨ་ཞེས་པས་ལག་པ་གཉིས་ཀྱི་བར་དུ་ཧེ་བཛྲའི་པུ་སྟི་བཞག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །སྔགས་སྤྱོད་ཚུལ་གྱི་ཆོ་ག་ཡིས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང༌། །ཁྱོད་ལ་རྟག་ཏུ་སྲུང་བར་མཛད། །ཅེས་བརྗོད་ལ། དེ་ནས་སོ་སོའི་འཁོར་ལོས་སྒྱུར་བའི་རྣལ་འབྱོར་དུ་བྱས་ལ། སེམས་ཅན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་ལ་ལག་པ་གཡས་པར་རྡོ་རྗེ་བཟུང་ལ་རྣམ་སྣང་གི་ཕྱག་རྒྱ་ཆེན་པོ་བཅིང་ངོ༌། །དེ་བཞིན་དུ་བསྒྲེས་ཏེ། སེམས་ཅན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་ལ་མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོ་བཅིང་ངོ༌། །དེ་བཞིན་དུ་ཚིག་སྔ་མ་རྣམས་མཐུན་པར་བྱས་ལ། རིན་ཆེན་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་ལ་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་ཆེན་པོ་བཅིང༌། དེ་བཞིན་དུ་པདྨའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་ལ་སྣང་བ་མཐའ་ཡས་ཀྱི་ཕྱག་རྒྱ་ཆེན་པོ་བཅིང༌། སྣ་ཚོགས་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་ལ་དོན་ཡོད་གྲུབ་པའི་ཕྱག་རྒྱ་ཆེན་པོ་བཅིང་བ་དང༌། དེ་བས་ན་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ། རྡོ་རྗེའི་འཁོར་ལོ། རིན་ཆེན་འཁོར་ལོ། པདྨའི་འཁོར་ལོ། སྣ་ཚོགས་འཁོར་ལོ་རྣམས་བསྐོར་ལ་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་དུང་བུས། སྒྲ་སྒྲོགས། བཤད་པ་གྱིས་ཤིག ཅེས་བརྗོད་ལ་དུང་བུད་པ་དང༌། དྲིལ་བུ་འཁྲོལ་དུ་བཅུག་གོ །དེ་དག་ནི་རྗེས་སུ་གནང་བའོ། །དེ་ནས་མ་འོངས་པའི་དུས་ན་སངས་རྒྱས་སུ་འགྱུར་བར་ལུང་བསྟན་པའི་ཕྱིར། སློབ་དཔོན་རང་ཉིད་ལངས་ལ་ཆོས་གོས་གྱོན་ཏེ་ཆོས་གོས་ཀྱི་སྣ་སེང་གེའི་རྣ་བ་ལྟར་བྱས་ལ་གཡོན་པས་བཟུང་སྟེ། གཡས་པས་དྲིལ་བུ་བཟུང་ལ་སྐྱབས་སྦྱིན་དུ་བྱས་ལ། ལུང་སྟོན་པ་སྤྲུལ་པའི་སྐུས་སྟོན་པས་ན། ཤཱཀྱ་ཐུབ་པའི་ང་རྒྱལ་དུ་བྱས་ལ། ཇི་ལྟར་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ས་བླ་ས་འོག་ས་སྟེང་རྣམས་སུ་བྷུར་བྷུ་ཝ་སྭཿ གང་ལ་ངས་ལུང་བསྟན་པ་འདི་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བྱང་ཆུབ་ཆེན་པོར་ལུང་སྟོན་པར་མཛད་དེ། སྔགས་འདི་དང་ཕྱག་རྒྱ་འདིའི་མཐུ་ཡིན་ནོ། །ཞེས་བརྗོད་པར་བྱའོ། །ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་གནས་དེར་སློབ་མ་སོ་སོའི་མིང་བཅུག་སྟེ་རེ་རེ་ནས་ལུང་བསྟན་པར་བྱའོ། །དེ་ནས་ལམ་དུ་དབུགས་དབྱུང་བ་ནི། ཁྱོད་ཀྱིས་ལམ་བསླབ་པར་བྱ་བ་ནི་འདི་དག་ཡིན་ནོ། །ཞེས་བསྟན་པར་བྱ་སྟེ། བྱང་ཆུབ་སེམས་ནི་སྤང་མི་བྱ། །རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་སྟེ། །གང་ཞིག་སྤྱད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་འགྱུར་ཐེ་ཚོམ་མེད། །དམ་པའི་ཆོས་ནི་སྨད་མི་བྱ། །ནམ་ཡང་དོར་བར་ཡང་མི་འགྱུར། །མི་ཤེས་པའམ་རྨོངས་པ་ལ། །དེ་ཉིད་བསྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུ་མི་སྤང་སྟེ། །སློབ་དཔོན་ནམ་ཡང་སྨད་མི་བྱ། །སངས་རྒྱས་ཀུན་དང་མཚུངས་པ་ཡི། །རང་བདག་ཡོངས་སུ་སྤངས་ནས་སུ། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བར་མི་བཟུང་ནས། །འདི་ནི་མ་འོངས་རྫོགས་སངས་རྒྱས། །ཞེས་བརྗོད་དེ་འདི་དཔལ་མཆོག་དང་པོ་ལས་གསུངས་པའི་དབུགས་དབྱུང་བ་མདོར་བསྡུས་པ་སྟེ། དེ་དག་གི་དོན་བཤད་པ་ཙམ་གྱིས་ཀྱང་ཆོག ཕྱག་ལེན་ཕལ་ཆེར་དེ་ཙམ་ལས་མི་མཛད། རྒྱས་པར་བྱེད་ན་རྡོ་རྗེ་གུར་ལས་གསུངས་པ་འདི་དག་བརྗོད་ལ། སློབ་དཔོན་སྨད་པར་མི་བྱ་ཞིང༌། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །སྤུན་ལ་བརྙས་པ་ཉིད་མི་བྱ། །སེམས་ཅན་རྣམས་ལ་གདུག་བྱམས་དང༌། །བྱང་ཆུབ་སེམས་ནི་སྤང་མི་བྱ། །བདག་གཞན་ཆོས་ལ་སྨད་མི་བྱ། །སྐལ་མེད་དེ་ཉིད་གཏམ་མི་བྱ། །བདག་གི་ལུས་ལ་ངེས་མི་སྨད། །ཆོས་ལ་ཡིད་གཉིས་སྤང་བྱ་ཞིང༌། །གདུག་ལ་བྱམས་པ་ཉིད་མི་བྱ། །ཆོས་ཉིད་ཚད་ནི་གཟུང་མི་བྱ། །སྐལ་ལྡན་སེམས་ཅན་སྤང་མི་བྱ། །དམ་ཚིག་རྟག་ཏུ་བསྐྱང་བར་བྱ། །བུད་མེད་ཉིད་ལ་སྨད་མི་བྱ། །ཇི་སྲིད་སྙིང་པོ་བྱང་ཆུབ་བར། །དཀོན་མཆོག་གསུམ་ནི་སྤང་མི་བྱ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །རྡོ་རྗེ་དྲིལ་བུ་གཟུང་བར་བྱ། །གཙུག་ཏོར་རྟག་ཏུ་གཟུང་བར་བྱ། །རྟག་ཏུ་སྦྱིན་སྲེག་དགང་བར་བྱ། །རྟག་ཏུ་དཀྱིལ་འཁོར་བཞེངས་པར་བྱ། །རྟག་ཏུ་བདེ་གཤེགས་རབ་གནས་བྱ། །འབྱུང་པོ་ཆེ་ལ་གཏོར་མ་སྦྱིན། །ཕྱག་རྒྱ་བཅིང་པ་རྣམ་སྤང་ཞིང༌། །མཆོད་རྟེན་ལས་ནི་མི་བྱ་སྟེ། །རྡོ་རྗེ་གསུམ་མཆོག་ཕྱག་མི་བྱ། །དཀྱིལ་འཁོར་ལ་སོགས་ལུས་ཀྱི་ལས། །རྨི་ལམ་དུ་ཡང་མི་བྱ་ཞིང༌། །སློབ་དཔོན་གཞན་ལ་ཕྱག་མི་བྱ། །བླ་མ་རྒན་རབས་ཕྱག་འཚལ་ལོ། །རྟག་པར་རྒྱུན་དུ་སྔགས་བཟླས་ཤིང༌། །བསམ་གཏན་ཉིད་ཀྱང་རྣམ་པར་སྤྱད། །རྟག་ཏུ་སློབ་མ་བསྡུ་བྱ་ཞིང༌། །རྟག་པ་རུ་ནི་བཤད་པ་གྱིས། །རྟག་ཏུ་སེམས་ཅན་བསྐྱང་བར་བྱ། །རྟག་ཏུ་སངས་རྒྱས་ཆེར་མཉེས་བྱ། །ཛམྦྷ་ལ་ལ་ཆུ་སྦྱིན་ཞིང༌། །ལས་རྣམས་ཐམས་ཅད་ཡང་དག་སྤྱད། །བྱེ་མའི་ལས་ལ་མཆོད་རྟེན་ཡང༌། །མཁས་པས་ཆོ་ག་བཞིན་དུ་བྱ། །ཞེས་བརྗོད་དེ་དེ་དག་གི་དོན་ཡང་བཤད་པར་བྱའོ། །དེ་དག་གི་དོན་མ་ཤེས་ན་ཡོངས་སུ་གཟུང་བའི་དབང་གསུམ་པའི་ཡིག་སྣར་ཤེས་པར་བྱའོ། །དེ་ལྟར་དེ་དག་གིས་ནི་རྣལ་འབྱོར་པའི་དམ་ཚིག་དང་སྡོམ་པ་མཐའ་དག་བསྡུས་པ་ཡིན་ཏེ། དེ་ནས་འབྲས་བུར་དབུགས་དབྱུང་བ་ལ། དང་པོར་དཀྱིལ་འཁོར་གྱི་གསང་བའི་ཡེ་ཤེས་ལ་བསླབ་པར་བྱ་སྟེ། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །མ་ཧཱ་ས་མ་ཡ་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་དེ་དེའི་དོན་ནི། འདོད་ཆགས་ཞེས་བྱ་བ་དད་པ་ཆེན་པོས་ལྷ་དང་བླ་མ་ལ་ཆགས་པ། སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་ཆགས་པ། ཤེས་རབ་ཆེན་པོས་ཆོས་ཀྱི་དེ་ཁོ་ན་ཉིད་ལ་ཆགས་པ་ཞེས་བྱ་བ་འདི་ལ་བསླབ་པར་བྱའོ། །དེ་ནས་སློབ་མས་དཀྱིལ་འཁོར་གྱི་དྲུང་དུ་ཞབས་ལ་བརྐྱང་ཕྱག་ལན་གསུམ་དུ་བྱེད་དུ་བཅུག་ལ་ཐ་མ་ལ་སློབ་མའི་མགོ་བོ་ནས་བཟུང་ལ། སྔགས་དང་རྒྱུད་རྣམས་འཛིན་གྱུར་པའི། །སློབ་མ་འདི་ནི་ཕུལ་བ་ལགས། །ཞེས་བརྗོད་དེ་དཀྱིལ་འཁོར་ལ་དབུལ་བ་ལྟར་བྱའོ། །ད་ནས་འབྲས་བུར་དབུགས་དབྱུང་བ་དངོས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སྔགས་དང་རྒྱུད་རྣམས་འཛིན་གྱུར་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀྱིས་ནི་མཐུན་པར་གསུངས། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་སུ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །ཁམས་གསུམ་གྱིས་ནི་རྒྱལ་སྲིད་ཆ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལས་ངེས་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །ཞེས་བྱ་བས་འབྲས་བུར་དབུགས་དབྱུང་བར་བྱའོ། །དེ་ནས་གཟེངས་བསྟོད་པ་ནི། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །བཙུད་པ་དང་ནི་མཐོང་བ་ཡིས། །དེ་རིང་སྡིག་ལས་རྣམ་གྲོལ་འགྱུར། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིས་ནི་འཆི་བ་ཡོད་མ་ཡིན། །མི་ཐུབ་པ་དང་མི་འཆི་བ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཞེས་བརྗོད་དེ་དོན་ནི། མདོར་ན་ཁྱོད་སྲིད་པ་ཤིན་ཏུ་དག་པ་བླ་ན་མེད་པའི་བྱང་ཆུབ་ཏུ་འགྱུར་ཞེས་བྱ་བ་སྟེ་ལུང་བསྟན་པ་དང༌། དབུགས་དབྱུང་བ་དང༌། གཟེངས་བསྟོད་པ་གསུམ་ཀ་འདྲ་བ་ཉིད་ཡིན་ནོ། །དེ་དག་དེ་ལྟར་བསྒྲགས་ལ། དེ་ནས་སློབ་མས་དེ་དག་གཟུང་བར་བྱའོ་སྙམ་པའི་བསམ་པས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་གསུམ་བརྗོད་པས་དམ་ཚིག་མ་ལུས་པར་གཟུང་བར་འགྱུར་རོ། །སྤྱི་དོན་བརྒྱད་པ་མཇུག་གི་བྱ་བ་ནི། དེ་ནས་ཡང་སློབ་དཔོན་གྱིས་སློབ་མར་འདི་སྐད་བརྗོད་པར་བྱ་སྟེ། དེ་དག་གིས་ཁྱོད་ཀྱིས་དཀྱིལ་འཁོར་རྣམ་པ་བཞི་ལས་བསྐྱེད་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་པ་དང་མཐོང་བ་ཡིན་ནོ། །དབང་རྣམ་པ་བཞི་ལས་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་བོ། །དབང་འདི་ཉིད་ལ་ཕྱིར་མི་ལྡོག་པའི་དབང་ཞེས་བྱ་སྟེ། དེ་ཁོ་ན་ཉིད་ཐོབ་པ་འདིས་ཐེག་པ་དམན་པར་ཕྱིར་མི་ལྡོག་པའི་ཕྱིར་རོ། །ཡང་དབང་འདི་ལ་བུམ་པའི་དབང་ཞེས་བྱ་སྟེ་ཐམས་ཅད་དུ་བུམ་པའི་བྱ་བ་འཇུག་པའི་ཕྱིར་རོ། །དབང་འདིས་དྲི་མ་བཞི་ལས་ལུས་ཀྱི་དྲི་མ་གཙོ་བོར་གྱུར་པ་དག་པར་བྱས་སོ། །འདིས་བསྲུང་བའི་དམ་ཚིག་རྩ་བ་དང་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་གཉིས་ལ་སོགས་པ་བསྲུང་བ་ལ་དབང་ངོ༌། །སྔར་བསྟན་པའི་བརྡ་བསྟན། ལམ་རྣམ་པ་བཞི་ལས་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་བར་བྱས་སོ། །འབྲས་བུ་སངས་རྒྱས་ཀྱི་སྤྲུལ་པའི་སྐུའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་བཅུ་ཚན་བཞིའི་དང་པོ་རྟོགས་པ་བརྗོད་པར་བྱའོ། །དེ་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་བས་ན་ཁྱོད་ཀྱིས་རེ་ཞིག་དོན་འགྲུབ་པ་ཡིན་པས་ཁྱོད་ཀྱིས་དགའ་བ་ཁྱད་པར་ཅན་སྐྱེད་ལ། རང་གི་ལུས་དང་ལོངས་སྤྱོད་ཐམས་ཅད་ང་ལ་ཕུལ་ཅིག ཅེས་བསྒོ་ལ་འདི་སྐད་ཅེས་བརྗོད་དུ་གཞུག་གོ །དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ཀྱི། །ཁྱོད་ཀྱིས་སློབ་མར་གཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་ལན་གསུམ་བརྗོད་ལ་སློབ་མས་སློབ་དཔོན་གྱི་ཞབས་གཉིས་ལ་ཕྱག་བྱའོ། །དེ་ནས་སློབ་དཔོན་གྱིས་སློབ་མ་རྣམས་ལ། ཁྱོད་ཀྱི་བསླབ་པར་བྱ་བ་གང་ཡིན་པ་རྣམས་ལས་རྒྱས་པར་ནི་རིམ་པ་བཞིན་དུ་བསླབ་ཀྱིས། རེ་ཞིག་དོན་གྲུབ་པས་དགའ་བའི་བློ་སྐྱེད་ལ། རང་གི་གནས་སུ་སོང་ལ་དགའ་སྟོན་ལ་སོགས་པའི་བྱ་བ་གང་ཡིན་པ་ཇི་ལྟར་བདེ་བར་གྱིས་ཤིག ཅེས་བསྒོ་ལ་སློབ་མ་ཇི་ལྟར་བདེ་བར་འགྲོར་གཞུག་གོ །རབ་གནས་བྱེད་ན་བར་འདིར་རབ་ཏུ་གནས་པ་བྱའོ། །དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་དང་བུམ་པའི་ལྷ་ལ་ཇི་ལྟར་འབྱོར་པའི་མཆོད་པ་ལྔ་དང་བདུད་རྩི་དང་ལྷ་མོ་བརྒྱད་དང་བསྟོད་པ་ཙམ་གྱིས་མཆོད་པ་བྱས་ལ། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་བརྗོད་ལ་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླས། བདག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས་མཆོད་པའི་ཡོ་བྱད་མ་འབྱོར་པ་དང་ཉམས་པ་དང༌། སེམས་ཀྱི་སྒྲིབ་པ་དང་མ་བྲལ་བའི་དབང་གིས་ཏིང་ངེ་འཛིན་མི་གསལ་བ་དང༌། བྱིང་རྒོད་དུ་གྱུར་པ་དང༌། ཆོ་ག་ལྷག་པ་དང༌། མ་ཚང་བ་ཐམས་ཅད་བཟོད་པར་མཛད་དུ་གསོལ། ཞེས་བཟོད་པར་གསོལ་ནས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་བརྗོད་ལ་ཡི་གེ་བརྒྱ་པའི་མཐར་མུཿཞེས་བརྗོད་ལ། དཀྱིལ་འཁོར་གྱི་ཡེ་ཤེས་པ་དང་བུམ་པའི་ལྷ་ཡེ་ཤེས་པ་ཆོས་ཀྱི་དབྱིངས་སུ་གཤེགས་སུ་གསོལ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་དམ་ཚིག་པ་བདག་གི་ཐུགས་ཀར་བསྡུ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཏ་ཅེས་བྱ་བ་དང༌། ཨོཾ་གི་ལི་གི་ལི་ཧཱུྃ་ཛཿསྭཱ་ཧཱ། ཞེས་བརྗོད་ལ་རྡུལ་ཚོན་དབང་ལྡན་གྱི་རྩིག་པ་དེ་དང་པོར་གཤེགས་ལ། དེ་ནས་ཅི་བདེར་གཤེགས་སུ་གསོལ། རྡུལ་ཚོན་འདོད་པ་ཡོད་ན་ལྷའི་ཕྱག་མཚན་ནས་བླང་སྟེ་སྦྱིན། གཞན་ཐམས་ཅད་ཕྱགས་ལ་ཆུ་བོ་ཆེན་པོར་དོར་ཆུ་བོ་ཆེན་པོ་མེད་ན་ཡང་ཁྲོན་པ་ལ་སོགས་པར་དོར་རོ། །ཐིག་རྗེས་ཐམས་ཅད་མི་མངོན་པར་བྱས་ལ། གཞན་ཡང་དཀྱིལ་འཁོར་གྱིས་ཕྱོགས་བའི་རྣམ་པ་ལྔ་དང༌། དྲི་ཞིམ་པོ་ལ་སོགས་པས་ལེགས་པར་བྱུག་པར་བྱའོ། །ནུས་པ་དང་འབྱོར་པ་ཡོད་ན་བར་འདིར་ལྷག་ཆད་ཁ་བསྐང་བའི་ཕྱིར། ཞི་བའི་སྦྱིན་སྲེག་བྱའོ། །མི་ནུས་ན་སློབ་དཔོན་རང་གི་བྱ་བ་གང་ཡིན་པས་ཇི་ལྟར་བདེ་བར་གནས་པར་བྱའོ། །དེ་ནས་སློབ་མས་དགེ་བའི་རྩ་བ་འཕེལ་བར་བྱ་བའི་ཕྱིར། ཚོགས་ཀྱི་འཁོར་ལོ་དང༌། དགེ་འདུན་གྱི་སྟོན་མོ་དང༌། དབང་སྟོན་གྱི་བྱ་བ་ལ་སོགས་པ་དགེ་བའི་རྩ་བ་ཅི་ནུས་པ་དགེ་བར་བྱའོ། །བུམ་པའི་དབང་བསྐུར་བའི་ཆོ་གའོ། །དབང་གོང་མ་གསུམ་ནི་ལམ་འབྲས་བུ་དང་བཅས་པའི་གོལ་ལམ་ལ་བརྟན་པའི་ཡི་གེ་བཞིན་བླ་མ་ཕྱག་ལེན་མཛད་པས་དེ་བཞིན་དུ་ཤེས་པར་བྱའོ། །དཔལ་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ་སློབ་མ་ཡོངས་སུ་སྨིན་པར་བྱེད་པའི་ཆོ་ག་དབང་གི་ཆུ་བོ་མ་ནུབ་པར་བསྐུར་བའི་ལུགས། བླ་མས་ཇི་ལྟར་ཕྱག་ལེན་མཛད་པ་བཞིན་བྲིས་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*