སམྤུ་ཊའི་ཊཱི་ཀ་གནད་ཀྱི་གསལ་བྱེད། ༦

ཨཱུ་དང་ཧ་དང་མགོ་དང་ཟླ་ཚེས་དང་ཐིག་ལེའོ། །བསྡུས་པ་ཧཱུྃ་སྟེ་དཀར་པོའོ། །དེ་ནི་མཆོད་རྟེན་ཏེ་ལུས་སོ། །དེའི་སྒོ་ནི་སྨིན་མའི་དབུས་སུའོ། །ཁ་ཅིག་ནི་སྤྱི་གཙུག་ཏུ་འདོད་དོ། །གཞན་དག་ནི་མིག་ཏུ་འདོད་དོ། །དེ་བས་དམའ་བའི་སྒོ་ནི་ཁའོ། །ས་བོན་ཆུ་ལྟར་དཀར་བ་སྟེ་སུྃ་དཀར་པོའོ། །བཏུང་དང་བཏུང་མིན་མེའི་ས་བོན་ལ་སོགས་པ་ནི་སྔར་བརྟག་པ་དང་པོའི་དང་པོར་བཤད་ཟིན་ཏོ། །དེ་ལྟར་ཡི་གེ་བཀོད་ལ་དང་པོའི་དབུགས་མཉམ་པར་བཞག་པས་བསྒོམ་ཞེས་སྦྱར་རོ། །འདི་ལྟར་བསྟན་ཏེ། རང་ཉིད་ཀྱི་ལྷའི་རྣལ་འབྱོར་རམ། འོག་ནས་འབྱུང་བའི་རྣལ་འབྱོར་བྱ་སྟེ། བཤད་པ་དང་གཅི་བ་ལམ་དུ་ཀྵྱྃ་ཞེས་བྱ་བའམ། ཀྵྨྃརཡུ་དམར་པོ་གཉིས་དགོད་དོ། །མགྲིན་པར་སྨྃརཡུ་དང༌། ལྕེའུ་ཆུང་ལ་སུྃ་དཀར་པོ་དགོད་དོ། །རྣ་བ་དང་སྣ་ལ་ཡུྃ་སྔོན་པོའམ་དམར་པོའོ། །མིག་ལ་ཧཱུྃ་སྔོན་པོའོ། །ལྟེ་བ་ལ་ཕྱུགས་བདག་ཀྵྨྃརཡུ་ངོ༌། །སྙིང་ག་ལ་སྨྃརཡུ། དཔུང་པ་ལ་ཧྨྃརཡུ། སྨིན་མཚམས་དང་སྤྱི་གཙུག་ལ་ཀྵྨྃརཡུ་ངམ་ཀྵུྃ་ངོ༌། །དེ་ལྟར་ཡི་གེས་བཀག་ནས་རླུང་ནང་དུ་ཞུགས་པ་དང་སྟེང་རླུང་བསྡམས་ཤིང་དེ་ནས་འོག་སྒོ་བསྡམ་པར་བྱའོ། །དེ་ལྟར་བླ་མའི་མན་ངག་བཞིན་བསྒོམ་པ་གོམས་པར་བྱའོ། །དེ་ལྟར་ཙཎྜཱ་ལཱི་དང་རླུང་ལ་གོམས་པ་སྔོན་དུ་མ་སོང་བར་ནི་འཕོ་བའི་རྣལ་འབྱོར་དོན་མེད་པར་འགྱུར་ལ། འདི་ལྟར་གོམས་པ་རྣམས་ཀྱིས་ནི་ངེས་པ་ཉིད་དུ་འགྲུབ་པར་འགྱུར་རོ། །བཞི་པ་འཕོ་བའི་རྣལ་འབྱོར་དངོས་ནི་ལུས་ནི་ཞེས་བྱ་བ་ཚིགས་སུ་བཅད་པ་བདུན་དང་རྐང་པ་གཅིག་གིས་བསྟན་ཏོ། །དེ་ལ་དང་པོ་ནི། དེ་ལྟར་སྔོན་དུ་སྦྱངས་པའི་རྣལ་འབྱོར་པས་འཆི་བའི་དུས་སུ་ཟླ་བ་དྲུག་ལ་སོགས་པའི་གོང་དུ་བྱ་སྟེ། འོག་ནས་འབྱུང་བའི་རྣལ་འབྱོར་བྱས་ལ་སྔར་བསྟན་པ་བཞིན་སྒོ་ཐམས་ཅད་ཡི་གེས་བཀག་སྟེ། སྙིང་གར་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཧཱུྃ་སྔོན་པོ་བསམས་ལ། ལྟེ་བར་ཙཎྜཱ་ལཱིའི་གནས་སུ་ཨྃ་རབ་ཏུ་འབར་བ་བསམས་ཏེ། རླུང་ཕྱིར་ལྡང་བའི་དུས་སུ་ཧིག་བརྗོད་པས་ཨྃ་ལས་མེ་འབྱུང་བས་སྙིང་གའི་ཡི་གེ་ཕུལ་བར་བསམས་ཏེ། དེའང་རླུང་གི་དཀྱིལ་འཁོར་གྱི་སྟེང་འོག་ཏུ་ཡུྃ་རེ་བསམས་ལ། རླུང་ལྡང་ཙམ་ནས་འོག་མ་ལ་ཧི། གོང་མ་ལ་ཀ་བསམས་ལ་དེ་དང་མགྲིན་པ་ནས་མགོའི་བར་དུ་ཕུལ་བར་བསམ་མོ། །རླུང་ནང་དུ་འཇུག་ཙམ་ན་ཧིག་བརྗོད་པས་ཡས་མར་མེས་བཀུག་སྟེ་འོངས་ནས་ཡང་ཡུྃ་གོང་མ་ལ་ཧི། འོག་མ་ལ་ཀ་བསམ། དེ་ལྟ་བུའི་ལྡང་འཇུག་གཅིག་ཏུ་སྡོམ་པ་ཉི་ཤུ་རྩ་གཅིག་བྱའོ། །ཁ་ཅིག་ལས་ནི་ཉི་ཤུ་རྩ་བཞིར་བྱས་ལ། ལྔ་པ་ལ་གང་འདོད་པའི་གནས་ནས་དབྱུང་ངོ་ཞེས་ཟེར་རོ། །ཡང་ན་ཉི་ཤུར་བྱས་ལ་རྩ་གཅིག་པ་ལས་དབྱུང་ངོ༌། །དེ་ཡང་མཐོ་རིས་ཀྱི་འཕོ་བ་ནི་གང་འདོད་པའི་གནས་ནས་དབྱུང་བ་ཙམ་ཉིད་ཡིན་ལ། ཐར་པའི་འཕོ་བ་ནི་བདག་གི་རྣལ་འབྱོར་བྱས་པའི་རྗེས་ལ་མདུན་དུ་ལྷ་དང་བླ་མ་ཐ་མི་དད་དུ་སྤྱན་དྲངས་ལ་བདག་གི་འབྱོར་པ་མཐའ་དག་བཏང་ལ་ལྟུང་བ་བཤགས་པར་བྱ་སྟེ། དེའི་དུས་སུ་དེའི་ཐུགས་ཀར་འཕོས་ན་དེ་དང་རོ་གཅིག་ཏུ་ཤེས་པར་འགྱུར་ཏེ། བར་དོ་མེད་པར་རིག་པ་འཛིན་པར་འགྱུར་ཞེས་བྱའོ། །བསྡུས་པའི་དོན་ཏོ། །ལུས་ནི་ཞེས་བྱ་བ་ནི་ཧཱུྃ་གི་ལུས་སོ། །རླུང་གི་ཁ་དོག་ནི་སྔོན་པོའོ། །སེམས་ནི་སེམས་ཀྱི་རྟེན་རླུང་གི་ཁ་དོག་དང༌། རླུང་གི་དཀྱིལ་འཁོར་བཀོད་ལ། རླུང་གི་ས་བོན་དགོད་པ་ནི་ཚིགས་བཅད་གཅིག་གོ །ཐིག་ལེ་དང་སྒྲ་ཞེས་བྱ་བ་ལ་སོགས་པས་ནི་ཧཱུྃ་གི་ས་བོན་ཏེ་ལྟེ་བའི་ཨྃ་གི་འོད་ཀྱིས་བསྐུལ་ཞིང་དགུག་པ་སྟོན་ཏོ། །འཇིགས་མ་ནི་དྲག་མོ་སྟེ་ལྟེ་བའི་ཨྃ་དེས་ལྕགས་ཀྱུ་ལྟར་འདྲེན་ཞེས་བྱ་བའི་དོན་ཏོ། །གྲངས་ཡོངས་སུ་ཚང་ནས་འཕོ་བ་སྟོན་པ་ནི་ཉི་ཤུ་རྩ་གཅིག་དབུགས་རྣམས་ཞེས་བྱ་བ་ལ་སོགས་པའོ། །དེ་འདྲེན་པའི་སྒྲ་སྐད་ཀྱི་ཡི་གེ་བཏུ་བ་དང་དེའི་བྱེད་པ་བསྟན་པ་ནི་མཛོད་སྤུ་ཞེས་བྱ་བ་ལ་སོགས་པའོ། །ཧིཀ་དེ་སྙིང་གའི་ཡུྃ་གྱི་ས་བོན་ལ་དགོད་པ་བསྟན་པ་ནི། རླུང་གི་ས་བོན་འོག་མ་ལ་རྩ་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་སྟེང་ནས་སྟེང་མཆོག་ཏུ་ཞེས་རྐང་པ་གསུམ་ནི་ཞར་ལས་བྱུང་བ་སྐྲ་དཀར་གསལ་བ་སྟོན་ཏོ། །སྟེང་ཞེས་བྱ་བ་ནི་སྤྱི་བོ་བདེ་ཆེན་གྱི་འདབ་མའི་དབུས་ཀྱི་ཧྃ་ལས་ཞེས་སློབ་དཔོན་བྷ་བ་པ་བཞེད་ལ། བདག་གི་བླ་མ་ནི་གོང་དུ་མཛོད་སྤུ་སྐྲ་དཀར་ས་བོན་ཞེས་གསུངས་པས། སྨིན་མཚམས་སུ་ཧྃ་བཀོད་ལ་ཧིག་གིས་བདུད་རྩི་ཕབ་སྟེ། ལྕེའུ་ཆུང་གི་སུྃ་ལ་ཕབ་པས་ལུས་ཐམས་ཅད་ཚིམ་པར་བསྒོམས་ན་ལུས་བརྟས་པ་དང་སྐྲ་དཀར་གསལ་བར་འགྱུར་རོ། །སློབ་དཔོན་བྷ་བ་པ་ལྟར་ན་སྤྱི་བོའི་ཧྃ་སྔོན་པོ་ལས་བྱང་སེམས་ཕབ་ལ་ལྟེ་བའི་ཨྃ་ལ་གསོས་ན་སྐྲ་དཀར་འཆིང་བའོ། །དཔལ་རྡོ་རྗེ་མཁའ་འགྲོ་ལས་ནི། སྐྲ་དཀར་བཅིང་བ་དང༌། ནམ་མཁའ་ལ་འགྲོ་བ་དང༌། ཚིག་གི་དངོས་གྲུབ་དང༌། མངོན་ཤེས་ལ་སོགས་པ་རྣལ་འབྱོར་འདིས་བསྒྲུབ་པས་ཞར་ལས་གསུངས་སོ། །བུ་ག་དགུའི་སྟེང་མཆོག་ཅེས་བྱ་བ་རྐང་པ་གཉིས་ཀྱིས་ཐར་པའི་འཕོ་བ་གསུངས་པ་ཡིན་ནོ། །ལྔ་པ་འཕོ་བའི་རྣལ་འབྱོར་གྱི་ཕན་ཡོན་ནི་ཉིན་ཞིང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཅིའི་འཕོ་བའི་རྣལ་འབྱོར་གྱིས་མཐོ་རིས་དང་ཐར་པ་འགྲུབ་བོ་ཞེས་བྱ་བ་འདི་ལས་བཟང་པོ་བྱས་པ་ཞིག་ཡིན་ནམ་ཞེ་ན། ལས་ལ་ལྟོས་པ་མ་ཡིན་ཏེ། འཕྲལ་གྱི་རྐྱེན་གྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆེ་བ་ཉིད་ཀྱིས་རེ་ཞིག་འདི་འགྲུབ་པར་སྟོན་པས་མཚམས་མེད་པ་ལྔ་བྱེད་པས་ཀྱང་འགྲུབ་ཅེས་བྱའོ། །འདི་ནི་ལས་ལ་སྐུར་པ་བཏབ་པར་ཡང་མི་འགྱུར་ཏེ། འདི་ཉིད་གསང་སྔགས་ཀྱི་ཟབ་མོའི་ལས་ཡིན་པའི་ཕྱིར་རོ། །དྲུག་པ་འཕོ་བའི་དུས་ཀྱི་ངེས་པར་གཟུང་བའི་འཐད་པ་ནི་དུས་ཐོབ་ཅེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །རྣལ་འབྱོར་བསྒྲུབ་པའི་ཁྱད་པར་ལས། །ཞེས་བྱ་བ་ལ་སོགས་པས་ནི་འཕོ་བའི་དུས་ཀྱི་ལྷའི་རྣལ་འབྱོར་སྟོན་ཏེ། སྤྱིར་ལྷའི་རྣལ་འབྱོར་རང་གང་བྱེད་པས་ཆོག་པ་ཡིན་ཡང༌། འདིར་ཡེ་ཤེས་ཀྱི་མཁའ་འགྲོ་སྨོས་པ་ནི། འཕོ་བ་ལ་ཁྱད་པར་དུ་ཤིས་པའི་ཕྱིར་དང༌། དཔལ་རྡོ་རྗེ་གདན་བཞི་པའི་བཤད་པའི་རྒྱུད་ཡིན་པས་དེའི་དགོངས་པའི་དོན་གྱི་ཕྱིར་སྨོས་པ་ཡིན་ནོ། །ཞེས་བདག་གི་བླ་མ་གསུང་ངོ༌། །དེ་ལ་ཡི་གེ་དགོད་པ་ལ་སོགས་པ་བྱས་ནས། དང་པོ་རླུང་སྦྱང་བ་ནས་བརྩམས་ཏེ་ཐམས་ཅད་ཀྱི་རྟེན་དུ་བྱའོ། །ཚིག་གི་དོན་ནི་རྟོགས་པར་སླའོ། །དེ་ནས་ཕྱི་རོལ་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་སྟེ་འཕོ་བའི་རྣལ་འབྱོར་གཞན་བསྟན་པ་སྟེ། གཞན་གྱི་གྲོང་དུ་འཇུག་པ་སྟོན་ཏོ། །དོན་ནི་སྔར་བསྟན་པ་ལྟ་བུའི་ཡོངས་སུ་སྦྱར་བ་བྱས་པའི་རྣལ་འབྱོར་པས་བདག་གི་དུས་ལ་བབ་པ་དང༌། ཕ་རོལ་ཏུ་གདུག་པ་ཅན་བསྒྲལ་བའི་དུས་ལ་བབ་པར་གྱུར་པ་དེའི་དུས་སུ་འདི་བྱའོ། །འདི་ལ་གསུམ་སྟེ། བདག་གི་རྣམ་པར་ཤེས་པ་དབྲོག་པ་སྟེ་གཡོ་བར་བྱ་བ་དང༌། ཕ་རོལ་གྱི་རྣམ་པར་ཤེས་པ་དབྲོག་པ་ནང་གི་ལས་ཀྱི་ཚོགས་གདུག་པ་ཅན་ཚར་གཅད་པ་དང༌། དེའི་སེམས་ཀྱི་རྗེས་སུ་བདག་གི་སེམས་འཕོ་བའི་རྣལ་འབྱོར་དངོས་སོ། །དང་པོ་ནི་སྔར་བསྟན་པ་ལྟར་སྦྱང་བ་བྱས་པས། རང་གི་ལྟེ་བར་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཉི་མ། དེའི་དབུས་སུ་ཨྃ་ཤིན་ཏུ་དམར་བ་བསམ། ཡང་སྙིང་གར་ཧཱུྃ་ཁ་དོག་སྔོན་པོ་ཁ་ཐུར་དུ་བལྟས་པ་བསམས་ལ། སྒོ་ཐམས་ཅད་ཡི་གེས་བཀག་སྟེ། རླུང་ཕྱིར་ལྡང་བའི་དུས་སུ་རླུང་གིས་མེ་དང་ཉི་མ་བུས། དེས་ཨྃ་སྦར་ཏེ་ཨྃ་གི་འོད་ཀྱིས་སྙིང་གའི་ཧཱུྃ་དེ་ཀླད་པའི་ནང་དུ་ཚངས་ཀྱིས་ཕུལ་བར་བསམ། ནང་དུ་འཇུག་ཙམ་ན་ཡང་སྙིང་གའི་བར་དུ་འོང་བར་བསམ། དེ་ལྟ་བུའི་རྣལ་འབྱོར་པ་ཡང་དང་ཡང་དུ་གོམས་པར་བྱས་པས་བདག་གི་རྣམ་པར་ཤེས་པ་དབྲོག་པ་ལ་ཚིགས་མེད་པར་འགྲུབ་པར་འགྱུར་རོ། །བསྡུས་པའི་དོན་ཏོ། །ཚིག་གི་དོན་ནི་དེ་ནས་ཞེས་བྱ་བ་ནི་སྔོན་དུ་སྦྱང་བ་བྱས་པའི་རྗེས་ལའོ། །ཕྱི་རོལ་རྣལ་འབྱོར་ནི་གཞན་གྱི་གྲོང་དུ་འཇུག་པའོ། །གནས་གཉིས་ཀྱིས་ནི་ལྟེ་བ་དང་སྙིང་ག་སྟེ། རྐང་པ་དྲུག་གིས་འཁོར་ལོ་གཉིས་ཀྱི་ཡི་གེ་དགོད་པ་བསྟན་ཏོ། །རྣལ་འབྱོར་པའི་རྐང་པ་གཉིས་ཀྱིས་དེའི་རླུང་གི་རྣལ་འབྱོར་བསྟན། ཡེ་ཤེས་ས་བོན་ཞེས་བྱ་བ་ལ་སོགས་པས་བཟླས་པའི་དུས་ཀྱི་དམིགས་པ་བསྟན་ཏོ། །འབྱུང་བའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པས་དེ་ཉིད་ཡང་དང་ཡང་དུ་གོམས་པར་བྱས་ན་འགྲུབ་པར་བསྟན་པ་སྟེ། རྣམ་པར་ཤེས་པ་འོད་གསལ་བ་ཡིན་པས་དེས་ན་རླུང་ཡང་འོད་གསལ་བ་སྟེ་འདིས་མཚོན་པར་བྱ་ཞེས་སྦྱར་རོ། །དེ་ལྟར་བདག་ཉིད་འཕོ་བ་ལ་ཚེགས་མེད་པར་བྱས་ནས། གཉིས་པ་གདུག་པ་ཅན་བསྒྲལ་བ་ནི་དེ་ནས་ཕྱི་རོལ་ཞེས་བྱ་བ་རྐང་པ་གཉིས་ཀྱིས་བསྟན་ཏོ། །རང་གི་ལྟེ་བར་ཨྃ་རབ་ཏུ་དམར་བ་བསམས་ལ། དེའི་འོད་ཀྱིས་སྙིང་གའི་ཧཱུྃ་བསྐུལ་ཏེ། ཨཱ་ལི་ཀཱ་ལི་རང་བཞིན་གྱིས་འོད་རབ་ཏུ་འབར་བ་དེ་བདག་གི་སྣ་བུག་གཡས་ནས་ཕྱུང་ལ་ཕ་རོལ་གྱི་སྣ་གཡོན་ནས་ཞུགས་ཏེ། དེའི་སྙིང་གའི་སེམས་ཀྱི་རྟེན་རིན་པོ་ཆེ་རབ་ཏུ་འབར་བ་ལྟ་བུ་སྦར་ཏེ། དེའི་མེ་རླུང་གིས་དེའི་ས་བོན་བསྐུལ་ཏེ། རྣམ་པར་ཤེས་པ་བསྡུས་ནས་དེའི་སྣ་གཡས་ནས་ཕྱུང་སྟེ། བདག་གི་སྣ་གཡོན་ནས་བཅུག་ལ་ལྟེ་བའི་འོག་ཀྵའི་གནས་མེ་རླུང་གི་འཁོར་ལོ་ལ་དེའི་རྣམ་པར་ཤེས་པ་བསྲེག་པར་བྱའོ། །དེས་ཇི་སྲིད་དུ་ཕ་རོལ་མ་འཕོས་ཀྱི་བར་དུ་བདག་ཉིད་མི་སྨྲ་བ་ལ་གནས་ཏེ་བསྒྲུབ་པར་བྱའོ། །འདིས་ནི་ཕ་རོལ་གདུག་པ་ཅན་བསྒྲལ་བ་ནང་གི་ལས་ཀྱི་ཚོགས་སོ། །དེ་ལྟར་བླ་མའི་མན་ངག་གོ །དེའང་དཔལ་རྡོ་རྗེ་མཁའ་འགྲོ་ལས། ཉི་མའི་ལམ་ནས་བྱུང་ནས་ནི། །བདག་དང་ལྷ་མོའི་ཆ་ལྡན་པ། །བསྒྲུབ་བྱའི་སྙིང་གའི་དབུས་གཞུག་ནས། །རླུང་གིས་མེ་ནི་སྦར་བར་བྱ། །དེ་ཡི་རྣམ་ཤེས་བླངས་ནས་ནི། །ལུས་ཀྱི་དཀྱིལ་འཁོར་ལ་ནི་གཞུག །བསྒྲུབ་བྱའི་རྣམ་ཤེས་ཕྲོག་ནས་ནི། །འོག་གི་ཀྵ་ཡི་འཁོར་ལོར་སྦྱར། །ཇི་སྲིད་ཟད་ཀྱི་བར་དུ་ནི། །ལྷ་མོ་ལྐུགས་པ་བཞིན་དུ་གནས། །ཞེས་གསུངས་སོ། །གསུམ་པ་དེར་རྣམ་ཤེས་འཕོ་བ་ནི། གཞན་གྱི་སེམས་ཀྱི་རྗེས་སུ་སེམས། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཕ་རོལ་གདུག་པ་ཅན་ལུས་ཀྱི་སྒོ་ནས་ཡུན་རིང་དུ་གནས་ཤིང་གཞན་ལ་ཕན་པའི་ལུས་ཏེ། བདག་གི་རྣམ་པར་ཤེས་པ་ཕྲོག་པ་དང༌། ཅུང་ཟད་དྲོད་མ་ཡལ་ཙམ་དེ་ལ་བདག་གི་རྣམ་པར་ཤེས་པ་འཕོ་བར་བྱ་སྟེ། དེའང་དང་པོ་སེང་གེ་རྣམ་གྲོལ་གྱི་ཕྱག་རྒྱ་བཅིངས་ལ། གོང་གི་བདག་གི་རྣམ་ཤེས་དབྲོག་པར་ཇི་སྐད་བཤད་པའི་རྣལ་འབྱོར་བྱས་ལ། བདག་གི་སྣ་གཡས་ནས་ཕ་རོལ་གྱི་སྙིང་གར་བཀོད་པས་འགྲུབ་བོ། །དེའི་རྗེས་ལ་མངོན་པར་ཤེས་པ་ལྔ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའང་འགྲུབ་པར་འགྱུར་རོ། །དེ་ནི། བསྒོམ་དང་བཟླས་པའི་ཁྱད་པར་གྱིས། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དཔལ་རྡོ་རྗེ་མཁའ་འགྲོ་ལས། སེང་གེ་རྣམ་གྲོལ་ཕྱག་རྒྱ་ནི། །རྣལ་འབྱོར་པས་ནི་བཅིང་བར་བྱ། །ཁྱེད་ཀྱི་གནས་ཀྱི་རྣལ་འབྱོར་ལས། །རྟག་ཏུ་སྲོག་དང་རྩོལ་བྱ་བ། །སྔགས་ཀྱིས་འབྱེད་པའི་རྣལ་འབྱོར་གྱིས། །བདག་གི་ལུས་ནི་སྤངས་ནས་ནི། །སྔགས་པ་གཞན་གྱི་གྲོང་ཞུགས་ཏེ། །ཆོ་ག་འོངས་ནི་བྱ་བ་ཉིད། །དེ་ཉིད་རིམ་པའི་རྣལ་འབྱོར་གྱིས། །རང་གི་ལུས་ཀྱི་རྣལ་འབྱོར་འདོད། །ཅེས་གསུངས་སོ། །དེ་ནས་མངོན་པར་ཤེས་པ་བསྒྲུབ་པ་ལ་སོགས་པ་ནི་བླ་མས་མི་གསུང་བའི་ཕྱིར་མི་བྲིའོ། །དེ་ལྟར་ཡེ་ཤེས་ཀྱི་འཕོ་བ་བསྟན་ནས་གཉིས་པ་ཡེ་ཤེས་ཀྱི་དེ་ཁོ་ན་དངོས་ནི་དེ་ནས་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྟོན་ཏེ། འདི་ལ་བཞི་སྟེ། ཡེ་ཤེས་ཀྱི་དེ་ཁོ་ན་དངོས་དང༌། ཡེ་ཤེས་ཀྱི་བྱེ་བྲག་དང༌། ཡེ་ཤེས་ཁྱད་པར་ཅན་ཤེས་པ་མཆོག་ཏུ་བསྔགས་པ་དང༌། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་སྟོན་པའི་གཞུང་ལ་འབད་པར་གདམས་པའོ། །དང་པོ་ནི་དེ་ལྟར་འགྲོ་བ་བཟང་པོ་དང་ངན་པ་དང་ཐར་པ་ལ་སོགས་པར་འགྱུར་བ་དེ་ལས་དེ་ཁོ་ནས་ཀྱང་མ་ཡིན། སྔར་བསྟན་པའི་ལམ་ཁོ་ནས་ཀྱང་མ་ཡིན་ཏེ། ཐམས་ཅད་རང་གི་སེམས་འདི་ཉིད་ཀྱིས་དེ་དག་འགྲོ་བར་བྱེད་དོ་ཞེས་བསྟན་པའི་ཕྱིར་ཡེ་ཤེས་གཟུགས་གྱུར་ཞེས་སྨོས་སོ། །དེས་ན་མར་མེ་ལྟར་གསལ་བའི་སེམས་ཀྱིས་ལས་རྣམས་བྱེད་པའོ། །འོ་ན་ཉན་ཐོས་ལ་སོགས་པ་ལས་དེ་ཁོ་ན་ཉིད་དུ་མ་བཤད། ལས་དུ་མ་བཤད་པ་དེ་དག་ལོག་པ་ཡིན་ནམ་སྙམ་པ་ལ་མ་ཡིན་ཏེ་ཉན་ཐོས་ལ་སོགས་པའི་དེ་ཉིད་དེ་དག་ཀྱང་ལེགས་པར་བཤད་པ་ཉིད་དོ། །འོ་ན་མི་མཐུན་སྙམ་ན། དེ་དག་ཐམས་ཅད་ཀྱང་རང་གི་སེམས་ཉིད་ཀྱི་ཡེ་ཤེས་ཉིད་དེ་དང་དེའི་རྣམ་པར་སྣང་སྟེ། དཔེར་ན་ཤེལ་སྒོང་དག་རས་ཀྱི་གཞིས་བསྒྱུར་ཡང་རང་གི་ངོ་བོ་ཤེལ་དག་པ་ཡིན་པ་དང་དག་པའི་རྐྱེན་དེས་དེ་དེར་སྣང་བ་བཞིན་ནོ། །དེས་ན་མར་མེ་ལྟར་གསལ་བའི་མྱོང་བ་གཉིས་མེད་ཀྱི་ཡེ་ཤེས་སེམས་དེ་ལ་ཤེལ་སྒོང་ཡོངས་སུ་དག་པ་ལ་ཚོན་གྱིས་ཁ་བསྒྱུར་བ་བཞིན་དུ། རང་གི་སེམས་འཆི་ཀའི་ཐ་མ་ལ། རིང་པོ་སུམ་ཅུའི་ཚད་དུ་སེམས་གནས་པ། རྒྱུན་མ་ཆད་པས། །དེ་དང་དེ་ཡི་འགྲོ་བར་འགྱུར། །ཞེས་སྟོན་པ་ནི་ཤེལ་ལྟར་ཞེས་པ་དང༌། མར་མེའི་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་ལྟར་དཔལ་རྡོ་རྗེ་མཁའ་འགྲོ་ལས་གསུངས་པ། དགེ་དང་མི་དགེའི་འབྲས་འབྱུང་བས། །ལྷ་མོ་རིང་པོ་སུམ་ཅུ་ཡིན། །རང་རིག་སེམས་ཀྱིས་བསྒོམ་པ་ནི། །དེ་ཡི་འགྲོ་བ་འགྲོ་བར་འགྱུར། །ཞེས་སོ། །གལ་ཏེ་འགྲོ་བ་དྲུག་གི་འགྲོ་བར་རང་གི་སེམས་དེ་དང་དེའི་རྣམ་པར་བསྒྱུར་བས་འགྲོ་བར་རིགས་ན། མྱ་ངན་ལས་འདས་པར་གང་གིས་འགྱུར་སྙམ་ན། དེ་ནི་སྤྲོས་པ་དང་བྲལ་བའི་སེམས་ཀྱིས་སོ། །ཞེས་སྟོན་པ་ནི། སྤྲོས་པ་ཐམས་ཅད་དམིགས་ནས་ནི། །ཞེས་པ་ཤླཽ་ཀ་གཅིག་གོ །གཉིས་པ་ཡེ་ཤེས་ཀྱི་བྱེ་བྲག་ནི་ཀྱེ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་རང་གི་སེམས་ཀྱི་འགྱུར་བ་དེ་རིགས་ན། སེམས་ཀྱི་ཁྱད་པར་གང་ཞེས་དྲི་བའི་དོན་ཏོ། །དེའི་ལན་ལ་ཡེ་ཤེས་རྣམ་པ་ལྔ་ཞེས་གསུངས་ཏེ། སོ་སོ་བའི་ཤེས་པ་ལྔའོ། །དེ་ལ་དགའ་བ་མེ་ལོང་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ནི་མེ་ལོང་ནི་མཐོང་བའོ། །དེ་ནི་བསོད་ནམས་སོ། །གསང་བ་ནི་དེ་གསང་བ་སྟེ། བསོད་ནམས་ཀྱི་ངར་འཛིན་པ་གསང་ཞིང་སྦས་པ་ལས་ལྷར་འགྱུར་རོ། །ཁྲོ་བོའི་ངར་འཛིན་པའི་ཤེས་པ་ལས་ནི་ལྷ་མ་ཡིན་དུའོ། །ཉི་མ་ནི་གདུང་བ་སྟེ། སེར་སྣའི་ངར་འཛིན་སེམས་པ་ལས་ནི་ཡི་དྭགས་སུ་འགྱུར་རོ། །འཇིགས་ཤིང་ངུ་བ་ནི་འཇིགས་ཤིང་ཁྲོ་བོའི་ངར་སེམས་ལས་ནི་དམྱལ་བར་འགྱུར་རོ། །གཏི་མུག་ནི་རྨོངས་ཤིང་བླུན་པའི་ངར་སེམས་པ་ལས་ནི་བྱོལ་སོང་དུ་འགྱུར་རོ། །དེ་ལྟར་ན་སེམས་ཀྱི་ཁྱད་པར་ལྔར་ངེས་པར་འགྲོ་བ་རྣམས་སུ་སེམས་ཀྱིས་འགྲོ་ན་སེམས་མེད་པ་བརྟེན་པ་ལ་སོགས་པར་ཇི་ལྟར་འགྲོ་བ་ཡིན་ཞེས་བྱ་བའི་དོན་ཏོ། །འོ་ན་འགྲོ་བ་ནི་དྲུག་ཡིན་ལ་ཡེ་ཤེས་ལྔ་ལས་མེད་པས་ཇི་ལྟར་བྱ་སྙམ་ན། ལྔའི་དབྱེ་བས་ཡེ་ཤེས་བསྒྲགས། །ཞེས་སྨོས་ཏེ། མིའི་འགྲོ་བ་ནི་ཡེ་ཤེས་ལྔ་ཀ་དང་ཆ་ཡིས་ལྡན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གདན་བཞི་པ་དང༌། རྡོ་རྗེ་མཁའ་འགྲོ་ལས། མི་ལ་རྣམ་ཤེས་ཁྱད་པར་ནི། །རྣམ་པ་ལྔ་རུ་ཤེས་པར་བྱ། །ཞེས་གསུངས་སོ། །གླེན་ཞིང་ཞེས་བྱ་བ་རྐང་པ་གཉིས་ནི་མི་ལ་ཤེས་པ་ལྔ་པོ་འདི་དང་ལྡན་ཞེས་བྱ་བ་ཡིན་ནོ། །ཞེས་བྱ་བར་སློབ་དཔོན་ཁ་ཅིག་འཆད་དོ། །ཁ་ཅིག་ནི་དེ་ལྟ་བུའི་འགྲོ་བ་དྲུག་པོར་ཤེས་པ་འདི་ལྟ་བུ་དང་ལྡན་པའི་སོ་སོའི་སྐྱེ་བོ་རྣམས་འགྲོའི། རྣལ་འབྱོར་པ་ནི་ཁྱད་པར་གྱི་གནས་མྱ་ངན་ལས་འདས་པར་འགྱུར་རོ། །ཞེས་གཞུང་གི་ཆ་མར་སྦྱར་ཏེ་འཆད་དོ། །དེ་ལྟར་འཁོར་བར་འགྱུར་བའི་ཡེ་ཤེས་བཤད་ནས། མྱ་ངན་ལས་འདས་པའི་རྒྱུར་འགྱུར་བའི་ཡེ་ཤེས་གང་ཞེ་ན། ཡེ་ཤེས་དེ་ཉིད་ཁྱད་པར་ཅན་ཏེ་སྤྲོས་པ་དང་བྲལ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་སེམས་མངོན་དུ་གྱུར་པ་ལས་འགྱུར་བ་སྟེ་དེ་ནི་ཁྱད་པར་ཅན་ནོ། །དེ་ལྟ་བུ་དེ་གང་ལས་ཤེས་ན་རྣལ་འབྱོར་བསྟན་བཅོས་ལས་ཏེ་ཐབས་དང་ཤེས་རབ་གཉིས་མེད་སྟོན་པའི་གཞུང་ལས་སོ། །གསུམ་པ་དེ་ལྟ་བུ་ཤེས་པ་མཆོག་ཏུ་བསྔགས་པ་ནི་སྐྱེ་བ་ཞེས་བྱ་བ་རྐང་པ་གཉིས་ཏེ། དེ་ལྟར་ཐམས་ཅད་སེམས་ལས་གྱུར་པར་ཤེས་པ་དང་སྤྲོས་བྲལ་ཤེས་པའི་རྣལ་འབྱོར་པ་དེ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཞེས་བྱ་བའི་དོན་ཏོ། །བཞི་པ་དེ་ནས་ཡེ་ཤེས་སྟོན་པའི་གཞུང་ལས་འབད་པར་བསྟན་པ་ནི་མཁས་པས་ཞེས་བྱ་བ་ལ་སོགས་པ་སྟེ། མཁས་པ་ནི་ཡེ་ཤེས་ལ་མཁས་པའོ། །དེ་ལྟར་ན་ཁྱད་པར་ཅན་གྱི་ཡེ་ཤེས་རྣལ་འབྱོར་གྱི་བསྟན་བཅོས་ལས་སྟོན་པ་དེ་བས་ན་དད་པ་བསྐྱེད་པར་བྱའོ། །གལ་ཏེ་ཕྱི་རོལ་སྒྲ་ཚད་ལ་སོགས་པ་དང༌། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས་སྡེབ་སྦྱོར་ལ་སོགས་པ་ཤིན་ཏུ་ལེགས་ཤིང་དོན་རྟོགས་པར་སླ་ཞིང་མཛེས་སོ་སྙམ་ན། དེ་དག་གི་གར་གྱི་སྦུབས་དང་འདྲའི་གར་མཁན་དངོས་མ་ཡིན་ནོ། །ཞེས་སྟོན་པ་ནི་ཕྱི་རོལ་ཞེས་བྱ་བ་ལ་སོགས་པའོ། །འོ་ན་རྣལ་འབྱོར་གྱི་བསྟན་བཅོས་ལས་ཅི་བྱུང་སྙམ་ན་བཟང་བ་ནི་སྤྱོད་པ་སྟེ་མཐོ་རིས་དང་ཐུན་མོང་ངོ༌། །གྲོལ་བ་ནི་མཆོག་སྟེ་གཉི་ག་འབྱུང་ཞེས་བྱ་བའི་དོན་ཏོ། །དེ་བས་ན་རྣལ་འབྱོར་གྱི་རྒྱུད་འདི་ནི་སྙིང་པོ་སྟེ་མངལ་དང་འདྲ་བ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའོ། །དེ་ཁྱོད་ལ་བཤད་དོ། །མུ་སྟེགས་ཀྱི་ཡེ་ཤེས་ནི་རྟག་པ་དང་འགྱུར་བ་མེད་པ་དབང་ཕྱུག་ལ་སོགས་པས་བྱས་པར་འདོད་ལ། འདིར་ལས་དང་རང་གི་སེམས་ཀྱི་བྱས་པར་བསྟན་པས་རྟག་པ་འཇིག་པར་བྱེད་པའོ། །དེ་ལྟར་ན་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་བསྟན་ཟིན་ཏོ། །བརྟག་པ་བརྒྱད་པ་ལས་རབ་ཏུ་བྱེད་པ་གསུམ་པའོ།།  །།དེ་ལྟར་དེ་ཁོ་ན་ཉིད་བཞི་བསྟན་ནས་སྔགས་ཀྱི་བཟླས་པ་བསྟན་པའི་ཕྱིར་སྔགས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིའི་བརྗོད་པར་བྱ་བའི་དོན་ལ་སོགས་པ་བཞི་བསྟན་པར་བྱ་སྟེ། བརྗོད་པར་བྱ་བའི་དོན་ནི་བསྐྱེད་པའི་རིམ་པ་སྤྱི་ཁོ་ནའོ། །རྗོད་བྱེད་ཀྱི་སྒྲ་ནི་གསུམ་ཀ་འཇུག་སྟེ། ཚིག་དོན་ཡོད་པ་རྣམས་ནི་ཡན་ལག ས་བོན་འབྲུ་རེ་བ་རྣམས་ནི་ཡི་གེའི་དོན། གཟུངས་ཀྱི་སྒོ་རྣམས་ནི་མན་ངག་གི་དོན་ཏོ། །མངོན་པར་རྟོགས་པ་ནི་ཐབས་ཀྱི་རྒྱུད་དང་འབྲེལ། དེ་ལས་ཀྱང་དངོས་གྲུབ་མཐའ་དག་གི་ཐབས། དེ་ལ་དྲུག་ལས་དང་པོ་སྔགས་ཀྱི་བཟླས་པ་དང་འབྲེལ་ཏོ། །དེ་ལ་ཡང་དོན་དྲུག་ལས་བཏུ་བ་བདུན་པར། ཕྲེང་བ་རབ་ཏུ་བྱེད་པ་གསུམ་པར། ཁ་ཟས་གཞན་དུ་བསྟན། དགོས་པ་བཅུ་པ་ནས་སྟོན། འདིར་སྔགས་དངོས་དང་ཆེད་དུ་བྱ་བ་གཉིས་བསྟན། དེ་ལ་ཆེད་དུ་བྱ་བའི་དབང་དུ་བྱས་ན་བསྙེན་པ་དང༌། གཏོར་མ་དང༌། སྦྱིན་སྲེག་ལ་སོགས་པ་དུ་མར་འབྲེལ་ཏོ། །འོ་ན་སྔགས་ཞེས་བྱ་བར་མངོན་རྟོགས་ལ་སོགས་པར་བསྔོར་མི་རུང་ངམ་སྙམ་ན། དོན་དམ་པའི་སྔགས་ཞེས་བྱ་བ་སྤྱིར་འཇུག་ཀྱང་ཀུན་རྫོབ་ཏུ། ཨཱ་ལི་ཀཱ་ལི་གཉིས་ནི་སྔགས། །ཡང་ན་དེ་ལས་གང་བཏུ་བ། །ཞེས་ངག་ཏུ་བརྗོད་པར་བྱ་བ་གཟུངས་ཀྱི་སྒོ་འདི་ལ་སྔགས་སུ་བྱ་བས་ན་མངོན་རྟོགས་ལོགས་མར་བྱར་རུང་ངོ༌། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ན། བསྡུས་པའི་དཀྱིལ་འཁོར་གྱི་སྔགས་རྣམས་ནི་སྔར་བསྡུས་པའི་དཀྱིལ་འཁོར་དུ་བསྟན་པ་ལྟར། དེ་ཉིད་འདུས་པ་དང༌། རྣམ་སྣང་སྒྱུ་འཕྲུལ་དྲྭ་བར་ཚུལ་མི་འདྲ་བས་བཤད་པའི་རྒྱུད་ཡིན་ལ་རྡོ་རྗེ་མཁའ་འགྲོའི་ལེའུ་དང་པོ་དང་བཅུ་གཉིས་བར་མ་ཚང་བ་ཁ་བསྐང་བས་བཤད་པའི་རྒྱུད་དོ། །རིགས་བཞི་ཡུམ་བཞི་ནི་བརྟག་པ་བདུན་པར་བཤད་ཟིན་ཏོ།།  །།ཧེ་རུ་ཀ་ལྷ་བཅུ་བདུན་གྱི་སྔགས་ནི་བརྟག་པ་གཉིས་པའི་ཕྱི་མའི་ལྔ་པར་ལྷ་ཚུལ་མི་འདྲ་བ་བཞིན་སྔགས་ཀྱང་ཚུལ་མི་འདྲ་བར་བསྟན། མཉམ་སྦྱོར་གྱི་རྟོག་པ་ལྔ་པར་མ་ཚང་བ་ཁ་བསྐང་བས་བཤད་པའི་རྒྱུད་དོ། །ལྷ་མོ་བཅོ་ལྔ་ནི་བརྟག་པ་གཉིས་པ་དང༌། གུར་གྱི་ལེའུ་བཞི་པར་ཕྲེང་བའི་སྔགས་སུ་གསུངས་ཀྱང་སོ་སོའི་སྔགས་མ་གསུངས་པས་ཁ་སྐོང་བའམ་མི་གསལ་བ་གསལ་བས་བཤད་པའི་རྒྱུད་དོ། །ཧེ་རུ་ཀ་གསུམ་བརྟག་པ་གཉིས་པ་དང་ཆ་མཐུན། བདེ་མཆོག་གི་རྐང་པ་བརྒྱད་པ་ནི་སྔར་བརྟག་པ་བདུན་པའི་ལྷ་གསུངས་པ་དང་ཕྱོགས་གཅིག་ཏུ་བྱས་ལ་བདེ་མཆོག་ཉུང་ངུར་རྐང་པ་བརྒྱད་དུ་བཅད་པ་ཁ་བསྐང་ལ། ཡི་གེ་ཉི་ཤུ་རྩ་གཉིས་པ་ཚུལ་མི་འདྲ་བས་བཤད་པའི་རྒྱུད་དོ། །ཡི་གེ་བདུན་པ་དང་ཡུམ་གྱི་སྙིང་པོའང་ཆ་མཐུན་པས་བཤད་པའི་རྒྱུད་དོ། །དྲག་པོའི་གདན་ཅན་གྱི་སྙིང་པོ་ནི་མཉམ་སྦྱོར་དུ་ཁ་བསྐང་བས་བཤད་པའི་རྒྱུད་དོ། །འཁོར་གྱི་སྔགས་རྣམས་ནི་ཧེ་རུ་ཀ་ཕྱག་བཅུ་དྲུག་པ་དང་མཚུངས་སོ། །འོད་ཟེར་ཅན་དང་རི་ཁྲོད་ལོ་མ་ཅན་ནི་རྣམ་སྣང་སྒྱུ་འཕྲུལ་དྲ་བར་མ་ཚང་བ་ཁ་བསྐང་བས་བཤད་པའི་རྒྱུད། དོན་ཐམས་ཅད་འགྲུབ་པའི་སྙིང་པོ་ཞེས་བྱ་བ་ནི་ཕྲིན་ལས་གང་བསྒྲུབ་ཀྱང་སྒྲུབ་པ་དང་པོས་མ་གྲུབ་པ་ལ་སྤོགས་པའི་དུས་སུ་སྔགས་འདི་བཟླས་པས་བསྒྲུབ་པ་སྟེ་རྒྱུད་སྡེ་མཐའ་དག་ཏུ་མ་ཚང་བ་ཁ་བསྐང་བས་བཤད་པའོ། །གཏོར་མའི་སྔགས་གཉིས་ཀྱང་མཁའ་འགྲོ་ཐམས་ཅད་ཀྱི་སྤྱིའི་གཏོར་མ་སྟེ། རྡོ་རྗེ་མཁའ་འགྲོ་མ་ལྷ་མ་སྲིན་སྡེ་བརྒྱད་དང་བཅས་པ་ལ་མཆོད་པ་སྟེ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་མཐའ་དག་ཏུ་གསུངས་པ་རྣམས་སུ་མ་ཚང་བ་ཁ་བསྐང་བའོ། །ས་བྱིན་གྱིས་བརླབ་པ་དང་སྦྱོང་བའི་སྔགས་ནི་བརྟག་པ་གཉིས་པར་ཚུལ་མི་འདྲ་བས་བཤད་པའི་རྒྱུད་དོ། །ཡེ་ཤེས་ཀྱི་མཁའ་འགྲོ་མ་ལྷ་བཅུ་གསུམ་གྱི་སྔགས་ནི། དཔལ་རྡོ་རྗེ་གདན་བཞི་པར་ཚུལ་མི་འདྲ་བའམ་མི་གསལ་བ་གསལ་བས་བཤད་པའི་རྒྱུད་དོ། །མཆོད་ཡོན་ལ་སོགས་པ་གསུམ་གྱི་སྔགས་ནི། བརྟག་པ་གཉིས་པར་ཆ་མཐུན་ཞིང་རྡོ་རྗེ་གུར་དུ་ཚུལ་མི་འདྲ་བས་བཤད་པའི་རྒྱུད་དོ། །ཕྱག་རྒྱ་ཆེན་པོའི་སྔགས་ཞེས་བྱ་བ་ནི་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་བྱིན་གྱིས་རློབ་པས་ན་སྐུ་གསུང་ཐུགས་བྱིན་གྱིས་རློབ་པའི་སྔགས་སོ། །ཡང་ན་ཐམས་ཅད་སྟོང་པ་ཉིད་དུ་མཉམ་པས་ན་ཕྱག་རྒྱ་ཆེན་པོ་སྟེ་ཁ་ཟས་བྱིན་གྱིས་རློབ་པ་གཙང་བ་དང་མི་གཙང་བ་མཉམ་པར་བྱེད་པའི་སྔགས་སོ། །དགུག་པ་ནི་གཏོར་མའི་མགྲོན་དགུག་པའི་སྔགས་ཏེ། སྔགས་གཉིས་པོ་འདི་ནི་བླ་ན་མེད་པའི་རྒྱུད་སྡེ་སྤྱིར་མ་ཚང་བ་རྣམས་སུ་ཁ་བསྐང་བས་བཤད་པའི་རྒྱུད་དོ། །ཡན་ལག་དྲུག་ཏུ་དགོད་པ་ནི་བར་ཆད་བསྲུང་བའི་ཕྱིར་གོ་ཆ་དགོད་པ་སྟེ། འཁོར་ལོ་སྡོམ་པའི་རྒྱུད་དྲུག་ཏུ་རྒྱས་པར་གསུངས་ལ། འདིར་མདོར་བསྡུས་ཏེ་སྟོན་པས་བཤད་པའི་རྒྱུད་དོ། །སྤྱིའི་དོན་ཏོ། །གཞུང་དོན་ལ་མཉན་པར་གདམས་པ་དང༌། དོན་དངོས་སོ། །ཚིག་གི་དོན་ནི་རྟོགས་པར་སླའོ། །བརྟག་པ་བརྒྱད་པའི་རྣམ་པར་བཤད་པ་རྫོགས་སོ།།  །།དེ་ལྟར་བརྟག་པ་བདུན་པ་དང་བརྒྱད་པར་དངོས་གྲུབ་མཐའ་དག་གི་ཐབས་བསྟན། དྲུག་པ་ཡན་ཆད་ཀྱིས་མཆོག་གི་ཐབས་གཙོར་བསྟན་ཏེ། དེ་ལྟ་བུའི་ཐབས་ཀྱི་རྒྱུད་དེས་མཆོག་གི་དངོས་གྲུབ་བསྒྲུབ་པ་ཡིན་ན། གནས་གང་དུ་མཆོག་བསྒྲུབ་པའི་ཉེ་བའི་རྒྱུ་གང་ཡིན་ཞེས་པ་འདིས་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་དགུ་པའི་རབ་ཏུ་བྱེད་པ་དང་པོ་གསུངས་སོ། །དེ་ལ་རབ་ཏུ་བྱེད་པ་འདིའི་བརྗོད་པར་བྱ་བའི་དོན་གང་ཡིན། རྗོད་བྱེད་ཀྱི་སྒྲ་ནི་གང༌། མངོན་པར་རྟོགས་པ་ནི་གང༌། རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་སྙམ་ན། དེ་ལ་བརྗོད་པར་བྱ་བའི་དོན་ནི་སྦས་དོན་གྱི་མཐར་ཐུག་པ་དང༌། དེ་ཐོབ་པར་བྱེད་པའི་ཐབས་ཀྱི་སྦས་པ་གཉིས་ཀ་སྟོན་ཡང་གཙོར་དཀྱིལ་འཁོར་འཁོར་ལོའི་སྦས་པ་སྟོན་ཏོ། །རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་དང་ཡི་གེ་དང་མན་ངག་གི་དོན་ཏེ་གསུམ་ཀ་འཇུག་གོ །མངོན་པར་རྟོགས་པ་ནི་གཙོར་མཆོག་གི་དངོས་གྲུབ་བསྒྲུབ་པའི་མངོན་པར་རྟོགས་པ་ཡིན་ལ། དེ་ལའང་ལྔ་ལས་ཉེ་བའི་རྒྱུ་ཐུན་མོང་མ་ཡིན་པ་བྱང་ཆུབ་ཀྱི་སེམས་གཉིས་མངོན་དུ་བྱ་བ་ཞེས་བྱ་བ་དང་འབྲེལ་ལ། ཡང་དེའི་ཞར་ལས་འབྲས་བུ་གང་ཞིག་འགྲུབ་ན་སྐུ་གསུམ་པོ་འདི་འགྲུབ་ཅེས་འབྲས་བུའི་རྒྱུད་དང་ཡང་འབྲེལ་ལོ། །དེ་ལ་ཉེ་བའི་རྒྱུ་ཞེས་བྱ་བ་ཉིད་ཇི་ལྟ་བུ་ཡིན་ན། གོང་དུ་ལམ་ཐམས་ཅད་ཀྱིས་བསྒྲུབས་པ་ལས་བྱུང་བའི་རྒྱུ་འདི་ཁོ་ནས་མྱུར་དུ་སངས་རྒྱས་འགྲུབ་པར་བྱེད་པ་ཞེས་བྱ་བ་དེ་ལ་ཉེ་བའི་རྒྱུ་ཞེས་བྱའོ། །འདི་ལ་དྲུག་སྟེ། ཉེ་བའི་རྒྱུ་རང་གི་ངོ་བོ་དང༌། ཉེ་བའི་རྒྱུ་དེ་དུས་ནམ་གྱི་ཚེ་མངོན་དུ་བྱ་བའི་དུས་དང༌། མངོན་དུ་བྱ་བའི་གནས་དང༌། རྟེན་གང་ལ་བརྟེན་ཏེ་བསྒྲུབ་པ་དང༌། མངོན་དུ་བྱ་བའི་ཐབས་དང༌། ཐབས་ལ་བརྟེན་ཏེ་མངོན་དུ་བྱས་པ་ལས་འབྲས་བུ་འགྲུབ་པའི་ཚུལ་བསྟན་པའོ། །དང་པོ་ནི་ཨཱ་ལི་དང་ཀཱ་ལིའི་བདག་ཉིད་ཅན་གྱི་ཐབས་གཉིས་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཆོས་བརྒྱད་དམ་དྲུག་གི་བདག་ཉིད་ཅན་ཞེས་བྱ་བ་ཡིན་ནོ། །དེ་ལ་ཨཱ་ལིའི་བདག་ཉིད་རང་བྱིན་གྱིས་བརླབ་པ་ཡིན་ལ། ཀཱ་ལི་ནི་དཀྱིལ་འཁོར་འཁོར་ལོའི་ཐབས་སོ། །དེ་ལས་བྱུང་བ་ཞེས་བྱ་བ་ནི་ཐབས་གཉིས་པོ་དེས་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་སོ། །ཆོས་བརྒྱད་དམ་དྲུག་ཅེས་བྱ་བ་ནི་ཐབས་སྒྲུབ་པ་པོས་རང་བྱིན་གྱིས་བརླབ་པ་བསྒོམ་པའི་ཞུ་བདེ་གཉིས་དཀྱིལ་འཁོར་འཁོར་ལོ་བསྒོམས་པའི་ཞུ་བ་དེ་གཉིས་ཏེ་བཞི། དེ་བཞིན་དུ་ཤེས་རབ་ཀྱིས་ཀྱང་བསྒོམ་པ་ཞུ་བདེ་གཉིས་གཉིས་བཞི་སྟེ་བརྒྱད་དོ། །ཡང་ན་དྲུག་ནི་ཤེས་རབ་ཀྱིས་རང་བྱིན་བརླབ་མ་བསྒོམས་ཀྱང་རུང་བས་དྲུག་ཅེས་བྱའོ། །དེ་ལྟར་ཆོས་བརྒྱད་དམ་དྲུག་ཅེས་བྱ་བ་དེ་ཡང་ཐིག་ལེ་བཞི་ལ་བདེ་བ་བཞི་ཡོད་པ་ནི་མ་ཡིན་ཏེ། རྟེན་ཞུ་བའི་ཐིག་ལེ་གཅིག་ཉིད་བརྟེན་པ་བདེ་བ་དང་ལྡན་པ་སྟེ། དེ་གང་ཟག་གཉིས་ཀྱིས་ཕྱེ་བས་གཉིས་སུ་འགྱུར་ལ། དེའང་བསྐྱེད་པའི་རྒྱུ་དང་པོ་རང་བྱིན་བརླབ་བསྒོམས་པས་བསྐྱེད། དེ་ཉིད་ཡང་དཀྱིལ་འཁོར་འཁོར་ལོ་བསྒོམས་པས་བསྐྱེད་པ་སྟེ། རླུང་སེམས་དྭངས་མར་བྱས་པ་ཞེས་བྱ་བའི་དོན་ཏོ། །མདོར་ན་རྒྱུ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་དྭངས་མ་ཞུ་བདེ་དབྱེར་མི་ཕྱེད་པ་འདི་ཡིན་ནོ། །གལ་ཏེ་སེམས་ཀྱི་རྟོགས་པ་འཆར་བཞུ་བ་ལ་ཅི་ལྟོས་སྙམ་ན། ལྟོས་ཏེ་ཇི་སྲིད་དུ་ཟག་མེད་ཀྱི་ལུས་གནས་པ་དེ་སྲིད་དུ་ཚོགས་པ་གཅིག་པའི་འབྲེལ་པས་གནས་པའི་ཕྱིར་ཏེ། ལུས་སྤངས་ནས་ནི་སེམས་ཀྱིས་ནི། །གནས་པ་གཞན་དུ་མི་མཐོང་ངོ༌། །ཞེས་བྱ་བ་དང༌། སེམས་སྤངས་ནས་ནི་ལུས་ཀྱིས་ནི། །མཛེས་པ་གཞན་དུ་མི་འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་གསང་སྔགས་ཀྱི་ཐབས་ཟབ་མོ་ནི་རྟེན་ལུས་ལ་གནད་དུ་བསྣུན་པས་བརྟེན་པ་སེམས་ལ་གནད་དུ་བསྣུན་པ་ཡིན་ནོ་ཞེས་གསུང་ངོ༌། །ཟག་པ་མེད་པ་སངས་རྒྱས་པའི་དུས་ནའང་སངས་རྒྱས་ཀྱི་ཐུགས་རྟོག་པ་མེད་པ་ཆོས་ཀྱི་སྐུ་ནི་ལུས་ཟག་པ་མེད་པ་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་སྐུ་ལ་བརྟེན་པ་ཡིན་གྱི། རྡོ་རྗེ་གུར་ལས། རྡོ་རྗེ་སྙིང་པོ་རྣམ་པ་མེད་པའི་བྱང་ཆུབ་དེ་སྐད་མ་སྨྲ་ཞིག་ཅེས་གསུངས་པ་ལྟ་བུའོ། །གལ་ཏེ། གང་གིས་ང་ལ་གཟུགས་སུ་མཐོང༌། །གང་གིས་ང་ལ་སྒྲར་ཤེས་པ། །སྐྱེ་བོ་དེས་ནི་ང་མི་མཐོང༌། །ཞེས་བྱ་བའམ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང༌། སྐུ་མིན་སྐུ་ལས་གཞན་མ་ཡིན། །དེ་བཞིན་གཤེགས་པ་སྐུ་ལྡན་མིན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཇི་ལྟར་དྲང་སྙམ་ན། བདེན་མོད་དེ་དག་ནི་དོན་དམ་པའི་ཆ་ལ་དགོངས་ཏེ་གསུངས་པས་ན་དེ་ལ་ནི་སངས་རྒྱས་ཞེས་བྱ་བ་ཉིད་འདོད་པ་མ་ཡིན་ནོ། །ཡང་སངས་རྒྱས་འདོད་པ་དེའི་ཚེ་སེམས་མེད་པའི་སངས་རྒྱས་བེམ་པོའང་རིགས་པ་མ་ཡིན་ལ། སྐུ་མེད་པའང་རིགས་པ་མ་ཡིན་པས་སློབ་དཔོན་ཀླུ་སྒྲུབ་ལ་སོགས་པ་མཐའ་དག་གིས་ཀྱང་ཟུང་དུ་འཇུག་པའི་སྐུ་ཞེས་བྱ་བ་འདི་གསུངས་སོ། །ཞར་ལས་འོངས་པའོ། །གཉིས་པ་དེ་ལྟ་བུའི་རྒྱུ་དེ་དུས་ནམ་གྱི་ཚེ་མངོན་དུ་བྱ་ན། རིམ་པ་གཉིས་བསྒོམས་ཏེ་དྲོད་ཐོབ་ནས་ཀུན་བཟང་གི་གསང་སྤྱོད་ཟླ་བ་ཕྱེད་དུ་སྤྱད་ནས། ཡང་འཇིག་རྟེན་པའི་མངོན་དུ་ཟླ་བ་གཅིག་སྤྱད་པའི་མཐར་སྤྱད་པར་བྱའོ། །འདི་ཉིད་ཀྱི་དུས་ཀྱང་ཞག་བདུན་དུ་སྤྱད་པར་གསུངས་ཏེ། རྡོ་རྗེ་གུར་ལས། ཉི་མ་གཅིག་གིས་སྦྱོར་བ་དང༌། །ཉི་མ་གཉིས་ཀྱིས་སྦྱོར་བ་དང༌། །ཉི་མ་ལྔ་ཡིས་སྦྱོར་བ་དང༌། །རྡོ་རྗེ་ཉི་མ་ནུབ་པ་ན། །སྦྱོར་བ་འདི་ནི་རབ་ཏུ་བརྩམ། །སྐྱ་རེངས་འཆར་ཁའི་དུས་སུ་ནི། །འགྲུབ་འགྱུར་འདི་ནི་ཐེ་ཚོམ་མེད། །ཅེས་གསུངས་ཏེ། ཐོ་རངས་མངོན་པར་རྫོགས་པར་འཚང་རྒྱ་བའི་དུས་ཞེས་བྱ་སྟེ། ཐོ་རངས་ནི་རླུང་སེམས་ཤིན་ཏུ་དྭངས་པར་འགྱུར་བའི་དུས་ཡིན་པའི་ཕྱིར་རོ། །ཞེས་དགོངས་སོ། །གསུམ་པ་གནས་ནི། ཕྱིའི་གནས་དང༌། ནང་གིའོ། །དེ་ལ་ཕྱི་ནི་ཐེག་པ་ཐུན་མོང་ལ་ཡོངས་སུ་གྲགས་པ་རྡོ་རྗེའི་གདན་ཡིན་ལ། ཐུན་མོང་མ་ཡིན་པ་ལས་གྲགས་པ་འོག་མིན་ཡིན་ཞིང༌། འདི་ནི་སྒྲུབ་པ་པོ་རང་ཉིད་གང་ན་གནས་པ་དེ་ཉིད་རྡོ་རྗེའི་གདན་ཡིན་ཏེ། དཔལ་བདེ་མཆོག་ཉུང་ངུ་ལས། རྣལ་འབྱོར་ཆེ་མཆོག་ཧེ་རུ་ཀ །ཡུལ་ཕྱོགས་གང་ན་གནས་གྱུར་པ། །ཡུལ་ངན་མཐའ་འཁོབ་ཡིན་ན་ཡང༌། །ཡུལ་དེ་ཡོངས་སུ་བརྟག་པ་ཡིན། །ཞེས་གསུངས་སོ། །ནང་གི་གནས་ནི་ཨེའི་གནས་ཏེ། གོང་དུ་བརྟག་པ་དང་པོར་བཤད་པ་ལྟ་བུ་དང༌། འོག་ནས་ཀྱང་ཕྱག་རྒྱའི་སྐྱེ་གནས་ཀྱི་སྙིང་པོར་ཁམས་གསུམ་མཐོང་བ་ཞེས་པ་དང༌། ལྟེ་བའི་དབུས་སུ་པད་ཆེན་པོར། །ཞེས་འབྱུང་ངོ༌། །གནས་དེ་ན་ཨ་ཝ་དྷཱུ་ཏཱིའི་གནས་སུ་མངོན་དུ་བྱའོ། །བཞི་པ་རྟེན་གང་ལ་བརྟེན་ཏེ་མངོན་དུ་བྱ་ན། རྡོ་རྗེ་གུར་གྱི་དགོངས་པས་མིའི་བུ་མོ་ཁོ་ན་ལ་བརྟེན་པར་བཤད་དེ། མི་ཡི་ཕྱག་རྒྱ་བླངས་ནས་ནི། །དེ་ལ་ཆོས་ནི་རབ་ཏུ་དབྱེ། །དེ་དང་ལྷན་ཅིག་དངོས་གྲུབ་འགྱུར། །ཕྱག་རྒྱའི་དངོས་གྲུབ་ཅེས་སུ་གྲགས། །ཞེས་སོ། །རྒྱུད་འདི་ལས་ནི་ལྷ་མོ་ལ་སོགས་པའང་བརྟེན་པར་འབྱུང་སྟེ། ལྷ་མོའང་སྐྱེ་གཉིས་བདག་ཉིད་སྐྱེས། །ཞེས་བྱ་བ་ལ་སོགས་པ་འོག་ནས་སྟོན་ཏོ། །གང་ལྟར་ཡང་རུང་སྟེ་དེ་ཉིད་ཡེ་ཤེས་ཀྱི་ལྷ་མོ་སྤྱན་ལ་སོགས་པ་དང་དབྱེར་མེད་པ་ལ་བརྟེན་ཏེ་འགྲུབ་བོ། །ལྔ་པ་རྒྱུ་དེ་མངོན་དུ་བྱེད་པའི་ཐབས་ནི། དང་པོ་རང་བྱིན་གྱིས་བརླབ་པའི་རིམ་པ་ཅུང་ཟད་ཅིག་མངོན་དུ་བྱས་པས། རླུང་སེམས་ཤིན་ཏུ་དྭངས་པར་བྱས་ལ། དེ་ནས་དཀྱིལ་འཁོར་གྱི་འཁོར་ལོའི་ཐབས་ཀྱི་ལམ་ཨཱ་ལི་བུང་བ་ཞེས་བྱ་བ་ལ་སོགས་པས་ཇི་སྐད་བསྟན་པ་བཞིན་སྙོམས་པར་ཞུགས་པ་ལ་བརྟེན་ཏེ་ཨེའི་གནས་སུ་མངོན་དུ་བྱའོ། །དྲུག་པ་ཐབས་མངོན་དུ་བྱས་པ་ལས་འབྲས་བུ་གྲུབ་པའི་ཚུལ་ནི། ཐེག་པ་ཐུན་མོང་བ་ལ་གྲགས་པ་བསམ་གཏན་བཞི་ལ་བརྟེན་ཏེ་བར་ཆད་མེད་པའི་ལམ་གྱིས་འཚང་རྒྱ་ཟེར་ལ། ཐུན་མོང་མ་ཡིན་པ་ལས་ནི་མངོན་པར་བྱང་ཆུབ་པ་ལྔས་འཚང་རྒྱ་བར་བཤད་ལ། འདིར་ནི་རྟོགས་པ་དེ་དག་ཉིད་དབང་གི་གནས་དེས་མངོན་དུ་བྱས་པ་ན། སྐྱེ་གནས་ཀྱི་སྙིང་པོར་ཁམས་གསུམ་མཐོང་བར་འབྱུང་ངོ༌། །དེས་ན་འོག་ནས་ཧཱུྃ་གི་གླུས་བསྟན་པའི་དོན་གྱིས་འདྲེན་པའི་བྱེ་བྲག་གསུམ་གྱིས་དྲངས་པའི་སྟོབས་ཀྱིས་ཨ་ཝ་དྷཱུ་ཏཱིར་རླུང་དང་རྩ་དང་བྱང་ཆུབ་ཀྱི་སེམས་ཐམས་ཅད་ཐིམ་པར་བྱས་པའི་དུས་དེ་ཉིད་དུ་ལུས་ཟག་པ་མེད་པ་འཇའ་ཚོན་ལྟ་བུའི་སྐུ་དང་སེམས་རྟོག་པ་མེད་པར་མངོན་དུ་འགྲུབ་པར་འགྱུར་རོ། །དེའི་ཚེ་སངས་རྒྱས་ཀྱི་མཛད་པ་རྣམས་ཀྱང་ལྷུན་གྱིས་གྲུབ་པར་འཇུག་པར་འབྱུང་ངོ༌། །དེ་ལྟར་དྲུག་ལས། གནས་དང༌། ཐབས་དང༌། ཚུལ་ཇི་ལྟར་འགྲུབ་པ་དང༌། འབྲས་བུ་ཉིད་རྣམས་འདིར་སྟོན་ཏོ། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ན། གནས་གང་དུ་འགྲུབ་པ་དང༌། འབྲས་བུ་གང་ཞིག་འགྲུབ་པ་གཉིས་ནི་མངོན་པར་འདོད་པའི་རྒྱུད་བླ་མའི་ལེའུ་ལྔ་བཅུ་དྲུག་པ་དང༌། ཧེ་རུ་ཀ་འབྱུང་བའི་ལེའུ་བཞི་བཅུ་གཉིས་པར་ཆ་མཐུན་པས་ངེས་པ་བསྐྱེད་པས་བཤད་པའི་རྒྱུད་ཡིན་ལ། ཐབས་གང་གིས་མངོན་དུ་བྱེད་པ་ནི་གདན་བཞི་པའི་གཞན་གྱི་གདན་གྱི་རབ་ཏུ་བྱེད་པ་བཞི་པར་ཨཱ་ལི་ཀཱ་ལི་ཇི་ལྟར་ལགས། ཞེས་དྲི་བའི་ཚིག་ལྔ་གསུངས་པའི་གཉིས་ཀྱི་ལན་དང་ཆ་མཐུན་ལ། ཉེ་རྒྱུ་དངོས་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ལར་བྱིན་གྱིས་བརླབ་པ་དང༌། ཧཱུྃ་གི་གླུ་ནི་གཞན་གྱི་གདན་གྱི་གཉིས་པར་ཆ་མཐུན་པས་བཤད་པའི་རྒྱུད་ཡིན་ཞིང༌། ཕྱོགས་གཅིག་ཏུ་བསྡེབས་པས་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་ཡིན་ནོ། །གཞུང་གི་དོན་ལ་གཉིས་ཏེ། ཞུས་པ་དང༌། དེའི་ལན་བསྟན་པའོ། །དང་པོ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ་ཚིག་གི་དོན་དེ་མ་ཐག་པ་བརྟག་པ་བརྒྱད་པའི་རྗེས་ལ་གསུངས་ཀྱང༌། དོན་གྱི་དེ་མ་ཐག་པ་ཀུན་བཟང་གི་སྤྱོད་པ་འཇིག་རྟེན་པའི་མངོན་དུ་སྤྱོད་པའི་རྗེས་ལ་ཞེས་བྱ་བའི་དོན་ཏོ། །མྱ་ངན་ལས་འདས་པའི་གནས་རྒྱས་པ་ཞེས་བྱ་བ་ལ་གནས་ནི་དེ་ཐོབ་པར་བྱེད་པའི་རྒྱུ་སྟེ་ཉེ་བའི་རྒྱུའོ། །རྒྱས་པ་ནི་དེ་སྐྱེད་པར་བྱེད་པའི་ཐབས་སོ། །གང་དུ་གནས་ནི་མངོན་དུ་བྱ་བའི་གནས་སོ། །རྒྱུ་དང་མི་རྒྱུ་བཅས་པར་རོལ་པ་ནི། དེ་ལས་བསྒྲུབས་པའི་འབྲས་བུ་ཇི་ལྟ་བུ། །དེ་ནས་བཅོམ་ལྡན་ལྷ་ཡིས་བཤད་དུ་གསོལ། །ཞེས་བྱ་བའི་དོན་ཏོ། །ལན་ལ་བཅོམ་ལྡན་ཞེས་རྐང་པ་གསུམ་ནི་མཉན་པར་གདམས་པ་སྟེ། ཅི་རིགས་པ་ཞེས་པ་ནི་རྒྱུ་དང་དུས་དང་གནས་དང་ཐབས་ཅི་རིགས་པས་སོ། །བརྟག་པའི་གནས་གང་དུ་མངོན་དུ་བྱས་པས་ལས་འདྲེན་པའི་བྱེ་བྲག་གིས་དྲངས་པ་ལས། སེམས་འཛིན་པ་ནི་མཆོག་གྲུབ་པའོ། །དེ་བཤད་ཀྱི་ཉོན་ཞེས་བྱ་བའི་དོན་ཏོ། །དོན་དངོས་ལ་གསུམ་སྟེ། ཉེ་བའི་རྒྱུ་མངོན་དུ་བྱ་བའི་གནས་དང༌། གནས་དེར་མངོན་དུ་བྱས་པ་ལས་འབྲས་བུ་གང་ཞིག་འགྲུབ་པ་དང༌། ཉེ་བའི་རྒྱུ་དངོས་དང༌། དེ་ཐབས་གང་གིས་འགྲུབ་པ་བསྟན་པའོ། །དང་པོ་ནི་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ་གང་ཞིག་དེ་སྐད་ནི་ཨེ་ཝྃ་ཞེས་སྔར་གསུངས་པ་དང༌། ཡང་སྔར་གསུངས་པ་ནི་གསང་བ་མཆོག་གི་དགྱེས་པ་ཞེས་པ་སྔར་བརྟག་པ་དང་པོའི་གསུམ་པ་དང༌། དང་པོ་དངོས་སུ་གསུངས་པ་སྟེ་རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་ལ་བཤད་པ་དེ་ནི་ཕྱི་དང་མཐར་ཐུག་པའི་གནས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནང་གི་གནས་ཀྱི་དབང་དུ་བྱས་ན། དཀྱིལ་འཁོར་ལུས་ཞེས་བྱ་བ་ལ་སོགས་པ་གསང་བ་ཆོས་ཀྱི་དཀྱིལ་འཁོར་གསུམ་སྟེ་ཐབས་དང་ཤེས་རབ་གཉི་གའིའོ། །དེ་ལས་ཀྱང་པད་ཆེན་པོར་ཏེ། ཕྱག་རྒྱའི་ཨེའི་གནས་ཀྱི་རྩ་གཉིས་འཛོམ་པའི་གནས་སུ་མངོན་དུ་བྱ་ཞེས་བྱ་བའི་དོན་ཏོ། །གཉིས་པ་དེར་འབྲས་བུ་གང་ཞིག་འགྲུབ་པ་ལ་གསུམ་སྟེ། འབྲས་བུ་དངོས་དང༌། དེ་ལས་སྤྲུལ་པས་སེམས་ཅན་གྱི་དོན་མཛད་པའི་ཚུལ་དང༌། སྤྲུལ་པ་སྣ་ཚོགས་ཀྱང་ཆོས་སྐུ་ལས་མ་གཡོས་པར་བསྟན་པའོ། །དང་པོ་ནི་གནས་དེར་ཞེས་པ་ཤླཽ་ཀ་གཅིག་སྟེ། དཔའ་བོ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། །དྲི་མེད་ནི་ཉོན་མོངས་པའི་དྲི་མ་མེད་པའོ། །དྲི་མ་རྣམ་པར་སྤངས་པ་ནི་ཤེས་བྱའི་དྲི་མ་མེད་པ་སྟེ། མདོར་ན་སྤངས་པ་དང་ཡེ་ཤེས་དང་ལྡན་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་ཆོས་ཀྱི་སྐུ་དེ་ཉིད་ཀྱང་རྟེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་ནས་བསྟན་པའི་ཕྱིར་ལུས་ལ་གནས་ཤིང་ཞེས་སྨོས་ཏེ། འོག་མིན་གྱི་གནས་སུ་གྲུབ་པ་བསོད་ནམས་བརྒྱའི་མཚན་ཅན་གྱི་སྐུ་ལ་བརྟེན་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་ན་བཅོམ་ལྡན་ཏེ་གཟུགས་ཀྱི་སྐུ་ཡིན་ནོ་སྙམ་པ་ལ་ནག་ནོག་མེད་ཅེས་སྨོས་ཏེ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ལ་ལོངས་སྤྱོད་པ་དེ་བསྟན་པའི་ཕྱིར་ཀུན་རྫོབ་ཀྱི་བདག་ཉིད་ཅན་གྱི་སྐུ་འདི་བསྟན་གྱི་རང་གི་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་མཛད་པ་གཞན་ཅི་ཞིག་མཛད་སྙམ་པ་ལ་ལུས་ཅན་ཀུན་ཏུ་རྣམ་པར་རོལ་ཏེ་གང་ལ་གང་གིས་འདུལ་བ་ལ་དེ་དང་དེའི་རྣམ་པར་སྟོན་ཏེ་འདིས་ནི་སྤྲུལ་པའི་སྐུ་བསྟན་ཏོ། །མཛད་པ་དེ་ཉིད་རྒྱས་པར་བསྟན་པ་ནི་སངས་རྒྱས་ཀུན་གྱི་ཞེས་བྱ་བ་རྐང་པ་གཉིས་ཀྱིས་མདོར་བསྟན་ནས། ལ་ལར་ཞེས་བྱ་བ་ལ་སོགས་པས་རབ་ཏུ་རྒྱས་པར་འཆད་དོ། །ཐོག་མར་རང་ཉིད་མངོན་པར་སངས་རྒྱས་ནས། དེ་ནས་གདུལ་བྱ་གང་འདོད་པ་རྣམས་ལ་དེ་དང་དེའི་རྣམ་པར་སེམས་ཅན་གྱི་དོན་མཛད་པ་སྟེ། བཅོམ་ལྡན་འདས་བསྐལ་པ་བསམ་གྱིས་མི་ཁྱབ་པའི་སྔོན་དུ་སངས་རྒྱས་ནས་ཤཱཀྱའི་རིགས་སུ་སྐྱེ་བ་བཞེས་པར་མཛད་དོ། །ཞེས་གསུངས་པ་ལྟ་བུའོ། །གལ་ཏེ་དེ་ལྟར་སྣ་ཚོགས་སུ་མཛད་ན་བཅོམ་ལྡན་འདས་ཉིད་རྣམ་པར་རྟོག་པ་དང་བཅས་པ་ཡིན་ནམ་ཞེ་ན། དོན་བཞི་པ་སྤྲུལ་པ་སྣ་ཚོགས་མཛད་ཀྱང་ཆོས་སྐུ་ལས་མ་གཡོས་པར་སྟོན་པ་ནི། དེ་ལྟར་ལ་སོགས་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཅིག་གོ །སྤྱི་དོན་གསུམ་པ་དེ་ལྟ་བུའི་འབྲས་བུ་མངོན་དུ་བྱེད་པའི་རྒྱུ་ནི་གང་དེ་ཐབས་གང་གིས་མངོན་དུ་བྱེད་ཅེས་བྱ་བ་འདིས་བསྟན་པའི་ཕྱིར་ཨཱ་ལི་བུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཞེས་སོ། །འདི་ལ་གཉིས་ཏེ། ཨཱ་ལི་དང་ཀཱ་ལི་བསྟན་པ་ཉེ་རྒྱུ་མངོན་དུ་བྱེད་པའི་ཐབས་ཐབས་ཤེས་རབ་ཀྱི་སྦྱོར་བས་བསྟན་པ་དང༌། དེ་ལ་བརྟེན་ནས་སྐྱེས་པའི་ཉེ་བའི་རྒྱུ་དངོས་སོ། །དང་པོ་ལ་གཉིས་ཏེ། ཨཱ་ལིའི་བརྡས་ཐབས་ཀྱི་སྦྱོར་བ་བསྟན་པ་དང༌། ཀཱ་ལིའི་བརྡས་ཤེས་རབ་ཀྱི་སྦྱོར་བ་བསྟན་པའོ། །གལ་ཏེ་རྒྱུད་ཐམས་ཅད་དང་གོང་དུའང་ཨཱ་ལི་ཤེས་རབ་ཀཱ་ལི་ཐབས། །ཞེས་གསུངས་པ་དང་མི་འགལ་ལམ་སྙམ་ན། གནས་སྐབས་ཀྱི་དོན་གྱི་དགོས་པ་རེ་རེ་ལ་བསམས་ཏེ་བཏགས་ཀྱི་སྒྲ་རྣམ་པར་བཀོད་པ་ལ་ངེས་པའི་འཛིན་པ་སྤང་བའི་ཕྱིར་བཀའ་སྩལ་ཏོ། །དང་པོ་ལ་བཞི་སྟེ། ཨཱ་ལིས་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྟེན་བསྟན་པ་དང༌། བྱང་ཆུབ་ཀྱི་སེམས་རང་གི་ངོ་བོ་བསྟན་པ་དང༌། གནས་ཀུན་ལས་བཀུག་པའི་བྱང་ཆུབ་ཀྱི་སེམས་ཨཱ་ལིའི་གནས་སུ་དབབ་པར་བསྟན་པ་དང༌། དེར་ཕབ་པའི་བྱང་ཆུབ་ཀྱི་སེམས་དབྱིངས་དང་ཡེ་ཤེས་བྱིན་གྱིས་བརླབ་པ་བསྟན་པའོ། །དང་པོ་ལ་ཨཱ་ལི་ཞེས་པ་ལ་ཨཱ། དྲི་གནྡྷ་སྟེ་དཔེ་མེད་པའི་བདེ་བའི་རོའོ། །ཡང་ཨཱ། ཨཱ་ནནྡ་ནི་དགའ་བ་སྟེ་ལྷན་ཅིག་སྐྱེས་པའི་དགའ་བའོ། །ལི་ཞེས་བྱ་བ་ནི་ལི་ཡ་ཏི་ལེན་པར་བྱེད་པའོ། །དེས་ན་དཔེ་མེད་པའི་བདེ་བ་ལེན་པར་བྱེད་པས་གསང་བའི་རྡོ་རྗེའོ། །དེ་ཉིད་ནི་བུང་བ་ཞེས་བྱ་སྟེ་བུང་བ་དང་འདྲ་བའི་ཕྱིར་བུང་བ་སྟེ་བུང་བས་མེ་ཏོག་ལས་སྦྲང་རྩི་འདྲེན་པ་དང་འདྲ་བར་རྡོ་རྗེས་པདྨ་ལས་བྱང་སེམས་ཀྱི་ཆུ་འདྲེན་པར་བྱེད་པའོ། །ཡང་ན་ཨཱ་ནི་ཨ་བོ་ལ་སྟེ་གསང་བའི་རྡོ་རྗེ་ཡིན་ལ། དེ་ཉིད་བུང་བ་ཞེས་བྱ་སྟེ་བུང་བ་ནི་བྷྲ་མ་ར་སྟེ་བྷྲ་མ་ནི་འཁྲུལ་པའོ། །ར་ནི་བི་དཱ་ར་སྟེ་རྣམ་པར་འཇོམས་པའོ། །དེས་ན་རྡོ་རྗེ་དེ་ཉིད་འཁྲུལ་པ་རྣམ་པར་འཇོམས་པའི་རྟེན་བྱེད་པའི་ཕྱིར་རོ། །ཡང་ན་བྷྲ་མ་ནི་འཁོར་བ་ཡིན་ལ་ར་ནི་ར་ལི་སྟེ་རོལ་པའོ། །འདིས་ནི་རྡོ་རྗེ་ཉིད་འཁོར་བའི་བདེ་བ་ལ་རོལ་པས་ན་བུང་བ་ཞེས་བྱའོ། །བུང་བ་ཉིད་ནི་རྡོ་རྗེ་འཇིགས་བྱེད་ཡིན་ཏེ། གཉིས་སུ་མེད་པ་རྟོགས་པའི་རྟེན་བྱེད་པའི་ཕྱིར་དང༌། བྱིས་པ་ཉན་ཐོས་རྣམས་ལ་དེས་འཇིགས་པ་སྐྱེད་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེས་ཨཱ་ལི་ཉིད་བྱང་ཆུབ་ཀྱི་སེམས་སུ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་བསྟན་པའི་ཕྱིར་ཨཱ་ལི་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་བུང་བ་ནམ་མཁའི་ཁམས་ཐམས་ཅད་དུ་འཕྱོ་ཞིང་སྤྱོད་པ་ལྟར་རྡོ་རྗེ་ཉིད་གང་ལ་སྤྱོད་ན་ཨཱ་ལི་སྟེ། ཨཱ་ནནྡ་ནི་དགའ་བ། ལི་ཡ་ཏི་ནི་ལེན་པས་ན་བྱང་ཆུབ་ཀྱི་སེམས་ཏེ། དེ་ལ་སྤྱོད་པའོ། །དེ་ཉིད་ནི་ནམ་མཁའ་སྟེ་ནམ་མཁའ་གོ་འབྱེད་པ་ལྟར་བྱང་སེམས་འདིས་ཀྱང་བདེ་བ་དང་སེམས་ཅན་ཐམས་ཅད་སྐྱེ་ཞིང་འབྱིན་པའི་གོ་འབྱེད་པས་ནམ་མཁའོ། །དེ་ཉིད་མཐས་གཏུགས་པ་ནི་པ་རི་ཨནྟ་སྟེ། པ་རི་ནི་ཀུན་དུ་བདེ་བའོ། །ཨནྟའི་སྐད་ཀྱི་བྱིངས་ལས་འཆིང་བར་འདྲེན་ཏེ་བྱང་སེམས་འདིས་ཀུན་དུ་བདེ་བ་འཆིང་བར་བྱེད་དོ། །དེས་ན་མཐས་གཏུགས་པར་རོ། །དེ་ཉིད་ཆོས་ཀྱི་དབྱིངས་ཏེ། ཆོས་ནི་རང་གི་མཚན་ཉིད་འཛིན་པས་སེམས་ཅན་དང་སངས་རྒྱས་རྣམས་སོ། །དབྱིངས་ནི་དེ་འཛིན་ཅིང་གསོ་བར་བྱེད་པའི་ཕྱིར་བྱང་སེམས་སོ། །དེས་ན་ཨཱ་ལི་སྟེ་བྱང་སེམས་དེ་ཉིད་ལ་ནམ་མཁའ་དང་མཐས་གཏུགས་པ་དང་ཆོས་ཀྱི་དབྱིངས་ཏེ། རྣམ་གྲངས་ལྔའི་རང་བཞིན་དུ་བསྟན་ཏོ། །ཆོས་ཀྱི་དབྱིངས་དེ་རྒྱས་པར་བསྟན་པའི་ཕྱིར་རྒྱུར་བཅས་ཞེས་སྨོས་ཏེ། རྒྱུ་བ་དང་བཅས་པ་ནི་རྟག་ཏུ་དགོས་པ་མེད་པའི་བྱ་བ་ལ་འཇུག་པའི་ཕྱིར་སོ་སོ་སྐྱེ་བོ་ཐ་མལ་པའོ། །མི་རྒྱུ་བ་ནི་དགོས་པ་མེད་པའི་བྱ་བ་ལ་མི་འཇུག་པ་སྟེ་དཔྱོད་པ་སྔོན་དུ་གཏོང་བ་རྣམས་སོ། །གསང་བ་ནི་ཐབས་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་ལ་བྱ་སྟེ་སོ་སོའི་སྐྱེ་བོ་རྣམས་ཀྱིས་མི་ཤེས་པའི་ཕྱིར་གསང་བའོ། །དེའི་བློ་ཅན་ནི་དེ་གང་ལ་ཡོད་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །འོག་ཏུ་སྦྱར་ལ་ལུས་ཅན་ཐམས་ཅད་སྐྱེ་བ་ཉིད་ཅེས་ཏེ་དེ་ལྟ་བུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ཐ་མལ་པའི་བར་ཐམས་ཅད་འདི་ལས་སྐྱེ་བ་ཉིད་དོ། །དེའི་ཕྱིར་ཆོས་ཀྱི་དབྱིངས་ཏེ་ཆོས་ཐམས་ཅད་ཀྱི་རྒྱུ་འདིས་བྱེད་ཅེས་བྱ་བའི་དོན་ཏོ། །ད་ནི་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་གང་ལས་འབྱུང་བའི་གནས་དང༌། དེ་དབབ་པའི་གནས་བསྟན་པའི་ཕྱིར་ཕུང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕུང་པོ་ལྔའི་གནས་རྣམས་དང༌། ཁམས་དང་འབྱུང་བ་བཞིའི་འཁོར་ལོ་ཐམས་ཅད་དང༌། སྐྱེ་མཆེད་དེ་ཕྱིའི་སྐྱེ་མཆེད་ཐམས་ཅད་དང༌། དབང་པོའི་གནས་ཐམས་ཅད་ལས་ཁམས་དྭངས་མ་ཐམས་ཅད་བཀུག་ཏེ། དྲངས་ནས་ཞེས་གང་ལས་འབྱུང་བའི་གནས་བསྟན་ཏོ། །དེ་ཉིད་ཨཱ་ལིའི་སྦུབས་སུ་སྟེ་རྩ་ལམ་རྡོ་རྗེའི་སྦུབས་སུ་ཐིམ་པ་སྟེ་རྡོ་རྗེ་ལས་པདྨར་དབབ་པར་བྱ་ཞེས་བྱ་བའི་དོན་ཏོ། །ཡང་ན་དེ་དག་གིས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་རང་གི་ངོ་བོ་བསྟན་ཏོ། །རྡོ་རྗེ་རོལ་པའི་བྱང་ཆུབ་ཀྱི་སེམས་དེ་གཅིག་པུ་ཡིན་ནམ་སྙམ་པ་ལ། ཕུང་པོ་སྟེ་བདུད་རྩི་ལྔའི་རང་བཞིན་དུའོ། །ཁམས་ཏེ་འབྱུང་བ་ལྔའི་རང་བཞིན་དུའོ། །སྐྱེ་མཆེད་དེ་ཡུལ་དྲུག་གི་རང་བཞིན་དུའོ། །དབང་པོ་སྟེ་དབང་པོ་དྲུག་གི་རང་བཞིན་དུའོ། །དེ་ལྟར་ཆོས་ཉི་ཤུ་རྩ་གཉིས་པོ་བཀུག་པ་ནི་ལྡན་པའོ། །འོ་ན་དུ་མ་ཡོད་དམ་སྙམ་པ་ལ་ཨཱ་ལི་སྦུབས་སུ་ཐིམ། ཐིག་ལེ་འབའ་ཞིག་ལ་ཆོས་དེ་ལྡན་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་ཐིག་ལེ་དེ་ཐབས་གང་གིས་དབབ་ཅིང་མངོན་དུ་བྱ་ན་འཇིགས་བྱེད་རྡོ་རྗེའི་སྒྲ་ཡིས་ཏེ་བུང་བའི་སྒྲ་དང་ཆོས་མཚུངས་པ་རྡོ་རྗེ་པདྨ་འབྱེད་པས་ན་ཧཱུྃ་གི་སྒྲ་འདིས་དབབ་པར་བྱའོ། །རྫོགས་པའི་རྣལ་འབྱོར་ནི་དེ་ལྟར་ཐབས་ཤེས་རབ་ཀྱི་སྦྱོར་བ་རྫོགས་པའོ། །དེ་ནི་རྫས་ལས་ཏེ་རྡོ་རྗེ་དང་པདྨའི་དབུས་སུ་ཐིག་ལེ་མངོན་དུ་གྱུར་པ་དེའི་ཚེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་བྱས་པའོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་ཐིག་ལེ་དྲང་བའང་སྔར་གྱི་འཇིགས་བྱེད་རྡོ་རྗེའི་སྒྲས་བསྟན་ཏོ། །དེ་ལྟར་ཐིག་ལེ་མངོན་དུ་བྱས་པ་ན་ཐིག་ལེ་དེ་ཉིད་དབྱིངས་དང༌། ཡེ་ཤེས་སུ་བྱིན་གྱིས་བརླབས་ཏེ་རྩའི་གནས་སུ་དྲང་བར་བསྟན་པའི་ཕྱིར་རླུང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རླུང་གི་བདུན་པ་ནི་སའོ། །མེའི་བདུན་པ་ནི་ཧའོ། །རྡོ་རྗེ་མའི་ས་བོན་ནི་ས་སྟེ་བདུད་རྩིའི་རང་བཞིན་ཡིན་པས་སོ། །དེ་སྦྱར་བ་ནི་ཧའི་ཟླ་ཚེས་སུ་སྦྱར་ཞེས་བྱ་བའི་དོན་ཏོ། །དེ་ལ་ཐིག་ལེ་དང་སྒྲ་སྟེ་ཨུ་སྦྱར་བས་ཧཱུྃ་ཞེས་སུ་འགྱུར་རོ། །དེ་འཆར་བའི་རྒྱུན་ཏེ་དེ་ལས་ཐིག་ལེ་འཛག་པའི་ཕྱིར་རོ། །ཞེས་དགོངས་སོ། །དེས་ན་དབང་གི་གནས་སུ་མངོན་དུ་བྱས་པའི་ཐིག་ལེ་དེའི་སྟེང་དུ་ཧཱུྃ་གི་ཡི་གེ་བསམ་པ་ནི་བྱང་སེམས་དེ་ཡེ་ཤེས་སུ་བྱིན་གྱིས་བརླབ་པའོ། །དེ་ནས་བདུད་རྩི་དེ་དབྱིངས་སུ་བྱིན་གྱིས་བརླབ་པ་བསྟན་པའི་ཕྱིར་དབྱངས་ཀྱི་དང་སོགས་ཞེས་སྨོས་ཏེ། དབྱངས་ཀྱི་དང་པོ་ནི་ཨ་བྱུང་ངོ༌། །སོགས་ཞེས་པ་ནི་མཆོག་ཅེས་པ་སྟེ་ཡིག་འབྲུ་རྣམས་ཀྱི་དམ་པ་ཡིན་པའི་ཕྱིར་རོ། །དེ་བས་ན་ས་བོན་མཆོག་གོ །དེ་དེའི་དབུས་སུ་བཟུང་བ་སྟེ་ཐིག་ལེའི་དབུས་སུ་ཟླ་བ་ལ་ཨ་བསམ་པ་ནི་བདུད་རྩི་དེ་དབྱིངས་སུ་བྱིན་གྱིས་བརླབ་པའོ། །དེ་ལྟར་བྱིན་གྱིས་བརླབས་ཏེ་འཇིགས་བྱེད་རྡོ་རྗེའི་སྒྲས་དྲང་བར་བྱ་ཞེས་བྱ་བའི་དོན་ཏོ། །འདི་དག་གིས་ནི་ཉེ་བའི་རྒྱུ་ཉིད་མདོར་བསྟན་ཏོ། །དེ་ལྟར་ཨཱ་ལིའི་བརྡས་ཐབས་ཀྱི་རྣལ་འབྱོར་བསྟན་ནས། ཀཱ་ལིའི་བརྡས་ཤེས་རབ་ཀྱི་སྦྱོར་བ་བསྟན་པའི་ཕྱིར་ཀཱ་ལི་མེ་ཏོག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལ་གསུམ་སྟེ། བྱང་ཆུབ་ཀྱི་སེམས་མངོན་དུ་བྱ་བའི་གནས་དང༌། དེ་བསྟན་པའི་བྱང་ཆུབ་སེམས་རང་གི་ངོ་བོ་གནས་དང་བཅས་པ་བསྟན་པ་དང༌། བྱང་ཆུབ་ཀྱི་སེམས་གཉིས་ལ་བརྟེན་ཏེ་ལུས་བསྐྱེད་པར་བསྟན་པའོ། །དང་པོ་ནི་ཀ་ནི་སུ་ཀ་སྟེ་བདེ་བའོ། །ལི་ནི་ཨཱ་ལི་སྟེ་དེའི་རོ་མྱོང་བར་བྱེད་པའོ། །དེ་བས་ན་བདེ་བའི་རོ་མྱོང་བ་ནི་ཨཱ་ལི་སྟེ་ཆོས་ཀྱི་འབྱུང་གནས་སོ། །ཡང་ན་ཀཀྐོ་ལ་ཞེས་བྱ་བའི་བརྡས་ཀྱང་ཆོས་འབྱུང་ངོ༌། །དེ་ཉིད་མེ་ཏོག་སྟེ་མེ་ཏོག་ཉི་མས་ཁ་འབྱེད་པའམ། བུང་བས་ཁ་འབྱེད་པ་ལྟར་ཆོས་འབྱུང་དེ་རྡོ་རྗེས་ཁ་འབྱེད་པའི་ཕྱིར་རོ། །ཡང་མེ་ཏོག་དེ་ཉིད་རྡོ་རྗེ་ཅན་གྱི་ལུས་ཏེ་དེར་རྡོ་རྗེ་ཅན་གྱི་བདག་ཉིད་ཀྱི་བདེ་བ་ཆེན་པོ་ཡིན་ལ་དེའི་གནས་ཡིན་པའི་ཕྱིར་རྡོ་རྗེ་ཅན་གྱི་ལུས་ཏེ་བདེ་བ་བསྲུང་བ་ཉིད་ཀྱི་ཕྱིར། བདེ་བ་ཅན་ཞེས་རྟག་ཏུ་བརྗོད། །ཅེས་སོ། །ཡང་ན་མེ་ཏོག་ནི་དེར་མངོན་དུ་བྱས་པའི་ཐིག་ལེའོ། །དེ་ནི་རྡོ་རྗེ་ཅན་གྱི་ལུས་ཏེ་ཁུ་བའི་རྣམ་པ་བཅོམ་ལྡན་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བུའི་ཀཱ་ལིའི་དེ་ཉིད་ཐམས་ཅད་ཀྱི་འབྱུང་གནས་སུ་བསྟན་པའི་ཕྱིར་མ་མོ་ཞེས་སྨོས་ཏེ། ཀུན་གྱི་མ་དང་འདྲ། ས་གཞི་དང་འདྲ་བར་ཀུན་ལ་འཁོར་བར་སྐྱེད་དེ། བདེ་འགྲོ་དང་ངན་འགྲོ་ཐམས་ཅད་སྐྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་མེ་ཏོག་དེ་གང་ལ་སྤྱོད་ཅིང་གང་ལ་གནས་ན་བདེ་བའི་ཡེ་ཤེས་ལ་སྤྱོད་ཅིང་གནས་ལ་དེ་ཆོས་ཀྱི་འབྱུང་གནས་ལ་བརྟེན་ཅིང་གནས་སོ། །དེས་ན་བྱང་ཆུབ་ཀྱི་སེམས་ཞུ་བདེ་དང་ཆོས་ཀྱི་འབྱུང་གནས་བསྟན་པའི་ཕྱིར་ཡེ་ཤེས་ཞེས་སྨོས་ཏེ། འོག་ཏུ་སྦྱར་ལ་འདི་ཞེས་སྨོས་པ་ནི་གོང་དུ་བརྗོད་པའི་ཀཱ་ལི་མེ་ཏོག་འདི་ཉིད་དོ། །དེ་ཉིད་ནི་ཡེ་ཤེས་ཏེ་མེ་ལོང་ལྟ་བུ་ལ་སོགས་པའི་རང་བཞིན་གྱི་བདེ་བ་ཉིད་སྡུག་བསྔལ་གྱི་གདུང་བ་སེལ་བས་ན་ཆུ་བོའོ། །དེ་ལ་ཀཱ་ལི་སྤྱོད་པའོ། །ཆུ་བོ་དེ་ཉིད་ཀྱི་གནས་ནི་རྒྱ་མཚོ་སྟེ། ཆོས་ཀྱི་འབྱུང་གནས་སོ། །དཔེར་ན་མེ་ཏོག་མཚོའི་དབུས་ན་གནས་པ་ལྟར་ཆོས་འབྱུང་གི་སྤྱི་ལ་སྙིང་པོའི་མེ་ཏོག་གནས་ཞེས་སྟོན་པའོ། །རྒྱ་མཚོ་དེ་ཉིད་ཀྱི་ཁྱད་པར་བསྟན་པའི་ཕྱིར་ཤེས་རབ་ཅེས་བྱ་བ་ལ་སོགས་པ་སྟེ། ཤེས་རབ་ནི་སྤྲོས་པ་དང་བྲལ་བ་ཤེས་པ་སྟེ་བདེ་སྟོང་ངོ༌། །དེའི་གནས་ཡིན་པའི་ཕྱིར་ཆོས་འབྱུང་ཉིད་ཤེས་རབ་བོ། །ཆུ་སྲིན་ཉ་ཞེས་བྱ་བ་ནི་དེས་གང་བ་དང་འདྲ་བར་འདོད་ཆགས་ལ་སོགས་པའི་རང་བཞིན་གྱིས་སྲ་བ་གཏི་མུག་ལ་སོགས་པའི་འབྱུང་བ་ལྔས་གང་བའོ། །འདམ་ནི་འདིར་གཉིས་མེད་དེ་ཞུ་བ་དང་བདེ་བ་གཉིས་སུ་མེད་པའི་འདམ་སྟེ་ལྷན་ཅིག་སྐྱེས་པའོ། །ཡང་ན་གཉིས་མེད་ནི་ཕྱི་རོལ་གྱི་ཕྱག་རྒྱའོ། །འདམ་ནི་པདྨ་སྟེ་འདམ་ལས་སྐྱེས་པའི་ཕྱིར་རོ། །དབུས་ནི་དེའི་སྙིང་པོའོ། །དེར་ཅི་ཞིག་སྐྱེ་ཞེ་ན་ཐབས་ཀྱི་རྣམ་པའི་མྱུ་གུ་བདེ་བ་སྐྱེ་བའི་མྱུ་གུ་སྟེ། དེ་ཉིད་བདེ་བའི་ཐབས་ཡིན་པས་ཐབས་སོ། །དེ་ནི་རྩ་ཁ་ཁྭ་མུ་ཁའི་རྩའོ། །དེ་ཉིད་མེ་ཏོག་བནྡུ་ཀ་ལྟར་ཁ་འབྱེད་པའོ། །དེ་ལ་ཁ་འབྱེད་པ་ལས་ཅི་འབྱུང་ཞེ་ན། སྦྲང་རྩི་སྟེ་ཞུ་བའོ། །བདུད་རྩི་ནི་ཟླ་མཚན་ནོ། །དེ་དག་ནི་འབྱུང་གནས་སུ་འགྱུར་བས་གནས་སོ། །དེ་ལྟ་བུའི་བདུད་རྩི་ཉིད་ཀྱང་ཀཱ་ལིའི་བརྡས་བསྟན་པའི་ཕྱིར་ཀཱ་ལིའི་བདུད་རྩི་ཉིད་ཀྱི་ཡང་ཞེས་སྨོས་སོ། །ཆུ་ཞེས་བྱ་བ་ནི་ཆུ་ལྟར་འཛག་པས་བྱང་ཆུབ་ཀྱི་སེམས་སོ། །མེ་ཏོག་ཅེས་བྱ་བ་ནི་མེ་ཏོག་ལྟར་འབྲས་བུ་བུ་ཚ་ལ་སོགས་པ་བསྐྱེད་པ་ལས་ཉེ་བས་རཀྟའོ། །ནང་དུ་ཞེས་བྱ་བ་ནི་མེ་ཏོག་ཆོས་འབྱུང་གི་སྙིང་པོའི་ནང་དུའོ། །འཁོར་བ་ནི་དེ་ཡོངས་སུ་དག་པའོ། །དེ་ལ་གོང་གི་བུང་བས་ལེན་པའོ། །ཞེས་དགོངས་པའོ་སྙམ་དུ་རྣམ་པར་རྟོག་པ་སེམས་སོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་ལ་བརྟེན་ཏེ་ལུས་བསྐྱེད་པ་བསྟན་པའི་ཕྱིར་བདུད་རྩི་ཞེས་སྨོས་ཏེ་བདུད་རྩི་ནི་རཀྟའོ། །ཆུ་ནི་བྱང་ཆུབ་ཀྱི་སེམས་སོ། །ཆོ་ག་མཆོག་ནི་མཉམ་པར་འདྲེས་པའོ། །གཉིས་ལས་ནི་ཨཱ་ལི་ཀཱ་ལི་ལས་སོ། །ལུས་སྐྱེ་བ་ནི་ཐབས་ཀྱིས་མ་ཟིན་ན་ཤེས་རབ་ཀྱི་སྙིང་པོར་བུ་ཚའི་ལུས་བསྐྱེད་ལ། དེ་ཉིད་ཐབས་ཀྱིས་ཟིན་ན་ཤེས་རབ་ཀྱི་སྙིང་པོར་མངོན་དུ་བྱས་པ་ལས་ཁམས་གསུམ་མཐོང་བ་དང༌། སངས་རྒྱས་ཀྱི་ས་མངོན་དུ་བྱེད་པ་སྐྱེའོ་ཞེས་དགོངས་སོ། །དེ་ལྟར་ཨཱ་ལི་དང་ཀཱ་ལིའི་ཐབས་ལ་བརྟེན་ཏེ་བྱུང་བ་དེའི་ཉེ་བའི་རྒྱུ་དངོས་ལ་གསུམ་སྟེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ལྔར་བྱིན་གྱིས་བརླབ་པ་དང༌། ཧཱུྃ་གི་གླུའི་སྒོ་ནས་བྱང་ཆུབ་ཀྱི་སེམས་དེ་རྩའི་སྦུབས་སུ་དྲང་བས་རྣལ་འབྱོར་མ་རྣམས་མཉེས་པར་བསྟན་པ་དང༌། གླུའི་དོན་བསྟན་པས་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱིས་གཉིས་འཛིན་གྱི་རྨོངས་པ་བསལ་ཏེ་འགྲུབ་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། བྱང་ཆུབ་ཀྱི་སེམས་འབྱུང་བ་ལྔའི་རང་བཞིན་དུ་བསྟན་པ་དང༌། དེ་ལ་ཡི་གེ་དགོད་པའི་སྒོ་ནས་ཡེ་ཤེས་ལྔར་བྱིན་གྱིས་བརླབ་པའོ། །དང་པོ་ནི་གང་དུ་ཞེས་པ་ཤླཽ་ཀ་གཉིས་ཏེ། དེ་ལྟར་ཐབས་དེ་བྱང་ཆུབ་ཀྱི་སེམས་གཉིས་ཆོས་བརྒྱད་དམ་དྲུག་གི་བདག་ཉིད་ཅན་དུ་མངོན་དུ་བྱས་པ་ནི་བདུད་རྩི་དང་ནི་ཆུའོ། །གོང་དུ་ནི་དང་པོ་ནས་སོ། །ལྔའི་བདག་ཉིད་ཅན་དུ་གསུངས་པ་ནི་དེ་འགྲུབ་པ་ཉིད་འབྱུང་བ་ལྔས་གྲུབ་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་རྒྱས་པར་བཤད་པའི