སམྤུ་ཊའི་བརྟག་པ་གཉིས་པའི་རབ་བྱེད་གཉིས་པའི་ཊཱི་ཀ

༼ང་༽

༄༅། །སམྤུ་ཊའི་བརྟག་པ་གཉིས་པའི་རབ་བྱེད་གཉིས་པའི་ཊཱི་ཀ་བཞུགས།།

༄༅། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དངོས་ཀུན་ཡོད་མེད་གཉིས་མིན་གཉིས་ཀའི་མཐའ། །ཀུན་སྤང་རྟེན་འབྱུང་སྒྲོ་སྐུར་ལས་གྲོལ་བ། །རབ་རྟོགས་ཐུགས་རྗེས་ལམ་དེ་འགྲོ་བ་ལ། །གསུང་མཛད་རྡོ་རྗེ་འཆང་སྐུ་བླ་མ་ལ། །ཕྱག་འཚལ་ནས་ནི་དེ་གསུངས་ལ་བརྟེན་ནས། །ཁ་སྦྱོར་ཐིག་ལེའི་གཉིས་པའི་གཉིས་པའི་དོན། །རྟོགས་པའི་མྱུ་གུ་ཅུང་ཟད་ཤར་གང་ཡིན། །དེ་འདིར་བཤད་ཚུལ་སྤྲོས་དང་བཅས་པས་བྲི། །བརྗོད་བྱའི་དོན་དང་རྗོད་བྱེད་སྒྲ། །མངོན་རྟོགས་རྒྱུད་གཞན་བཤད་པའི་རྒྱུད། །དོན་བཞི་སྟོན་པ་བླ་མ་ཡིས། །གཞན་དུ་གསུངས་པས་འདིར་མི་སྤྲོ། །དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་མཚམས་སྦྱོར་བརྒལ་ལན་བཅས། །རྒྱས་པའོ། །ཡང་ན་མདོར་བསྡུ་ན། སྤྱི་དོན་ཡན་ལག་དོན་གྱིས་བསྟན། །འདི་ན་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ནི་རྡོ་རྗེའི་ཚིག་ཡིན་པའི་ཕྱིར་ཚིག་རེ་རེས་ཀྱང་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་བསྐྱེད་པའི་རིམ་པ་དང༌། རང་བྱིན་གྱིས་བརླབ་པ་དང༌། དཀྱིལ་འཁོར་གྱི་འཁོར་ལོའི་ཐབས་དང༌། མཐར་ཐུག་པའི་དེ་ཁོ་ན་ཉིད་ཀྱི་དོན་ཞེས་བྱ་བ་བཞི་བཞིར་གནས་ཏེ། ཇི་སྐད་དུ། སློབ་དཔོན་མཚོ་སྐྱེས་ཀྱིས། ཕྱི་དང་གསང་བ་དེ་བཞིན་ནང༌། །དེ་བཞིན་ཉིད་དོན་རྣམ་པ་བཞི། །དཀྱིལ་འཁོར་ལས་ཀྱི་ཕྱག་རྒྱ་དང༌། །ལུས་དང་རང་བཞིན་གྱིས་གནས་པའོ། །ཞེས་གསུངས་པ་དང༌། སློབ་དཔོན་ཨིནྡྲ་བྷཱུ་ཏི་དང༌། སློབ་དཔོན་ཀླུ་སྒྲུབ་ལ་སོགས་པས་ཀྱང་ཚུལ་བཞིའི་བཤད་པ་གསུངས་སོ། །བཤད་པའི་ཚུལ་འདི་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟག་པར་ག་ལ་ནུས་ཀྱིས། དེ་བས་ན་བླ་མ་དམ་པའི་ལུང་ཉིད་འདིར་བསྟན་པར་རིགས་སོ། །འདིར་ནི་རེ་ཞིག་གི་དབང་དུ་བྱས་ནས་གཞུང་ཡི་གེ་ཐད་ཀ་མ་ཙམ་གྱིས་དོན་བཤད་པའི་ཚུལ་ཅིག བླ་མའི་ལུང་དང་མི་འགལ་ཞིང༌། ཡི་གེའི་སྡེབ་སྦྱོར་རྣམས་རང་གི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཇི་ལྟར་མཐོང་བ་བཞིན་དུ་བྲིས་ཤིག་ཅེས། དགེ་སློང་སེང་གེ་རྒྱལ་མཚན་གྱིས་བསྐུལ་ནས་དེ་ལ་ཕན་པའི་ཕྱིར་བཤད་པ་བྱེད་པ་ལ་སྐྱོན་ཅི། གང་གི་ཕྱིར་ཞེ་ན། བླ་མའི་ལུང་དང་མི་འགལ་བ་དང༌། གཞུང་གི་ཆ་རིགས་པ་དང་ལྡན་པ་དང༌། བརྩེ་བས་རྩོམ་པར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་དཔྱོད་པ་དང་ལྡན་པའི་སྐྱེ་བོ་རྣམས་ལ་ཡོན་ཏན་གྱི་ཁྱད་པར་དང་ལྡན་པ་ཡིན་ནོ། །དེ་ལ་རབ་ཏུ་བྱེད་པ་འདིའི་དགོས་པ་དང༌། དགོས་པའི་དགོས་པ་ནི་གང་ཡིན་ཞེ་ན། རྨོངས་པ་རྣམས་ལ་ཡང་དག་པར་བསྟན་པ་ནི་དགོས་པ་ཡིན་ལ། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་ནི་དགོས་པའི་དགོས་པ་ཡིན་ཏེ། སྒྲུབ་པ་པོ་ལ་ཕན་པའི་ཕྱིར་ཞེས་བྱ་བ་དང༌། བྱང་ཆུབ་བླ་མེད་ཐོབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་འདིས་ཤེས་པར་འགྱུར་རོ། །རྨོངས་པ་རྣམས་ལ་ཡང་དག་པར་བསྟན་པ་ནི་གང༌། མི་གནས་པའི་མྱ་ངན་ལས་འདས་པ་ནི་གང་ཞེ་ན། འདི་ནི་བསྡུས་པའི་དོན་གྱིས་གསལ་བར་བྱེད་པ་སྟེ། རབ་ཏུ་བྱེད་པ་འདི་ནི་མདོར་བསྡུ་ན། དམིགས་པར་བྱ་བའི་ཡུལ་མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་དང༌། དེ་ཐོབ་པར་བྱེད་པའི་ཐབས་དེ་ཁོ་ན་ཉིད་ཀྱི་བསྒོམ་པའི་ཚུལ་དང༌། དེ་ལྟ་བུའི་དོན་ལ་གཡེལ་ན་དམ་ཚིག་ཉམས་པར་འགྱུར་བས་བརྩོན་པར་བསྐུལ་བ་ཞེས་བྱ་བ་འདི་རྣམས་རྨོངས་པ་རྣམས་ལ་མ་དག་པར་བསྟན་པའོ། །དེ་རྟོགས་པ་ནི་དགོས་པའོ། །རྟོགས་པ་ཉམས་སུ་བླངས་པ་ལས་བྱུང་བའི་འབྲས་བུ་ནི་དགོས་པའི་དགོས་པའོ། །བསྡུས་པའི་དོན་དེ་གང་གིས་གསལ་བར་བྱེད་ཅེ་ན། ཚིག་གི་དོན་གྱིས་ཏེ། སོ་སོར་ཡི་གེའི་དོན་གང་ཡིན་པའོ། །དེ་ཉིད་སྔ་ཕྱི་འབྲེལ་པ་ནི་མཚམས་སྦྱར་བའོ། །དེའི་དོན་ལ་བརྒལ་བ་དང་སྒྲ་ལ་བརྒལ་བ་ཁོང་ནས་ཕྱུང་སྟེ། ལན་དཀྱུས་ཀྱིས་འདེབས་པ་ནི་བརྒལ་བའི་ལན་གདབ་པ་སྟེ་འདིས་དོན་རྣམས་གསལ་བར་བྱེད་པའོ། །ཡང་ན་བཤད་པའི་ཚུལ་མདོར་བསྡུ་ན་གཉིས་ཏེ། སྤྱིའི་དོན་དང་ཡན་ལག་གི་དོན་ཏོ། །དེ་ལ་སྤྱི་དོན་ནི། དགོས་པ་དང་བསྡུས་པའི་དོན་ཏོ། །འདིར་རབ་ཏུ་བྱེད་པའི་དོན་མཐའ་དག་འདུ་བར་འགྱུར་ཏེ། འདི་ལྟར་གོང་དུ་བྱང་ཆུབ་ཀྱི་སེམས་ཀྱི་དབང་ཞེས་བྱ་བ་གསུམ་པའི་དེ་ཁོ་ན་ཉིད་ཐོབ་པའི་རྣལ་འབྱོར་པས་ཉམས་སུ་བླང་བར་བྱ་བ་ནི། དམིགས་པར་བྱ་བ་མི་གནས་པའི་མྱ་ངན་ལས་འདས་པ་ལ་དམིགས་ཏེ། མཚན་མ་ཐམས་ཅད་དང་བྲལ་བའི་མཐའ་བཞིའི་དོན་ཐབས་དང་ཤེས་རབ་ཀྱི་ཚུལ་མཐའ་གསུམ་ལ་མ་རེག་པར་བྱ་སྟེ། དུས་རྒྱུན་དུ་བསྒོམ་པར་བྱ་ཞེས་བྱ་བ་འདི་ནི་བསྒོམ་པའི་དོན་ཏེ། དེའི་མིང་གི་རྣམ་གྲངས་དང་འབྲས་བུ་དང་བདེན་པ་གཉིས་ཀྱི་མཚན་ཉིད་ཅེས་བྱ་བ་འདི་ནི་ལྟ་བའི་དོན་ཏོ། །བསམ་པ་གཞན་སྤངས་ཏེ་གནས་ཁྱད་པར་ཅན་དུ་ཕྱག་རྒྱ་བཞིའི་ཚུལ་རྒྱུན་དུ་བསྒོམ་པར་བྱ་ཞེས་བྱ་བ་འདི་ནི་སྤྱོད་པ་དང་ལྡན་པས་བསྒོམ་པའི་རྟོགས་པ་བརྟན་ཞིང་གསལ་བར་བྱ་ཞེས་བྱ་བའི་དོན་ཏོ། །འདི་དག་ནི་སྤྱིའི་དོན་ཏོ། །ཡན་ལག་གི་དོན་ནི་ཡི་གེའི་འབྲུས་གཉེར་བ་གང་ཡིན་པ་སྟེ་དེ་ནི། དེ་ནས་ཐབས་དང་ཤེས་རབ་དོན། །ཞེས་བྱ་བ་ཚིགས་སུ་བཅད་པ་གཅིག་གིས་བཤད་པར་དམ་བཅའ་བ་སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དེ་ཁོ་ན་ཉིད་རྟོགས་པའི་རྗེས་ལ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཕ་རོལ་དུ་ཕྱིན་པའི་ཐེག་པ་དག་ནི་སྒྲ་རྟོག་ལ་སོགས་པའི་ཚིག་གི་ཚུལ་ཐོས་པ་ཙམ་གྱིས་དེ་ཁོ་ན་ཉིད་ཚོལ་བར་བྱེད་ཀྱི། གསང་སྔགས་ཀྱི་ཐེག་པས་ནི་དཔེའི་ཉམས་སུ་མྱོང་བས་མངོན་དུ་བྱེད་པའི་ཕྱིར་རོ། །ཞེས་བྱ་བར་དགོངས་སོ། །གལ་ཏེ་དེ་ལྟ་ན་བསྒོམ་པའི་དོན་ཡང་དེ་ཉིད་ཀྱིས་ཆོག་པས་འདིར་དཔྱད་པ་ཞིབ་མོས་ཅི་ཞིག་བྱ་སྙམ་ན། མ་ཡིན་ཏེ་ཉམས་སུ་མྱོང་བ་དེ་ངོ་མི་ཤེས་པའི་ཕྱིར་ཏེ། འདི་ནི་ཚིག་གི་དབང་བཞི་པའི་དོན་གསལ་བར་བྱེད་པ་ལྟ་བུ་ཞེས་བྱ་བར་དགོངས་ཏེ། མྱོང་ཡང་གསལ་བར་བྱས་པས་ལམ་གཞན་དུ་གོལ་བར་མི་བྱེད་དེ། དཔེར་ན་ཕུང་པོ་ལྔ་པོ་སོ་སོ་སྐྱེ་བོ་ཐམས་ཅད་ཀྱིས་མྱོང་ཡང་ཆོས་མངོན་པར་བྱེད་པ་ལྟ་བུ་དང༌། རྟོག་པ་མེད་པའི་ཉམས་སྐྱེས་ཀྱང་ལེགས་པར་མ་བསྟན་ན་གོལ་ཏེ་མུ་སྟེགས་བྱེད་རྣམས་ལ་རྟོག་མེད་ཀྱི་ཉམས་སྐྱེས་ཀྱང་ལོག་པར་གོལ་བ་བཞིན་ནོ། །དེ་བས་ན་བླ་མའི་ལུང་གིས་མི་གོལ་བར་བྱ་ཞེས་བྱ་བ་ནི་སྔ་མ་དང་མཚམས་སྦྱར་བའོ། །བླ་མའི་ལུང་གང་ཞེ་ན། ཐབས་དང་ཤེས་རབ་ཀྱི་དོན་བསྒོམ་པའོ། །ཐབས་ནི་དངོས་པོ་སྣ་ཚོགས་ཀྱི་སྣང་བ་སྟེ། དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཤེས་རབ་ནི་ངོ་བོ་སྤྲོས་པ་དང་བྲལ་བ་སྟེ། རང་བཞིན་མེད་པའི་རང་བཞིན་གྱིས། །ཤེས་རབ་ཅེས་ནི་ཡོངས་སུ་གྲགས། །ཞེས་གསུངས་སོ། །བསྒོམ་ཞེས་བྱ་བ་ནི་སྒྲོ་འདོགས་ཆོད་པར་བྱས་ཏེ་ཉམས་སུ་བླང་ཞེས་བྱའོ། །སུས་བསྒོམ་ན། ཕ་རོལ་དོན་བརྩོན་བརྩོན་འགྲུས་ཀྱིས། །སྒྲུབ་པ་པོ་ཡིས་བསྒོམ་པའོ། །འཁོར་བའི་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པས་གཞུང་གི་དོན་སྟོན་ཏོ། །འདི་ལ་དོན་གསུམ་གྱིས་རྟོགས་པར་བྱ་སྟེ། དམིགས་པར་བྱ་བའི་དོན་ཉམས་སུ་བླང་བ་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། དེ་ཐོབ་པར་བྱེད་པའི་ཐབས་དེ་ཁོ་ན་ཉིད་ཀྱི་དོན་ཉམས་སུ་བླང་བའི་ཚུལ་དང༌། དེ་རྒྱུན་དུ་བསྒོམ་པར་བསྟན་པའོ། །དང་པོ་ནི་འཁོར་བའི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་སྟོན་ཏེ། འཁོར་བ་ཞེས་བྱ་བ་ནི་འཁོར་ཞིང་འཁོར་བས་ན་འཁོར་བ་སྟེ། ཇི་སྐད་དུ། རྒྱ་ཆེར་རོལ་པ་ལས། སྲིད་སྲེད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་གནས་ངན་སོང་ལམ་གསུམ་པོ། །འགྲོ་བ་ལྔ་པོ་རྣམས་སུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཕང་ལོ་འཁོར་བ་བཞིན། །ཞེས་གསུངས་ཏེ། རྒྱུ་ལས་དང་ཉོན་མོངས་པའི་དབང་གིས་འབྲས་བུ་འགྲོ་བ་ལྔར་འཁོར་བས་ནའོ། །རྒྱ་མཚོ་ཞེས་བྱ་བ་ནི། རྒྱ་མཚོ་དང་འདྲ་བས་ན་རྒྱ་མཚོ་སྟེ། ཇི་ལྟར་རྒྱ་མཚོ་ཆུ་སྲིན་ལ་སོགས་པ་འཇིགས་པ་དུ་མས་གང་ཞིང༌། ཕ་རོལ་གྱི་མཐའ་མི་མཐོང་བ་ཞེས་བྱ་སྟེ། དེ་བཞིན་དུ་རང་གི་རྣམ་པར་རྟོག་པ་འཁོར་བ་འདིར་འདོད་ཆགས་ལ་སོགས་པའི་ཆུ་སྲིན་ལ་སོགས་པ་སྣ་ཚོགས་ཀྱིས་གང་ཞིང༌། ཕ་རོལ་གྱི་མཐའ་མི་མཐོང་བ་དང་འདྲ་བའོ། །དེ་བས་ན་འཇིགས་ཤིང་བསྒྲལ་བར་དཀའ་བའོ། །གང་ཞིག་རྣམ་བསྒོམ་པ་ཞེས་བྱ་བ་ནི། འདི་ལས་ཇི་ལྟར་ཐར་བར་འགྱུར། །ཞེས་བྱ་བའི་བསམ་པའོ། །དེའི་དོན་ནི་འདི་ཡིན་ཏེ། འདི་ལྟར་ན་བ་དང་གྲང་བ་དང་བཀྲེས་པ་ལ་སོགས་པའི་སྡུག་བསྔལ་ལ་སྡུག་བསྔལ་གྱི་སྡུག་བསྔལ་དུ་ངོ་ཤེས་པ་ནི་འཇིག་རྟེན་པ་ཐམས་ཅད་ལའང་ཡོད་པའི་ཕྱིར། དེ་སྤང་བར་འདོད་པ་ཙམ་ནི་མྱ་ངན་ལས་འདས་པའི་བསམ་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱང་དེ་དག་གི་སྡུག་བསྔལ་ལ་བརྟེན་ཏེ་ངེས་པར་འབྱུང་བ་སྐྱེ་སྟེ། ཇི་སྐད་དུ་སྤྱོད་འཇུག་ལས། སྡུག་བསྔལ་མེད་པར་ངེས་འབྱུང་མེད། །དེ་བས་སེམས་ཁྱོད་བརྟན་པར་གནོས། །ཞེས་གསུངས་སོ། །དེ་ལྟར་སྡུག་བསྔལ་གྱི་སྡུག་བསྔལ་ལ་སྐྱོ་བས་སྡུག་བསྔལ་འདིའི་མཐའ་གང་ལས་བྱུང་ཞེས་ཀུན་དུ་བརྟགས་པ་ན་མི་དགེ་བ་ལས་མངོན་པར་བྱུང་ངོ༌། །དེའི་ཕྱིར་མི་དགེ་བ་སྤང་བར་བྱའོ་སྙམ་པ་ནི་ལེགས་སྨོན་གྱི་བསམ་པ་སྐྱེས་པ་ཡིན་ནོ། །བསམ་པ་དེས་སྡུག་བསྔལ་ལ་སྐྱོ་བར་བྱེད་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་དགེ་བ་བསྟེན་པར་བྱ་ན། སྡུག་བསྔལ་གྱི་མཐའ་དེ་ཙམ་དུ་ཟད་དམ་ཞེས་རྟོག་པ་ན། ཇི་སྲིད་དུ་མི་རྟག་པ་ལ་བརྟེན་པ་དེ་སྲིད་ཀྱི་བར་དུ་སྡུག་བསྔལ་བར་འགྱུར་ཏེ། བཞི་བརྒྱ་པ་ལས། མི་རྟག་པ་ལ་ངེས་པར་གནོད། །གང་ལ་གནོད་ཡོད་དེ་སྡུག་བསྔལ། །དེ་ཕྱིར་མི་རྟག་གང་ཡིན་དེ། །ཐམས་ཅད་སྡུག་བསྔལ་ཞེས་བྱར་འགྱུར། །ཞེས་གསུངས་པས་ཇི་སྲིད་དུ་འཁོར་བར་གྱུར་བ་དེ་སྲིད་དུ་མི་རྟག་ལ། དེ་སྲིད་དུ་སྡུག་བསྔལ་ལོ་ཞེས་བྱ་བར་ཤེས་ནས། དེའི་ཕྱིར་འཁོར་བ་ལས་བརྒལ་བའི་བྱང་ཆུབ་ཅེས་བྱ་བ་ཞིག་ཡོད་དེ་ཞེས་ཐོས་ཀྱིས་དེ་ཐོབ་པར་བྱའོ་སྙམ་པ་འདི་ནི་དམན་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་དག་ནི་གསང་སྔགས་ཀྱི་ལམ་གྱི་སྔོན་དུ་འགྲོ་བ་ཡིན་པས་འདིར་སྐབས་ཀྱི་དོན་མ་ཡིན་ཡང༌། དེ་དག་ལ་བརྟེན་ནས་བསམ་པ་ཕྱི་མ་སྐྱེ་བར་འགྱུར་བས་ཞར་ལས་འོངས་པ་བརྗོད་པའོ། །དེ་ལྟ་བུའི་བསམ་པ་ལ་བརྟེན་ནས་འཁོར་བ་ནི་སྡུག་བསྔལ་དུ་མཐོང་ན་འཁོར་བ་སྤང་བ་ལ་དེའི་རྒྱུ་སྤང་ན་དེའི་རྒྱུ་གང་ཞེས་རྣམ་པར་རྟོག་པ་ན། དེའི་རྒྱུ་ནི་དངོས་པོར་འཛིན་པ་ཡིན་ཏེ། ཇི་སྐད་དུ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ང་རུ་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་གསུངས་སོ། །དེ་བཞིན་དུ་དངོས་པོ་མེད་པའང་མི་བཟུང་སྟེ། མཁས་པས་དངོས་འཛིན་ཡོངས་བཏང་སྟེ། །དངོས་པོ་མེད་པར་མི་བརྟག་གོ །ཞེས་སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེས་ཀྱང་གསུངས་སོ། །དེ་བས་ན་རྣམ་པར་རྟོག་པ་ཐམས་ཅད་འཁོར་བར་འགྱུར་ཏེ། རྣམ་རྟོག་གཏི་མུག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད། །ཅེས་གསུངས་པའི་ཕྱིར་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་སྤང་བ་དེ་ནི་མྱ་ངན་ལས་འདས་པ་སྟེ། དེ་ནི་འདིར་སྐབས་སུ་བབ་པའི་བྱང་ཆུབ་ཀྱི་སེམས། བསྒྲལ་དཀའ་གང་ཞིག་རྣམ་བསྒོམ་པ། །ཞེས་བྱ་བའི་དོན་ཡིན་ཏེ་སྤྲོས་པས་ཆོག་གོ །ཅི་དེ་ལྟར་མྱ་ངན་ལས་འདས་པ་དེ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་བ་ཡིན་ན་འདིར་དམན་པའི་སེམས་སུ་མ་གྱུར་ཏམ་ཞེས་རྒོལ་བའི་ལན་གདབ་པའི་ཕྱིར། རྣལ་འབྱོར་པས་ནི་རང་དོན་དུ། །མྱ་ངན་འདས་པར་གནས་མི་འགྱུར། །ཞེས་གསུངས་ཏེ། དེ་ལྟར་ཤེས་རབ་སྟོང་པ་ཉིད་རྟོག་པ་མེད་པ་ལ་མོས་པར་གྱུར་ན། དེ་མ་རྟོགས་པ་རྣམས་ལ་སྙིང་རྗེ་ཆེན་པོ་རང་གི་ངང་གིས་སྐྱེ་སྟེ། བྱང་ཆུབ་སེམས་ཀྱི་འགྲེལ་པ་ལས། དེ་ལྟར་སྟོང་ཉིད་གོམས་བྱས་ན། །གཞན་གྱི་དོན་ལ་ཆགས་པའི་བློ། །འབྱུང་བར་འགྱུར་བར་ཐེ་ཚོམ་མེད། །ཅེས་གསུངས་སོ། །འོ་ན་ནི་ཉན་ཐོས་དང་རང་རྒྱལ་གྱི་བྱང་ཆུབ་མེད་པར་འགྱུར་ཏེ། དེ་དག་ཀྱང་རྟོག་པ་མེད་པར་རྟོགས་པའི་ཕྱིར་རོ་སྙམ་ན། ཁོ་བོའང་དེ་བཞིན་དུ་སྨྲ་སྟེ། དེ་ལྟ་ན་བྱང་ཆུབ་རྣམ་པ་གསུམ་ཅིའི་ཕྱིར་བསྟན་ཞེ་ན། དང་པོ་ལམ་ལ་འཇུག་པ་ན་སྙིང་རྗེ་ཤས་ཆུང་བ་རྣམས་མི་གོལ་བར་གཟུད་པའི་ཕྱིར་རིང་དུ་མྱ་ངན་ལས་འདའ་བ་ཡིན་ནོ། །དེ་བས་ན་འཕགས་པ་ལང་ཀར་གཤེགས་པ་ལས། དེ་བཞིན་དེ་དག་ང་ཡི་སྐུ། །སངས་རྒྱས་ཆོས་ཞེས་བྱ་བ་འཐོབ། །ཅེས་གསུངས་པ་དང༌། ཐེག་པ་གཅིག་ཏུ་འོང་བ་བསྟན་པ་ཡིན་ནོ། །དེ་ལྟ་ན་ལམ་ལ་ཁྱད་པར་མེད་ན། ཅིའི་ཕྱིར་ཉན་ཐོས་རྣམས་དམན་པར་བཤད་སྙམ་ན། བློ་གྲོས་ཆེན་པོ་སྙིང་རྗེ་དང་ལྡན་པ་རྣམས་ཅུང་ཟད་དལ་བའང་བཀག་པའི་ཕྱིར་ཏེ། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། །སྐྱེས་ཆེན་རྣམས་ནི་དལ་གྱིས་འགྲོ་མི་མཛེས། །ཞེས་མདོ་སྡེ་རྒྱན་ལས་གསུངས་ཏེ། ལམ་གྱི་དཔེས་ཀྱང་ཤེས་པར་བྱའོ། །དེའི་ཕྱིར་འབྲས་བུའི་ཐབས་དང་ཤེས་རབ་མི་རྟོག་པ་ལས་སེམས་ཅན་གྱི་དོན་འབྱུང་བ་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བ་དམིགས་པའི་ཡུལ་ཡིན་པར་བསྟན་པའི་ཕྱིར་རོ། །གང་གིས་ཁྱད་པར་འཕགས་ཞེས་སྨོས་ཏེ། ཉན་ཐོས་ཀྱི་བྱང་ཆུབ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། རྒྱུ་ཁྱད་པར་ཅན་སྙིང་རྗེའི་སྒོ་ནས་སེམས་ཅན་ལ་ཆགས་པ་ཡོད་པ་དང་མེད་པའི་ཁྱད་པར་ཏེ། སློབ་དཔོན་ས་ར་ཧས་ཀྱང་སྙིང་རྗེ་དང་བྲལ་སྟོང་པ་ཉིད་བསྒོམ་གང༌། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །ཞེས་བྱ་བ་དང༌། བྱང་ཆུབ་སེམས་ཀྱི་འགྲེལ་པ་ལས་ཀྱང༌། ཉན་ཐོས་རྣམས་ནི་ཆགས་བྲལ་བས། །བྱང་ཆུབ་དམན་པ་ཐོབ་མིན་ནམ། །སེམས་ཅན་ཡོངས་སུ་མ་དོར་བས། །རྫོགས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ། །ཅེས་གསུངས་སོ། །དེའི་འབྲས་བུ་ཇི་སྙེད་ཅིག་གིས་ཁྱད་པར་དུ་འཕགས་ཤེ་ན། སངས་རྒྱས་རྣམས་ཀྱི་ས་གཞན་ཏེ། །རྣམ་པ་ཀུན་དུ་གཞལ་མེད་པས། །རྒྱ་ཆེ་དེ་ནི་སྟོབས་བཅུ་དང༌། །ལྡན་པ་ཡིན་པ་ཙམ་ཞིག་བརྗོད། །དེ་ཡི་སྟོབས་ནི་རེ་རེ་ཡང༌། །འགྲོ་བ་ཀུན་བཞིན་དཔག་ཏུ་མེད། །ཅེས་རིན་ཆེན་ཕྲེང་བ་ལས་གསུངས་པ་བཞིན་ནོ། །མཐས་གཏུགས་པར་ཞེས་བྱ་བ་ནི། དེའི་གོང་ན་གཞན་མེད་པ། །ཞེས་བྱ་བའི་ཐ་ཚིག་གོ །དེའི་མཚན་ཉིད་ནི་སངས་རྒྱས་ཞེས་བྱ་སྟེ། སངས་པ་ནི་གཏི་མུག་སངས་པ་སྟེ་དཔེར་ན་གཉིད་སངས་པ་ལྟ་བུའོ། །རྒྱས་པ་ནི་ཡེ་ཤེས་ཀྱི་བློ་རྒྱས་པ་སྟེ་དཔེར་ན་པདྨ་རྒྱས་པ་ལྟ་བུའོ་ཞེས་སྒྲའི་བསྟན་བཅོས་ལས་བཤད་དོ། །དེ་ཉིད་དྲི་མ་མེད་དེ། བྱང་ཆུབ་ཀྱི་སྤྱོད་པ་ན་འཁོར་བའི་འདམ་ན་དེའི་རང་བཞིན་ལ་གོས་པ་མེད་དེ། ཇི་ལྟར་པདྨ་དམར་པོ་ནི། །ཚོན་གྱི་ཉེས་པས་མི་གོས་པ། །དེ་བཞིན་སྲིད་པའི་འདམ་སྐྱེས་ཀྱང༌། །དེ་བྱུང་ཉེས་པས་མི་གོས་སོ། །ཞེས་མཉམ་སྦྱོར་ལས་སོ། །ངོ་མཚར་རྨད་ཅེས་བྱ་བ་ནི་སྟོང་པ་ཉིད་རྟོགས་ཀྱང་སེམས་ཅན་གྱི་དོན་མཛད་པའི་ཕྱིར་ཏེ། ཆོས་རྣམས་སྟོང་པ་འདི་རྟོགས་ནས། །ལས་དང་འབྲས་བུ་སྤྱོད་པ་གང༌། །འདི་ནི་ངོ་མཚར་བས་ཀྱང་མཚར། །རྨད་བྱུང་བས་ཀྱང་རྨད་དུ་བྱུང༌། །ཞེས་བྱང་ཆུབ་སེམས་ཀྱི་འགྲེལ་པ་ལས་སོ། །འགྲིབ་དང་འཕེལ་ལས་རྣམ་པར་གྲོལ། །ཞེས་བྱ་བ་ནི། འགྲིབ་པ་སྟེ་མི་མཐུན་པའི་ཕྱོགས་སྤངས་པའོ། །འཕེལ་བ་ནི་གཉེན་པོ་ཐོབ་པ་སྟེ་དེ་གྲོལ་བ་ནི་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཐ་ཚིག་སྟེ། དབུ་མ་ལས། སྤངས་པ་མེད་པ་ཐོབ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འགག་པ་མེད་པ་སྐྱེ་མེད་པ། །དེ་ནི་མྱ་ངན་འདས་པར་བརྗོད། །ཅེས་གསུངས་སོ། །བྱང་ཆུབ་བླ་མེད་ཐོབ། །ཅེས་བྱ་བ་ནི། མྱ་ངན་ལས་འདས་པ་དེའང་ཉན་ཐོས་རང་རྒྱལ་ལྟར་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པ་དང༌། འཁོར་བའི་མཐའ་ལ་མི་གནས་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཇི་སྐད་དུ། བྱང་ཆུབ་སེམས་ཀྱི་འགྲེལ་པ་ལས། འཁོར་བ་མྱ་ངན་འདས་པ་ལ། །བདག་ཉིད་ཆེ་དེ་མི་གནས་པས། །དེ་ཕྱིར་སངས་རྒྱས་རྣམས་ཀྱིས་ནི། །མི་གནས་མྱ་ངན་འདས་འདིར་བཤད། །ཅེས་གསུངས་སོ། །དེ་དག་གིས་ནི་དམིགས་པར་བྱ་བའི་ཡུལ་བསྟན་ཏོ། །དེ་ལྟར་དེ་ལྟ་བུའི་གོ་འཕང་ཐོབ་པར་བྱའོ་ཞེས་ཀུན་རྫོབ་ཀྱི་རྣམ་པ་ཅན་གྱི་བྱང་ཆུབ་ཀྱི་སེམས་སྨོན་པ་བསྐྱེད་ནས། དེ་ཐོབ་པར་བྱེད་པའི་ཐབས་འཇུག་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐབས་དང་ཤེས་རབ་ཀྱི་དོན་བསྒོམ་པ་ནི། ཕུང་པོ་ལྔ་སོགས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ལྔ་སྟེ། ཐབས་དང་ཤེས་རབ་བསམ་མི་ཁྱབ་ཀྱི་དོན་བསྒོམ་པ་དངོས་དང༌། དེའི་མིང་གི་རྣམ་གྲངས་བསྟན་པ་དང༌། འབྲས་བུ་དང་གནས་ལུགས་ཤེས་པའི་སྒོ་ནས་དེ་བསྒོམ་པའི་འཐད་པ་དང༌། རྗེས་སུ་གདམས་པ་དང༌། སྤྱོད་པ་དང་ལྡན་པས་བསྒོམ་པར་བསྟན་པའོ། །དང་པོ་ལ་གསུམ་སྟེ། བསྒོམ་པའི་ཚུལ་དངོས་དང༌། དེ་མཐའ་གསུམ་ལ་མ་རེག་པར་བསྟན་པ་དང༌། དཔེས་གསལ་བར་བྱ་བ་དང༌། རྒྱུན་གྱི་རྣལ་འབྱོར་དུ་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཐབས་ཀུན་རྫོབ་ཀྱི་བདེན་པ་བསྒོམ་པ་དང༌། ཤེས་རབ་དོན་དམ་པའི་བདེན་པ་བསྒོམ་པ་དང༌། ཟུང་དུ་ཆུད་པའོ། །དང་པོ་ནི་ཕུང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ཅི་གལ་ཏེ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ལ་གཟུགས་ལ་སོགས་པའི་ཆོས་འདི་དག་སྤང་ངམ་ཞེ་ན། མ་ཡིན་ཏེ་ཡུལ་ཕྱིར་བཟློག་པ་ཙམ་གྱིས་བྱང་ཆུབ་མི་འཐོབ་པའི་ཕྱིར་དང༌། སྣང་བ་དགག་པར་མི་ནུས་པའི་ཕྱིར་རོ། །དེ་བས་ན་ཕུང་པོ་ནི་སྤུངས་པའི་ཕྱིར་ཏེ་ས་ལ་སོགས་པའི་འབྱུང་བ་རྣམས་དང་དེ་རྒྱུར་བྱས་པ་རྣམས་སྤུངས་པའི་ཕྱིར་གཟུགས་ཀྱི་ཕུང་པོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ལྔ་ནི་རེ་ཞིག་འདི་རྣམས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་རབ་ཏུ་རྒྱས་པར་བསྡུས་པའི་ཕྱིར་རོ། །སོགས་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་ཀྱང་བསྡུའོ། །དེ་དག་ནི་ཀུན་ནས་ཉོན་མོངས་པའི་ཆོས་སོ། །རྣམ་པར་བྱང་བ་ལམ་གྱིས་བསྡུས་པའི་ཆོས་གང་ཞེ་ན། ཐེག་པ་གསུམ་ཞེས་གསུངས་ཏེ། འདིར་འདོང་བའི་དོན་གྱིས་ན་ཐེག་པ་སྟེ་འབྲས་བུ་ལ་བྱ་ལ། འདིས་འདོང་བས་ན་ཐེག་པ་སྟེ་ལམ་ལ་བྱའོ། །དེ་ནི་གསུམ་སྟེ། ཉན་ཐོས་དང༌། རང་སངས་རྒྱས་དང༌། བླ་ན་མེད་པའི་བྱང་ཆུབ་བོ། །དེ་དག་སྤང་བར་མི་བྱ་ཞེས་བྱ་བའོ། །དེ་ལ་སྤོང་བ་ནི་གཉིས་ཏེ། མི་སྣང་བས་སྤངས་པ་དང༌། སྐུར་པ་འདེབས་པས་སྤངས་པའོ། །དེ་གཉིས་ཀ་མི་རུང་སྟེ། མི་སྣང་བ་མ་ཡིན་ལ་སྐུར་བ་འདེབས་པའང་མི་རུང་བའི་ཕྱིར་རོ། །སྐུར་པ་འདེབས་པ་ནི་མེད་པའི་ལྟ་བར་འགྱུར་ཏེ། དེ་ནི་ངན་འགྲོའི་རྒྱུ་ཉིད་ཡིན་པའི་ཕྱིར་ཡང་འདིར་དོར་བར་བྱ་སྟེ། ཇི་སྐད་དུ་རིན་ཆེན་ཕྲེང་བ་ལས། ཡོད་པ་པ་ནི་བདེ་འགྲོར་འགྲོ། །མེད་པ་པ་ནི་ངན་འགྲོར་འགྲོ། །ཞེས་བྱ་བ་དང༌། མདོར་ན་མེད་པར་ལྟ་བ་ཉིད། །ལས་ཀྱི་འབྲས་བུ་མེད་ཅེས་པ། །བསོད་ནམས་མ་ཡིན་ངན་སོང་བ། །དེ་ནི་ལོག་པར་ལྟ་བ་ཉིད། །ཅེས་གསུངས་སོ། །ཅི་དེ་ལྟ་ན་འཇིག་རྟེན་པ་རྣམས་དང་ཁྱད་པར་མེད་པར་གྱུར་ཏོ་སྙམ་ན་མ་ཡིན་ཏེ། ཆོས་དབྱིངས་ཤིན་ཏུ་མཉམ་པ་ཉིད། །ཆུ་ཤིང་ལྟ་བུར་ཡོངས་སུ་བཟུང༌། །ཞེས་གསུངས་ཏེ། ཆོས་ཀྱི་དབྱིངས་ནི། ཆོས་ཀྱི་རྒྱུ་སྟེ། རྒྱུ་དེ་ནི་ཤིན་ཏུ་མཉམ་པ་སྟེ་རང་བཞིན་གྱིས་ཅིར་ཡང་མ་གྲུབ་བོ་ཞེས་བྱ་བའི་དོན་ཏེ། ཅིར་ཡང་གྲུབ་ན་ནི་མཉམ་པ་ཉིད་དུ་ག་ལ་འགྱུར། ཇི་ལྟར་ཅིར་ཡང་མ་གྲུབ་པ་གང་ཞེ་ན། བརྟགས་ན་མི་བདེན་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་སྣང་བའང་མི་འགག་ལ་སྙིང་པོའང་མེད་པ་དེ་བས་ན་ཆུ་ཤིང་དང་མཚུངས་སོ། །དེ་ལྟར་སྤྱོད་པ་ལ་འཇུག་པ་ལས་ཀྱང༌། ཇི་ལྟར་མཐོང་ཐོས་ཤེས་པ་དག །འདིར་ནི་དགག་པར་བྱ་མིན་ཏེ། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པའི། །བདེན་པར་རྟོགས་པ་བཟློག་བྱ་ཉིད། །ཅེས་བྱ་བ་གསུངས་ཏེ། སྒྱུ་མ་ལྟ་བུའམ། རྨི་ལམ་ལྟ་བུའམ། ཆུ་ཟླ་ལྟ་བུ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་ཡིན་ཏེ། དེ་ཉིད་སྟོང་པ་ཉིད་ཅེས་བྱ་སྟེ། དབུ་མ་ལས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་འང་ཡོད་པ་མ་ཡིན་པས། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་འང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་དང༌། བྱང་ཆུབ་སེམས་ཀྱི་འགྲེལ་པ་ལས་ཀྱང༌། མདོར་ན་ཕུང་པོ་ལྔ་པོ་ནི། །ཆོས་ཀུན་ཞེས་ནི་བཤད་པ་ཡིན། །དེ་ཉིད་ཇི་བཞིན་བཤད་པ་ན། །ཀུན་རྫོབ་རྒྱུན་ནི་འཆད་མི་འགྱུར། །ཀུན་རྫོབ་ལས་ནི་ཐ་དད་པར། །དེ་ཉིད་དམིགས་པ་མ་ཡིན་ཏེ། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན། །ཞེས་གསུངས་སོ། །དེའི་ཕྱིར་ལས་རྒྱུ་འབྲས་གང་ལའང་སྒྲོ་སྐུར་ལས་གྲོལ་བའི་ལྟ་བ་དང་ལྡན་པར་བྱ་སྟེ། བསྐྱེད་པའི་རིམ་པ་ལ་སོགས་པའི་མཚན་མ་དང་བཅས་པའི་ཐབས་ཉམས་སུ་བླང་བར་བྱའོ། །ཞེས་བྱ་བ་ནི་ལག་ཏུ་བླང་བའི་རིམ་པའོ། །ཅི་དེ་ལྟར་ཐབས་ཀྱི་རྣམ་པ་ཉམས་སུ་བླང་བ་ནི་གོ་ན། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཇི་ལྟར་ཉམས་སུ་བླང༌། འོན་ཏེ་ཐབས་འབའ་ཞིག་ཙམ་ལ་བརྟེན་ན་ནི་འཁོར་བར་འགྱུར་ཏེ། ས་ར་ཧས། འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་ན་ཡང༌། །འཁོར་བར་འགྱུར་གྱི་མྱ་ངན་འདའ་མི་འགྱུར། །ཞེས་གསུངས་ལ། འཕགས་པ་ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་ཀྱང༌། ཤེས་རབ་དང་བྲལ་བའི་ཐབས་ནི་འཆིང་བའོ་ཞེས་འབྱུང་ངོ༌། །དེས་ན་མྱ་ངན་ལས་འདས་པ་དམིགས་པ་ཐམས་ཅད་དང་བྲལ་བར་གང་གིས་བྱེད་ཅེ་ན། སྟོང་པ་བསྒོམ་པར་མི་བྱ་ཞིང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྟོང་པ་ཉིད་ཅེས་བྱ་བ་ནི་རང་བཞིན་གྱིས་མ་གྲུབ་བའོ། །དེ་ལྟར་ཡང་བསྒོམ་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འོག་ཏུ་སྦྱར་ལ་སྟོང་པར་བཟུང་བ་ལས། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར། །ཞེས་པ་འཛིན་པ་དང་བཅས་པའི་ཕྱིར་རོ། །དེ་བཞིན་དུ་སྟོང་མིན་བསྒོམ་པར་མི་བྱ་སྟེ། སྟོང་མིན་བཟུང་བ་ལས། རྟོག་པ་ཉུང་མིན་སྐྱེ་བར་འགྱུར་ཏེ་སྤྲོས་པ་དང་བཅས་པའི་ཕྱིར་རོ། །ཅིའི་ཕྱིར་དེ་གཉིས་སྤྲོས་པ་དང་བཅས་སྙམ་ན། འགའ་ཞིག་སྟོང་པ་ཞེས་བྱ་བ་ཡོད་ན་མི་སྟོང་པ་ཡོད་པར་འགྱུར་ལ། མི་སྟོང་པ་ཡོད་ནའང་སྟོང་པ་ཡོད་པར་འགྱུར་ཏེ་ཕན་ཚུན་ལྟོས་ནས་གྲུབ་པའི་ཕྱིར་རོ། །དེ་བས་ན་དེ་གཉིས་མེད་དེ། དབུ་མ་ལས། གལ་ཏེ་མི་སྟོང་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་མེད་པས་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །ཞེས་གསུངས་སོ། །འོ་ན་ནི་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་ཀྱི་ལྟ་བ་གསུངས་པ་ཅིའི་ཕྱིར་སྙམ་ན། དེ་ནི་ལྟ་བ་སྤང་བའི་ཕྱིར་ཡིན་གྱི། སྟོང་པ་ཉིད་དུ་ལྟ་བ་ནི་མ་ཡིན་ཏེ། རྡོ་རྗེ་གུར་ལས་ཀྱང་དྲང་བའི་དོན་དུ་གསུངས་ལ། དབུ་མ་ལས་ཀྱང༌། རྒྱལ་བ་རྣམས་ཀྱི་སྟོང་པ་ཉིད། །ལྟ་ཀུན་ངེས་པ་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་སྨྲས་ཏེ་བསྒྲུབ་ཏུ་མེད་པ་ནི་བསྐྲུན་དུ་མེད་པ་སྟེ། དཔེར་ན་འགའ་ཞིག་གིས་བྱིན་ཅིག་ཅེས་སྨྲས་པ་ན། དེས་ཅི་ཡང་མེད་དོ་ཞེས་བརྗོད་ན། ཅི་ཡང་མེད་པ་ཉིད་བྱིན་ཅིག་ཅེས་སྨྲ་ན་དེ་ལ་ཇི་ལྟར་བསྒྲུབ་པར་བྱ། འོ་ན་རྣལ་འབྱོར་པ་སོ་སོའི་སྐྱེ་བོ་ལྟར་སྟོང་པ་ཉིད་དུ་མི་རྟོག་གམ་སྙམ་ན་མ་ཡིན་ཏེ། དངོས་པོར་འཛིན་པ་སྤང་བའི་ཕྱིར། །རྣལ་འབྱོར་པ་དེས་སྟོང་པ་མི་སྤང་ཞེས་གསུངས་སོ། །འོ་ན་ཅིའི་ཕྱིར་སྟོང་པར་མི་ལྟ་སྙམ་ན། སྟོང་མིན་ཡོངས་སུ་མི་སྤང་སྟེ་སྐྱེ་བར་མཐོང་བའི་ཕྱིར་རོ། །དེའི་ཕྱིར་གང་དང་གང་དུ་རྟོག་པ་དེའི་གཉེན་པོར་གསུངས་ཏེ། རིན་པོ་ཆེའི་ཕྲེང་བ་ལས། རྒྱུ་དང་བཅས་པར་འགོག་མཐོང་བས། །ཡོད་པ་ཉིད་དུ་ཁས་མི་ལེན། །རྒྱུ་དང་བཅས་པར་སྐྱེ་མཐོང་བས། །མེད་པ་ཉིད་ལས་འདས་པ་ཡིན། །ཞེས་བྱ་བ་དང༌། དབུ་མ་ལས་ཀྱང༌། བདག་གོ་ཞེས་ཀྱང་བཏགས་གྱུར་ཅིང༌། །བདག་མེད་ཅེས་ཀྱང་བཏགས་པར་འགྱུར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། བདག་མེད་འགའ་མེད་ཅེས་ཀྱང་བསྟན། །ཞེས་གསུངས་པའི་རིགས་པས་སོ། །འོ་ན་དེ་གཉིས་ཀ་སྤང་ངམ་ཞེ་ན་མ་ཡིན་ཏེ། ཡོངས་སུ་སྤངས་ན་ཀུན་རྟོག་ཏུ་འགྱུར་བའི་ཕྱིར་རོ། །མི་སྤང་ངམ་ཞེ་ན་མ་ཡིན་ཏེ་མ་སྤངས་ན་འཛིན་པར་འགྱུར་བས་དེའི་ཕྱིར་དེ་གཉིས་སུ་ཡོངས་སུ་སྤང་ཞེས་གསུངས་སོ། །དེའི་ཕྱིར་གཉིས་ཀྱི་གཟུང་བ་དང་ཡོངས་སུ་སྤངས་པའི་གནས་དང་བྲལ་བ་ནི་རྣམ་པར་གྲོལ་བ་ཞེས་བྱ་སྟེ། ཇི་སྐད་དུ། རྣམ་པར་མི་རྟོག་པར་འདོད་པ་ལས། ཁྱོད་མཐོང་ན་ཡང་འཆིང་འགྱུར་ཞིང༌། །ཁྱོད་མ་མཐོང་བར་འཆིང་བར་འགྱུར། །ཁྱོད་མཐོང་ན་ཡང་གྲོལ་འགྱུར་ཞིང༌། །ཁྱོད་མ་མཐོང་ཡང་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །མཇུག་བསྡུ་བ་བསྟན་པའི་ཕྱིར། དེ་ཕྱིར་ང་ཞེས་བྱ་བ་ནི། །ཀུན་རྟོག་འདི་ནི་ཡང་དག་སྤང༌། །ཞེས་བྱ་བར་སྦྱར་ཏེ། དམིགས་པ་སྤང་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། དངོས་པོའི་གནས་ལུགས་འདི་ཡིན་ཞེས་བྱ་བ་མེད་པའི་ཕྱིར་ཏེ། གནས་ལུགས་ཡོད་ན་དེ་ཅིའི་ཕྱིར་ལྟ་བར་མི་འགྱུར་བསམ་པར་མི་འགྱུར། གནས་ལུགས་མེད་པའི་རིགས་པ་ནི་རྒྱུ་དང་བཅས་པར་སྐྱེ་མཐོང་ཞེས་བྱ་བ་ལ་སོགས་པས་སྔར་ཡང་བསྟན་ཟིན་ལ་འོག་ནས་ཀྱང་འཆད་པར་འགྱུར་རོ། །དེ་ལྟར་གནས་ལུགས་མེད་པས་ན་འདི་ལྟ་བུའོ་ཞེས་བྱ་བའི་རྣམ་པ་མེད་ལ། འཁོར་བ་མ་གྲུབ་པ་དང་མྱ་ངན་ལས་འདས་པའང་མ་གྲུབ་པས་ན་འབྲས་བུ་མ་ཐོབ་པ་དང་འཁོར་བར་འཁྱམ་པའི་དོགས་པ་དང་འདོད་པའང་མེད་ཅིང༌། རྒྱུ་རྣམ་པར་རྟོག་པ་དང་བྲལ་བས་སྡིག་པ་ལས་ཀྱང་གྲོལ་ལ། རང་བཞིན་གྱིས་མ་གྲུབ་པས་ན་ཐོག་མ་སྐྱེ་བའང་མེད་ལ། དེ་མ་གྲུབ་པས་དེ་ལ་ལྟོས་པའི་འགག་པ་དང་གནས་པའང་མེད་པས་རྣམ་པར་རྟོག་པ་ཐམས་ཅད་ལས་གྲོལ་བ་ནི་ནམ་མཁའ་ལྟ་བུ་སྟེ་མཁས་པས་བསྒོམ་ཞེས་བྱའོ། །དེ་ལྟར་ཡང༌། དམིགས་པ་མེད་པའི་སེམས་སུ་ནི། །གནས་པ་ནམ་མཁའི་མཚན་ཉིད་ཡིན། །ནམ་མཁའ་བསྒོམ་པ་དེ་ཉིད་ནི། །སྟོང་ཉིད་བསྒོམ་པར་བཞེད་པ་ཡིན། །ཞེས་བྱང་ཆུབ་སེམས་ཀྱི་འགྲེལ་པ་ལས་གསུངས་སོ། །གལ་ཏེ་དེ་ལྟར་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ན་སེམས་ཅན་གྱི་དོན་ལས་ཉམས་པར་མི་འགྱུར་རམ་སྙམ་ན་མ་ཡིན་ཏེ། སྙིང་རྗེ་ལྡན་པས་ཞེས་སྨོས་ཏེ། སྙིང་རྗེ་ནི་རྣམ་པ་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང༌། ཆོས་ལ་དམིགས་པ་དང༌། དམིགས་པ་མེད་པའི་སྙིང་རྗེའོ། །དེ་ལ་སྙིང་རྗེ་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྒྱུར་གྲུབ་པའི་ཕྱིར་ཏེ། དང་པོར་སེམས་ཅན་སྡུག་བསྔལ་བ་རྣམས་མཐོང་བ་ནི་མི་བཟོད་པའི་སྙིང་རྗེ་སྟེ། དེ་ནི་འོག་ནས་སྙིང་རྗེ་རྣམས་ཀྱི་རྒྱུའོ། །རྒྱུ་དེ་ཡོད་པས་གང་ཟག་དང་བྲལ་ཡང་རུང༌། ཆོས་དང་བྲལ་ཡང་རུང་སྟེ་འབད་པའི་ཤུགས་མེད་པར་སྟོང་པ་ཉིད་མ་རྟོགས་པ་རྣམས་ལ་རང་གི་ངང་གིས་སྙིང་རྗེ་སྐྱེ་བ་ནི་དམིགས་པ་མེད་པའི་སྙིང་རྗེའོ། །དེའི་ཕྱིར་སྙིང་རྗེ་དེ་དང་ལྡན་པས་སེམས་ཅན་གྱི་དོན་ལ་རྒྱབ་ཀྱིས་ཕྱོགས་པར་མི་བྱ་སྟེ། ཉན་ཐོས་རང་རྒྱལ་ལྟ་བུར་མི་བྱ་ཞེས་བྱ་བའི་དོན་ཏོ། །འོ་ན་སེམས་ཅན་ཡོད་པར་གྱུར་ཏམ་ཞེ་ན་མ་ཡིན་ཏེ། སྔར་བཤད་པའི་རིགས་པས། སེམས་ཅན་ཡོད་དང་ཡོད་མིན་ཞེས། །དེ་ལྟར་ཡོངས་སུ་བརྟག་མི་བྱ། །ཞེས་སོ། །དེ་ལྟར་རྣལ་འབྱོར་པ་གོམས་པས་ཤེས་རབ་ཀྱི་དོན་ཐོབ་པ་ནི། སྤྲོས་པ་མེད་པའི་ཞེས་བྱ་བ་རྐང་པ་གཉིས་སོ། །རྟོག་པ་མེད་ཀྱང་སེམས་ཅན་གྱི་དོན་འབྱུང་བ་ནི་ཐབས་ཏེ། ཡིད་བཞིན་ནོར་བུ་ཞེས་བྱ་བ་རྐང་པ་གཉིས་ཏེ། སྤྱོད་པ་ལ་འཇུག་པ་ལས། ཡིད་བཞིན་ནོར་བུ་བུམ་པ་བཟང༌། །ཇི་ལྟར་རེ་བ་ཡོངས་སྐོང་བ། །དེ་བཞིན་གདུལ་བྱའི་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ༌། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ཐབས་དང་ཤེས་རབ་ཟུང་དུ་ཆུད་པར་མཇུག་བསྡུ་བ་ནི། དམིགས་མེད་གནས་སུ་ཞེས་བྱ་བ་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ། །དེ་ལྟ་བུའི་དོན་དེ་མཐའ་གསུམ་གྱིས་མ་རེག་པའི་ཚུལ་གྱིས་བསྒོམ་པར་བསྟན་པ་ནི་གང་ལ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་རྣལ་འབྱོར་པ་དམིགས་པའི་ཡུལ་ཐམས་ཅད་ལ་སྒྲོ་འདོགས་ཆོད་པ་ཙམ་ལ་ལྟ་བ་རྟོགས་པ་ཞེས་བྱ་བར་བརྡར་བཏགས་ཏེ། དེའི་དོན་ཉམས་སུ་ལེན་པ་ན་དམིགས་པ་ཐམས་ཅད་ལ་རྩོལ་བ་ཀློད་དེ་ཇི་སྲིད་རྟོག་པ་མི་འཇུག་པར་གྱུར་པ་དེར་བསྒོམས་ཏེ། དེའང་སྒོམ་པ་པོ་ནི་བདག་ཉམས་སུ་ལེན་པ་པོའོ་ཞེས་རྟོག་པའོ། །བསྒོམ་པ་ནི་ཞི་གནས་ཀྱི་ཉམས་སུ་མྱོང་བར་ཞེན་པའོ། །བསྒོམ་བྱ་ནི་དམིགས་པ་ལ་ཡིད་བཞག་པའོ། །ཅི་དེ་ལྟ་ན་ཐ་མལ་པ་ཉིད་དུ་མ་གྱུར་ཏམ་སྙམ་ན་མ་ཡིན་ཏེ། ཐ་མལ་པ་ནི་དམིགས་པ་དང་བཅས་པའི་ཕྱིར་རོ། །ཇི་ལྟར་དམིགས་པ་དང་བཅས་པ་ཡིན་ཞེ་ན། གཟུགས་ལ་སོགས་པ་ལ་བློ་འཇུག་པའི་ཕྱིར་རོ། །ཇི་སྲིད་བློ་འཇུག་པ་ཡོད་པ་དེ་སྲིད་དུ་བསྒོམ་པ་ཡིན་ཞིང༌། ཇི་སྲིད་སྒོམ་པ་ཡོད་པ་དེ་སྲིད་དུ་ལྷན་ཅིག་སྐྱེས་པ་མ་ཡིན་ཏེ། ཇི་སྲིད་བློ་ནི་འཕེལ་འགྱུར་བ། །དེ་སྲིད་བསྒོམ་པར་འགྱུར་བ་སྟེ། །གང་ཡང་བློ་ཡི་ཡུལ་མེད་པ། །ལྷན་ཅིག་སྐྱེས་དེ་ཇི་ལྟར་བསྒོམ། །ཞེས་གསུངས་པའི་ཕྱིར་རོ། །སློབ་དཔོན་ཀོ་ཏ་ལིས་ཀྱང༌། དེ་ནི་དངོས་པོའི་གཟུགས་ཀྱིས་ནི། །དམིགས་ཤིང་དམིགས་པ་བསྒོམ་པ་མིན། །བདེ་བའི་རྣམ་པའི་རང་བཞིན་གྱིས། །རང་བྱུང་གཉིས་སུ་མེད་པ་མཆོག །ཅེས་གསུངས་པ་ལྟ་བུའོ། །དེ་ལྟར་བསྒོམ་བྱ་ལ་སོགས་པ་མེད་པ་ཉིད་ཀྱིས་ན། གང་ཡང་བྱ་བ་ཡོད་མིན་ཞེས་གསུངས་ཏེ། བྱ་བ་ཞེས་བྱ་བ་ནི་སྤྱིར་ན་དགེ་བ་དང་མི་དགེ་བ་དང་སྤང་བྱ་དང་གཉེན་པོ་ལ་སོགས་པའི་བྱ་བ་དུ་མ་ལ་འཇུག་མོད་ཀྱང༌། འདིར་ནི་བསམ་གཏན་དང་འབྲེལ་བའི་བྱ་བ་ལ་བྱའོ། །འོན་ཏེ་སྔར་བཤད་པ་དང་ཟློས་པར་མ་གྱུར་ཏམ་སྙམ་ན། མ་ཡིན་ཏེ་གོང་དུ་བསམ་གཏན་གྱི་དམིགས་པ་ཙམ་ཡིན་ལ། འདིར་ནི་བསམ་གཏན་དང་རྗེས་སུ་འབྲེལ་བའི་བྱ་བ་ཇི་ལྟར་བྱ་བའི་རྒྱུད་ལ་སོགས་པ་ནས་སྐྱིལ་ཀྲུང་བཅའ་བ་ལ་སོགས་པ་གསུངས་པ་དེ་དག་མི་བྱ་ཞེས་བྱ་སྟེ། ཇི་ལྟར། དེ་བཞིན་སྐྱིལ་ཀྲུང་དྲང་འདུག་སོགས། །ལུས་ཀྱི་བཅོས་པ་ཐམས་ཅད་ཀྱང༌། །ལུས་རྟོག་མངོན་པར་ཞེན་ལས་བྱུང༌། །དྲང་འདུག་སྐྱིལ་ཀྲུང་བཅས་པ་མེད། །ཅེས་ཇི་སྐད་བཤད་པ་ལྟ་བུའོ། །དེ་ལྟར་བྱ་བ་མེད་པ་དེའི་ཕྱིར་བྱེད་པ་པོ་ཡང་མེད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་དུ་འདིར། བཟའ་བྱ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། བཟའ་བྱ་ནི་ཉམས་སུ་མྱོང་བ་ཞེས་བྱ་བར་དགོངས་སོ། །འདི་ལྟར་མྱོང་བ་ནི་གཉིས་ཏེ་ཡོད་པ་དང་མེད་པའོ། །དེ་ལྟར་གོང་དུ་མྱོང་ཡང་རུང་སྟེ། སྟོང་པ་དམིགས་པར་སྨྲ་བ་ཡི། །བརྫུན་དུ་སྨྲ་བས་བསླུས་པ་རྣམས། །བདེ་བ་དམ་པ་ཉིད་མི་རྟོགས། །ཞེས་སློབ་དཔོན་ཏོག་ཙེ་བས་གསུངས་སོ། །གལ་ཏེ་གཉི་ག་མིན་པར་ཉམས་སུ་མྱོང་ངོ་སྙམ་ན། དེ་དག་ཀྱང་ཇི་སྲིད་མྱོང་བ་ཡོད་པ་དེ་སྲིད་དུ་རྟོག་པ་ཡིན་པས་ན་དེ་དོར་བར་བྱའོ། །དེ་བཟའ་བྱ་མེད་པས་ཟ་བ་པོ་ཡང་མེད་པ་དེ་ནི་དོན་དམ་པའི་བསྒོམ་པ་ཞེས་མིང་དུ་གདགས་ཏེ། ཇི་ལྟར་འགའ་ཡང་མཐོང་བ་མེད་པ་ནི་དེ་ཁོ་ན་མཐོང་བའོ་ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་འདི་ལས་སྒྲུབ་པ་པོ་གང་ཡང་མེད་ཅེས་བྱ་སྟེ་སྔར་བསྟན་པའི་ཚུལ་གྱིས་བསྒོམ་པ་ལ་སོགས་པ་ཡོད་ན་སྒྲུབ་པ་པོ་ཡོད་པར་འགྱུར་བ་ཞིག་ན། དེ་མེད་པའི་ཕྱིར་སྒྲུབ་པ་པོ་སྟེ་རྣལ་འབྱོར་པ་ཞེས་བྱ་བར་རྟོག་པའང་ག་ལ་ཡོད། སྒྲུབ་པ་པོ་མེད་པའི་ཕྱིར་འབྲས་བུའི་རྣམ་པ་ལ་གཏོད་པའང་ག་ལ་ཡོད་དོ། །དེ་ལྟར་ཐམས་ཅད་ལས་གྲོལ་བས་ན་ཉོན་མོངས་པ་ལ་སོགས་པའི་སྤང་བྱ་རྣམས་ཀྱང་མ་གྲུབ་པའི་ཕྱིར་འདིར་དེ་ལ་དོར་བ་མེད་ཅེས་བྱའོ། །སྤང་བྱ་མེད་ན་དེ་སྤང་བའི་གཉེན་པོ་བླང་བ་ཞེས་བྱ་བ་འདིའང་ག་ལ་ཡོད་པར་འགྱུར། མདོར་བསྡུ་ན་དམིགས་པ་དང་མཚན་མ་ཐམས་ཅད་ལས་རྣམ་པར་གྲོལ་བ་ཞེས་བྱ་བའི་དོན་ཏོ། །ཅི་གལ་ཏེ་དེ་ལྟ་བུ་དེ་ནི་སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་ཡིན་ཏེ། གསང་བ་སངས་རྒྱས་སྤྱོད་ཡུལ་ཏེ། །དེ་རྣམས་ཀུན་གྱིས་མི་ཤེས་སོ། །ཞེས་གསུངས་པའི་ཕྱིར་རོ། །འཚང་རྒྱ་བ་ལའང་དམིགས་པ་ལས་གྲོལ་བ་དགོས་ཏེ། དམིགས་པ་དང་ནི་བཅས་པའི་སེམས། །འགའ་ཞིག་ལ་ནི་གནས་གྱུར་པ། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་ཕན་ཚུན་རྟེན་པའི་སྐྱོན་དུ་གྱུར་ན། རྣལ་འབྱོར་པ་རྣམས་ཀྱིས་ཇི་ལྟར་རྟོགས་པར་བྱ་སྙམ་ན། དེ་ནི་བདེན་མོད་ཀྱི། འོན་ཀྱང་རྣལ་འབྱོར་པ་རྣམས་ཀྱིས་དཔེའི་ཚུལ་གོམས་པར་བྱས་པ་ལས་རིམ་གྱིས་སྐྱེ་བར་འགྱུར་ཏེ། དབུས་དང་མཐའ་རྣམ་པར་འབྱེད་པ་ལས། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དང༌། རྣམ་རྟོག་ལས་ནི་རྣམ་རྟོག་དང༌། །སྲིད་པ་ཉིད་ཀྱིས་སྲིད་པ་དག །ཅེས་གསུངས་སོ། །དེས་ན་རྣལ་འབྱོར་པ་རྣམས་ཀྱི་དཔེ་དེ་གང་ཡིན་ཞེ་ན། དྲི་ཟའི་གྲོང་ཁྱེར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དྲི་ཟའི་གྲོང་ཁྱེར་ནི་ཇི་ལྟར་སྤྲིན་མེད་པའི་ནམ་མཁའ་ལ་དྲི་ཟའི་གྲོང་དང་མི་ལ་སོགས་པའི་སྣང་བ་ནི་ཡོད་པ་དང་མེད་པ་ལས་གྲོལ་བའོ། །སྒྱུ་མ་ནི་སྐྱེ་བོ་རྣམས་ཀྱི་མིག་སྒྱུ་མ་མཁན་པོས་སྔགས་དང་སྨན་ལ་སོགས་པས་བསླད་པ་ན་དངོས་པོ་ལ་མེད་ཀྱང༌། རྟ་དང་གླང་པོ་ལ་སོགས་པའི་སྣང་བ་འབྱུང་བའོ། །སྨིག་རྒྱུ་ནི་སོ་གའི་དུས་སུ་མྱ་ངམ་གྱི་ཐང་ལ་ཉི་མས་གདུངས་པའི་མིག་གིས་མཐོང་བའོ། །འཕྲོག་པའི་ཟླ་བའི་གྲོང་ནི་ཇི་ལྟར་རྒྱལ་པོ་ཧ་རི་ཙནྡྲ་ཞེས་བྱ་བ་འཁོར་དང་བཅས་པ་མཁའ་སྤྱོད་དུ་སོང་ངོ་ཞེས་གྲག་པ་དེའི་གྲོང་ཁྱེར་ནམ་མཁའ་ལ་རྒྱུ་བ་ཞིག་གནས་པ་དེ་ནི་བདེན་པའང་མ་ཡིན་ལ་སྣང་བའང་མི་འགག་པ་བཞིན་ནོ། །རྨི་ལམ་ནི་གོ་བར་བས་སོ། །དེ་ལྟར་འདིར་དཔེ་ལྔ་བསྟན་གྱི། སྤྱིར་ན་མི་བདེན་པའི་སྣང་བའི་དཔེ་བཅུ་གཉིས་ཞེས་བྱ་བ་བཤད་དེ། སྒྱུ་མ་སྨིག་རྒྱུ་དྲི་ཟ་ཡི། །གྲོང་ཁྱེར་དང་ནི་དབང་པོའི་གཞུ། །མེ་ལོང་གི་ནི་གཟུགས་བརྙན་དང༌། །ཆུ་ཟླ་དང་ནི་བྲག་ཅ་དང༌། །རྨི་ལམ་མིག་ཡོར་སྤྲིན་དང་གློག །ཆུ་ཡི་ཆུ་བུར་ཞེས་བྱ་བ། །སྒྱུ་མའི་དཔེ་ནི་བཅུ་དང་གཉིས། །རྣམ་པ་དུ་མར་ཡོངས་མཚོན་པ། །ཞེས་བདག་བྱིན་གྱིས་བརླབ་པ་ལས་གསུངས་པ་ལྟ་བུའོ། །དཔེ་དེ་བཞིན་དུ་བལྟ་བྱ་ལ་སོགས་པ་ཐམས་ཅད་ཀྱང་སྣང་བའང་མི་འགག་ལ། བཙལ་ན་གང་ནའང་མི་རྙེད་པ་སྟེ། དེའི་ཕྱིར་རྨི་ལམ་སད་པ་ལྟ་བུར་སྦྱོར་བ་འདུས་པ་སྟེ། སྣ་ཚོགས་སུ་སྣང་ཞིང་སྐྱེས་པས་ན་ཐབས་ཡིན་ལ། རང་བཞིན་གྱིས་སྤྲོས་པ་དང་བྲལ་བའི་ཤེས་རབ་མི་ཕྱེད་པ་ནི་སྦྱོར་བ་སྟེ། དཔལ་གསང་བ་འདུས་པ་ལས། ཤེས་རབ་ཐབས་ནི་སྙོམས་འཇུག་པས། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །ཞེས་གསུངས་སོ། །དེ་འདུས་པ་ནི་ཇི་ལྟར་ཡང་བསམ་དུ་མི་རུང་བའི་ཕྱིར་བསམ་མི་ཁྱབ་བོ། །གལ་ཏེ་དེ་ལྟར་དཔེས་མཚོན་པ་ཙམ་གྱིས་དེ་ཁོ་ན་ཉིད་རྟོགས་པར་གྱུར་ན། ཕ་རོལ་ཕྱིན་པ་བ་དང་ཁྱད་པར་མེད་པར་གྱུར་ཏོ་སྙམ་ན། བདེན་ཏེ། སློབ་དཔོན་ཨཱརྻ་དེ་བས། ཆོས་རྣམས་རྨི་ལམ་སྒྱུ་འདྲ་ཞེས། །སངས་རྒྱས་པ་ཀུན་སྨྲ་མོད་ཀྱི། །བདག་བྱིན་བརླབ་ལ་ཕྱིར་བལྟས་པས། །དེས་ནི་བདེན་པ་མཐོང་མི་ནུས། །ཞེས་གསུངས་པའི་ཕྱིར། ཐོས་པ་ཙམ་ལ་བརྟེན་པས་ནི་དེ་ཁོ་ན་ཉིད་མཐོང་མི་ནུས་སོ། །འོ་ན་ཇི་ལྟར་རྟོགས་པར་བྱ་སྙམ་ན། སྔར་བསྟན་པའི་སྒྱུ་མའི་དཔེ་རྣམས་ཀྱིས་རྣལ་འབྱོར་པའི་རྟོག་བཅས་ཀྱི་བློ་ལ་སྤྲོས་པ་དང་བྲལ་བའི་དེ་ཁོ་ན་ཉིད་ཐོས་པས་སྒྲོ་འདོགས་བཅད་ནས་ཉམས་སུ་མྱོང་བ་བློ་ལ་བསྐྱེད་པར་བྱས་པས། དེ་གཉིས་བསྡོམས་པའི་དཔེས་རྟོགས་པར་བྱའོ། །མྱོང་བ་གང་གིས་བསྐྱེད་སྙམ་ན། བདག་བྱིན་གྱིས་བརླབ་པ་ཞེས་ཆོས་གཞན་གྱི་མིང་གིས་བཏགས་ན། འདིར་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་སྦྱར་བར་བྱའོ། །དེ་དང་རྗེས་སུ་མཐུན་པས་དཀྱིལ་འཁོར་གྱི་འཁོར་ལོའི་ལམ་གྱི་དཔེས་ཀྱང་ཤེས་པར་བྱའོ་ཞེས་ཤེས་པར་བྱ་བའི་ཕྱིར། ཇི་ལྟར་གཞོན་ནུའི་གཟུགས་ཀྱིས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེ་རྣམས་ཀྱི་ནང་ན་བུད་མེད་སྒྱུ་མའི་དཔེ་མཆོག་ཡིན་ཏེ། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་བསྟན་ཏོ། །དེ་བས་ན་ཇི་ལྟར་ན་གཞོན་ནུས་བདེ་བ་མྱོང་ཡང་བརྗོད་པར་མི་ནུས་སོ། །བདེ་བ་དེ་གང་ཞེ་ན། དབང་པོ་གཉིས་ནི་འདུས་པ་ཡི། །བྷ་གར་ལིངྒ་རབ་བཞག་སྟེ། །འདུ་ཤེས་གསུམ་གྱིས་ཟིན་པར་བྱས་པས་འདོད་པའི་ཉེས་པས་མི་གོས་པ་བྱས་པའི་བདེ་བ་གང་ཡིན་པའོ། །དེའི་བདེ་བ་དེ་ནི་སངས་རྒྱས་ཀྱི་ཡེ་ཤེས་དང་མཐུན་པའི་ཕྱིར་རྗེས་སུ་དྲན་པ་བསྒོམ་ཞེས་བྱའོ། །ཡེ་ཤེས་ཇི་ལྟ་བུ་ཞེ་ན། ཐོག་མ་ལ་སོགས་པའི་རྟོག་པ་མེད་པས་སྤྲོས་པ་མེད་པའང་ཡིན་ལ། མྱོང་བ་རིག་པའི་ཕྱིར་ཐབས་ཀྱང་ཡིན་ལ། ཟུང་དུ་ཆུད་པ་དེ་སྨྲ་བར་ནུས་པ་ཡང་མ་ཡིན་ཏེ། དེའི་ཕྱིར་དཔེ་འདི་མཆོག་ཏུ་གྱུར་ཏོ་ཞེས་བྱའོ། །ཅི་གལ་ཏེ་འདི་ཉིད་དེ་ཁོ་ན་དངོས་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་མྱོང་བའི་ཕྱིར་རོ། །ཇི་ལྟར་ཇི་ཙམ་རྟོག་མེད་ཟབ་མོ་ཞིག །བློ་ཡི་ཡུལ་དུ་སྣང་ཞེ་ན། །མི་རྟོག་ཟབ་མོའི་ཉམས་མྱོང་བ། །མྱོང་བ་ཡིན་ཕྱིར་དེ་ཉིད་མིན། །ཞེས་བཤད་པ་ལྟ་བུ་དང༌། ཡེ་ཤེས་གྲུབ་པ་ལས་ཀྱང༌། དབང་པོ་གཉིས་བྱུང་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲའི། །དེ་ཉིད་བདེ་ཆེན་དེ་ཉིད་དུ། །རྒྱལ་བ་མཆོག་གིས་མ་གསུངས་སོ། །ཞེས་བྱ་བ་དང༌། རྡོ་རྗེ་ཨ་རལླི་ལས་ཀྱང༌། མི་ཡི་ཕྱག་རྒྱ་འཇིག་ཚུལ་ཅན། །དེ་ཡི་ཡེ་ཤེས་ངང་གིས་འཇིག །ཅེས་བྱ་བ་དང༌། བརྟག་པ་གཉིས་པ་ལས་ཀྱང༌། གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་ཕྱིར་བདེ་བ་དེ་ཉིད་མིན། །ཞེས་བྱ་བ་དང༌། དཔལ་གསང་བ་གྲུབ་པ་ལས་ཀྱང༌། ལས་ཀྱི་ཕྱག་རྒྱ་ཁྲོ་སྒྱུ་ཅན། །རྣམ་རྟོག་མང་བས་སྤང་བར་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་རྣལ་འབྱོར་པ་རྣམས་ལ་མཚོན་པར་བྱེད་པ་ཙམ་གྱི་དཔེ་ལ་དེ་ཁོ་ན་ཉིད་དུ་འཕེལ་བ་འདི་སྤང་བར་བྱའོ། །དེའི་ཕྱིར་སློབ་དཔོན་སྐལ་ལྡན་གྱིས་ཀྱང༌། རྣམ་གྲངས་མ་ཡིན་པའི་དོན་དམ་ཞེས་བྱ་བ་བློའི་ཡུལ་ལས་གྲོལ་བ་དང༌། རྣལ་འབྱོར་པའི་བློ་ལ་སྣང་བ་རྗེས་སུ་མཐུན་པའི་དོན་དམ་ཞེས་བྱ་བ་གཉིས་སུ་ཤེས་རབ་སྒྲོན་མ་ལས་བཤད་དོ། །བདེན་པ་གཉིས་ལས་ཀྱང༌། སྐྱེ་སོགས་འགག་པ་ཡང་དག་དང༌། །མཐུན་པའི་ཕྱིར་ན་འདོད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་བཤད་པ་ལྟ་བུའོ། །ཞར་ལས་འོངས་པའོ། །དཀྱུས་མའི་དོན་ལ་འཇུག་པར་བྱ་སྟེ། གཟུགས་རྣམས་ལྟ་བ་དང་ཞེས་བྱ་བ་ལ་སོགས་པས་དེ་ལྟར་དེ་ཁོ་ན་ཉིད་ཀྱི་རྟོགས་པ་དང་ལྡན་པས་ཆུ་བོའི་རྒྱུན་ལྟར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་དུ་བྱ་བར་སྟོན་ཏེ། དེའང་འདི་ལྟར་རྣལ་འབྱོར་པ་ནི་རྣམ་པ་གསུམ་སྟེ། ལས་དང་པོ་པའི་རྣལ་འབྱོར་དང༌། བརྟན་པ་སྐྱེས་པའི་རྣལ་འབྱོར་པ་དང༌། ཆེར་བརྟན་པའི་རྣལ་འབྱོར་པའོ། །དང་པོའི་དེ་ཁོ་ན་ཉིད་ཀྱི་ཉམས་དང༌། རྟོགས་པ་ཐོབ་པ་ཙམ་ལ་བྱའོ། །གལ་ཏེ་ལས་དང་པོ་པ་ཞེས་བྱ་བ་མོས་པ་ཐོབ་པ་ཙམ་ལ་མི་བྱའམ་ཞེ་ན། མི་བྱ་སྟེ་དེ་ལ་རྣལ་འབྱོར་རྒྱུན་དུ་སྐྱེ་བར་འགྱུར་ཞེས་བྱ་བ་འདི་ལ་འགལ་བའི་ཕྱིར་རོ། །འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང༌། ཇི་སྲིད་དུ་ངས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མ་རྟོགས་པ་དེ་སྲིད་དུ་དགེ་བའི་རྩ་བ་ལ་ཡང་དག་པར་ཞུགས་པ་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་རྟོགས་པ་ཐོབ་པ་དང་སྤྱོད་པ་ཐོབ་པའི་རྣལ་འབྱོར་པ་ལ་གཞག་གོ །དེ་ལྟ་བུའི་རྣལ་འབྱོར་པ་དེས་ཡུལ་རྣམས་ལ་ལོངས་སྤྱད་པ་ན། དང་པོར་སྣང་བ་དགྲ་བོར་འཆར་བའི་དུས་ཞེས་བྱ་སྟེ་རེས་འགའ་ཞིང་ཡུལ་གྱི་རྐྱེན་གྱིས་གནོད་པར་འགྱུར་བའི་ཕྱིར་རོ། །འདིའང་ཡུལ་རྣམས་ལ་ལོངས་སྤྱད་པས་དེ་ཁོ་ན་ཉིད་དུ་འགྱུར་བ་ཞེས་བྱ་བར་ནི་མི་ལྟ་སྟེ། འདི་ལྟར་ཀུན་ནས་ཉོན་མོངས་པ་རྣམས་ལ་ཐར་པ་ག་ལ་ཡོད། གལ་ཏེ་དེ་ལྟར་ན། འདོད་ཆགས་ཀྱིས་བསྐྱེད་འཇིག་རྟེན་པ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །ཞེས་བྱ་བ་འདི་དང་འགལ་བར་འགྱུར་རམ་ཞེ་ན། མ་ཡིན་ཏེ་དེ་ནི་ཐ་མལ་པའི་འདོད་ཆགས་རྡོ་རྗེ་ཆགས་པས་སྤོང་ལ། དཀའ་ཐུབ་ཀྱིས་བཅིངས་པ་རྣམས་བདེ་བའི་རྣམ་པས་གྲོལ་བར་བྱེད་པ་སྟེ། ཇི་ལྟར་སྣུམ་གྱི་དྲི་མ་སུག་པའི་དྲི་མས་འདོན་པར་བྱེད་པ་བཞིན་ཏེ། དེ་བས་ན་དཔལ་གསང་བ་འདུས་པ་ལས། དཀའ་ཐུབ་སྡོམ་པ་མི་བཟད་པས། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་གྱི། །འདོད་པའི་ཡོན་ཏན་ཐམས་ཅད་ནི། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་བྱ་བའང་དཀའ་ཐུབ་ཀྱིས་དག་པར་ལྟ་བ་སུན་དབྱུང་བའི་ཕྱིར་ཡིན་གྱི། ཡུལ་སྟོན་པ་མཆོག་ཏུ་གྲོལ་བར་བྱེད་པ་མ་ཡིན་ཏེ། ཁྱད་པར་དུ་འཕགས་པའི་བསྟོད་པ་ལས། སེར་སྐྱས་ཡུལ་རྣམས་ལ་དཔྱད་ཅིང༌། །ཡེ་ཤེས་འགྱུར་མཆི་སྡིག་བྲལ་བ། །ཁྱོད་ཀྱིས་ཀུན་ནས་ཉོན་མོངས་ལ། །ཐར་པ་ག་ལ་ཡོད་ཅེས་གསུང༌། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་མི་འགལ་བ་གཉེན་པོ་མ་ཡིན་གྱི། འགལ་བས་འགལ་བ་སྤོང་བས་གཉེན་པོ་ཡིན་ནོ། །དོགས་པ་བསུ་བའི་སྤྲོས་པས་ཆོག་གོ །དེ་བས་ན་ཡུལ་ལ་ལོངས་སྤྱོད་པ་དགག་པར་མི་བྱ་སྟེ། དེ་དག་གིས་རྟོགས་པའི་གྲོགས་སུ་འགྱུར་བའི་ཕྱིར་རོ། །དེ་ལྟར་རྣལ་འབྱོར་ལས་དང་པོ་པས་སྤང་བྱ་དང་གཉེན་པོ་འདྲེ་ཞིང་ལོངས་སྤྱད་པ་ལས། རྣལ་འབྱོར་པ་བརྟན་པ་སྐྱེས་པར་འགྱུར་པ་ན། ཡུལ་ཐམས་ཅད་སྣང་ལ་རང་བཞིན་མེད་པའི་ཉམས་སུ་སྐྱེ་བར་འགྱུར་ཏེ། ཧེ་བཛྲ་ལས། ཇི་ལྟར་སྒྱུ་མ་རྨི་ལམ་དང༌། །ཇི་ལྟར་བར་མའི་སྲིད་ཡིན་པ། །རྟག་ཏུ་གོམས་པའི་རྣལ་འབྱོར་ལས། །དཀྱིལ་འཁོར་ཉིད་ནི་དེ་བཞིན་འདོད། །ཅེས་གསུངས་པ་ལྟ་བུའོ། །དེ་ལྟར་གཉིས་ནི་མཉམ་གཞག་ཅེས་བྱ་སྟེ། དེ་གཉི་ག་ལའང་གཉེན་པོ་བསྟེན་པའི་ཕྱིར་རྣལ་འབྱོར་རྒྱུན་དུ་སྐྱེ་བ་ཞེས་བྱ་བའི་མིང་བཏགས་པ་ཡིན་ནོ། །དེ་ལྟར་གོམས་པ་ལས་ཆེར་བརྟན་པའི་རྣལ་འབྱོར་པ་རྣམས་ལ་གཟུགས་ལ་སོགས་པ་རྗེས་ཐོབ་ལ་སྣང་བ་དང༌། མཉམ་པར་གཞག་པ་ལ་ཁྱད་པར་མེད་པ་ལྟ་བུར་འགྱུར་ཏེ། ཆུ་བོའི་རྒྱུན་ནི་རབ་འབབ་དང༌། །མར་མེའི་རྩེ་མོ་རབ་བཅིངས་ལྟར། །རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས། །ཉིན་དང་མཚན་དུ་མཉམ་པར་གཞག །ཅེས་གསུངས་པ་ལྟ་བུའོ། །སྔ་མ་དང་ཁྱད་པར་ནི་འདི་ལ་གཉེན་པོ་མེད་པར་རང་ཤུགས་ཀྱིས་སྐྱེ་བའི་ཕྱིར་རྒྱུན་དུ་མཉམ་གཞག་ཅེས་མི་ཐོབ་པས་ན་རྣལ་འབྱོར་རྟག་ཏུ་སྐྱེ་བར་འགྱུར་ཞེས་བྱའོ། །མཉམ་པར་གཞག་པ་དང་ཁྱད་པར་གཏན་མེད་པ་ནི་མ་ཡིན་ནོ། །མཉམ་པར་གཞག་པ་ལ་ནི་དམིགས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་སྟེ། དེ་ཉིད་རིག་པའི་ཕྱིར་རོ། །དེ་ཉིད་རིག་པ་སྤྲོས་པ་དང་བྲལ་བར་དབུ་མ་ལས། གཞན་ལས་ཤེས་མིན་ཞི་བ་དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་བཤད་པ་ལྟ་བུའོ། །ཇི་སྐད་དུ་སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་བ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པར་མེད་པར་རབ་ཏུ་ཞི། །ཞེས་གསུངས་སོ། །འདི་ལ་ཡུལ་གྱི་དམིགས་པའི་སྣང་བ་མེད་པར་ཤེས་པར་བྱ་སྟེ། བཞི་བརྒྱ་པ་ལས་ཀྱང༌། གཟུགས་མཐོང་ཚེ་ན་བུམ་པ་ནི། །ཐམས་ཅད་ཁོ་ན་མཐོང་མི་འགྱུར། །བུམ་པ་མངོན་སུམ་ཞེས་བྱ་བར། །དེ་ཉིད་རིག་པ་སུ་ཞིག་སྨྲ། །ཞེས་གསུངས་པ་དང༌། །འདི་ཉིད་ཀྱིས་རྒྱུད་ཕྱི་མ་ལས་ཀྱང༌། གང་ཚེ་སེམས་ཀྱི་གཟུགས་ཀྱིས་ནི། །སྔོ་སོགས་ཁ་དོག་མི་མཐོང་བ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་ཕྱིར་རྗེས་སྤྱོད་ཀྱི་སྣང་བ་ཐམས་ཅད་སྣང་ལ་རང་བཞིན་མེད་པ་ཞེས་བྱ་བར་ཤེས་པར་བྱའོ། །ད་ནི་གཉིས་སུ་མེད་པའི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བ་དེའི་མིང་གི་རྣམ་གྲངས་བརྗོད་པར་བྱ་བའི་ཕྱིར། འདི་ནི་གཉིས་སུ་མེད་པར་བརྗོད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐབས་དང་ཤེས་རབ་ཀྱི་དོན་བསྒོམ་པ་འདི་ལ་གཉིས་སུ་མེད་པ་ཞེས་མིང་དུ་བྱའོ། །ཅིའི་ཕྱིར་ཞེ་ན། ཐབས་དང་ཤེས་རབ་སོ་སོ་དང་འདྲེས་པ་དང་འདྲེས་པ་མ་ཡིན་པ་ཞེས་གཉིས་ལ་བརྟེན་པའི་རྟོག་པ་ལས་གྲོལ་བའི་ཕྱིར་ཏེ། ཇི་སྐད་དུ་ཏོག་ཙེ་བས། དོགས་པ་ཀུན་ལས་རྣམ་པར་གྲོལ། །གཉིས་གཉིས་མེད་ཅིང་མཆོག་ཞི་བ། །མཁའ་མཉམ་རྣམ་པར་རྟོག་ལས་གྲོལ། །འདི་ནི་གཉིས་སུ་མེད་པར་བརྗོད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་བྱང་ཆུབ་སེམས་མཆོག་ཉིད། །ཅེས་བྱ་བ་ནི། སངས་རྒྱས་རྣམས་ཀྱི་དོན་དམ་པ་བྱང་ཆུབ་ཀྱི་སེམས་དང་མཐུན་པའི་ཕྱིར་ཏེ། དཔལ་གསང་བ་གྲུབ་པ་ལས། བདག་མེད་པ་ཡི་ཆོས་ལས་བྱུང༌། །སངས་རྒྱས་བྱང་ཆུབ་རྫོགས་མཛད་པ། །རྣམ་པར་མི་རྟོག་དམིགས་སུ་མེད། །བྱང་ཆུབ་སེམས་ལ་ཕྱག་འཚལ་བསྟོད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ཉིད་མཚན་མ་དང་རྣམ་པར་རྟོག་པས་མི་ཕྱེད་པའི་ཕྱིར་རྡོ་རྗེ་ཞེས་བྱ་སྟེ། རྡོ་རྗེ་རྩེ་མོའི་རྒྱུད་ལས། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །གཅད་དང་གཞིག་པར་བྱ་བ་མིན། །བརྡེག་པར་བྱ་མིན་འཇིག་མེད་པས། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ཉིད་རྡོ་རྗེ་སེམས་དཔའ་སྟེ། །རྡོ་རྗེ་རྩེ་མོ་ལས། །བྱང་ཆུབ་མཆོག་གི་ཡེ་ཤེས་གང༌། །དེ་ནི་རྡོ་རྗེར་ངེས་པར་བརྗོད། །ཡེ་ཤེས་རྡོ་རྗེ་ལས་བྱུང་བ། །དེ་ནི་རྡོ་རྗེ་སེམས་དཔར་བརྗོད། །ཅེས་གསུངས་པ་ལྟ་བུའོ། །རྡོ་རྗེ་སེམས་དཔའ་དཔལ་ཞེས་བྱ་བ་ནི། དཔལ་མཆོག་དང་པོ་ལས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཡང་དེ་ཉིད་རྫོགས་པའི་སངས་རྒྱས་ཞེས་བྱ་སྟེ། དཔལ་ཀྱེའི་རྡོ་རྗེ་ལས། དངོས་པོ་རྟོགས་ཕྱིར་སངས་རྒྱས་ང༌། །ཞེས་གསུངས་པ་ལྟ་བུའོ། །དེ་ཉིད་བྱང་ཆུབ་ཅེས་བྱ་སྟེ། །རྡོ་རྗེ་གུར་ལས། སེམས་དཔའ་མེད་ཅིང་བསྒོམ་པ་མེད། །སྔགས་མེད་ལྷ་ཡང་མེད་པ་སྟེ། །སེམས་ཀྱི་རྡོ་རྗེ་ལས་བྱུང་བ། །འདི་ནི་བྱང་ཆུབ་རིམ་བརྟེན་པའོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་ཤེས་རབ་ཕ་རོལ་ཕྱིན། །ཞེས་བྱ་བའི་དོན་ཡང་རྡོ་རྗེ་རྩེ་མོ་ལས་གསུངས་པ། རབ་སྦྱོར་སྦྱོར་བ་ཤེས་འགྱུར་ཞེས། །ཁྱད་པར་དུ་ནི་རྟོགས་པར་བྱེད། །བདེན་པ་དེ་ཉིད་ཤེས་པ་ཡི། །ཤེས་རབ་ཤེས་རབ་ཅེས་སུ་བཤད། །ཉན་ཐོས་རང་རྒྱལ་ཕྱི་རོལ་གྱི། །ཤེས་རབ་ལས་ནི་བླ་མར་བརྗོད། །དེ་བཞིན་ཉིད་གཞོམ་ཕ་རོལ་ཕྱིན། །ཤེས་རབ་ཕ་རོལ་ཕྱིན་ཞེས་བཤད། །ཅེས་གསུངས་སོ། །དེ་བས་ན་སྔར་བཤད་པའི་གཉིས་སུ་མེད་པ་ཉིད་ཡིན་པར་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་བཤད་དེ། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །ཞེས་གསུངས་སོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཉིད་ཡིན་པས་ཕ་རོལ་ཏུ་ཕྱིན་པ་ཀུན་གྱི་དངོས་གཞིར་འགྱུར་ཏེ། འཕགས་པ་སྡུད་པ་ལས། ཕ་རོལ་ཕྱིན་ལྔ་བྱང་ཆུབ་ཡོན་ཏན་ཇི་སྙེད་པ། །དེ་དག་ཀུན་ཀྱང་ཤེས་རབ་ཕ་རོལ་ཕྱིན་ལས་སྐྱེས། །གང་ན་རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་འདི་འགྲོ། །དེ་ཉིད་ནས་ནི་ཡོན་ཏན་ཆོས་ཀུན་འགྲོ། །ཞེས་བྱ་བ་དང༌། སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ཤེས་རབ་སྟེ། །ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་དེ་བཞིན་ནོ། །དགེ་ཆོས་ཆུད་མི་གསན་ཕྱིར་ཡོངས་སུ་འཛིན་པ་མིན། །འདི་ནི་ཆོས་རྣམས་ཐམས་ཅད་ཚུལ་གཅིག་སྟོན་པར་བྱེད། །ཅེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ཉིད་ལ་མཉམ་པ་ཉིད་ཅེས་བྱ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་གྱུར་པའི་ཕྱིར་རོ། །ཇི་སྐད་དུ་རྩ་བའི་ཤེས་རབ་ལས། མྱ་ངན་འདས་མཐའ་གང་ཡིན་པ། །དེ་ཉིད་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་གསུངས་པ་ལྟ་བུའོ། །དེ་ཉིད་བསམ་པར་བྱ་བ་ཉིད་ཡིན་ཏེ། མྱ་ངན་ལས་འདས་པ་དེ་མཁས་པ་རྣམས་ཀྱི་འདོད་པར་བྱ་བ་ཉིད་དུ་གྱུར་པའི་ཕྱིར་ཏེ། ཇི་སྐད་དུ་རིགས་པ་དྲུག་ཅུ་པ་ལས། མྱ་ངན་འདས་པ་བདེན་གཅིག་པུ། །དེ་ཚེ་ལྷག་མ་ལོག་པ་ཞེས། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །མཁས་པ་ཅི་ཕྱིར་འདོད་མི་བྱེད། །ཅེས་གསུངས་པའི་ཕྱིར་མཁས་པ་རྣམས་ཀྱིས་འདོད་པར་བྱ་བར་བཤད་དོ། །དེ་ཉིད་སངས་རྒྱས་ཀུན་གྱི་མཆོག་ཡིན་ཏེ། སངས་རྒྱས་མཉམ་སྦྱོར་ལས། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །ཞེས་གསུངས་པ་ལྟ་བུ་སྟེ། རིགས་ལྔ་པོ་ཐམས་ཅད་ཀྱང་རྡོ་རྗེ་འཆང་ཆེན་པོར་འདུས་པའི་ཕྱིར་རོ། །བསྒོམ་པ་ཉིད་ཅེས་བྱ་བ་ནི་དམིགས་སུ་མེད་པའི་ཕྱིར་ཏེ། དཔལ་གསང་བ་འདུས་པ་ལས། དངོས་པོ་མེད་པ་བསྒོམ་པའི་དངོས། །བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་གསུངས་པ་ལྟ་བུའོ། །དེ་དག་ལ་སོགས་པ་དེ་ཁོ་ན་ཉིད་ཀྱི་མིང་གི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་འབྱུང་བའང་དེ་ཁོ་ན་ཉིད་གཅིག་ལ་ཡོན་ཏན་གྱི་ལྡོག་པའི་དབྱེ་བས་ཤེས་པར་བྱའོ། །ཅི་དེ་ཁོ་ན་ཉིད་འདི་ལས་ཡོན་ཏན་གྱི་ཆོས་ཅི་ཞིག་འབྱུང་བར་སྙམ་པ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་མཐའ་དག་འབྱུང་བར་འགྱུར་ཏེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། ཐོག་མ་མེད་པ་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་གསུངས་པ་དང༌། དབུ་མ་ལས་ཀྱང༌། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་གསུངས་པས་ན་ཐམས་ཅད་ཀྱི་གཞི་ཡིན་པར་གྲུབ་པོ། །དེ་བས་ན། །འགྲོ་བ་བརྟན་དང་གཡོ་བའི་བརྟན། །དེ་ཉིད་ལས་ནི་ཐམས་ཅད་སྐྱེས། །ཞེས་སྦྱར་ཏེ། བརྟན་གཡོ་མཐའ་དག་ནས་སྐྱེས་པ་ཉིད་ཀྱི་ཕྱིར་ཐབས་ཤེས་རབ་གཉིས་སུ་མེད་པའི་སྟོང་པ་ཉིད་ལས་བྱུང་ཞེས་བྱ་སྟེ། དབུ་མ་ལས། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་བཤད་པའོ། །དེ་བས་ན་ཆོས་ཐམས