་ཕྱིར་མེ་ནི་ཞེས་སྨོས་ཏེ། མེ་ནི་ཚ་བ་ཉིད་ཡིན་ཏེ། རེག་པས་ཞེས་བྱ་སྟེ། རྡོ་རྗེ་དང་པདྨ་རེག་པས་ཚ་བའམ་དྲོ་བའི་མཚན་ཉིད་དང་ལྡན་པས་མེའོ། །རླུང་ནི་དུ་བ་ལྟར་ཏེ་སྔོ་བསངས་སུ་འདུག་ཅིང་གཡོ་བ་ནི་རླུང་ངོ༌། །ཆུ་ནི་གཤེར་བའི་དངོས་པོ་སྟེ་འཛག་པ་དང་སྣུམ་པས་ཆུའོ། །ས་ནི་གཟུགས་སུ་བལྟ་སྟེ་སྲ་བའི་བདག་ཉིད་ཀྱིས་ན་སའོ། །ཡེ་ཤེས་རྡོ་རྗེས་བྱིན་བརླབས་ཞེས་བྱ་བ་ལ་ཡེ་ཤེས་ནི་ཤེས་པར་བྱ་བའི་ཕྱིར་ཏེ་འབྱུང་བ་བཞི་པའོ། །རྡོ་རྗེ་ནི་བཞི་པོ་དེས་བདེ་བའི་གོ་འབྱེད་པ་ལས་མི་འདའ་བས་ན་ནམ་མཁའོ། །དེ་དག་གིས་བྱིན་གྱིས་བརླབ་པ་ནི་ཐིག་ལེ་གཅིག་ཉིད་ལའོ། །དེས་ན་ཞུ་བདེ་གཅིག་ཉིད་ལ་རྣམ་པ་ལྔ་ནི་རབ་ཏུ་སྐྱེའོ། །ཡང་ལྔ་བསྐྱེད་པ་ནི་དེ་བཞིན་གཤེགས་པ་ལྔར་བསྐྱེད་པ་སྟེ། མེ་ནི་སྣང་བ་མཐའ་ཡས་སོ། །རླུང་ནི་དོན་ཡོད་གྲུབ་པའོ། །ཆུ་ནི་མི་བསྐྱོད་པའོ། །ས་ནི་རྣམ་སྣང་ངོ༌། །ནམ་མཁའ་ནི་རིན་ཆེན་འབྱུང་ལྡན་ནོ། །ཡང་ནི་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་དེ་ལ་ཡི་གེ་དགོད་པའི་སྒོ་ནས་ཡེ་ཤེས་ལྔར་བྱིན་གྱིས་བརླབ་པ་སྟོན་ཏེ། ཡང་ནི་ཞེས་བྱ་བ་ནི་བྱང་སེམས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །ཆུ་ནི་བྱང་སེམས་དེའི་འབྱུང་བ་ཆུ་དེ་མི་བསྐྱོད་པ་ཆོས་དབྱིངས་ཡེ་ཤེས་སུ་བྱིན་གྱིས་བརླབ་པའི་ཕྱིར་ནི་ཞེས་བྱའོ། །ཀུན་གྱི་དབྱིབས་ཞེས་པ་ལ་ཀུན་ནི་ས་ཀ་ལ་ཞེས་བྱ་ལ་ཀ་ནི་ཀ་ལཱ་ན་ཆ་ཤས་སོ། །དེས་ནི་དེ་ལ་ཟླ་བ་དགོད་པའོ། །དེར་ས་ནི་ས་ཧ་སྟེ་ཧ་སའི་ཟླ་ཚེས་སུ་བྱས། བྱང་སེམས་ཀྱི་ས་བོན་སུྃ་དགོད་པ་ནི་ཆོས་དབྱིངས་ཡེ་ཤེས་སུ་བྱིན་གྱིས་བརླབ་པའོ། །ཡང་དེ་བཞིན་དེའི་མེ་ཉིད་ནའོ། །ཟད་བྱེད་ནི་ཀྵ་ཡ་ཏད་ཅེས་ཟད་བྱེད་ལ་འཇུག་ལ། དེར་ཀྵུྃ་དགོད་པ་བྱང་སེམས་ཀྱི་མེ་སོ་སོར་རྟོག་པའི་ཡེ་ཤེས་སྣང་བ་མཐའ་ཡས་ཡེ་ཤེས་སུ་བྱིན་གྱིས་བརླབ་པའོ། །དེ་བཞིན་རླུང་ཡང་བརྟག་པ་ཡི། །ཞེས་པ་ནི་རླུང་གི་ས་བོན་ཡུྃ་དགོད་པ་ནི་རླུང་དོན་ཡོད་གྲུབ་པ་བྱ་གྲུབ་ཡེ་ཤེས་སུ་བྱིན་གྱིས་བརླབ་པའོ། །ས་ནི་དཔང་པོའི་གཟུགས་ཅན་མ། །ཞེས་པ་ལ། ས་ནི་གཟུགས་ཅན་ཞེས་བྱ་སྟེ། ཡི་གེ་ཧྃ་དགོད་པ་ནི་རྣམ་སྣང་མེ་ལོང་ལྟ་བུར་བྱིན་གྱིས་བརླབ་པའོ། །དཔང་པོ་ནི་ནམ་མཁའ་སྟེ་འབྱུང་བ་བཞི་སྐྱེ་འགག་བྱེད་ཀྱང༌། ནམ་མཁའ་དཔང་པོ་ལྟར་རྟག་ཏུ་གནས་ཏེ་བྱིན་གྱིས་རློབ་པ་ནི་ཡི་གེ་ཧཱུྃ་སྟེ། རིན་ཆེན་འབྱུང་ལྡན་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བསྟན་པའོ། །བསྡུས་པས་སུྃ་ཀྵུྃ་ཡུྃ་ཧྃ་ཧཱུྃ་ཞེས་སུ་འགྱུར་ཏེ། ཡི་གེ་འདི་དག་ནི་གདན་བཞི་པའི་དགོངས་པ་སྟེ། བླ་མའི་མན་ངག་གོ །ཡི་གེ་གཞན་གྱིས་ཀྱང་རུང་སྙམ་སེམས་སོ། །དེ་ལྟར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ལྔར་བྱིན་གྱིས་བརླབས་ནས་དེ་ཉིད་ཧཱུྃ་གི་གླུས་འདྲེན་པ་གསུམ་གྱིས་དྲང་བར་བསྟན་པའི་ཕྱིར་ཧཱུྃ་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐབས་མངོན་དུ་བྱེད་པའི་དུས་སུ་ཕྱིའི་རྣལ་འབྱོར་མ་རྣམས་དང་འདུ་བ་ན་ཕྱིའི་གླུ་བླང་ཞིང༌། དེ་ཉིད་ཀྱི་ཚེ་ནང་གི་རྣལ་འབྱོར་མ་རྩ་རྣམས་དང་ཐིག་ལེ་རྣམས་དང་རླུང་རྣམས་འདུ་སྟེ། པདྨའི་འབྱུང་གནས་ཉམས་དགའ་ལ། །ངང་པའི་ཚོགས་འདུ་ཇི་ལྟ་བར། །དམ་ཚིག་གནས་ལ་མཁའ་འགྲོ་མ། །རིང་ན་གནས་ཀྱང་བྱིན་གྱིས་རློབ། །ཅེས་འབྱུང་བ་ལྟ་བུའོ། །དེའི་ཚེ་ཧཱུྃ་གི་གླུ་བླངས་པས་གཡས་དང་གཡོན་དང་དབུས་ནས་དྲངས་པས་རྣམ་པར་རྟོག་པ་གཟུང་བ་དང་འཛིན་པ་གཉི་གའི་རྣམ་པར་རྟོག་པ་གསུམ་ཞི་ཞིང༌། རྣམ་པར་ཐར་པའི་སྒོ་གསུམ་མངོན་དུ་བྱེད་དོ། །དེས་ནི་རྣལ་འབྱོར་མ་ཀུན་གྱི་རང་བཞིན་གྱི་རྩ་རྣམས་མཉེས་པ་ནི་ཨ་ཝ་དྷཱུ་ཏཱིར་མངོན་དུ་བྱས་ཞེས་བྱ་བའི་དོན་ཏོ། །དེར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་པ་ལས་རྟོགས་པར་གྱུར་པ་གང་ཡིན་པ་དེ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ། །དོན་དམ་བྱང་ཆུབ་ཀྱི་སེམས་བསྟན་པར་བྱ་བའི་ཕྱིར་ཧཱུྃ་གི་གླུའི་དོན་བཤད་པ་ནི་རྡོ་རྗེ་ཡན་ལག་ཅེས་བྱ་བ་ལ་སོགས་པའོ། །འདི་ལ་བརྒྱད་དེ། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་དང་བྲལ་བར་བསྟན་པ་དང༌། དེ་དག་གི་བརྗོད་པའི་སྒོ་ནས་མི་རྟོག་པར་བསྟན་པ་དང༌། རྣལ་འབྱོར་གྱི་ཐབས་ཀྱིས་རྟོགས་པར་བསྟན་པ་དང༌། ལམ་གྱི་གོལ་ས་སྤང་བ་དང༌། ཡང་དག་པའི་ལམ་རྟོགས་པ་ཆོས་ཀྱི་སྐུའི་རང་བཞིན་བསྟན་པ་དང༌། རྟོགས་པ་ལས་འབྲས་བུ་གཟུགས་སྐུས་གཞན་དོན་འགྲུབ་པར་བསྟན་པ་དང༌། དེ་བས་ན་ཡང་དག་པའི་ལམ་ལ་གུས་པར་བྱ་བར་གདམས་པ་དང༌། གླུའི་ཕན་ཡོན་ནམ་དགོས་པ་མདོར་བསྡུས་ཏེ་བསྟན་པའོ། །དེ་ལ་གླུ་འདི་དག་ནི་སྡེབ་སྦྱོར་ལ་མངོན་པར་ཞེན་པ་སྤང་བའི་ཕྱིར་དང༌། རྣལ་འབྱོར་པ་ལས་དང་པོ་པ་རྣམས་ཀྱིས་ཀྱང་དོན་འདི་གླུར་བླང་བར་བྱ་བའི་ཕྱིར་པྲ་ཀྲྀ་ཏའི་སྐད་ཀྱིས་བསྟན་ཏོ། །དེ་ལ་བོད་ཀྱི་སྒྱུར་བྱེད་ཕལ་ཆེར་གྱིས་ནི་ལེགས་པར་སྦྱར་བའི་དབང་དུ་བྱས་ཏེ་མཛེས་པར་བསྒྱུར་བ་ཡིན་ནོ། །དེ་ལ་དང་པོ་མཐའ་བྲལ་མི་གནས་པའི་མྱ་ངན་ལས་འདས་པ་བསྟན་པ་ནི། དེ་ལྟར་དོན་དམ་པའི་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་པ་ན། མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་ལས་གྲོལ་བའི་ཆོས་ཀྱི་སྐུ་མངོན་དུ་འགྱུར་རོ། །ཆོས་ཀྱི་སྐུ་དེ་མྱ་ངན་ལས་འདས་པའི་མཐའ་ལ་མ་བཞུགས་པར་སེམས་ཅན་གྱི་དོན་ལ་བཞེངས་ཤིག་ཅེས་སྟོན་པ་ནི་བཛྲ་ཧཱུྃ་སུ་ར་ཨ་བ་ཧཱུྃ་ཞེས་པ་སྟེ། དེ་ལ་རྡོ་རྗེ་ཡན་ལག་དགྱེས་པའི་མཐུ་ཞེས་བྱ་སྟེ། ཧཱུྃ་ཞེས་པ་ནི་ཡན་ལག་ཅེས་བྱ་བ་སྟེ་འདིར་ཀྱེ་ཞེས་བོད་པའོ། །དོན་ནི་ཀྱེ་མཆོག་ཏུ་དགའ་བ་སྟེ་སེམས་ཅན་གྱི་དོན་ལ་དགྱེས་པའི་མཐུས་ཤིན་ཏུ་སྟོང་པའི་ཏིང་ངེ་འཛིན་རོལ་ཅིག་པའོ། །ཇི་ལྟར་སེམས་ཅན་གྱི་དོན་བྱ་ཞེ་ན། ལོ་ཙ་ན་ཐ་ཤ་ན་ཡེ་སྟེ་ཁྱོད་སྟོང་ན་ཐམས་ཅད་ཀྱང་སྟོང་ངོ༌། །དེ་བས་ན་སྤྱན་གྱིས་གཟིགས་ཏེ། ཤའི་སྤྱན་དང༌། ལྷའི་སྤྱན་དང༌། ཤེས་རབ་ཀྱི་སྤྱན་དང༌། ཆོས་ཀྱི་སྤྱན་དང༌། སངས་རྒྱས་ཀྱི་སྤྱན་གྱིས་སེམས་ཅན་ལ་གཟིགས་ལ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་བར་མཛད་པར་ཞུ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་འཁོར་བ་ཉིད་དུ་འགྱུར་དུ་དོགས་པ་ལ། ཨཱ་ཀྵ་རུ་བྷ་ཧཱུ་ས་ཧ་དུ་ཞེས་སྨོས་ཏེ། ཡི་གེ་ནི་ཨཱ་ཀྵ་ར་སྟེ་མི་འགྱུར་བ་གཉིས་སུ་མེད་པའི་ཡེ་ཤེས་སོ། །དངོས་པོའི་རང་བཞིན་ནི་རང་བཞིན་མེད་པའི་ངོ་བོར་གནས་པའོ། །དེ་ཉིད་ནི་ཤཱུ་ནྱ་བི་ལཱི་ས་ན་ཡེ་ནི་ཞེས་སྟོང་པ་ཉིད་དུ་དངོས་པོ་ཐམས་ཅད་རོལ་པར་གྱིས་ཤིག སྟོང་པ་དེ་གང་ཞེ་ན། བྷ་བ་ཨ་བྷ་བ་བི་ཛྫ་ཡེ་སྟེ་དངོས་པོ་དང༌། དངོས་པོ་མེད་པ་རྣམ་པར་སྤངས་པ་གཉིས་སུ་མེད་པའི་དོན་ཏོ། །དེ་ཉིད་ལ་ཛྫ་བི་ཛྫ་ནི་ཡ་ཡོ་སྟེ་སྙིང་པོའི་དོན་དབུ་མའི་ཚུལ་གྱིས་ལྷན་སྐྱེས་རྫོགས་པའི་བྱང་ཆུབ་འཚལ་ཞིང་རྟོགས་པར་གྱིས་ཤིག་པའོ། །དེས་ན་མཐའ་དང་བྲལ་བར་བསྟན་ཏོ། །དེ་ལྟ་བུའི་ཡེ་ཤེས་དེ་ཅི་སྒྲ་རྟོག་ལ་སོགས་པས་རྟོགས་སམ་སྙམ་པ་ལ། མི་རྟོགས་པར་བསྟན་པའི་ཕྱིར། བྷ་ན་ཛི་ཡ་ཨི་ཁ་རུ་པ་བུ་སྟེ་སེམས་ཅན་མ་ལུས་པ་རྣམས་ཀྱི་བསམ་པ་དང་རྟོག་པ་རྣམས་ཀྱིས་མི་རྟོགས་སོ། །དེ་བཞིན་དུ་ཨ་ཤེ་ཤི་བི་ཛི་ན་ཏི་ཡ་ཡཻ་སྟེ། ཡི་གེ་ལྔ་བཅུ་ཐམས་ཅད་ཀྱི་མགོ་ཆོད་ལ་གཞོམ་པར་གྱིས་ཏེ་སྒྲས་དེ་ཁོ་ན་མི་རྟོགས་པར་བསྟན་ཏོ། །འོ་ན་དེ་གང་གིས་རྟོགས་སྙམ་པ་ལ། གསུམ་པ་རྣལ་འབྱོར་གྱི་ཐབས་ཀྱིས་རྟོགས་པར་བསྟན་པ་ནི་དྭནྡཾ་ཨ་ལིངྒེ་ན་ཛོ་ཨུ་སྟེ། ཐབས་དང་ཤེས་རབ་གཉིས་རྡོ་རྗེ་དང་པདྨ་གཉིས་སྙོམས་པར་འཇུག་པ་དེའི་ཏིང་ངེ་འཛིན་ནི་འཁྱུད་པའི་རྣལ་འབྱོར་ཏེ། རྡོ་རྗེ་ལྷ་མོ་རྣམས་དང་རོལ་པའོ། །དེ་ལས་ཅི་འབྱུང་ན་ས་ལི་ལ་ཀཛྫིཾ་ཡ་ཡེ་སྟེ། ཆུ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འབྱུང་ངོ༌། །དེ་ལས་དགོས་པ་སྟེ་མཆོག་ཐོབ་པ་ནི་དགོས་པའོ། །དེ་ཉིད་གང་ཞེ་ན། དྷརྨ་ཨ་དྭི་ཏྱ་སུ་བི་བེ་ཡ་ཡེ་གཉིས་སུ་མེད་པ་སྟེ་སྤྲོས་པ་དང་བྲལ་བའོ། །ཆོས་ནི་ཆོས་ཐམས་ཅད་བདག་མེད་པ་སྟེ། དེ་ཐོབ་པ་ནི་ཐུགས་སུ་ཆུད་པའོ། །དེའི་ཚེ་མུ་ཁ་བཱ་བི་བི་ཡ་ཡེ་སྟེ་ཐར་པ་ཞི་བའི་དོན་ཐོབ་པ་ཞེས་བྱ་བའི་དོན་ཏོ། །བཞི་པ་ནི་དེ་ལྟ་བུའི་ལམ་དེ་ཉིད་ཐ་མལ་པའི་འདོད་ཆགས་ཀྱི་སྒོ་ནས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སུ་ཁ་སཾ་སཱ་ར་བི་མོ་ཧི་ཡ་ཞེས་ཏེ། ཐ་མལ་པའི་བདེ་བས་འཁོར་བ་རྣམས་རྣམ་པར་རྨོངས་སོ། །དེས་མུ་ཁ་བཱ་བི་ཛི་ཡ་ཡཻ་སྟེ། གྲོལ་བ་ཞི་བའི་ཐབས་སྤངས་བའོ། །དེ་བས་ན་རྣལ་འབྱོར་པ་རྣམས་ཐ་མལ་པའི་བདེ་བ་ལ་ཞེན་པ་སྤང་ཞེས་བྱའོ། །ཚིག་རྐང་པ་འདི་གཉིས་ལ་སློབ་དཔོན་བྷ་བ་པ་ནི་དེ་ལྟར་སེམས་ཅན་ལམ་ངན་པ་ལ་ཞེན་པ་རྣམས་དེ་བཞིན་གཤེགས་པས་གཞན་གྱི་དོན་མཛད་པའོ་ཞེས་འཆད་དོ། །ལྔ་པ་ནི་དེ་ལྟར་ལམ་རྟོགས་པ་ལས་འབྲས་བུ་ཆོས་སྐུ་ཉིད་ཇི་ལྟར་འགྲུབ་པ་བསྟན་པ་ནི། ས་བ་ཤཱུ་ནྱ་ས་ཧ་བི་ཛ་ཡི་ནི་སྟེ། སྐུ་གསུང་ཐུགས་ཐམས་ཅད་རྣམ་པར་རྟོག་པས་སྟོང་པའི་རང་བཞིན་ནོ། །དེ་ནི། མཻ་ཏྲེ་བི་ན་ཙ་ཡ་ཡེ་སྟེ། རྣལ་འབྱོར་མ་ནི་ཐབས་ཤེས་རབ་གཉིས་མེད་དོ། །དེའི་སྔགས་ཀྱི་རོལ་པ་ནི་རྣམ་པར་རྟོག་པ་ལས་ཡིད་སྐྱོབ་པ་དེ་ལ་སྤྱོད་ཅིག་པའོ། །ཡང་ན་རྣལ་འབྱོར་མའི་གཞུང་ལུགས་ཀྱིས་ལྷན་སྐྱེས་ཡེ་ཤེས་ཀྱི་སྐུ་ནི་སྔགས་སོ། །དེས་ཇི་སྲིད་ནམ་མཁའ་མི་འཇིག་པ་དེར་རོལ་ཅིག་ཅེས་བྱའོ། །དྲུག་པ་དེ་ལས་གཟུགས་ཀྱི་སྐུས་སེམས་ཅན་གྱི་དོན་མཛད་པ་བསྟན་པའི་ཕྱིར་པཉྩ་བི་ཛོ་ཡི་ནི་བུདྡྷ་ཏྭ་ཏྟྭ་སྟེ། དེ་ལྟ་བུའི་ཡེ་ཤེས་ཐོབ་པར་གྱུར་པ་ན་རྣལ་འབྱོར་མ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་སོགས་པ་ལྔ་པོ་རྣམས་ཀྱི་སྐུའི་སྣང་བ་འབྱུང་བའོ། །ལྔ་པ་དེ་ཉིད་ཅི་ཡིན་ན་སངས་རྒྱས་དེ་ཉིད་དེ། སངས་རྒྱས་ཀྱི་ས་ནི་ཡེ་ཤེས་ལྔས་བསྡུས་པས་ན་ལྔ་པོས་དེ་བསྟན་པ་ཡིན་ནོ། །སངས་རྒྱས་ཉིད་རྣལ་འབྱོར་མ་ལ་སོགས་པའི་གཟུགས་ཀྱི་སྐུར་བསྟན་ནས་ཅི་བྱེད་སྙམ་ན། ཨ་ལ་ཀྵི་ཡ་ཡེ་སྟེ་མཚོན་པར་བྱེད་པ་སྟེ་གཟུགས་ཀྱི་སྐུའི་སྣང་བ་བསྟན་པས་སེམས་ཅན་རྣམས་ཀྱིས་གཟུགས་ཡིད་ལ་བྱས་པས་དེ་བཞིན་གཤེགས་པའི་ཆོས་རྟོགས་པར་བྱེད་དོ། །སྐུ་དེ་ཉིད་བདེན་པ་ཉིད་ཡིན་ནམ་སྙམ་པ་ལ། ས་བ་མཱ་ཡེ་བཱ་ཧུ་བི་ཧ་རུ་ཡ་སྟེ། སྒྱུ་མ་ལྟ་བུར་གནས་ཏེ་སྣང་བཞིན་དུ་རང་བཞིན་མེད་པའི་ཕྱིར་ཏེ། སྤྲུལ་པ་སྣ་ཚོགས་སུ་བསྟན་པའི་ཕྱིར་རོ། །དེས་ན་སྣ་ཚོགས་གཟུགས་སོ། །དེས་ཅི་བྱེད་ན། སཏྭ་ཧནྤི་བ་ཙི་ཡ་ཡེ་སྟེ། སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པའོ། །སེམས་ཅན་ཉིད་སྨིན་པར་བྱས་པ་ལ་དགོས་པ་ཅི་ཡོད་སྙམ་པ་ལ། བཛྫ་སུ་བརྻི་ཡ་ག་ཛུ་སྟེ་རྡོ་རྗེ་སྟོང་པ་ཉིད་དོ། །བརྐྱང་བ་ནི་དེ་ཐུགས་སུ་ཆུད་པ་སྟེ། སངས་རྒྱས་སོ། །དེའི་དགོས་པ་ནི་སེམས་ཅན་དོན་ཉིད་ཁོ་ནའོ་ཞེས་བྱའོ། །དེས་ཇི་ལྟར་དོན་བྱེད་ཅེ་ན། དྷརྨྨ་བི་མོ་ཧི་ཡ་ཡེ་སྟེ། ཆོས་གསུངས་པའི་སྒོ་ནས་རྨོངས་པའི་རབ་རིབ་ཉོན་མོངས་པ་ལ་སོགས་པ་མཐའ་དག་བྲལ་བར་བྱེད་པའོ། །བདུན་པ་དེས་ན་ལམ་དེ་ལ་གུས་པར་བྱ་བ་ནི། ཛོ་ཡི་ནཱི་མོཀྑེ་ཡ་ཡེ་སྟེ། རྣལ་འབྱོར་མའི་ཆོས་འདི་ཁོ་ནས་ཐར་བར་བྱེད་པས་ན། ན་མ་ཧི་སུ་སཱ་ར་དྷརྨ་སྟེ། ཀླ་ཀློའི་ཆོས་ཐམས་ཅད་དོར་ལ་སྙིང་པོའི་ཆོས་ཐམས་ཅད་རྟོགས་པ་མངོན་དུ་གྱུར་པ་འདི་ལ་འདུད་ཅིང་ཕྱག་བཙལ་བར་རིགས་སོ་ཞེས་བྱ་བའི་དོན་ཏོ། །བརྒྱད་པ་གླུའི་ཆེ་བའམ་ཕན་ཡོན་བསྟན་པ་ནི། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་སྟེ། གླུ་འདིས་རྒྱལ་བ་ཐམས་ཅད་བསྐྱེད་པར་འགྱུར་བ་ཡིན་ནོ། །དེ་བས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་ཏོ་ཞེས་བྱའོ། །བརྟག་པ་དགུ་པ་ལས་རབ་ཏུ་བྱེད་པ་དང་པོའི་བཤད་པའོ།།  །།དེ་ལྟར་རབ་ཏུ་བྱེད་པ་དང་པོས་ཉེ་བའི་རྒྱུ་བསྟན་ནས། ད་ནི་རབ་ཏུ་བྱེད་པ་གསུམ་གྱིས་གོང་དུ་བརྟག་པ་བདུན་པ་དང༌། བརྒྱད་པ་ལས་མ་གསུངས་པའི་ལྷག་མ་དངོས་གྲུབ་མཐའ་དག་གི་ཐབས་ཀྱི་ཁྱད་པར་གཞན་སྟོན་པར་བྱེད་དོ། །དེ་ལ་རབ་ཏུ་བྱེད་པ་གསུམ་པོ་འདིའི་བརྗོད་པར་བྱ་བའི་དོན་ནི་གང༌། རྗོད་བྱེད་ཀྱི་སྒྲ་ནི་གང༌། མངོན་པར་རྟོགས་པ་ནི་གང༌། རྒྱུད་སྡེ་གཞན་ལ་ཇི་ལྟར་ཕན་འདོགས་པའི་བཤད་པའི་རྒྱུད་ཡིན་ན། དེ་ལ་རབ་ཏུ་བྱེད་པ་གསུམ་ཀས་བརྗོད་བྱའི་དོན་བསྐྱེད་པའི་རིམ་པ་སྤྱིའི་དོན་དུ་བཤད་དོ། །རྗོད་བྱེད་ཀྱི་སྒྲ་ནི་སྤྱིར་གསུམ་ཀ་འཇུག་ཀྱང་རབ་ཏུ་བྱེད་པ་གཉིས་པ་འདིས་ཡན་ལག་དང་ཡི་གེའི་དོན་གཙོ་ཆེ། རབ་ཏུ་བྱེད་པ་གསུམ་པས་ཡན་ལག་གི་དོན་གཙོ་ཆེ། རབ་ཏུ་བྱེད་པ་བཞི་པས་བསྡུས་པའི་དོན་གྱི་མན་ངག་གི་བཤད་པ་གཙོ་ཆེའོ། །མངོན་པར་རྟོགས་པ་གང་དང་རྗེས་སུ་འབྲེལ་ན་འདིར་རབ་ཏུ་བྱེད་པ་གསུམ་པ་གསུམ་སྟེ། གཉིས་པས་ནི་གཙོ་ཆེར་གཏོར་མ་སྟོན་ཏོ། །གསུམ་པས་ནི་གླེགས་བམ་དང་བྲིས་སྐུ་སྟོན་ཏོ། །བཞི་པས་ནི་བྱ་བ་བཞིའི་དེ་ཁོ་ན་ཉིད་དེ། སིལ་སྙན་གྱི་བྱ་བ་དང༌། ཚོགས་ཀྱི་བྱ་བ་དང༌། གླུ་གར་གྱི་བྱ་བ་དང༌། ཀུན་དུ་རུའི་བྱ་བའོ། །དེ་ལ་འདི་དག་ཐམས་ཅད་ཐབས་རྒྱུད་ཀྱི་མངོན་པར་རྟོགས་པ། དེ་ལས་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མཐའ་དག་བསྒྲུབ་པའི་མངོན་པར་རྟོགས་པའོ། །དེ་ལ་རབ་བྱེད་གཉིས་པས་ནི་གཏོར་མ་དང་འབྲེལ། གསུམ་པ་དང་བཞི་པ་ནི་དམ་ཚིག་དང་སྡོམ་པ་དང་འབྲེལ་ལོ། །རྒྱུད་སྡེ་གཞན་ལ་ཇི་ལྟར་ཕན་འདོགས་ཤེ་ན། རབ་ཏུ་བྱེད་པ་གཉིས་པ་ནི་དཔལ་རྡོ་རྗེ་གདན་བཞི་པའི་གཞན་གྱི་གདན་གྱིས་རབ་ཏུ་བྱེད་པ་གསུམ་པ་དང་ཆ་མཐུན་པས་བཤད་པའི་རྒྱུད་ཡིན་ཞིང༌། ཚིག་གོང་འོག་ལ་སོགས་པ་འགའ་ཞིག་ཚུལ་མི་འདྲ་བས་བཤད་པའི་རྒྱུད་དོ། །ཡང་དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཅོ་བརྒྱད་པར་གཏོར་མའི་ཆོ་ག་ཙམ་གསུངས་པ་དེ་འདིས་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །རབ་ཏུ་བྱེད་པ་ཕྱི་མ་གཉིས་ནི་འོག་གི་སྐབས་ཉིད་དུ་བཤད་པར་བྱའོ། །བཤད་ཐབས་ཀྱི་ཡན་ལག་གོ །དེ་ལ་རབ་ཏུ་བྱེད་པ་འདིས་ཕལ་ཆེར་དུ་གཏོར་མ་བསྟན། རབ་བྱེད་བཞི་པས་ཚོགས་འཁོར་བསྟན་པ་དེ་གཉིས་ཕྱོགས་གཅིག་ཏུ་བསྡེབས་ཏེ་ཉམས་སུ་བླང་བར་སྦྱར་བར་བྱའོ། །དེ་ལ་གཏོར་མའི་ལས་ཆོག་ཅེས་བྱ་བ་རྐང་པ་གཉིས་ནི་གཏོར་མའི་བཤད་པར་དམ་བཅའ་བའོ། །རབ་བྱེད་བཞི་པར། ཚོགས་ཀྱི་འདུ་བར་ཞེས་རྐང་པ་གཉིས་ནི་ཚོགས་ཀྱི་བཤད་པར་དམ་བཅའ་བའོ། །དེ་ལྟ་བུའི་གཏོར་མ་དང་ཚོགས་ལ་གསུམ་སྟེ། གནས་གང་དུ་བྱ་བ་དང༌། དུས་ནམ་བྱ་བ་དང༌། ཆོ་ག་ཇི་ལྟར་བྱ་བའོ། །དང་པོ་ནི་གོང་དུ་ཟོས་པས་ཞེས་བྱ་བ་རྐང་པ་དྲུག་གོ །དུས་ནམ་བྱ་བ་ནི་རབ་བྱེད་གཉིས་པར་ཟླ་བར་མར་ངོའི་ཞེས་ཤླཽ་ཀ་གཅིག་གོ །ཆོ་ག་ལ་གསུམ་སྟེ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གི་ཆོ་གའོ། །དང་པོ་ལ་གསུམ་སྟེ། རྟེན་དང་མཆོད་པ་བཤམ་པ་དང༌། རྣལ་འབྱོར་པ་རྣམས་གྲལ་ལ་དགོད་པ་དང༌། གསོལ་བ་གདབ་པའི་བྱ་བའོ། །དང་པོ་ནི་རབ་བྱེད་གཉིས་པར་ཁྲུ་གང་ཙམ་གྱི་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏོ། །གཉིས་པ་ནི་དེ་ལྟར་བཤམས་པ་ལ་སློབ་དཔོན་རང་གི་གདན་ལ་བཞུགས། ལས་ཀྱི་རྡོ་རྗེ་དབྱུག་སྔོན་ཅན་གྱི་ང་རྒྱལ་གྱིས་སྒོ་བསྲུང་བར་བྱའོ་ཞེས་ཁ་བསྐང༌། དེ་ནས་རྣལ་འབྱོར་པ་ཕྱི་ན་གནས་པ་རྣམས་ཀྱིས་གསོལ་བ་གདབ་པ་ནི། རབ་བྱེད་བཞི་པར་ཁྱོད་ནི་དམ་ཚིག་ཅེས་ཤླཽ་ཀ་གཅིག་སྦྱར། དེ་ནས་སྒོ་ཕྱེ་སྟེ་སློབ་དཔོན་ལ་ཕྱག་འཚལ་ཏེ་མཎྜལ་ཕུལ་བ་ལ། སློབ་དཔོན་གྱིས་རྟོག་པ་མེད་པར་བཀའ་བསྒོ་བ་ནི། རབ་བྱེད་གཉིས་པར་འདིར་ནི་ཆོས་རྣམས་ཞེས་པ་ཤླཽ་ཀ་གཅིག་སྦྱར་ཏེ། དེ་ནས་རང་གི་སྟན་ལ་འདུག་གོ །དེ་ལྟར་རྣལ་འབྱོར་པ་རྣམས་ནང་དུ་འོངས་པའི་དུས་སུ་སྔར་བརྟག་པ་བཞི་པ་ལས་གསུངས་པའི་བརྡ་རྣམས་ཀྱང་འདིར་དགོས་པ་ཡིན་ནོ། །གསུམ་པ་གསོལ་བ་གདབ་པའི་བྱ་བ་ནི། དེ་ལྟར་གྲལ་དུ་བསྡད་པ་དང༌། ལས་ཀྱི་རྡོ་རྗེས་མཎྜལ་ཕུལ་ལ། མེ་ཏོག་ཕྲེང་བ་ཐམས་ཅད་ལ་ཕུལ་ལ་ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ་བོ། །སྦྱོར་བའོ། །དངོས་གཞི་ལ་གསུམ་སྟེ། བདག་གི་རྣལ་འབྱོར་བྱ་བ། མདུན་གྱི་དཀྱིལ་འཁོར་བསྐྱེད་པ། དངོས་གཞི་ཚིམ་པ་དྲུག་བྱ་བའོ། །དང་པོ་ནི་རབ་བྱེད་གཉིས་པ་ལས། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནམ། ཞེས་རྐང་པ་གཉིས་སོ། །དེའི་རྗེས་ལ་མདུན་དུ་དཀྱིལ་འཁོར་བསྐྱེད་ཅིང་སྤྱན་དྲང་བ་ནི། ལས་ཀྱི་ཆོ་ག་ཞེས་རྐང་པ་གཉིས་སོ། །གསུམ་པ་དངོས་གཞི་ཚིམ་པར་བྱ་བ་དྲུག་ལས། ལེ་ཚེ་དབུས་མ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཚིམ་པར་བྱ་བ་དང༌། བདག་གི་སྙིང་གའི་དཀྱིལ་འཁོར་ཚིམ་པར་བྱ་བ་དང༌། ལེ་ཚེའི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་གཏོར་མས་ཚིམ་པར་བྱ་བ་དང༌། དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཟས་ཀྱིས་ཚིམ་པར་བྱ་བ་དང༌། མཐར་གླུ་གར་རོལ་མོ་དང༌། ཀུན་དུ་རུས་ཚིམ་པར་བྱ་བ་དང༌། ཕྱི་རོལ་གྱི་འབྱུང་པོ་གཏོར་མས་ཚིམ་པར་བྱ་བའོ། །དང་པོ་ནི་ཕྱིའི་མཆོད་པ་དང༌། ནང་གི་མཆོད་པ་གཉིས་ཀྱིས་དཀྱིལ་འཁོར་མཆོད་དེ། མེ་ཏོག་དམར་པོ་བདུག་པ་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་ཕྱེད་དང་དགུས་བསྟན་ཏོ། །དེ་ནས་གཉིས་པ་བདག་གི་སྙིང་གའི་དཀྱིལ་འཁོར་ཚིམ་པར་བྱ་བ་ནི། དེའི་དབུས་ནས་བླངས་ནས་ནི། །ཞེས་རྐང་པ་གཉིས་སོ། །གསུམ་པ་ཞིང་སྐྱོང་གཏོར་མས་ཚིམ་པར་བྱ་བ་ནི། ལྷག་མ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་བཅུ་དང༌། སྔགས་དང༌། ཡང་རྐང་པ་གཉིས་ཀྱིས་བསྟན་ཏོ། །དེ་ནས་བཞི་པ་དམ་ཚིག་དང་ལྡན་པའི་སྐྱེ་བོ་ཟས་ཀྱིས་ཚིམ་པར་བྱ་བ་ནི། དང་པོར་ཡོ་བྱད་བྱིན་གྱིས་བརླབས་ཏེ་དེ་ནས་མཆོད་པ་བྱ་སྟེ། ཧ་ཡིས་ཁ་དོག་འཕྲོག་པར་བྱེད། །ཅེས་བྱ་བ་ནས་ཕྱག་འཚོལ་ཅིག་ཅེས་བྱ་བའི་བར་དང༌། རབ་ཏུ་བྱེད་པ་བཞི་པ་ལས། མེ་ཏོག་བདུག་པ་ཞེས་བྱ་བ་ལ་སོགས་པ་དང༌། སྐྱེས་པའི་ཐོད་ཆེན་ཞེས་བྱ་བ་ཤླཽ་ཀ་གཅིག་གིས་བསྟན་ཏོ། །ཚིམ་པ་ལྔ་ནི་རབ་བྱེད་དེ་ཉིད་ལས། སིལ་སྙན་པ་དག་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །འདིས་ནི་གླུ་དང་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་དང༌། ཚིམ་པ་དྲུག་པ་ཕྱི་རོལ་དུ་ལྷག་མས་ཚིམ་པར་བྱ་བ་ནི། དེ་ནས་ཅང་ཏེའུའི་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་ཕྱེད་དང་བཅུས་བསྟན་ཏོ། །དངོས་གཞིའོ། །རྗེས་ཀྱི་བྱ་བ་ལ་བཀྲ་ཤིས་ཀྱི་གླུ་བླང་བ་དང༌། སྨོན་ལམ་གདབ་པ་དང༌། གཤེགས་སུ་གསོལ་བ་རྣམས་ནི་ཡན་ལག་ཅེས་བྱ་བའམ་རྡོ་རྗེ་དྲིལ་བུའི་སྒྲ་ཞེས་བྱ་བ་ནས་རབ་བྱེད་གཉིས་པ་རྫོགས་ཀྱི་བར་གྱིས་སྟོན་ཏེ་བསྡུས་པའི་དོན་ཏོ། །གཞུང་གི་དོན་ལ་རབ་ཏུ་བྱེད་པ་གཉིས་པ་འདིར་དོན་གཉིས་ལས། བཤད་པར་དམ་བཅའ་བ་ནི། གཏོར་མའི་ཞེས་རྐང་པ་གཉིས་ཏེ། གཏོར་མ་གཙོར་སྨོས་ཀྱང་ཞར་ལ་བདག་མཆོད་པ་དང༌། རྣལ་འབྱོར་པ་མཆོད་པའང་སྟོན་ཏོ། །དོན་དངོས་ལ་བཅོ་ལྔ་ལས། དང་པོ་དཀྱིལ་འཁོར་བྱ་ཞིང་རྫས་དགོད་པ་ནི། ཁྲུ་གང་ཞེས་བྱ་བ་ལ་སོགས་པ་སྟེ། འོག་ནས་འབྱུང་བའི་དུས་དང༌། གནས་འདིར་ཁ་བསྐངས་ལ་གནས་ཁྱད་པར་ཅན་དུ་དཀྱིལ་འཁོར་བྱ་བ་སྟེ། དང་པོར་ས་ཕྱོགས་ཡིད་དུ་འོང་བར་བའི་རྣམ་ལྔ་ལ་སོགས་པས་སྐྱང་ནུལ་ལེགས་པར་བྱས་ལ། དེར་ཙནྡན་དཀར་པོས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པར་བྱུག དེའི་དབུས་སུ་ཁྲུ་གང་གི་ཚད་དུ་ཙནྡན་དམར་པོའམ་གུར་གུམ་ལ་སོགས་པ་དྲི་དམར་པོས་དཀྱིལ་འཁོར་གྲུ་བཞི་བྱ། དེ་ལ་ཐིག་བཞི་བཏབ་པའི་ལེ་ཚེ་དགུ་བྱ། དེའི་ལེ་ཚེ་དབུས་མ་ཆེར་བྱས་ལ་དེ་ལ་རང་གང་བྱེད་ཀྱི་དཀྱིལ་འཁོར་གྱི་ལྷ་གྲངས་ཀྱི་མེ་ཏོག་གི་ཚོམ་བུ་དགོད་ཅིང་སྙིང་པོ་ཚིག་ཙམ་གྱིས་བར་འདིར་བསྐྱེད་ཀྱང་རུང་ངོ༌། །དེའི་ཕྱི་རོལ་གྱི་ལེ་ཚེ་བརྒྱད་ལ་ཞིང་སྐྱོང་བརྒྱད་ཆུང་མ་སོ་གཉིས་དང་བཅས་པ་དགོད་པས་ལེ་ཚེ་རེ་རེ་ལ་དྲིའི་ཐིག་ལེ་དང་མེ་ཏོག་ཚོམ་བུ་ལྔ་ལྔ་བྱའོ། །དེ་ནས་མཆོད་རྫས་དགོད་པ་ནི་མཆོད་ཡོན་ཞེས་ཤླཽ་ཀ་གཉིས་ཏེ། དེ་ཡང་མཆོད་ཡོན་ལ་སོགས་པའི་མཆོད་པ་རྣམས་གཡོན་ཕྱོགས་ནས་བཤམ། ཡང་ཉ་དང་ཤ་ལ་སོགས་པ་དང༌། དཀུ་བག་ཅན་ལ་སོགས་པ་ལས་བྱས་པའི་གཏོར་མ་གཉིས་ཀྱང་གཡོན་ཕྱོགས་ནས་དང་པོར་འདས་པའི་གཏོར་མ། དེ་ནས་འཇིག་རྟེན་པའི་གཏོར་མ་ཆེ་བར་བཤམ་པར་བྱའོ། །དེ་ནས་གཡོན་དུ། ཉེ་བར་དགོས་པ་ཀུན་ཞེས་བྱ་བས་དམ་ཚིག་ཅན་རྣམས་ཚིམ་པར་བྱ་བའི་ཡོ་བྱད་རྣམས་ཀྱང་སྔར་འཚོགས་ནའང་བཤམ་པར་བྱའོ། །དཔལ་གདན་བཞི་པ་ལས་ནི། དཀྱིལ་འཁོར་གྲུ་གསུམ་གསུམ་བྱས་ཏེ་འབྱུང་བས་དབུས་མ་ལས་ནི་དཀྱིལ་འཁོར་གཅིག་ཏུ་མཆོད་པ། གཅིག་ཏུ་བཟའ་བཏུང་དགོད་པར་གསལ་ལོ། །དེ་ནས་གཡས་ཕྱོགས་སུ་ལས་ཐམས་ཅད་པའི་བུམ་པའི་ཆུ་དང་ཆུ་སྣོད་གཞན་དགོད། མདུན་དུ་མཆོད་ཡོན་གྱི་སྣོད་དམ་ཡང་ན་བཟེད་ཞལ་དགོད་དོ། །རྫས་དེ་ཐམས་ཅད་ལ་བདུད་རྩི་ལྔ་དང་ལྡན་པར་བྱ་བ་ནི་རྫས་འདི་ཞེས་བྱ་བའོ། །གཉིས་པ་ལྷའི་རྣལ་འབྱོར་རྡོ་རྗེ་སེམས་དཔའ་ཞེས་རྐང་པ་གཉིས་ཏེ། དེའང་གཏོར་མ་འབའ་ཞིག་ཙམ་བྱེད་ན་འདི་ཉིད་ཁོ་ནས་ཆོག་ལ། ཚོགས་འཁོར་དང་གཅིག་ཏུ་བྱེད་ན་ལྷ་གྲངས་དང་མཐུན་པའི་རྣལ་འབྱོར་པ་རྣམས་སྤྱན་དྲངས། ཚོགས་ཁང་དུ་ཇི་ལྟར་འཚམ་པར་གདན་བཏིང༌། སློབ་དཔོན་དབུས་སུ་བཞུགས། དེ་ནས་ལས་ཀྱི་ཁྲོ་བོས་སྒོ་བསྲུངས་ལ། དེ་ལ་རབ་བྱེད་བཞི་པ་ནས་འབྱུང་བའི་ཚིགས་བཅད། ཁྱོད་ནི་དམ་ཚིག་ཅེས་བྱ་བ་ལ་སོགས་པས་གསོལ་བ་གདབ། བརྡ་དང་བརྡའི་ལན་བྱ་ཞིང་ནང་དུ་གཏང་ངོ༌། །སློབ་དཔོན་གྱི་མདུན་དུ་མཎྜལ་དང་ཕྱག་བྱས་པ་ལ་སློབ་དཔོན་གྱིས། འདིར་ནི་ཆོས་རྣམས་བཟང་པོ་ཞེས་བྱ་བའི་ཤླཽ་ཀ་གཅིག་གིས་རྟོག་པ་མེད་པར་བཀའ་བསྒོ། དེས་ཕྱག་བྱས་ལ་རང་གི་སྟན་ལ་འཇུག་གོ །དེ་ལྟར་ཐམས་ཅད་རྫོགས་པ་དང་ལས་ཀྱི་རྡོ་རྗེས་ཐམས་ཅད་ལ་མཎྜལ་ཕུལ་ལ་མེ་ཏོག་ཕྲེང་བ་ཕུལ་ཏེ། ལས་ཀྱི་རྡོ་རྗེས་ཐམས་ཅད་ལ་ཕྱག་བྱས་ལ། ཀུན་བཟང་རྣམས་འཕྲུལ་མཆོད་པའི་ཡོ་བྱད་ཀྱིས། །དཔའ་བོ་རྣལ་འབྱོར་མ་རྣམས་མཆོད་པ་དང༌། །ཡོན་བདག་བགེགས་ཞི་ཚོགས་གཉིས་བསག་བྱའི་ཕྱིར། །གཉིས་མེད་ཏིང་འཛིན་དག་ལ་གནས་པར་གསོལ། །ཞེས་བསྐུལ་ཞིང་གསོལ་བའི་ཚིག་ལན་གསུམ་གྱིས་གསོལ་བ་གདབ་བོ། །དེ་རྣམས་སྐབས་འདིར་ཁ་བསྐང་ངོ༌། །དེ་ནས་ལྷའི་ཏིང་ངེ་འཛིན་ནི། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏེ་རྡོ་རྗེ་དབྱིངས་སམ། ཡང་ན་ཧེ་རུ་ཀ་སྟེ་ཕྱག་བཅུ་དྲུག་པ་ལ་སོགས་པའམ། ཡང་ན་བདག་མེད་མའམ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཏིང་ངེ་འཛིན་གསུམ་མམ་ཡན་ལག་དྲུག་ཡོངས་སུ་རྫོགས་པར་བྱ། བཟླས་པའང་ཅི་རིགས་པར་བྱས་ལ་བདག་གི་དཀྱིལ་འཁོར་བདག་ཉིད་ཀྱི་ཐུགས་ཀར་བསྡུ་བའི་བར་དུ་བྱའོ། །གསུམ་པ་ལེ་ཚེ་དབུས་མ་ལ་ཡེ་ཤེས་ཀྱི་ལྷ་ཚིམ་པར་བྱ་བ་ནི། ལས་ཀྱི་ཆོ་ག་མཐོང་བ་ཡི། །ཞེས་པ་རྐང་པ་གཉིས་ཏེ། དང་པོར་མདུན་གྱི་ལེ་ཚེ་དབུས་མ་ལ་སྲུང་བའི་འཁོར་ལོ་གཞལ་ཡས་ཁང་དང་བཅས་པ་སྐད་ཅིག་གིས་བསྐྱེད། དེར་མངོན་པར་བྱང་ཆུབ་པ་ལྔ་ལ་སོགས་པ་ཆོ་གའི་རིམ་པ་བཞིན་གང་རུང་གི་དཀྱིལ་འཁོར་ཇི་ལྟ་བ་བཞིན་བསྐྱེད་པ་ནི་དམ་ཚིག་པ་བསྐྱེད་པའོ། །དེ་ནས་ཡེ་ཤེས་པ་སྤྱན་དྲང་བ་ནི་སྔགས་དང་ཕྱག་རྒྱས་དགུག་པར་བྱ་ཞེས་སྨོས་ཏེ། ལག་པས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅས་ཏེ། ངག་ཏུ་ཨོཾ་ཀུ་རུ་ཀུ་རུ་ས་མ་ཡ་ཨ་དྷི་པ་ཏི་ཧཱུྃ་ཛཿསྭཱ་ཧཱ། ཞེས་བྱ་བ་དང་སེམས་ཀྱིས་སྙིང་གའི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ཏེ་དགུག་གཞུག་བྱའོ། །དེ་ནས་རང་རང་གི་ལུགས་ལྟར་སྐྱེ་མཆེད་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་རྒྱས་གདབ་ཀྱི་བར་དུ་རང་གི་གཞུང་བཞིན་རྫོགས་པར་བྱའོ། །དེ་ལ་མཆོད་པ་ལ་གསུམ་སྟེ། ཕྱིའི་མཆོད་པ་དང༌། ནང་གི་མཆོད་པ་དང༌། གཏོར་མའི་མཆོད་པའོ། །དང་པོ་ནི་མེ་ཏོག་དམར་པོ་ཞེས་བྱ་བ་རྐང་པ་གཉིས་ཏེ། ཐོག་མར་བསང་ཆུས་བགེགས་མཐར་བྱེད་ཀྱི་སྔགས་བརྗོད་ཅིང་བསངས་ལ། དེ་ནས་སྟོང་པར་སྦྱང༌། དེ་ནས་ཧཱུྃ་ལས་བསྐྱེད། རང་རང་གི་སྔགས་བརྗོད་ཅིང་ཕྱག་རྒྱ་བཅས་པས་བྱིན་གྱིས་བརླབས་ལ་ལྷ་སོ་སོའི་སྔགས་བརྗོད་ཅིང་སོ་སོར་དབུལ་བར་བྱ་སྟེ། གདན་བཞི་པ་ལས། སོ་སོར་དྲི་ཡིས་བྱུག་པ་དང༌། །སོ་སོར་མེ་ཏོག་གཏོར་བ་དང༌། །སོ་སོར་བདུག་པས་བདུག་པ་སོགས། །སོ་སོའི་སྦྱོར་བས་དབུལ་བར་བྱ། །ཞེས་སོ། །དེའང་མེ་ཏོག་ཚོམ་བུ་གཉིས་ལ་འབུལ་དུ་འདོད་པ་རྣམས་དེར་དབུལ། མཆོད་ཡོན་ལ་སོགས་པ་མི་འདོད་པ་རྣམས་བཟེད་ཞལ་དུ་དབུལ་བར་བྱའོ། །གཉིས་པ་ནང་གི་མཆོད་པ་ནི། ཨོཾ་གྱི་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་བདུན་དང༌། འོག་ཁ་ཟས་བྱིན་རླབས་ཀྱི་སྐབས་ཀྱི། ཧ་ཡིས་ཁ་དོག་འཕྲོག་པར་བྱེད། །ཅེས་བྱ་བ་ཤླཽ་ཀ་ཕྱེད་དང་གསུམ་པོ་འདིས་ནི་བདུད་རྩིར་བྱིན་གྱིས་བརླབ་པ་དང༌། གཏོར་མ་བྱིན་གྱིས་བརླབ་པ་དང༌། བཟའ་བ་དང་བཏུང་བ་གཞན་བྱིན་གྱིས་བརླབ་པའི་སྐབས་གསུམ་ཆར་གོང་འོག་གཉིས་ཀ་བསྡེབས་ཏེ་ཤེས་པར་བྱའོ། །དེའི་མངོན་པར་རྟོགས་པ་ནི་འདི་ཡིན་ཏེ། དང་པོར་བདུད་རྩི་རིལ་བུ་ཆང་དང་སྦྱར་བ་བཤམས་ལ། དེ་ལ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བགེགས་བསལ་ལ། སྭ་བྷཱ་ཝས་སྟོང་པར་སྦྱངས་ཏེ། དེར་ཡྃ་ལས་རླུང༌། རྃ་ལས་མེ་བསམ། དེའི་གསེབ་ཏུ་ཨཱཿལས་བྱུང་བའི་ཐོད་པའི་སྣོད་ཨོཾ་གྱིས་མཚན་པ་བསྒོམ་པ་ནི་ཨོཾ་གྱིས་མཚན་པའི་ཞེས་པའོ། །དེའི་ནང་དུ་ཨོཾ་ལས་ཟླ་བ་བསམ། དེའི་མཐའ་མ་ནས་ཨཱ་ལི་གཡོན་སྐོར་དང༌། ཀཱ་ལི་གཡས་སྐོར་དུ་ཐབས་དང་ཤེས་རབ་ཏུ་བྱིན་གྱིས་བརླབ་པ་ནི། དབྱངས་ཀྱི་བཅུ་གསུམ་ཞེས་ཤླཽ་ཀ་གཅིག་སྦྱར་རོ། །དེའི་ནང་དུ་ཤར་ལྷོ་ནུབ་བྱང་དབུས་སུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ་བསྐྱེད་པ་ནི། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། དངོས་གྲུབ་ཐམས་ཅད་འགུགས་པར་བྱེད་པས་ན་ལྕགས་ཀྱུའོ། །དང་པོ་སྐྱེ་དགུའི་བདག་པོ་ནི་ལྷོ་ཕྱོགས་སུ་ཀུ་ལས་ཁྱི་ཤ། ནུབ་ཕྱོགས་སུ་ད་ལས་རྟ་ཤ་ནི་གསུམ་པ་རབ་མཆོག