་ཅད་བརྟེན་ནས་སྐྱེས་པ་ལས་བྱུང་ངོ་ཞེས་བྱ་བ་འདིར་བྱའི་མེད་པ་ལས་བྱུང་ངོ་ཞེའམ་རང་ངམ་གཞན་ནི་གཉིས་ལས་བྱུང་བའོ་ཞེས་བྱ་བར་བརྟག་པར་མི་བྱའོ། །རིགས་པ་འདིས་ན། རང་རིག་རྒྱལ་པོ་རང་གཙོ་བོ། །རང་གིས་འཕྲོག་ཅིང་རང་གིས་བྱེད། །ཅེས་བྱ་བ་འདིའང་བྱེད་པ་པོ་གཞན་བཀག་པ་ཞེས་བྱ་བར་གྲུབ་ཀྱི་རང་ལས་སྐྱེས་པ་ནི་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །བརྟན་གཡོ་ཐམས་ཅད་ཀྱི་བདག་ཉིད་ཡིན་པར་དཔལ་མཆོག་དང་པོ་ལས་ཀྱང༌། སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །འདོད་མཆོག་དམ་ཚིག་མཆོག་གྱུར་པའོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་མཐའ་ཡས་དང༌། །རྫོགས་སངས་རྒྱས་དང་ཉན་ཐོས་སོགས། །དེ་ཉིད་ལས་ནི་ཐམས་ཅད་སྐྱེས། །ཞེས་བྱ་བ་ནི། རྣམ་བྱང་གི་ཆོས་ཐམས་ཅད་ཀྱང་དེ་ལས་བྱུང་བའི་དོན་ཏོ། །འཕགས་པ་སྡུད་པ་ལས། སངས་རྒྱས་སྲས་དང་ཉན་ཐོས་རང་རྒྱལ་ལྷ་རྣམས་དང༌། །འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང༌། །ཤེས་རབ་ནམ་ཡང་ཟད་པ་མེད་ཅིང་འཕེལ་བ་མེད། །ཅེས་གསུངས་པ་ལྟ་བུའོ། །གལ་ཏེ་དེ་དག་འབྱུང་བའང་རང་བྱུང་དུ་འབྱུང་ངམ་ཉམས་སུ་བླངས་པ་ལས་འབྱུང་སྙམ་ན། ཉམས་སུ་བླངས་པ་ལས་ཏེ། ཇི་ལྟར་ཀུན་རྫོབ་འཁོར་བའང་ལས་དགེ་མི་དགེ་སྤྱད་པ་ལས་བྱུང་ལ་མྱ་ངན་ལས་འདས་པའང་གང་ལའང་མ་བརྟེན་པ་བརྟེན་པ་ལས་བྱུང་ངོ་ཞེས་བསྟན་པའི་ཕྱིར། དངོས་དང་དངོས་མེད་སྦྱོར་བྲལ་ཞེས་གསུངས་ཏེ། ཇི་སྐད་དུ་རིན་པོ་ཆེའི་ཕྲེང་བ་ལས། ཡོད་པ་པ་ནི་བདེ་འགྲོར་འགྲོ། །མེད་པ་པ་ནི་ངན་འགྲོར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་པས། །གཉིས་ལ་མི་བརྟེན་ཐར་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དངོས་དང་དངོས་མེད་སྦྱོར་བྲལ་བ། །བསྒོམས་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་བྱ་བ་ནི། དངོས་དང་དངོས་མེད་ལ་བརྟེན་པ་ནི་མཐར་འགྱུར་ལ། རྣམ་པར་གྲོལ་བ་ནི་མཐའ་དང་བྲལ་བ་སྟེ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ཏེ། །དངོས་དང་དངོས་མེད་ཅེས་བྱ་གཉིས་ཀ་མཐའ། །དེ་ཕྱིར་གཉིས་ཀའི་མཐའ་ནི་རྣམ་སྤངས་ནས། །མཁས་པས་དབུས་ལ་གནས་པར་ཡང་མི་བྱེད། །ཅེས་གསུངས་པ་ལྟ་བུའོ། །མ་ལུས་ཞེས་བྱ་བ་རྐང་པ་གཉིས་ཀྱིས་ནི་སྤངས་པའི་ཆ་བསྟན་ཏེ། ཀུན་ནས་ཉོན་མོངས་པར་བྱེད་པས་ན་ཀུན་ནས་ཉོན་མོངས་ཏེ་འདོད་ཆགས་ལ་སོགས་པ་རྣམས་ཏེ། དེ་རྣམས་དང་བྲལ་ཞེས་བྱ་བའི་དོན་ཏོ། །དཔལ་ལྡན་ཞེས་བྱ་བ་རྐང་པ་གཉིས་ཀྱིས་ཐོབ་པའི་ཆ་བསྟན་ཏེ། བདེ་གཤེགས་ཡོན་ཏན་མཐའ་ཡས་ནི་སྟོབས་བཅུ་ལ་སོགས་པ་དཔག་ཏུ་མེད་པ་སྟེ། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་ས་གཞན་ཏེ། །རྒྱ་ཆེ་དང་ནི་སྟོབས་བཅུ་དང༌། །ལྡན་པ་ཡིན་པ་ཙམ་ཞིག་བརྗོད། །ཅེས་གསུངས་པ་ལྟ་བུའོ། །དེ་ལྟར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་དང་འབྲས་བུ་ལ་སོགས་པའི་ཚུལ་རྒྱས་པར་བསྟན་ནས། ད་ནི་མཇུག་བསྡུ་བའི་ཚུལ་གྱིས་དངོས་པོའི་གནས་ལུགས་དང་བསྒོམ་པ་འབྲས་བུའི་ཚུལ་རྣམས་བསྟན་པར་བྱ་བའི་ཕྱིར། ཀུན་རྟོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དང་པོར་ཚིགས་སུ་བཅད་པ་གསུམ་གྱིས་ལྷའི་དོན་སྟོན་ཏོ། །དེ་ནས་སྐད་ཅིག་གིས་བསྒོམ་པའི་དོན་སྟོན་ཏོ། །དེ་ནས་གཉིས་ཀྱིས་འབྲས་བུའི་དོན་སྟོན་ཏོ། །དང་པོ་ནི་ཅི་དེ་ལྟར་འབྲས་བུ་ཐམས་ཅད་འབྱུང་བ་དེ་ལྟར་ཡིན་ན། འཁོར་བ་ཞེས་བྱ་བ་གང་ཡིན། མྱ་ངན་ལས་འདས་པ་གང་ཡིན། འཁོར་བ་དོར་ཏེ་མྱ་ངན་ལས་འདས་པར་འགྱུར་རམ། འོན་ཏེ་མ་དོར་བར་འགྱུར་རམ་ཞེས་རྣམ་པར་རྟོག་པའི་ལན་གདབ་པར་བྱ་བའི་ཕྱིར། ཀུན་རྟོག་ཅེས་བྱ་བ་ལ་སོགས་པ་དངོས་པོའི་གནས་ལུགས་སྟོན་ཏེ། དེ་ལ་ཀུན་རྟོག་ཅེས་བྱ་བ་ནི་ཀུན་དུ་རྟོག་པའི་ཕྱིར་རྟོག་པ་སྟེ། མི་བདེན་པའི་རྣམ་པ་ཀུན་བརྟགས་པ་ཅན་འཛིན་པ་ཞེས་བྱ་བ་སྟེ། དབུས་མཐའ་ལས། སེམས་དང་སེམས་བྱུང་ཁམས་གསུམ་པ། །སྒྲོ་བཏགས་རྣམ་པ་ཅན་ཀུན་རྟོག །ཅེས་བཤད་པ་ལྟ་བུའོ། །རྣམ་པར་ངེས་པ་ལས། རྟོག་པ་མངོན་པར་བརྗོད་ཅན་གྱི་ཤེས་པ། ཞེས་བཤད་པ་འདི་དག་འགལ་ལམ་མི་འགལ་སྙམ་ན། ཁ་ཅིག་ན་རེ་འདི་ནི་རིགས་པ་ལས་གྲགས་པ་ཡིན་ལ། གཞན་ནི་གྲུབ་མཐའ་ལས་གྲགས་པས་ཚུལ་མི་མཚུངས་སོ་ཞེས་གསུངས་ན། འདི་གཉིས་དོན་འདྲ་བར་རྟོགས་པར་བྱ་སྟེ། སློབ་དཔོན་ཨཱརྻ་དེ་བས། གཟུགས་མཐོང་ཚེ་ན་བུམ་པ་ནི། །ཐམས་ཅད་ཁོ་ན་མཐོང་མི་འགྱུར། །བུམ་པ་མངོན་སུམ་ཞེས་བྱ་བར། །དེ་ཉིད་རིགས་པ་སུ་ཞིག་སྨྲ། །ཞེས་བཤད་པའི་རིགས་པས་སོ། །རྟོག་པ་དེ་མུན་པ་དང་འདྲ་བའི་ཕྱིར་མུན་པ་སྟེ། བྱ་བ་དང་བྱ་བ་མ་ཡིན་པའི་ཆ་ཐམས་ཅད་མི་ཤེས་པའི་ཕྱིར་ཏེ། སེམས་ཅན་རྣམས་ནི་གནས་ལ་དགའ་ཞིང་ཡུལ་རྣམས་འདོད། །འཛིན་ལ་མི་མཁས་བླུན་རྨོངས་མུན་པ་འདྲ། །ཞེས་གསུངས་པ་ལྟ་བུའོ། །ཁྱབ་པར་གྱུར་པ་ནི་དེས་ཀུན་ཏུ་གཡོགས་པའི་ཕྱིར་རོ། །དེ་ལས་བྱུང་བ་གང་ཡིན་པ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སྟེ། ཆགས་སོགས་དགག་དཀའི་དྲི་མས་ཞེས་བྱའོ། །དེ་ལྟར་གཉིས་ནི་རྒྱུ་དང་འབྲས་བུ་ཡིན་པར། འདོད་པ་ཁྱོད་ཀྱི་རྩ་བ་ནི། །ཤེས་ཏེ་ཀུན་དུ་རྟོག་ལས་བྱུང༌། །ཞེས་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་གསུངས་སོ། །དེ་ལ་ཆགས་པ་ནི་ཀུན་དུ་ཞེན་པའི་མཚན་ཉིད་དོ། །སོགས་ཞེས་བྱ་བ་ནི་ཞེ་སྡང་ལ་སོགས་པའང་གཟུང་ངོ༌། །དེ་ལྟར་ན་ཉོན་མོངས་པ་དང་དེས་ཀུན་ནས་བསླང་བའི་ལས་ནི་དགག་དཀའི་དྲི་མས་གོས་ཏེ། དགག་པར་དཀའ་བ་ནི་ལས་དེ་འབྲས་བུ་འབྱིན་པ་ལས་མི་བསླུ་བའི་ཕྱིར་ཏེ། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ལས་དགེ་བ་དང་མི་དགེ་བ་ལ་བརྟེན་ནས་འབྲས་བུ་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི་རབ་ཏུ་འཇོམས་པས་སྨྱོ་ཞིང་གློག་འགྱུ་བ། ཞེས་གསུངས་ཏེ། རབ་ཏུ་འཇོམས་པས་སྨྱོ་བ་ནི་མ་རིག་པའི་སྒྲིབ་པས་བསྒྲིབས་ནས་ཕྱིན་ཅི་ལོག་བཞིར་གྱུར་པ་ནི་སྨྱོ་བའོ། །ཕྱིན་ཅི་ལོག་བཞི་ནི་མི་གཙང་བ་ལ་གཙང་བར་འཛིན་པ་དང༌། མི་རྟག་པ་ལ་རྟག་པར་འཛིན་པ་དང༌། སྡུག་བསྔལ་བ་ལ་བདེ་བར་འཛིན་པ་དང༌། བདག་མེད་པ་ལ་བདག་ཏུ་འཛིན་པའོ། །དེ་ལྟ་བུ་དེ་མི་བརྟན་པར་གྱུར་པའི་ཕྱིར་གློག་ལྟར་འགྱུ་བ་སྟེ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཆོས་འདི་རྣམས་ནི་དབུ་བ་ཆུ་ཤིང་འདྲ། །སྒྱུ་མ་ལྟ་བུ་ནམ་མཁའི་གློག་འདྲ་སྟེ། །ཆུ་ཡི་ཟླ་བ་འདྲ་ཞིང་སྨིག་རྒྱུ་བཞིན། །མི་འགའ་འཇིག་རྟེན་འདིར་ཡང་ཤི་ནས་ནི། །འཇིག་རྟེན་གཞན་དུ་འཕོས་ཤིང་འགྲོ་མོད་ཀྱང༌། །ལས་བྱས་རྣམས་ནི་ནམ་ཡང་ཆུད་མི་ཟ། །འཁོར་བ་ན་ཡང་དཀར་ནག་འབྲས་བུ་སྨིན། །ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་རང་གི་སེམས་ཉིད་འཁོར་བ་ཞེས་བྱ་བ་སྟེ་སེམས་ལས་ལོགས་ཤིག་ན་འཁོར་བ་མེད་དོ། །ཐམས་ཅད་སེམས་ཡིན་པར་རྡོ་རྗེ་གུར་ལས་ཀྱང༌། གཟུགས་དང་ཚོར་དང་འདུ་ཤེས་དང༌། །འདུ་བྱེད་དང་ནི་རྣམ་ཤེས་དག །ཐམས་ཅད་སེམས་འདིའི་དངོས་པོ་ལས། །ཐུབ་པས་གཞན་དུ་མ་གསུངས་སོ། །ཞེས་སོ། །རིགས་པ་དྲུག་ཅུ་པ་ལས་ཀྱང༌། འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །ཞེས་བྱ་བ་ལ་སོགས་པས་ཐམས་ཅད་སེམས་སུ་འདུ་ལ། སེམས་དེ་འཁོར་བ་ཡིན་པར་ཡང༌། རྡོ་རྗེ་རྩེ་མོ་ལས་ཀྱང༌། བྱིས་པ་རྣམས་ནི་ཀུན་དུ་བྱུང༌། །དེ་བཞིན་ཡང་དང་ཡང་དུ་འཁོར། །འཁོར་བ་དག་པའི་བདག་ཉིད་དེ། །རང་བྱུང་ང་ཉིད་ཁོ་ན་ཡིན། །ཞེས་གསུངས་སོ། །དེའི་ཕྱིར་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་གྱིས་བསྡུས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ནི་འཁོར་བའོ་ཞེས་བྱའོ། །དབུ་མ་ལས་ཀྱང༌། མ་རིག་བསྒྲིབས་པས་ཡང་སྲིད་ཕྱིར། །འདུ་བྱེད་རྣམ་པ་གསུམ་པོ་དག །མངོན་པར་འདུ་བྱེད་གང་ཡིན་པའི། །ལས་དེ་དག་གིས་འགྲོ་བར་འགྲོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་འཁོར་བའི་མཚན་ཉིད་བསྟན་ནས་མྱ་ངན་ལས་འདས་པ་བསྟན་པར་དགོངས་ནས་གསུངས་པ། རང་བཞིན་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རང་བཞིན་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་སྟེ་གདོད་མ་ནས་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་རྩ་བའི་ཤེས་རབ་ལས། རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་ངོ་བོས་ཞེས་བྱ་བ་འདིས་ན་རྨོངས་པ་རྣམས་ཀྱིས་ནི་འཁོར་བར་བརྟགས་ལ། རང་བཞིན་གྱིས་མ་གྲུབ་པ་ཞེས་བྱ་བར་བསྟན་ཏེ། འཕགས་པ་ལང་ཀར་གཤེགས་པ་ལས། ཇི་ལྟར་རབ་རིབ་ཅན་དག་གིས། །སྐྲ་ཤད་ལོག་པར་འཛིན་པ་ལྟར། །དེ་བཞིན་དངོས་པོར་རྟོག་པ་འདི། །བྱིས་པས་ལོག་པར་རྣམ་པར་བརྟགས། །རང་བཞིན་མེད་ཅིང་རྣམ་རིག་མེད། །ཀུན་གཞི་མེད་ཅིང་དངོས་མེད་ན། །བྱིས་པ་ངན་པ་རྟོག་གེ་བ། །རོ་དང་འདྲ་བས་འདི་དག་བརྟགས། །ཞེས་གསུངས་སོ། །དེའི་ཕྱིར་འོད་གསལ་བ་ཞེས་བྱ་བ་ནི་རང་བཞིན་གྱི་རྟོག་པས་མ་བསྒྲིབས་པའི་ཕྱིར་རོ། །བཅོམ་ལྡན་འདས་མ་ལས་ཀྱང༌། རབ་འབྱོར་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་གསུངས་སོ། །དེས་ན་སྟོང་པ་ཉིད་ལ་འོད་གསལ་བ་ཞེས་བཤད་དེ། རིམ་པ་ལྔ་པ་ལས། དེ་བཞིན་སྟོང་པ་འོད་གསལ་ལས། །ཞེས་གསུངས་པ་ལྟ་བུའོ། །འོད་གསལ་བ་ཉིད་ཀྱིས་ན་རྟོག་པ་ལས་རྣམ་པར་གྲོལ་བའོ། །རྒྱུ་མ་རིག་པ་མེད་པ་ཉིད་ཀྱི་ཕྱིར་དེས་ཀུན་ནས་བསླངས་པའི་ལས་དང་ཉོན་མོངས་པའང་མེད་དོ། །ཡང་ན་ཉོན་མོངས་པ་དང་ལས་རང་གི་ངོ་བོའང་མེད་དེ། དབུ་མ་ལས། ཆགས་པ་ཡོད་པར་མ་གྱུར་ན། །འདོད་ཆགས་ཡོད་པར་ག་ལ་འགྱུར། །འདོད་ཆགས་བཞིན་དུ་ཆོས་རྣམས་ཀུན། །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །ཅེས་གསུངས་པ་དང༌། དེ་བཞིན་དུ། བྱེད་པོ་ཡིན་པར་གྱུར་པ་དེ། །ལས་སུ་གྱུར་པ་མི་བྱེད་དེ། །བྱེད་པོ་མ་ཡིན་གྱུར་པ་ཡང༌། །ལས་སུ་གྱུར་པ་མི་བྱེད་དོ། །ཞེས་གསུངས་སོ། །འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང༌། གང་དག་འདོད་ཆགས་ཞེ་སྡང་རྒྱགས་དང་གཏི་མུག་གི །ངོ་བོ་ཀུན་རྟོག་གིས་བསྐྱེད་ལོག་པར་ཞུགས་ཤེས་ནས། །རྣམ་པར་རྟོག་པར་མི་བྱེད་ཆགས་བྲལ་མི་འགྱུར་བའི། །སྒོམ་པོ་དེ་དག་གནས་ནི་དངོས་པོ་ཐམས་ཅད་ཡིན། །ཞེས་གསུངས་པའི་ཕྱིར་རོ། །གཟུང་བ་མེད་ཅེས་བྱ་བ་ནི་གཟུང་བར་བྱ་བའི་ཡུལ་ནི། གཟུགས་ཀྱི་ཕུང་པོ་ལ་སོགས་པ་བཞི་ཡིན་ན་དེ་དག་ཡོད་པར་ག་ལ་འགྱུར། ཅིའི་ཕྱིར་ཞེ་ན། རྡུལ་ཕྲ་རབ་མེད་པའི་ཕྱིར་དང༌། སྐད་ཅིག་མ་མེད་པའི་ཕྱིར་རོ། །ཇི་ལྟར་རྡུལ་ཕྲ་རབ་མ་གྲུབ་ཅེ་ན། སློབ་དཔོན་དབྱིག་གཉེན་གྱིས་ཉི་ཤུ་པ་ལས། དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་བྱ་བའི་རིགས་པས་སོ། །སྐད་ཅིག་མ་མེད་པའང༌། རིན་ཆེན་ཕྲེང་བ་ལས། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། །ཐོག་མ་དབུས་ཀྱང་བརྟག་པར་གྱིས། །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་གསུངས་སོ། །དེ་ལྟར་གཟུང་བ་མེད་ན་འཛིན་པ་ཡོད་པར་ག་ལ་འགྱུར་ཏེ། སློབ་དཔོན་དབྱིག་གཉེན་གྱིས། གཟུང་བ་མེད་ན་དེར་འཛིན་མེད། །ཅེས་གསུངས་པའི་ཕྱིར་རོ། །སེམས་དཔའ་མཆོག་ཅེས་བྱ་བ་ནི་གཟུང་བ་དང་འཛིན་པའི་རྟོག་པ་ཐམས་ཅད་དང་བྲལ་བའི་སེམས་དཔའ་མཆོག་སྟེ། རིན་ཆེན་ཕྲེང་བ་ལས། རྣམ་ཤེས་བསྟན་མེད་མཐའ་ཡས་པ། །ཀུན་ཏུ་བདག་པོ་དེ་ལ་ནི། །ས་དང་ཆུ་དང་མེ་དང་ནི། །རླུང་གིས་གནས་ཐོད་གྱུར་མ་ཡིན། །འདིར་ནི་རིང་དང་ཐུང་བ་ཡང༌། །སྦོམ་ཕྲ་དགེ་དང་མི་དགེ་དང༌། །འདིར་ནི་མིང་དང་གཟུགས་དག་ཀྱང༌། །མ་ལུས་པར་ནི་འགག་པར་འགྱུར། །གང་མ་ཤེས་ཕྱིར་རྣམ་ཤེས་ལ། །སྔོན་ཆད་བྱུང་བ་དེ་ཀུན་ནི། །དེ་ཤེས་ཕྱིར་ན་རྣམ་ཤེས་སུ། །ཕྱི་མ་དེ་དག་འགག་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བུ་དེ་མྱ་ངན་ལས་འདས་པ་མཆོག་ཅེས་སྟེ། དངོས་དང་དངོས་མེད་དང་བྲལ་བའི་ཕྱིར་རོ། །ཇི་སྐད་དུ་རིན་ཆེན་ཕྲེང་བ་ལས། མྱ་ངན་འདས་པ་དངོས་མེད་པའང༌། །དངོས་དང་དངོས་པོ་མེད་འཛིན་པ། །ཟད་པ་མྱ་ངན་འདས་ཞེས་བྱ། །ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་ལ། འཁོར་བ་ནི་གློ་བུར་གྱི་རྣམ་པར་རྟོག་པ་ཡིན་ན་འདི་གཉིས་ལ་ངོ་བོ་སོ་སོ་ཡོད་པར་ག་ལ་འགྱུར་ཞེས་བསྟན་པའི་ཕྱིར། སྡུག་བསྔལ་ཕུང་པོ་འདི་ལས་གཞན་དུ་མེད། །ཅེས་བྱ་བ་དང༌། བདེ་བ་མཐའ་ཡས་འདི་ལས་གཞན་དུ་མེད། །ཅེས་བསྟན་ཏོ། །དེ་བས་ན་དཔལ་ཀྱེའི་རྡོ་རྗེ་ལས། འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་དམིགས་མི་འགྱུར། །འཁོར་བ་གཟུགས་དང་སྒྲ་ལ་སོགས། །འདི་རྣམས་ཆོས་ནི་མྱ་ངན་འདས། །ཞེས་གསུངས་ལ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས་ཀྱང༌། འཁོར་བ་སྤངས་པར་གྱུར་པ་ཡི། །མྱ་ངན་འདས་ཁྱོད་མི་བཞེད་ཀྱི། །འཁོར་བ་མི་དམིགས་པ་ཡི་ནི། །ཞི་ཉིད་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ཚིགས་སུ་བཅད་པ་དང་པོས་ནི་ཀུན་རྫོབ་ཀྱི་གནས་ལུགས་འཁོར་བ་བསྟན་ལ། གཉིས་པས་ནི་མྱ་ངན་ལས་འདས་པ་དོན་དམ་པ་བསྟན་ཅིང༌། གསུམ་པས་ནི་བདེན་པ་གཉིས་ཟུང་དུ་ཆུད་པའམ་གཉིས་སུ་མེད་པ་ཞེས་བྱ་བའི་དོན་བསྟན་པས་ན། དངོས་པོ་ལ་དེ་ལྟར་གནས་པ་བཞིན་དུ་བློས་སྒྲོ་འདོགས་ཆོད་པ་ལ་ལྟ་བ་ཞེས་མིང་དུ་གདགས་པར་བྱའོ། །དེ་ལྟར་སྒྲོ་འདོགས་ཆོད་པར་གྱུར་ཀྱང་མ་བསྒོམས་ན་དེས་ཕན་པར་ག་ལ་འགྱུར། དེ་བས་ན་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར། སྡུག་བསྔལ་མ་ལུས་ཟད་པར་འདོད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཤེས་རབ་ཀྱི་ཕྲིན་ཡིག་ལས། བཟང་མོ་ཁྱོད་དངོས་ཤེས་གྱུར་ནས། །གང་གིས་མ་བསྒོམས་དེ་ལ་ཡང༌། །གྲོགས་མོས་ལག་པ་བརྡབས་ཏེ་སོང༌། །ཞེས་བཤད་པ་ལྟ་བུའོ། །མངོན་པར་རྟོགས་པ་ནི་སྔར་བསྟན་ཟིན་ལ། ཚིག་གི་དོན་ནི་གོ་སླའོ། །དེ་ལྟར་བསྒོམས་པ་ལས་འབྲས་བུ་བསྟན་པའི་ཕྱིར། ཇི་སྲིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྲིད་ཡིད་བསྒྲིབས་པ་དེ་སྲིད་དུ་སྡུག་བསྔལ་ཞེས་སྦྱར་ཏེ། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ང་རུ་འཛིན་པ་ཡོད་གྱུར་པ། །དེ་ལས་ལས་དང་སྐྱེ་བ་ཡིན། །ཞེས་གསུངས་པའི་རིགས་པས་སོ། །ཇི་སྲིད་བྲལ་བར་གྱུར་ན་བདེ་བ་རྒྱ་ཆེན་ཞེས་བྱ་བ་ནི་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་ལས་གྲོལ་བར་གྱུར་ན་ཞེས་བྱ་སྟེ། རྒྱུ་འགགས་ན་འབྲས་བུ་མི་འབྱུང་ཞེས་བྱ་བའི་རིགས་པས་སོ། །ཇི་སྐད་དུ། དབུ་མ་ལས། མ་རིག་འགགས་པར་གྱུར་ན་ནི། །ཤེས་པས་དེ་ཉིད་བསྒོམས་པས་སོ། །དེ་དང་དེ་ནི་འགགས་གྱུར་པས། །དེ་དང་དེ་ནི་མངོན་མི་འབྱུང༌། །ཞེས་གསུངས་སོ། །རྒྱ་ཆེན་ཞེས་བྱ་བ་ནི། རྣམ་པར་གྲོལ་བ་ཅན་གྱི་བདེ་བ་སྟེ། སེམས་ཞི་བ་ཞེས་བྱ་སྟེ། ཇི་སྐད་དུ་བྱང་ཆུབ་སེམས་ཀྱི་འགྲེལ་པ་ལས། ཀུན་རྫོབ་ཉོན་མོངས་ལས་ལས་བྱུང༌། །ལས་ནི་སེམས་ཀྱིས་བསགས་པ་ཡིན། །སེམས་ནི་བག་ཆགས་དག་གིས་བསགས། །བག་ཆགས་བྲལ་བ་བདེ་བ་སྟེ། །བདེ་བ་སེམས་ནི་ཞི་བ་ཉིད། །སེམས་ཞི་བས་ནི་རྨོངས་མི་འགྱུར། །རྨོངས་མེད་དེ་ཉིད་རྟོགས་པ་སྟེ། །དེ་ཉིད་རྟོགས་ན་གྲོལ་ཐོབ་འགྱུར། །ཞེས་གསུངས་སོ། །དེ་བས་ན་མཉམ་པ་ཀུན་གྱི་མཐར་ཐུག་ཅེས་བྱ་བ་ནི། དཔེ་ཁ་ཅིག་ལས་མཚུངས་པ་མེད་པ་ཞེས་འདོན་པས་ན་མཐར་ཐུག་ཅེས་བྱ་བ་དེ་ནི་གོང་ན་མེད་པ་ཞེས་བྱ་བའི་དོན་ཏོ། །འཕགས་པ་དགྱེས་པ་ཞེས་བྱ་བ་ལ། དཔེ་ཁ་ཅིག་ལས་འཕགས་པ་རྣམས་ནན་ཏན་གྱིས་ཤིག་ཅེས་འདོན་པས་ན། འཕགས་མཆོག་དགྱེས་པར་གྱིས་ཤིག་ཅེས་བསྐུལ་བའམ། ཡང་ན་འཕགས་དགྱེས་ཏེ་འཕགས་པ་རྣམས་དགྱེས་པ་ནི་དམ་པས་བསྟན་པར་བྱ་བས་ན་དོན་དམ་པའི་བདེན་པ་ཞེས་བྱ་བར་དགོངས་སོ། །དེའི་ཟད་ཕྱིར་ནི་ཟད་ན་ཞེས་བྱ་བ་སྟེ་རྣམ་པར་རྟོག་པ་ཟད་པ་ལས་སོ། །བྱ་བ་ནི་དེ་ཉིད་ལ་ཞེས་བྱ་བ་ནི་རྣམ་གྲངས་སམ་བྱ་བའི་གཞིར་གྱུར་པས་བྱ་བ་སྟེ་རྟོག་པ་ཟད་པ་པོ་ཞེས་བྱ་བའོ། །འགྲོ་བ་ཞེས་བྱ་བ་ནི་དཔེ་ཁ་ཅིག་ལས་ཡོན་ཏན་ཞེས་འདོན་ཏོ། །དེ་བས་ན་ཡོན་ཏན་རྒྱས་པར་གྱུར་པ་མཐོང་བར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །ཡོན་ཏན་རྒྱས་པ་ཡང་དག་པར་གྱུར་པ་གང་ཞེ་ན། སངས་རྒྱས་རྣམས་ཀྱི་སྐུ་དང༌། ཡེ་ཤེས་དང༌། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་རྣམས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་འབྱུང་ཞེས་བྱ་བའི་དོན་ཏོ། །དེ་ལ་སངས་རྒྱས་རྣམས་ཀྱི་སྐུ་གསུམ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་པ་སྤྱིའི་ཐ་སྙད་དོ། །ཡེ་ཤེས་ལྔ་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་པ་དག་ལས་ཡོངས་སུ་གྲགས་པའི་ཐ་སྙད་དོ། །སྟོབས་དང་མི་འཇིགས་པ་ལ་སོགས་པ་སྤྱི་ལས་གྲགས་པའོ། །དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུ་ཡིན་ལ། ཆོས་ཀྱི་སྐུ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ་དབྱིངས་རྣམ་པར་དག་པ་ཙམ་ཡིན་ནོ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པར་སྨྲ་བ་པ་རྣམས་ཀྱི་ལུགས་ཏེ། གང་ཚེ་ཆོས་ཉིད་སྐྱེ་མེད་ཡིན་ཞིང་བློའང་སྐྱེ་བ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་དབུ་མ་ལ་འཇུག་པ་ལས་གསུངས་པ་ལྟ་བུའོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ནི་སྔར་ཇི་སྐད་བཤད་པའི་མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་ཡོད་པ་དང་མེད་པ་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བའོ། །དེ་ཉིད་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ལོངས་སྤྱོད་པའི་གཞིར་གྱུར་པ་གང་ཡིན་པ་ནི་རྫོགས་ལོངས་སྤྱོད་པའི་སྐུའོ། །སེམས་ཅན་རྣམས་ཀྱི་མོས་པ་དང་བསམ་པ་དང་རྗེས་སུ་འཚམ་པའི་སྣང་བ་འབྱུང་བའི་གཞིར་གྱུར་པ་གང་ཡིན་པ་དེ་ནི་སྤྲུལ་པའི་སྐུའོ། །དེ་བཞིན་དུ་མེ་ལོང་ཡེ་ཤེས་ལ་སོགས་པའང་གཉིས་སུ་མེད་པའི་ཡེ་ཤེས་གཅིག་ཉིད་ལ་ཡོན་ཏན་གྱི་ཆོས་ཤེས་པར་བྱའོ། །རྣམ་པར་རྟོག་པས་མི་ཕྱེད་པའི་ཕྱིར་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་རིགས་ལྔའང་དེ་བཞིན་དུ་ཤེས་པར་བྱའོ། །གཞན་ཡང་ཡོན་ཏན་གྱི་ཆོས་ཚད་མེད་པར་གྱུར་པའང་ཤེས་པར་བྱའོ། །འདི་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཞེས་བྱ་བའམ། ངོ་བོ་ཉིད་ཀྱི་སྐུའམ། རང་བཞིན་གྱི་སྐུའམ། གནས་ལུགས་ཀྱི་སྐུ་ཞེས་མིང་དུ་བྱ་སྟེ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། གང་དག་ང་ལ་གཟུགས་སུ་མཐོང༌། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་སྤང་བར་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང༌། །སངས་རྒྱས་རྣམས་ནི་ཆོས་ཉིད་བལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་པའང་འདི་ལ་དགོངས་པ་ཡིན་ནོ། །འདི་ལ་ཁ་ཅིག་ནི་དེ་བཞིན་གཤེགས་པ་ལ་ཡེ་ཤེས་ལ་སོགས་པ་ཡོད་པར་ག་ལ་འགྱུར་ཏེ། དེ་ནི་དངོས་པོ་དང་མཚན་མ་དང་བཅས་པའི་ཕྱིར་རོ་སྙམ་དུ་སེམས་པ་དེའང་མི་རུང་སྟེ། སྟོང་མིན་ཞེས་བྱ་བའི་སྐབས་སུ་སྔར་བཤད་པའི་རིགས་པས་སོ། །དེ་བཞིན་དུ་ཁ་ཅིག་ནི་སངས་རྒྱས་རྣམས་ཀྱི་སྐུ་ནི་ལོངས་སྤྱོད་རྫོགས་པ་ཡིན་ལ། ཐུགས་ནི་ཆོས་ཀྱི་སྐུ་ཡིན་ལ། མཛད་པ་ནི་སྤྲུལ་པའི་སྐུའོ་སྙམ་དུ་རྟོག་པ་དེའང་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་སྐུ་མེད་པའི་ཕྱིར་རོ། །དབུ་མ་ལས། སྐུ་མིན་སྐུ་ལས་གཞན་མ་ཡིན། །དེ་ལ་སྐུ་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་སྐུ་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཞེས་གསུངས་པ་དང༌། སྔར་སྟོང་པ་མིན་པའང་མིན། ཞེས་སྔར་བཤད་པའི་རིགས་པས་ཤེས་པར་བྱའོ། །དེའི་ཕྱིར་མཐའ་ཐམས་ཅད་ལས་རྣམ་པར་གྲོལ་བ་གང་ཡིན་པ་ཞེས་བྱ་བའི་རིགས་པ་འདིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུའམ་དོན་དམ་པའི་སྐུར་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཀུན་རྫོབ་ཀྱི་སྐུའམ། གཟུགས་ཀྱི་སྐུའམ། གཟུགས་བརྙན་གྱི་སྐུ་གང་ཞེ་ན། མདོར་བསྡུ་ན་ས་བཅུའི་བྱང་ཆུབ་སེམས་དཔའ་ནས་བརྩམས་ཏེ། དམན་པའི་འགྲོ་བའི་བར་རྣམས་ལ་གང་དང་གང་སྣང་བར་གྱུར་པ་སྟེ། སངས་རྒྱས་རྣམས་ཀྱི་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པའི་གཟུགས་བརྙན་ནས་བརྩམས་ཏེ། ཟས་ཀྱིས་ཚིམ་པ་ལ་སོགས་པའི་བར་དུ་དོན་དུ་གྱུར་པའི་སྣང་བ་གང་ཡིན་པ་འདི་ནི་གཟུགས་ཀྱི་སྐུའོ། །ཇི་སྐད་དུ། མདོ་ལས། དེ་བཞིན་གཤེགས་པ་ཟག་པ་མེད་པ་ཡི། །དགེ་བའི་ཆོས་ཀྱི་གཟུགས་བརྙན་ལྟ་བུ་ཡིན། །འདི་ན་དེ་བཞིན་ཉིད་དང་དེ་བཞིན་གཤེགས་པ་མེད། །འཇིག་རྟེན་ཐམས་ཅད་ཀྱིས་ནི་གཟུགས་བརྙན་མཐོང༌། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་སྔར་བསྟན་པའི་དེ་བཞིན་གཤེགས་པའི་སྐུའི་རྣམ་པར་གཞག་པ་གདུལ་བྱ་རྟོགས་ལྡན་རྣམས་ལ་ངེས་པ་བསྐྱེད་པར་བྱ་བའི་ཕྱིར། བཀའ་དང་བསྟན་བཅོས་དུ་མ་ལས་མི་འདྲ་བའི་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཏེ། གསང་སྔགས་ཀྱི་ཐེག་པ་རྣམས་ལས་རྒྱུ་རྡོ་རྗེ་འཆང་ནི་ཆོས་སྐུ་ཡིན་ལ། ཡང་མངོན་པར་རྟོགས་པའི་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུས་བརྒྱན་པ་དང༌། །ཐེག་ཆེན་ཆོས་ལ་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་འདོད། །ཅེས་ཀྱང་གསུངས་ལ། ཤཱཀྱ་ཐུབ་པའང་མཚན་དཔེས་བརྒྱན་པ་འགལ་མོད་ཀྱང་གདུལ་བྱ་རྣམས་ལ་རྟོགས་པ་བསྐྱེད་པའི་ཕྱིར་གསུངས་པས་འགལ་བ་མེད་དོ། །དེ་བཞིན་དུ་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་ཡན་ལག་བདུན་པར་བཤད་པའང་ཚུལ་འདིས་ཤེས་པར་བྱའོ། །སློབ་དཔོན་ཨཱརྻ་དེ་བས། ཀུན་རྫོབ་བདེན་པར་གང་གསུངས་པའི། །སངས་རྒྱས་རྣམས་ཀྱི་སྐུ་མཚན་ཉིད། །དེ་འདིར་སྒྱུ་མར་བསྟན་པ་སྟེ། །བདག་བྱིན་བརླབ་ཅེས་དེ་བརྗོད་དོ། །ཞེས་གསུངས་པའང་འདིས་ཤེས་པར་བྱའོ། །དེ་བས་ན་གཞུང་སྒྲ་བཞིན་དུ་འཕེལ་བ་འདི་སྤང་བར་བྱ་སྟེ། མདོ་ལས། དགེ་སློང་དག་དོན་ལ་རྟོན་པར་བྱའི་ཚིག་འབྲུ་ལ་རྟོན་པར་མི་བྱ། ངེས་པའི་དོན་ལ་རྟོན་པར་བྱའི་དྲང་བའི་དོན་ལ་རྟོན་པར་མི་བྱ། ཞེས་གསུངས་པའི་རིགས་པས་སོ། །དེའི་ཕྱིར་དངོས་པོ་དང་དངོས་པོར་འཛིན་པ་འདི་དོར་ཅིག གལ་ཏེ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ལོངས་སྤྱོད་རྫོགས་པ་ལ་སོགས་པ་བརྩིས་པ་དེ་ནོར་བ་མ་ཡིན་ནམ་སྙམ་ན། མ་ཡིན་ཏེ་ལོངས་སྤྱོད་རྫོགས་པ་ལ་སོགས་པར་སྣང་བ་དེའང་ཆོས་ཀྱི་སྐུ་ལ་ད་ལྟར་གནས་སམ་མི་གནས། མི་གནས་ན་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ་སྣང་བ་འབྱུང་བའང་མི་འཐད་ལ། སྔར་བརྟན་གཡོ་ལ་སོགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་བཤད་པའང་མི་འཐད་པ་དང༌། སྐུ་ཐ་དད་དུ་འདོད་པས་ཀྱང་སོ་སོར་མི་འདོད་པའི་ཕྱིར་རོ། །དངོས་པོ་ལ་གནས་ན་སྔར་བཤད་པ་ཉིད་བདེན་ནོ། །གལ་ཏེ་དེ་ལྟ་ན་དེ་ལྟར་སྣང་བ་བདེན་པས་སྐུ་ཡོད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོའི་ལུང་དང་འགལ་བའི་ཕྱིར་རོ། །གལ་ཏེ་ཆོས་སྐུ་ཉིད་མ་ཡིན་ནམ་ཞེ་ན། སྐུ་མེད་པས་བདེན་མོད་ཀྱང༌། །ཆོས་སྐུ་མཐའ་དང་བྲལ་བས་མེད་པར་མི་རུང་བའི་ཕྱིར་རོ། །རྣམ་པར་སྤྲོས་པ་མང་པོས་ཅི་ཞིག་བྱ། སྔར་བཤད་པའི་རྣམ་པས་དེ་ཁོ་ན་ཉིད་ཀྱིས་ཀྱང་ཤེས་ལ། འཕགས་པ་སངས་རྒྱས་ཀྱི་ས་ལ་སོགས་པའི་མདོ་སྡེ་དང་བསྟན་བཅོས་དུ་མ་བལྟ་བ་དང་མཉན་པ་ལ་སོགས་པས་ཤེས་པར་བྱའོ། །ཞར་ལས་འོངས་པའི་སྐབས་རྫོགས་སོ།།  །།ད་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པས་མཇུག་བསྡུས་ཏེ་རྗེས་སུ་གདམས་པ་སྟོན་ཏོ། །དེ་ལྟར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་རྣལ་འབྱོར་གྱི་ངེས་པ་བྱས་ནས་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་དོར་བར་མི་བྱའོ། །བཀའི་གནང་བ་ནི་སློབ་དཔོན་གྱིས། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས། །རྨི་འདྲར་སེམས་ཅན་ཐམས་ཅད་ཀྱི། །དོན་ནི་བདག་ཉིད་ཀུན་གྱིས་གྱིས། །ཞེས་བྱ་བ་དང༌། ཡེ་ཤེས་གྲུབ་པ་ལས་ཀྱང༌། ད་ནི་བློ་གྲོས་ཆེན་པོ་ཁྱོད། །སངས་རྒྱས་ཀུན་དང་སྐུ་གཅིག་སྟེ། །ཞེས་བྱ་བ་དང༌། ད་ནི་ཁྱོད་ཀྱིས་ཆོས་རྣམས་ལ། །སོམ་ཉི་དག་ནི་མི་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །རང་གི་དམ་ཚིག་ལ་གནས་པས་ཞེས་བྱ་བ་ནི། བཟའ་བ་དང་བསྲུང་བའི་དམ་ཚིག་ཇི་སྐད་རྒྱུད་སྡེ་རྣམས་ནས་བཤད་པ་དང༌། གོང་དུ་དབང་བསྐུར་བའི་སྐབས་སུ་བཤད་པའི་ཚུལ་གྱིས་སོ། །གལ་ཏེ་དེ་ལྟ་ན་ལག་པའི་ཕྱག་རྒྱ་ལ་སོགས་པ་རྒྱུད་སྡེ་ནས་གསུངས་པའི་དམ་ཚིག་ཀྱང་བསྟེན་པར་བྱའམ་ཞེ་ན། ལག་པའི་ཕྱག་རྒྱ་ལ་སོགས་པས་ཅི་ཞིག་བྱ་ཞེས་སྦྱར་ཏེ། དཔལ་གསང་བ་འདུས་པ་ལས། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །ལག་པའི་ཕྱག་རྒྱ་མི་བཅིང་ངོ༌། །ཞེས་གསུངས་པ་དང༌། །དགེ་བ་བཅུ་ཡི་ལས་ཀྱི་ལམ། །བྱེད་པ་ཡེ་ཤེས་སྤངས་པའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །འོ་ན་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེ་ན། ཚུལ་གཉིས་ཀྱིས་འདི་དག་སྤང་བར་བྱ་སྟེ། ཐུན་མོང་གི་དངོས་གྲུབ་སྐྱེད་པའི་དམ་ཚིག་ཡིན་ནོ་ཞེས་བྱ་བས་ཅི་ཞིག་བྱ་སྟེ་དམན་པ་ལ་མཆོག་ཏུ་འཛིན་པ་དོར་བའོ། །ཡང་དེ་ཁོ་ན་ཉིད་མ་རྟོགས་ན་འདི་རྣམས་དགོས་ཀྱི་དེ་ཁོ་ན་ཉིད་རྟོགས་ནས་ཅི་ཞིག་བྱ་སྟེ། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བ་ལས། ཆུ་ཀླུང་ཆུ་ཡིས་གང་བ་ལ། །རྩྭ་དང་ཤིང་ནི་བསྡུས་ནས་ཀྱང༌། །གཟིངས་ལ་བརྟེན་ནས་བརྒལ་ནས་ནི། །ཕ་རོལ་སོན་ནས་འདོར་བར་བྱེད། །དེ་བས་དེ་ཁོ་ན་ཉིད་དང་འགལ་བའམ་དངོས་པོར་འཛིན་པའི་ཚུལ་གྱིས་མི་བྱའི། དེ་ཁོ་ན་ཉིད་ཀྱིས་འགལ་རྐྱེན་དུ་མི་འགྲོ་ཞིང་གྲོགས་སུ་འགྱུར་ན་བསྟེན་པར་བྱ་བ་ཉིད་ཡིན་ཏེ། བདག་བྱིན་བརླབ་པ་ལས། ལྟ་བ་ཐམས་ཅད་སྤངས་པ་ཡིས། །བདག་བྱིན་བརླབ་པ་འདི་ཐོབ་ནས། །ལས་རྣམས་ཐམས་ཅད་བྱ་བའམ། །ཇི་ལྟར་འདོད་པ་བཞིན་དུ་རྒྱུ། །མཆོད་རྟེན་ལས་ནི་མི་བྱ་ཞིང༌། །གླེགས་བམ་བཀླག་པར་མི་བྱ་སྟེ། །བདག་བྱིན་བརླབ་པའི་རིམ་པས་ཀྱང༌། །བྱ་བ་དང་ནི་བཀླག་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་མཚོན་པ་ནི་དེ་ཉིད་རྟོགས་པས་སངས་རྒྱས་ཀྱི་དྲིན་ཞེས་བྱའོ། །རང་གི་ལྷའི་རྣལ་འབྱོར་ཞེས་བྱ་བ་ནི་འདི་ཉིད་རྣལ་འབྱོར་ཡིན་པས་སོ། །དཔལ་རྡོ་རྗེ་མཁའ་འགྲོ་ལས། བརྟག་པའི་ལྷ་ཡི་རྣལ་འབྱོར་གྱིས། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་གྱི། །བྱང་ཆུབ་སེམས་ནི་རབ་རྟོགས་ན། །དེ་ལ་རྣལ་འབྱོར་ལྷར་གྱུར་ཏོ། །ཞེས་གསུངས་སོ། །དེས་བསྐྱེད་ཅིང་མཚོན་ན་སྟེ་གོམས་པ་རབ་ཀྱི་མཐར་ཐུག་པ་ཐོབ་ན་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེ་ཁོ་ན་ཉིད་ཐོབ་པའི་གོ་རིམ་ནི། ཇི་ལྟར་འཕགས་པ་ཐོགས་མེད་ཀྱིས། ཐེག་པ་ཆེན་པོ་བསྡུས་པ་ལས། ས་ཐོབ་པ་རྣམ་པ་བཞི་བཤད་དེ། མོས་པ་ཙམ་ལས་ཐོབ་པ་དང༌། རྟོགས་པས་ཐོབ་པ་དང༌། སྤྱོད་པས་ཐོབ་པ་དང༌། གྲུབ་པས་ཐོབ་པའོ་ཞེས་བཤད་པ་ལྟ་བུ་སྟེ་འདིར་རྟོགས་པས་ཐོབ་པ་ཙམ་ལ་བྱ་སྟེ། རྟོགས་པས་ཐོབ་པ་ནི་ས་དང་པོ་ལ་སོགས་པ་ཐམས་ཅད་རྟོག་པ་མེད་པའི་དབྱིངས་སུ་རོ་གཅིག་པའི་ཕྱིར་ཁྱད་པར་མེད་པས་ནམ་མཁའ་ལྟ་བུ་ཞེས་བྱ་སྟེ་སྔར་བཤད་ཟིན་ཏོ། །གཞུང་ཐམས་ཅད་སྤངས་ནས་ཞེས་བྱ་བ་ནི་སྔར་བཤད་དོ། །རྣལ་འབྱོར་ལ་བརྩོན་པས་ཉིན་མཚན་དུ་གོམས་པ་ནི་བར་ཆད་མེད་པར་གྱིས་ཤིག་ཅེས་སུ་གདམས་པའི་ཐ་ཚིག་གོ །རིའི་རྩེ་མོ་དང་ཞེས་བྱ་བ་ལ་སོགས་པས་ནི་དེའང་སྤྱོད་པ་དང་ལྡན་པས་རྗེས་སུ་བསྒོམ་པ་སྟོན་ཏེ། ཇི་སྐད་དུ། སློབ་དཔོན་ཨཱརྻ་དེ་བས། ཕྱག་རྒྱ་གཅིག་དང་ལྡན་པའམ། །ཡང་ན་ཕྱག་རྒྱ་བཞི་དང་ལྡན། །བཙུན་མོའི་འཁོར་ན་བཞུགས་པས་ཀྱང༌། །བདག་བྱིན་བརླབ་པ་རྗེས་དྲན་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ལ་རིའི་རྩེ་མོ་ལ་སོགས་པ་ནི་བསྒོམ་པའི་གནས་བསྟན་ཏོ། །ཐབས་ཤེས་རབ་ཅེས་བྱ་བ་ལ་སོགས་པས་ནི་བསྟན་པར་རྗེས་སུ་གདམས་པའོ། །དེ་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་གང་ཞིག་བསྟེན་པ་སྟོན་ཏོ། །དེ་ལའང་ཞེས་བྱ་བ་ལ་སོགས་པས་ནི་ཇི་ལྟར་བསྟེན་པ་སྟོན་ཏོ། །སྔ་དྲོ་དང་ཞེས་བྱ་བ་ལ་སོགས་པས་ནི་དུས་བསྟན་ཏོ། །བསྟན་པ་ལ་སྨོད་པ་ཞེས་བྱ་བ་ལ་སོགས་པས་བསྟེན་པ་དང་མི་བསྟེན་པའི་ཁྱད་པར་སྟོན་ཏོ། །ཤེས་རབ་མ་རྙེད་ན་ཞེས་བྱ་བ་ནི་དེ་ལས་གཞན་པ་བསྟེན་པར་སྟོན་ཏེ། དེ་ལྟར་ཞེས་བྱ་བ་ལ་སོགས་པས་དེ་རྒྱུན་དུ་བསྟེན་པ་དང་མི་འབྱོར་བས་གནས་སྐབས་སུ་བསྟེན་པར་རྗེས་སུ་གདམས་པ་སྟོན་ཏོ། །གསང་བའི་ཉེ་བའི་རྫས་དང་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་དེ་ཁོ་ན་ཉིད་དུ་བསྟན་པར་མཇུག་བསྡུས་ཏེ་བསྟན་ཏོ། །དེ་དག་ནི་བསྡུས་པའི་དོན་ཡིན་ལ། ཚིག་གི་དོན་ལ་སོགས་པ་ནི་བླ་མའི་མན་ངག་དང་ལྡན་པ་རྣམས་ལ་རྟོགས་པར་སླ་བའི་ཕྱིར་འདིར་རྒྱས་པར་མི་ཕྱེའོ། །དོན་རྟོགས་མེད་ན་བྲག་ཅ་བཞིན་དུ་གཞན་གྱི་སྒྲའི། །རྗེས་སུ་འཕེལ་བ་དེས་ཀྱང་འདི་ན་ཅི་ཞིག་བྱ། །བླ་མའི་ལུང་བྲལ་རང་དགའི་བློ་གྲོས་ཀྱིས་ཕྱེ་བའི། །རྟོག་གེའི་གཞུང་ལུགས་དང་མཚུངས་དེ་ཡང་འདིར་དོར་བྱ། །དེ་ཉིད་དང་འགལ་ཚིག་གི་སྡེབ་སྦྱོར་མཛེས་གྱུར་ཀྱང༌། །དེ་ནི་བློ་ཆེན་སྤངས་ཏེ་སྙན་ཚིག་རིག་བྱེད་བཞིན། །འདི་ཉིད་དེ་ཉིད་མི་འགལ་དེ་ཕྱིར་སྡེབ་སྦྱོར་ཚོགས། །དེས་ཀྱང་དེ་ལ་ཉེས་ཞེས་སངས་རྒྱས་ཀྱང་མི་གསུང༌། །དེ་ལྟ་མོད་ཀྱང་དོན་ཅིག་སྟོན་ལ་སྡེབ་སྦྱོར་ནི། །སྔ་ཕྱི་མི་འགལ་མི་ཟློས་གསལ་བར་སྟོན་པ་ཡི། །ཚིག་ནི་རྟོག་དང་རྗེས་སུ་འཚམ་པ་ལེགས་དེའི་ཕྱིར། །འདི་ན་གནས་དོན་ཇི་བཞིན་བདག་གིས་གསལ་བར་ཕྱེ། །གཞན་གྱིས་བསྐུལ་ནས་བརྩེ་བས་བྲིས། །དེ་ཉིད་མི་འགལ་དེ་ཡི་ཕྱིར། །དཔལ་ལྡན་བླ་མ་མཁའ་འགྲོ་མས། །ཉེས་གྱུར་གཟིགས་ན་བཟོད་མཛད་རིགས། །ཐབས་དང་ཤེས་རབ་དོན་བསྒོམ་རྣམ་ཕྱེ་ལས། །དགེ་བ་གང་བསགས་དེས་ནི་འགྲོ་བ་ཀུན། །གཉིས་མེད་སྟོན་པའི་ལམ་མཆོག་འདིར་ཞུགས་ནས། །རྡོ་རྗེ་འཆང་མཆོག་གོ་འཕང་ཐོབ་པར་ཤོག །ཐབས་ཤེས་རབ་ཀྱི་དོན་བསྒོམ་པའི་རྣམ་པར་བཤད་པ། བློ་གྲོས་རྣམ་པར་དཀའ་བའི་དགེ་བསྙེན་བསོད་ནམས་རྩེ་མོས་རབ་ཏུ་སྦྱར་བའོ། །རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*