བྱང་དུ་ཧ་ལས་གླང་པོ་ཆེའི་ཤ་ནི་གཉིས་པ་སྒྲོལ་མ། ཤར་དུ་གོ་ལས་བ་ལང་ནི་ལྔ་པ་སྟོབས། དབུས་སུ་ན་ལས་མི་ཤ་ནི་བཞི་པ་མང་པོ་སྐྱེས་ཡིན་གསུང༌། གཞན་དག་ནི་གོ་ཀུ་ད་ཧ་ན་ལྔ་པོ་ཤར་ནས་གོ་རིམ་བཞིན་དང་པོ་སྐྱེ་དགུའི་བདག་པོ་ལ་སོགས་པ་འདོད་དོ། །དེ་ལྟར་ལྕགས་ཀྱུ་ལྔའི་སྟེང་དུ་བདུད་རྩི་ལྔ་ལྔ་བསམ་པ་ནི། རིགས་ལྔ་རྣམས་ཀྱི་སྔགས་འདི་དག་ཅེས་བྱ་བ་སྨོས་ཏེ། བྷྲཱུྃ་ལས་དྲི་ཆེན། ཨཱྃ་ལས་རཀྟ། ཛྲཱིཾ་ལས་བྱང་སེམས། ཁྃ་ལས་ཤ་ཆེན་པོ། ཧཱུྃ་ལས་དྲི་ཆུའོ། །དེ་དག་ནི་ཡེ་ཤེས་ལྔ་ཡི་རབ་དབྱེ་སྟེ། མེ་ལོང་ལྟ་བུ་དང༌། མཉམ་ཉིད་དང༌། ཀུན་རྟོག་དང༌། བྱ་གྲུབ་དང༌། ཆོས་དབྱིངས་ཡེ་ཤེས་ཏེ་རིམ་པ་བཞིན་ནོ། །འདི་དག་ཀྱང་ཤ་རེ་རེའི་སྟེང་དུ་ལྔ་ཀ་བསྒོམ་པའམ། ཤ་རེ་དང་བདུད་རྩི་རེ་བསྒོམ་པ་གང་རུང་དུ་བྱའོ། །ལྕགས་ཀྱུ་དེ་དག་ཅི་ཡིན་སྙམ་པ་ལ། ཡེ་ཤེས་ལྕགས་ཀྱུ་ཞེས་སྨོས་ཏེ། ལྕགས་ཀྱུ་གང་ཡེ་ཤེས་གང་ཡིན་པའང་གདན་བཞི་ལས་གསུངས་ལ། ལྕགས་ཀྱུ་ཆེ་ལ་དགོད་པ་ནི། །ཡེ་ཤེས་ལྔར་ནི་འདོད་པ་སྟེ། །རྡོ་རྗེ་ལྕགས་ཀྱུ་མི་བསྐྱོད་པ། །གནས་ཀྱི་ལྕགས་ཀྱུ་རིན་ཆེན་དག །རྒྱལ་པོའི་ལྕགས་ཀྱུ་དོན་ཡོད་གྲུབ། །གཡོ་བའི་ལྕགས་ཀྱུ་འོད་དཔག་མེད། །ཅེས་སོ། །ལས་རྣམས་ཀུན་ནི་གཏོར་མ་དང་བདུད་རྩི་དང་བཟའ་བ་ལ་སོགས་པའི་ལས་ལའོ། །དེ་ནས་རྫས་དེ་རྣམས་ཀྱི་སྟེང་དུ་ཨོཾ་དཀར་པོ། དེའི་སྟེང་དུ་རྃ་ལས་ཉི་མ། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ་བསམ་པ་ནི་བླ་མའི་མན་ངག་གོ །དེ་ནས་ཧཱུྃ་གི་འོད་ཐུར་དུ་འཕྲོས་པས། འོག་གི་རླུང་གི་བ་དན་ལ་ཕོག་སྟེ། གཡོས་པ་ནི་འབུད་པ་ཞེས་སྦྱར་རོ། །དེས་མེ་འབར་བ་དང༌། ཤ་དང་བདུད་རྩི་རྣམས་ཁྱད་པར་དུ་ནི་བསྐོལ་བ་ཞེས་སྦྱར་རོ། །དེ་དག་གི་རླངས་པ་གྱེན་ལ་སོང་བས། ཨོཾ་ལས་བདུད་རྩི་འཛག ཡང་རྡོ་རྗེ་ལྟེ་བའི་ཧཱུྃ་ལ་ཕོག་པས་ཧཱུྃ་གི་འོད་ཟེར་ནམ་མཁའི་ཁམས་སུ་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ། རྡོ་རྗེ་ལྟེ་བའི་ཧཱུྃ་ལ་བསྟིམ་པ་ནི་ཡེ་ཤེས་ལྕགས་ཀྱུ་ཞེས་རྐང་པ་གཉིས་སོ། །དེ་ནས་རྡོ་རྗེ་ལྷུང་བས་ཉི་མ་དང་ཨོཾ་དང་བཅས་པ་ཐོད་པར་ཞུ་བས་ཁ་དོག་དང་དྲི་དང་རོ་དང་ནུས་པ་ཕུན་སུམ་ཚོགས་པ་བསྒོམ་པ་ནི། ཤེལ་གྱི་གཟུགས་ཞེས་རྐང་པ་གཉིས་སྦྱར། དེ་ནས་དེ་སྐུ་གསུང་ཐུགས་ཀྱི་ལྷའི་ངོ་བོར་བསམ་ཞིང༌། ཧ་ཧོ་ཧྲཱིཿཞེས་བརྗོད་པ་ནི་འོག་ནས། ཧ་ཡིས་ཁ་དོག་འཕྲོག་པར་བྱེད། །ཅེས་བྱ་བ་ལ་སོགས་པ་སྦྱར་རོ། །ཧ་ཧོ་ཧྲཱིཿབརྗོད་ཅིང་ལག་པ་གཡོན་པའི་སྲིན་ལག་དང་མཐེ་བོང་སྦྱར་ཏེ་དཀྲུགས་ཤིང་བརྗོད་དོ། །དེ་ལྟར་ཡང༌། མཐེ་བོའི་སོར་མོས་ས་ཉིད་དེ། །སྲིན་ལག་ལ་ནི་རི་རབ་བོ། །བསྲུབས་པའི་སྟོབས་ཀྱིས་བདུད་རྩི་ཡི། །ཆུ་ནི་རྣམ་གསུམ་ཤེས་པར་བྱ། །ཞེས་སོ། །དེ་ལྟར་བདུད་རྩི་བྱིན་གྱིས་བརླབ་པའོ། །དེ་ནས་དབུལ་བ་ནི། ལྷ་ཀུན་དེ་ནས་ཚིམ་པར་བྱ། །ཞེས་སོ། །ཇི་ལྟར་བསམ་ཞེ་ན། ལྕེ་ཧཱུྃ་རྡོ་རྗེ་ཞེས་སྨོས་ཏེ། ལྷ་ཐམས་ཅད་ཀྱི་ལྗགས་ཧཱུྃ་ལས་རྡོ་རྗེ་ནས་འབྲས་ཙམ་བསམས་ལ་དབུལ་ལོ། །དེའང་དབུལ་བའི་ཚུལ་ནི། གདན་བཞི་ལས། རྣལ་འབྱོར་མ་ནི་ཐམས་ཅད་ལ། །མཐེ་བོའི་ཐུར་མས་སོ་སོར་དབུལ། །ཞེས་འབྱུང་བས། བླ་མ་བརྒྱུད་པ་ལ་སོགས་པ་ཐམས་ཅད་ལ་ཚུལ་དེས་དབུལ་ལོ། །དབུལ་བའི་དགོས་པ་དང་བསམ་པ་བསྟན་པ་ནི། གལ་ཏེ་ལས་ལ་ཕན་འདོད་ན། །ཞེས་རྐང་པ་དྲུག་གིས་བསྟན་ཏོ། །བདུད་རྩིའི་མཆོད་པ་སྟེ། ལེ་ཚེ་དབུས་མ་ལ་ཡེ་ཤེས་ཀྱི་ལྷ་ཚིམ་པར་བྱ་བའོ། །ལྔ་པ་བདུད་རྩི་མྱང་བས་བདག་གི་སྙིང་གའི་དཀྱིལ་འཁོར་ཚིམ་པར་བྱ་བ་ནི། དེའི་དབུས་ནས་ཞེས་བྱ་བ་སྟེ། བདག་གི་སྙིང་གའི་ཧཱུྃ་ལ། ཡེ་ཤེས་ཀྱི་ལྷ་ཐམས་ཅད་དུ་མོས་པ་བྱ་སྟེ། མཐེ་བོང་དང་སྲིན་ལག་གིས་བླངས་ཏེ། དང་པོ་ལྕེ་ལ་མྱང༌། དེ་ནས་སྨིན་མཚམས་དང༌། སྤྱི་གཙུག་ཏུའང་གཞག་པར་བྱའོ། །དེ་ལྟར་ཡང༌། དེ་འོག་རང་གི་དངོས་པོ་ཡིས། །བདག་ཉིད་ལ་ནི་བསམ་པར་བྱ། །ལྕེ་རྩེ་ཐིག་ལེ་སྟེང་དུ་ཡང༌། །བློ་དང་ལྡན་པས་གནས་གསུམ་མཆོད། །ཅེས་གསུངས་སོ། །ལྔ་པ་ལྷག་མས་ཕྱི་རོལ་གྱི་འབྱུང་པོ་ཚིམ་པར་བྱ་བ་ནི། ལྷག་མ་ལ་སོགས་ཞེས་བྱ་བ་སྟེ། དེ་ལྟར་བདུད་རྩི་སྦྱར་བའི་ལྷག་མ་དེ་གཏོར་མ་ལ་བླུགས་ལ། གཏོར་མ་དེ་བདུད་རྩི་ཇི་ལྟ་བ་བཞིན་དུ་བྱིན་གྱིས་བརླབས་ལ། དེའི་ཕུད་ཀྱང་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ་ཉིད་ལ་དབུལ་བར་བྱའོ། །དེའི་ལྷག་མས་མཆོད་པ་ཡིན་ལ། ལྷག་མ་ལ་སོགས་ཞེས་བྱའོ། །ཚིམ་པར་བྱ་བ་གསུམ་པའི་ཕྱག་རྒྱ་ལ་སོགས་པ་བསྟན་པའི་ཕྱིར། གཡོན་པའི་ཆའི་ཞེས་ཤླཽ་ཀ་གཅིག་གསུངས་ཏེ། དེ་ལ་ཆ་ཞེས་བྱ་བ་ནི་གཏོར་མ་ཆ་གཉིས་སུ་བགོས་ལ། གཡོན་པ་ངོས་སྣོད་ཅེས་དཀྱིལ་འཁོར་ལ་འབུལ་ལ། གཡས་པ་ངོས་ཁྲོ་བོ་སྟེ་འཇིག་རྟེན་པ་ལ་དབུལ་ཞེས་བྱའོ། །ཡང་ན་གཡོན་པའི་ཆ་ནི་གཡོན་པའི་ལག་པར་རོ། །དེར་སྣོད་དེ་གཏོར་མ་དེར་བཟུང་ལ། གཡས་པ་ཁྲོ་བོ་ནི་གཡས་པ་ཁུ་ཚུར་བཅངས་པ་ལ་ཁྲོ་བོ་སྟེ། སྡིགས་མཛུབ་དཔུང་གར་ཕྱར་བ་ནི་ཕྱག་རྒྱའོ། །རྐང་པ་གཡས་པས་གཡོན་པ་མནན་ཅིང་མིག་གྱེན་དུ་བལྟས་ལ་སྤྱི་བོར་ཕཻཾ་ཞེས་བྱ་བ་བསམས་ལ། ངག་ཏུ། ཨོཾ་ཤིང་གཅིག་ཅེས་བྱ་བ་ལ་སོགས་པ་བརྗོད་དེ་འཇིག་རྟེན་པ་རྣམས་སྤྱན་དྲང་བར་བྱའོ། །དོན་བརྒྱད་པ་དུས་བསྟན་པ་ནི། ཟླ་བ་མར་ངོ་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །དགུ་པ་ཕྱི་རོལ་པ་སྤྱན་དྲང་ཞིང་ཚིམ་པར་བྱ་བ་ལ་བཞི་སྟེ། མགྲོན་སྤྱན་དྲང་བའི་ཚིགས་བཅད་དང༌། མཆོད་པའི་སྔགས་དང༌། དེའི་ཏིང་ངེ་འཛིན་དང༌། མཆོད་པའི་ཕན་ཡོན་ནོ། །དང་པོ་ནི་ཨོཾ་ཞེས་བྱ་བ་ནས་དགུག་ཅེས་བྱ་བའི་བར་ཏེ། འདིར་མགྲོན་བསྐྱེད་པ་ནི་མི་བཞེད་དེ། གོང་གི་ཕྱག་རྒྱ་དང་བསམ་གཏན་དང་བཅས་པས་འདི་རྣམས་ལན་ཅིག་བརྗོད་པས་སྤྱན་དྲང་ངོ༌། །ཡང་ན་འདི་རྣམས་ཀྱི་དམ་ཚིག་པ་སྐད་ཅིག་གིས་བསྐྱེད་དེ་སྤྱན་དྲངས་ཀྱང་འགལ་བ་མེད་དོ། །དེ་ལ་ཨོཾ་ཞེས་བྱ་བ་ནི་སྔགས་ཀྱི་མགོ་འདྲེན་ནོ། །ཤིང་གཅིག་ཅེས་བྱ་བ་ལ་སོགས་པ་གནས་བཅུ་གཉིས་པོ་འདིར་སྨོས་པ་ནི། འདི་རྣམས་ནས་སྤྱན་འདྲེན་ཞེས་སྦྱར་རོ། །དེ་ལ་གནས་བཅུ་གཉིས་པོ་འདིར་སྨོས་པ་ནི། སྤྱིར་དུར་ཁྲོད་བརྒྱད་ཡུལ་ཉི་ཤུ་རྩ་བཞི་དང༌། གནས་སུམ་ཅུ་རྩ་གཉིས་ན་ཤིང་གཅིག་ལ་སོགས་པ་གནས་པ་དེ་ལ་གནས་བཅས་པ་ལས་སྤྱན་འདྲེན་པའོ། །དེ་ལ་མཁའ་འགྲོ་སུམ་ཅུ་རྩ་གཉིས་པོ་འདི་དག་ནི་གོང་དུ་སྨོས་པའི་ཛཱ་ལནྡྷ་ར་ལ་སོགས་པའི་ཡུལ་ན་གནས་པའི་ཞིང་སྐྱོང་ཡིན་ནོ། །དེ་ལྟར་ཅིས་ཤེས་ན་དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཅོ་བརྒྱད་པ་ལས། ཡུལ་ཉི་ཤུ་རྩ་བཞི་གསུངས་ནས་དེ་རྣམས་ལ་མཆོད་པའི་གཏོར་མའི་སྐབས་སུ་འདི་གསུངས་པ་ཡིན་པས་ཤེས་སོ། །དེ་ལ་ཞིང་སྐྱོང་བའི་གཙོ་བོ་བརྒྱད་མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་བཅས་པ་རྣམས་ཀྱི། མིང་ནི་དྲག་པོ་དྲག་མོ་ཞེས་བྱ་བ། །ལ་སོགས་པ་སྨོས་ཏེ། དེ་ལ་འདི་རྣམས་ཀྱི་སྐུ་མདོག་ཕྱག་མཚན་བརྒྱ་བྱིན་ལ་སོགས་པ་དང་འདྲ་སྟེ་བརྒྱ་བྱིན་ལ་སོགས་པ་འདུལ་བར་བྱེད་པའམ། དེ་རྣམས་ཉིད་བཏུལ་བའི་རང་བཞིན་ཞིང་སྐྱོང་བ་ཡིན་གྱི། འདི་རྣམས་ནི་འཇིག་རྟེན་པ་ཉིད་ཁོ་ནར་བལྟ་བར་མི་བྱའོ། །དེ་བས་ན་འདི་རྣམས་མཆོད་པས་སྐྱོན་དུ་ག་ལ་འགྱུར། ཡང་འདི་རྣམས་འཇིག་རྟེན་པའི་ཚུལ་འཛིན་པ་ཉིད་ཀྱིས་ན་ལྷག་མ་སྦྱིན་པར་བྱ་བ་ཡང་ཡིན་ནོ། །དེ་ལ་དྲག་པོ་ལ་སོགས་པ་རྣམས་ནི་ཕྱག་བཞི་པ་སྟེ། ལག་པ་གཡས་དང་པོས་ནི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལ། ལྷག་མའི་ཕྱག་རྣམས་ནི་ཕྱག་མཚན་ཅན། ཕྱག་མཚན་མེད་པའི་གཡོན་པ་ནི་གདན་ལ་བརྟེན་པའམ། ཆུང་མའི་མགུལ་ནས་འཁྱུད་པའོ། །དེ་ལ་དབང་ལྡན་གྱི་མཚམས་སུ་དྲག་པོ་ནག་པོ་ནི་དབང་ཕྱུག་ཆེན་པོ་དང་འདྲ་སྟེ། སྐུ་མདོག་སྐྱ་ནག་ཁྱུ་མཆོག་ལ་ཞོན་པ། ལག་པས་ཐོད་པ་དང་རྩེ་གསུམ་པ་བཟུང་བའོ། །ཤར་དུ་དྲག་པོ་ཆེན་པོ་ནི་ཁ་དོག་སེར་པོ་གླང་པོ་ཆེ་ལ་ཞོན་པ། ལག་པ་གཅིག་གིས་རྡོ་རྗེ་འཛིན་ཅིང༌། གཅིག་གིས་གླང་པོ་ཆེ་ལ་རྡེག་པའོ། །མེར་བྱིན་ཟ་མདོག་དམར་པོ་ར་སྐྱེས་ལ་ཞོན་པ། ལག་པས་དགང་གཟར་དང་དབྱུ་གུ། གཡོན་པས་བ་དན་དང་གུནྡྷེ་ཐོགས་པའོ། །ལྷོར་གཤིན་རྗེ་ནག་པོ་མ་ཧེ་ལ་ཞོན་པ་ཁ་དོག་ནག་པོ་དབྱུག་པ་དང་མདུང་འཛིན་པའོ། །བདེན་བྲལ་དུ་གཙིགས་པ་ནག་པོ་རོ་ལ་ཞོན་པ་རལ་གྲི་དང་ཕུབ་ཆུང་འཛིན་པའོ། །ནུབ་ཏུ་མི་སྡུག་པ་དཀར་པོ་ཆུ་སྲིན་ལ་ཞོན་པ་གདེངས་ཀ་བདུན་གྱིས་མཚན་པའི་ཞགས་པ་འཛིན་པའོ། །རླུང་དུ་དགའ་ལས་འདས་རླུང་མདོག་རི་དྭགས་ལ་ཞོན་པ། ལག་ན་རླུང་གིས་བསྐྱོད་པའི་རས་འཛིན་པའོ། །བྱང་དུ་ལོག་འདྲེན་སེར་པོ་མི་ལ་ཞོན་པ། ལྕགས་ཀྱུ་དང་དབྱུག་ཏོ་འཛིན་པའོ། །འདི་ཐམས་ཅད་རལ་པ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱག་བཞི་པའོ། །དེ་དག་རེ་རེ་ལ་ཆུང་མ་བཞི་བཞི་དང་ལྡན་ཏེ། རང་གི་གཙོ་བོ་ལ་མདུན་ནས་གཡོན་སྐོར་གྱི་རིམ་པས་གནས་ཏེ། ཙ་མུཎྜཱི་དང༌། འཇིགས་པའི་གཟུགས་དང༌། ཨུ་མ་དེ་བཱི་དང༌། མི་སྡུག་མ་ཞེས་པའམ་ཐམས་ཅད་མ་ཞེས་པ་བཞིས་དྲག་པོ་ནག་པོས་བསྐོར་བའོ། །དྲག་ཆེན་གྱི་ཕྱོགས་བཞིར་རྒྱལ་མ་དང༌། རྣམ་པར་རྒྱལ་མ་དང༌། མི་ཐུབ་མ་དང༌། གཞན་གྱིས་མི་ཐུབ་མའོ། །ལྷས་བྱིན་མཉམ་རྟེན་གྱི་ཕྱོགས་བཞིར་ནག་མོ་བཟང་མོ་དང༌། ནག་མོ་ཆེ་དང༌། རྩེ་མོ་ནག་མོ་དང༌། རྣལ་འབྱོར་མའི་དབང་ཕྱུག་མའོ། །ནག་མོའི་ཕྱོགས་སུ་ཟླ་བ་མོ་དང༌། འཇིགས་པ་མོ་དང༌། གདུག་པ་ཅན་དང༌། ལམྦྷ་ཀིའོ། །གཙིགས་པའི་ཕྱོགས་བཞིར་སུམ་ཅུ་རྩ་གསུམ་གྱི་དབང་ཕྱུག་མ་དང༌། གཡོ་ལྡན་མ་དང༌། མར་མེ་མ་དང༌། འཇིགས་བྱེད་གྲོང་གནས་ཀྱི་རྣལ་འབྱོར་མའོ། །འཇིགས་སུ་རུང་བའི་ཕྱོགས་བཞིར་འཇིགས་པའི་གཟུགས་དང༌། གཟུགས་ཅན་མ་དང༌། མཆེ་བའི་གཟུགས་དང༌། ངན་གཙིགས་སམ་ཐོད་པ་གཙིགས་མའོ། །དགའ་ལས་འདས་ཀྱི་ཕྱོགས་བཞིར་ཐོད་པའི་ཕྲེང་བ་མ་དང༌། འཕྱང་མ་དང༌། མཐུ་ཆེན་ནམ་བདག་ཉིད་ཆེན་མོ་དང༌། ལག་ན་ཁ་ཊྭཱཾ་གའོ། །ལོག་འདྲེན་གྱི་ཕྱོགས་བཞིར་ལག་ན་དགྲ་སྟྭ་དང༌། ལག་ན་རལ་གྲི་དང༌། རྡོ་རྗེ་ལག་དང༌། གཞུ་ལག་མའོ། །ཐམས་ཅད་ཀྱང་མདོག་རང་གི་གཙོ་བོ་དང་འདྲ། ཕྱག་བཞི་པ་སྟེ། ཕྱག་དང་པོས་མེ་ཏོག་ལ་སོགས་པའི་མཆོད་པ་ཐོགས་པའོ། །བདག་ཉིད་ཆེན་མོ་ཡན་ཆད་ཀྱི་ཕྱག་མཚན་ནི་གཙོ་བོ་དང་འདྲ་ལ། ལག་ན་ཁ་ཊྭཱཾ་ག་ལ་སོགས་པ་རྣམས་ནི་རང་རང་གི་ཕྱག་མཚན་འཛིན་པའོ། །དེ་ལྟ་བུའི་ཞིང་སྐྱོང་འདི་རྣམས་ཇི་ལྟ་བུ་ཡིན་སྙམ་པ་ལ། མཁའ་འགྲོ་མ་ལྔའི་བདག་ཉིད་ཆེ་སྟེ་ལེ་ཚེ་དབུས་མ་ཡེ་ཤེས་ལྔའི་རང་བཞིན་གྱི་དཀྱིལ་འཁོར་རོ། །དེའི་ལས་ཀུན་རྗེས་སུ་སྒྲུབ་བྱེད་པ་སྟེ། དེའི་སྤྲུལ་པ་ཕོ་ཉ་དང་བྲན་ལ་སོགས་པའི་ཚུལ་བཟུང་ཞིང་ཕྲིན་ལས་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གང་ལས་བྱུང་ཞེ་ན། རྣལ་འབྱོར་དཀྱིལ་འཁོར་རྒྱལ་མོའི་ཡུམ་མོ། །དེ་བཞིན་རྡོ་རྗེ་ནི་ཡབ་བོ། །དེ་ལྟ་བུའི་དེ་བཞིན་གཤེགས་པའི་སྐུ་ལས་སོ། །སྐྱོན་མེད་རྣལ་འབྱོར་འབྱིན་པ་ནི། །ཆོས་ཀྱི་སྐུ་ལས་ལོངས་སྐུ་འབྱིན། །དེ་ལས་སྤྲུལ་སྐུ་སྣ་ཚོགས་འབྱིན། །ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་མཁའ་འགྲོ་ཆེ་རྣམས་རྡོ་རྗེ་དབང་ཕྱུག་ནི་བདག་ཉིད་ཆེ་གེ་མོའི་རྣལ་འབྱོར་ལ་གནས་པས་སོ། །ཐམས་ཅད་ནས་ནི་ཐམས་ཅད་ནས་སོ། །ཐམས་ཅད་དུ་ནི་ལྷའོ། །དགུག་པ་ནི་ཁྱེད་རྣམས་ཀྱིས་སྐྱོན་ཅིག་པའོ། །དེ་ལྟར་ངག་ཏུ་བརྗོད་ཅིང་སྤྱན་དྲང་ངོ༌། །དེ་ལྟར་སྤྱན་དྲངས་ནས་ཅི་སྙམ་པ་ལ། ཨོཾ་ཀཱ་ཀ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔགས་འདི་རྣམས་ཀྱི་རྗེས་ལ་གོང་བརྟག་པ་བརྒྱད་པའི་ཁ་ཁ་ལ་སོགས་པ་བཏགས་ཏེ། གཏོར་མས་མཆོད་པའི་སྔགས་སུ་བྱའོ། །དེའི་དུས་ཀྱི་ཏིང་ངེ་འཛིན་ནི་བདུད་རྩི་བསམ་གཏན་ཏེ་གཏོར་མ་བདུད་རྩིར་བསྒོམས་པ་དེ་མགྲོན་རྣམས་ལ་ཕུལ་བས་དེ་དག་གི་ཁ་གཏོར་མའི་བདུད་རྩིས་གང་བར་བསམ་ཞིང་དབུལ་ལོ། །དེའང་སྣོད་ལ་སོགས་པ་གྲུབ་ན་སྙིམ་པས་གཞལ་ཞིང་དབུལ་གསུང༌། མ་གྲུབ་ན་རྡོ་རྗེ་ཁུ་ཚུར་རྒྱབ་སྤྲད་པའི་ཕྱག་རྒྱས་དབུལ་བར་བྱའོ། །དེའི་ཕན་ཡོན་བསྟན་པ་ནི། ལ་སོགས། བསམ་ཞེས་བྱ་བ་ལ། ལས་གང་འདོད་པ་དེ་མངོན་པར་བསམས་ཏེ། གཏོར་མའི་མགྲོན་རྣལ་འབྱོར་དང༌། རྣལ་འབྱོར་མ་བསམས་ཏེ། དེ་ལ་ཕུལ་ན་ལས་བརྒྱད་འགྲུབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་ཡན་ཆོད་དོན་དགུས་ནི་གཏོར་མའི་དབང་དུ་བྱས་ཏེ་བསྟན་ཏོ། །དེ་ནི་རྣལ་འབྱོར་པ་རྣམས་ཟས་གྱིས་ཚིམ་པའི་དབང་དུ་བྱ་སྟེ། ཧ་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དང་པོ་འདིས་ཁ་ཟས་བྱིན་གྱིས་བརླབ་པ་སྟོན་ཏེ། གོང་དུ་སྟོན་པ་དང་མངོན་པར་རྟོགས་པ་ཕྱོགས་གཅིག་ཏུ་ཤེས་པར་བྱས་ཏེ་བཤད་ཟིན་ཏོ། །ཁ་ཟས་ཀྱི་ཡོ་བྱད་རྣམས་མདུན་དུ་བྱས་ལ་བགེགས་བསལ་བ་ལ་སོགས་པའི་ཆོ་ག་རྣམས་གོང་དུ་སྨོས་པ་བཞིན་ནོ། །དེ་ལ་ལྷ་གསུམ་ཞེས་བྱ་བ་ནི། ཁ་དོག་བཟང་པོ་ནི་སྣང་བ་མཐའ་ཡས། དྲི་བཟང་པོ་ནི་རྣམ་སྣང༌། རོ་བཟང་པོ་ནི་མི་བསྐྱོད་པར་ཤེས་པར་བྱའོ། །དེ་ལྟར་བྱིན་གྱིས་བརླབས་ནས་ཕུད་ལྷ་དང་བླ་མ་ལ་ཕུལ་ནས་དང་པོར་དམ་ཚིག་བཏང་བ་ནི། རབ་ཏུ་བྱེད་པ་བཞི་པར། སྐྱེས་པའི་ཐོད་ཆེན་ཞེས་བྱ་བ་ལ་སོགས་པ་རྐང་པ་དྲུག་གོ །དམ་ཚིག་སྦྱིན་པའི་ཚིགས་བཅད་ནི། འདིར་ནི་ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། རྟོག་པ་མེད་པའི་ལན་བྱ་ཞིང་བླང་བ་ནི། བདེ་གཤེགས་ཆོས་ནི་ཞེས་ཤླཽ་ཀ་གཉིས་སོ། །ཡན་ལག་ཅེས་བྱ་བ་ཤླཽ་ཀ་གཅིག་པོ་འདི་གདན་བཞི་ལ་མར་སྦྱར་ལ། ཡར་སྦྱར་ཡང་འགལ་བ་མེད་བསམ་མོ། །དེ་ལྟར་ཐོག་མར་རྟོག་པ་གཞོམ་པར་བྱ་བའི་དམ་ཚིག་གཏང་བ་བསྟན་ནས། དེ་ལས་གཞན་ཡང་མཆོད་པ་དང་བཟའ་བཏུང་ལ་སོགས་པ་རྒྱས་པར་བསྟན་པ་ནི། རབ་ཏུ་བྱེད་པ་བཞི་པ་ལས། མེ་ཏོག་བདུག་པ་ཞེས་བྱ་བ་གླུ་གར་གྱིས་ཚིམ་པར་བྱ་བའི་བར་དུ་གསུངས་སོ། །དེར་རོལ་མོ་སིལ་སྙན་ལ་སོགས་པའང་སྦྱར་རོ། །དེའི་མཐར་ཚིམ་པ་ལྔ་པ་ཀུན་དུ་རུས་ཚིམ་པར་བྱ་བའང༌། རབ་ཏུ་བྱེད་པ་བཞི་པར། མ་དང་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །འདིར་ཡན་ལག་ལ་སོགས་པས་ཀྱང་འདིར་བསྟན་པ་ཡིན་གསུང་ངོ༌། །ཚིམ་པ་དྲུག་པ་ཕྱི་རོལ་དུ་འབྱུང་པོའི་ཚོགས་ལྷག་མས་ཚིམ་པར་བྱ་བ་ནི། དེ་ནས་ལྷག་མ་བསྡུས་ལ་སློབ་དཔོན་གྱིས་ཆང་གིས་ཁ་བཀང་ལ། ངོ་མཚར་སྒྱུ་མའི་ཕྱག་རྒྱའི་བུ་ག་ནས་གཏོར་མ་ལ་ཁ་ཕྲུ་བཏབ་ལ། ཨོཾ་ཨུཙྪིཥྚ་བ་ལིཾ་བྷཀྵ་སཱི་སྭཱ་ཧཱ། ཞེས་བཏབ་ཏེ་གཏོར་མ་ཐམས་ཅད་ཕྱི་རོལ་དུ་སྦྱིན་ནོ། །དེའི་དུས་སུ་མཁའ་འགྲོ་མ་བཀུག་ལ་ཕྲིན་ལས་གཞོལ་བར་འདོད་ན་རྔེའུ་ཆུང་བརྡུང་ཞིང་དགུག་པ་ནི། རབ་བྱེད་བཞི་པ་ལས་འབྱུང༌། དེ་ཁུགས་པ་དང་དེའི་དམ་ཚིག་གི་ཕྱག་རྒྱ་བསྟན་པ། ལས་གཞོལ་བ་གོང་བརྟག་པ་བཞི་པ་དང་བདུན་པར་བསྟན་ཏོ། །དེས་ནི་དངོས་གཞི་ཚིམ་པ་དྲུག་བསྟན་ཏོ། །མཇུག་ཏུ་བྱ་བའི་ཆོ་ག་ལ་གསུམ་སྟེ། བཀྲ་ཤིས་ཀྱི་གླུ་དབྱངས་བྱ་བ་དང༌། སྨོན་ལམ་གདབ་པ་དང༌། མགྲོན་གཤེགས་སུ་གསོལ་བའོ། །དང་པོ་ནི་རྡོ་རྗེ་དྲིལ་བུ་སྒྲ་ཞེས་བྱ་བ་སྟེ། ལྷག་མ་བྱིན་ཏེ་སླར་ནང་དུ་འོངས་ལ་ཡང་གླུ་བླང་བར་བྱའོ། །གཉིས་པ་ནི་དེ་ནས་སེམས་ཅན་ཀུན་ཞེས་བྱ་བ་ལ་སོགས་པའོ། །གཤེགས་སུ་གསོལ་བ་ལ་གསུམ་སྟེ། ཡེ་ཤེས་པ་གཤེགས་པ་དང༌། དམ་ཚིག་པ་བསྡུ་བ་དང༌། ཕྱི་རོལ་གྱི་ལྷ་གཤེགས་པའོ། །དང་པོ་ནི་རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནས་ཨོཾ་ཨཱཏྨ་ཏི་སྟ་ཧཱུྃ། ཞེས་བྱ་བའི་བར་ཏེ། ཡི་གེ་བརྒྱ་པ་བརྗོད་པའི་རྗེས་ལ་འདི་བྱའོ། །དམ་ཚིག་པ་བསྡུ་བ་ནི། ཕྱིས་ནི་ཞེས་ཤླཽ་ཀ་གཅིག་གོ །གསུམ་པ་ནི་ཨོཾ་སརྦ་ཞེས་བྱ་བ་འདིས་བསྟན་ཏོ། །དེའི་རྗེས་ལ་མེ་ཏོག་ཚོམ་བུ་ལ་སོགས་པ་ཐམས་ཅད་བསྡུས་ལ་ལས་ཀྱི་རྗེས་མི་མངོན་པར་བྱ་བ་ཤུགས་ལས་ཤེས་པར་བྱའོ། །དགུ་པའི་རབ་བྱེད་གཉིས་པའི་བཤད་པའོ།།  །།གསང་བའི་པདྨ་ཞེས་བྱ་བ་ལ་སོགས་པས། དེ་དག་ལས་གཞན་པའི་མངོན་རྟོགས་སྐུ་དང་གསུང་གི་དམ་ཚིག་གླེགས་བམ་དང་བྲིས་སྐུ་སྟོན་ཏོ། །བརྗོད་པར་བྱ་བ་ལ་སོགས་པ་གསུམ་ནི་གོང་དུ་བསྟན་ཟིན་ཏོ། །འདིས་རྒྱུད་སྡེ་གཞན་ལ་ཇི་ལྟར་ཕན་འདོགས་པ་ཡིན་ན། སྤྱིར་གླེགས་བམ་དང་བྲིས་སྐུ་ནི་ཧེ་བཛྲའི་ཕྱི་མའི་ལེའུ་དྲུག་པར་བྲིས་སྐུ་གསུངས། བདུན་པར་གླེགས་བམ་གསུངས་པས་རྒྱུད་དེར་བྲི་བའི་གཞི་དང་བྲི་མཁན་ལ་སོགས་པ་གསལ་བར་བཤད། ཡང་ཕལ་ཆེར་ཆ་མཐུན་ནོ། །ཡང་བདེ་མཆོག་ཉུང་ངུའི་ལེའུ་ཉི་ཤུ་དགུ་པ་དང༌། སུམ་ཅུ་སོ་གསུམ་པ་ཕྱོགས་གཅིག་ཏུ་བྱས་ཏེ་ཐ་མལ་གྱི་རྟོག་པ་དང་བྲལ་ན་གཙང་སྦྲ་ཡིན་ནོ་ཞེས་རྒྱུད་དེ་དང་ཆ་མཐུན། ཡང་མངོན་བརྗོད་བླ་མའི་ལེའུ་ཞེ་དྲུག་པར་དམ་ཚིག་ཆ་མཐུན། ཞེ་བརྒྱད་པ་ལས་བྲིས་སྐུ་སྟོན་པ་དེ་འདིར་བསྡུས་ཏེ་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །ཡང་རྒྱུད་གསུམ་པོ་ཕྱོགས་གཅིག་ཏུ་བསྡེབས་ཏེ་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །ཡང་འདིས་འདུས་པ་ལ་སོགས་པའི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་མཐའ་དག་ཏུ་བྲིས་སྐུ་དང་གླེགས་བམ་གང་དུའང་མ་གསུངས་པ་དེ་འདིས་མ་ཚང་བ་ཁ་བསྐང་ཞིང༌། གསུངས་པ་རྣམས་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །གཞུང་ལ་གཉིས་ཏེ། ཞུས་པ་དང༌། དེའི་ལན་གདབ་པའོ། །དང་པོ་ནི། གསང་བའི་པདྨ་ཞེས་ཤླཽ་ཀ་གཅིག་གོ །དེའི་ལན་གདབ་པ་ལ་གཉིས་ཏེ། བྲིས་སྐུའི་ཆོ་ག་དང་གླེགས་བམ་གྱི་ཆོ་གའོ། །དང་པོ་ལ་ལྔ་སྟེ། རི་མོ་མཁན་དང༌། བྲི་བའི་གཞི་དང༌། གང་ལ་བསྟན་པ་དང༌། མི་བསྟན་པའི་བྱེ་བྲག་གོ །དང་པོ་ནི། དད་དགའ་ཞེས་ཤླཽ་ཀ་གཉིས་སོ། །གཉིས་པ་ནི། སྒྲུབ་པ་པོ་དམ་པས་ཞེས་བྱ་བ་ལ་སོགས་པ་སྟེ། ཧེ་བཛྲ་ལས་ནི་དང་པོ་ནས་བསྒྲུབ་པའི་རས་གསུངས་ལ། ཨ་བྷི་དྷ་ན་ལས་ནོར་འདོད་ན་བྱི་བའི་པགས་པ་ཞེས་བྱ་བ་ལ་སོགས་པ་ལས་སོ་སོའི་བྲི་བའི་གཞི་གསུངས་ལ། འདི་ནི་གློ་བུར་དུ་བསྒྲུབ་པའི་གཞི་ཞེས་པ་ཡིན་ནོ། །གསུམ་པ་ནི་སྒྲོལ་མ་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཧེ་བཛྲ་ལས། བྲིས་སྐུ་བླ་མ་བྲི་བ་ཉིད། །ཅེས་གསུངས་ལ། འདིར་འདིས་མཚོན་པ་སྟེ། བདག་ཉིད་གང་རྣལ་འབྱོར་དུ་བྱེད་པ་དེ་ཇི་ལྟར་བསྒོམ་པ་དང་མཚུངས་པར་བྲི་ཞེས་བྱ་བའི་དོན་ཏོ། །བཞི་པ་ཆོ་ག་ལ་བཞི་སྟེ། གནས་དང་བསམ་པའི་ཁྱད་པར་དང༌། ཚོན་དང་པིར་གྱི་ཁྱད་པར་དང༌། རྣལ་འབྱོར་དང་སྤྱོད་པའི་ཁྱད་པར་དང༌། ཚོན་དང་པིར་བྱིན་གྱིས་བརླབས་ཏེ་བྲི་བར་བསྟན་པའོ། །དང་པོ་ནི་དེ་ལས་འདི་ཞེས་བྱ་བ་ལ་སོགས་པའོ། །གཉིས་པ་ནི་སྐྱེས་པའི་ཐོད་པར་ཞེས་བྱ་བ་ལ་སོགས་པའོ། །གསུམ་པ་ལའང་བཞི་སྟེ། རྣལ་འབྱོར་གྱི་ཁྱད་པར་ནི་དང་པོ་སློབ་དཔོན་ཞེས་པའོ། །རྒྱན་དང་ཆ་ལུགས་ནི་ཡན་ལག་ལ་ཞེས་པའོ། །གཙང་སྦྲའི་ཁྱད་པར་ནི། དེ་བཞིན་དུའང་ཞེས་བྱ་བའོ། །དེ་ལ་རྩོད་པ་སྤང་བ་ལ་གཉིས་ཏེ། རྒོལ་བ་ཞུས་པ་དང༌། ལན་གདབ་པའོ། །དང་པོ་ནི། ཀྱེ་ཞེས་བྱ་བ་ལ་སོགས་པའོ། །དེའི་ལན་ལ་ལྔ་སྟེ། གཙང་སྦྲའི་རབ་ཏུ་དབྱེ་བ་དང༌། རྟོག་པ་གཞོམ་པའི་ཕྱིར་གཙང་སྦྲ་བསྟེན་པར་བསྟན་པ་དང༌། རྟོག་པ་དང་བཅས་ན་གཙང་སྦྲ་དེ་ཉིད་ཤིན་ཏུ་སྨད་པ་དང༌། རྟོག་པ་མེད་ན་དེ་ཉིད་མཆོག་ཏུ་བསྟན་པ་དང༌། རྟོག་པ་སྤང་བའི་དོན་དུ་ཕྱག་རྒྱ་བསྟེན་པའོ། །དེ་ལ་དོན་ནི་འདི་ཡིན་ཏེ། ལྷག་མ་དང་མ་དག་པས་མི་བྲི་ཞེས་པ་ལ། དེ་ལ་སིཧླ་ལ་སོགས་པ་འདྲེས་པས་མ་དག་པར་མི་འགྱུར་ཏེ། མ་དག་པས་མི་བྲི་ཞེས་ཐ་མལ་པའི་རྣམ་པར་རྟོག་པ་འདྲེས་པས་ནི་མ་དག་པར་འགྱུར་བས་ན་དེས་མི་བྲི་ཞེས་སོ། །འོ་ན་སིཧླ་ལ་སོགས་པ་དག་པར་ཇི་ལྟར་འགྱུར་སྙམ་པ་ལ། རྣམ་རྟོག་སྤང་བའི་ཕྱིར་རོ་ཞེས་སྟོན་པའོ། །དེ་ལ་དང་པོ་ནི་གཙང་སྦྲའི་རབ་ཏུ་དབྱེ་བ་བྱས་ཏེ། ཕོ་ཉ་ཞེས་བྱ་བ་ལ། འཇིག་རྟེན་ན་དང་པོ་ཆུས་འཁྲུད། དེ་ནས་ཞི་བའི་སྦྱིན་སྲེག་བྱེད། དེ་ནས་སྣོད་སོ་སོར་ཟ་བ་ལ་ཟེར་རོ། །དེ་འདིར་ཕོ་ཉ་སྟེ་བགྲོད་བྱ་དང་བགྲོད་བྱེད་མ་ཡིན་པའི་རྟོག་པ་བཅོམ་པ་ནི་གཙང་སྦྲ་དང་པོའོ། །དེ་ནས་གཙང་མི་གཙང་ལ་སོགས་པས་བཅོམ་པ་ནི་ཞི་བའོ། །རིགས་ཀྱི་རྟོག་པ་མེད་པར་སྣོད་གཅིག་ཏུ་ཟ་བ་ནི་གཙང་སྦྲ་གསུམ་པའོ། །གཉིས་པ་ནི་ཕྱི་རོལ་རྣལ་འབྱོར་ཏེ། རྟོག་པ་དང་བཅས་པའི་རྣལ་འབྱོར་པས་སོ། །གཙང་སྦྲ་འདི་དག་རྟོག་པ་གཞོམ་ཕྱིར་གཙང་སྦྲ་འདི་དག་བསྟེན་ཞེས་པའོ། །རྟོག་པ་དང་བཅས་ན་གཙང་སྦྲ་དེ་ཉིད་སྨད་པ་ནི་རང་སེམས་དྲི་མ་ཞེས་བྱ་བ་ལ་སོགས་པའོ། །དོན་ནི་འདི་ཡིན་ཏེ། རྟོག་པ་གཞོམ་པའི་ཕྱིར་འདི་བསྟེན་གྱི་ཐ་མལ་གྱི་རྟོག་པ་དང་འཛིན་པ་དང་བཅས་པས་མ་དག་པ་ཉིད་མཆོག་ཏུ་འཛིན་པ་ནི་ཤིན་ཏུ་སྨད་དེ། དཔལ་གསང་བ་གྲུབ་པ་ལས། གལ་ཏེ་དེ་ཉིད་མེད་བཞིན་དུ། །ངོ་མཚར་ཆེ་བ་ལྟར་བྱེད་པ། །ཇི་སྲིད་ནམ་མཁའ་གནས་ཀྱི་བར། །ཤི་བའི་འོག་ཏུ་དམྱལ་བར་འགྲོ། །ཞེས་གསུངས་པ་ལྟ་བུའོ། །རྟོག་པ་མེད་ན་དེ་ཉིད་མཆོག་ཏུ་བསྟན་པ་ནི། དུང་དང་ཞེས་བྱ་བ་ལ་སོགས་པའོ། །རྟོག་པ་སྤང་བའི་དོན་དུ་ཕྱག་རྒྱ་བསྟེན་པ་ནི། དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ན་རྟོག་པ་དང་བྲལ་ན་གཙང་སྦྲ་མཆོག་ཡིན་ལ། སིཧླ་ལ་སོགས་པ་མ་དག་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །བྱིན་གྱིས་བརླབས་ཏེ་བྲི་བར་བསྟན་པ་ནི། པིར་ལ་ཞེས་བྱ་བ་ལ་སོགས་པ་སྟེ། དང་པོར་རས་འདུལ་ནི་ས་ཆོག་ལྟར་བྱའོ། །ཐིག་ནི་ཐིག་ཆོག་ལྟར་བྱ། པིར་ཚོན་ནི་ཚོན་བྱིན་གྱིས་བརླབས་པ་ལྟར་བྱས་ཏེ་བྲི་བར་བྱ་ཞེས་བྱ་བའི་དོན་ཏེ། ལྔ་པ་གང་ལ་བསྟན་པ་དང༌། མི་བསྟན་པའི་བྱེ་བྲག་ནི། འཇིག་རྟེན་གཞན་ལ་ཞེས་བྱ་བའོ། །གླེགས་བམ་བསྟན་པའི་ཕྱིར། གླེགས་བམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྲང་ཆེན་སྣག་ཚ་ནི་མའི་ཐོད་པར་ཚིལ་ཆེན་གྱི་མར་ཁུས་མེ་སྦར་ལ་ཐོད་པ་གཞན་གྱིས་བཀབ་ལ། དེའི་དུད་པ་བླངས་པ་ལས་བྱ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །འདི་གཉིས་ལ་ཚོགས་ཀྱི་འཁོར་ལོ་དང་འབྲེལ་པས་བྱ་ཞེས་ཧེ་བཛྲ་ལས་གསུངས་སོ། །འདི་གཉིས་ཀའང་རྣལ་འབྱོར་པ་མཐའ་དག་གི་ཡིན་ཏེ། སྤྱོད་པ་སྤྱད་པའི་དུས་སུའང་དེ་ལ་ཧཱུྃ་བྱུང་སྦྱར་བར་བྱ་ཞེས་འབྱུང་བའི་ཕྱིར་རོ། །དངོས་པོ་ཕྱི་རོལ་ལ་མཆོག་ཏུ་འཛིན་པ་མ་ཡིན་ཏེ། དམིགས་པ་གསལ་བར་བྱེད་པའི་གྲོགས་སོ། །དགུ་པའི་རབ་ཏུ་བྱེད་པ་གསུམ་པའི་བཤད་པའོ།།  །།བྱ་བ་བཞིའི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། སིལ་སྙན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་རབ་ཏུ་བྱེད་པ་གཉིས་པར་ཚོགས་ཀྱི་འཁོར་ལོ་གསུངས་པ་དེ་ལ་གང་ཉེ་བར་མཁོ་བ་མ་གསུངས་པ་དེ་ཁ་སྐོང་བར་བྱེད་དོ། །རབ་ཏུ་བྱེད་པ་འདིའི་བརྗོད་པར་བྱ་བ་ལ་སོགས་པ་གསུམ་ནི་སྔར་བསྟན་ཏོ། །འདིས་རྒྱུད་སྡེ་གཞན་ལ་ཇི་ལྟར་ཕན་འདོགས་པ་ཡིན་ཞེ་ན། སིལ་སྙན་གྱི་བྱ་བ་སངས་རྒྱས་ཐམས་ཅད་མཉམ་སྦྱོར་གྱི་རྟོག་པ་དགུ་པར་རོལ་མོའི་ཕྱག་རྒྱ་ཤེས་པར། ཁ་ཅིག་ཆ་མཐུན། ཁ་ཅིག་མདོར་བསྡུས། ཁ་ཅིག་ཁ་བསྐངས་ཏེ་བཤད་པའི་རྒྱུད་དོ། །ཁྱད་པར་ཅང་ཏེའུ་རྒྱུ་དང་ཚད་དང་བརྡུང་བའི་ཚུལ་ལ་སོགས་པ་མཉམ་སྦྱོར་དུ་མ་ཚང་བ་ཁ་བསྐངས་ཏེ་བཤད་པའི་རྒྱུད་ཡིན་ལ། རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་ལེའུ་དགུ་པར་ཆ་མཐུན་པས་ངེས་པ་བསྐྱེད་པས་བཤད་པའི་རྒྱུད་དོ། །ཚོགས་ཀྱི་ནང་དུ་འཇུག་པའི་གསོལ་བ་གདབ་པ་གདན་བཞི་པའི་གཞན་གྱི་གདན་གྱི་རབ་ཏུ་བྱེད་པ་དང་ཆ་མཐུན། ཚོགས་ཀྱི་དུས་སུ་མེ་ཏོག་ལ་སོགས་པའི་མཆོད་པ་དང་ཆང་གི་བརྡ་བརྒྱད་མཉམ་སྦྱོར་དང་ཆ་མཐུན། ཀླུ་མཉམ་སྦྱོར་དུ་གསལ་བར་བཤད། ཀུན་དུ་རུའི་བྱ་བ་དང་དམ་ཚིག་གཏང་བ་ཧེ་བཛྲ་དང་ཆ་མཐུན། གླུ་གར་དང༌། རོལ་མོ་རྡོ་རྗེ་གུར་ལེའུ་བཅུ་བཞི་བཅོ་ལྔ་པར་ཚུལ་མི་འདྲ་བས་བཤད་པའི་རྒྱུད་དེ། མདོར་ན་རྒྱུད་གསུམ་པོ་དེ་ཕྱོགས་གཅིག་ཏུ་བསྡེབས་ནས་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །གཞུང་གི་དོན་ལ་ལྔ་སྟེ། རོལ་མོ་སིལ་སྙན་གྱི་བྱ་བ་དང༌། ཚོགས་ཀྱི་འདུ་བ་འདུས་ཏེ་བཟའ་བའི་བྱ་བ་དང༌། གླུ་གར་གྱི་བྱ་བ་དང༌། ཀུན་ཏུ་རུའི་བྱ་བ་དང༌། བཟའ་བའི་ཐོག་མ་དམ་ཚིག་སྦྱིན་པའི་བྱ་བའོ། །དང་པོ་ལ་གསུམ་ལས། མཉན་པར་གདམས་པ་ནི་སིལ་སྙན་ཡང་དག་སྦྱོར་ཏེ། གླིང་བུ་དང་ནི་རྒྱུད་གཅིག་དང༌། །དེ་བཞིན་རྒྱུད་མངས་རྒྱུད་དྲུག་དང༌། །ཞེས་གསུངས་པས་སིལ་སྙན་དཀྲོལ་བའི་བྱ་བའོ། །ཡང་ན་དངོས་སུ་སིལ་སྙན་མེད་ནའང་དེའི་ཆ་ལུགས་བྱ་ཞིང་ངག་ཏུ་བརྗོད་པས་ཀྱང་འགྲུབ་པར་འགྱུར་ཏེ། སིལ་སྙན་ཕྱག་རྒྱར་བཤད་པ་རྣམས། །ལས་རྣམས་ཐམས་ཅད་རབ་བསྒྲུབ་པའོ། །ཆ་ལུགས་ཇི་བཞིན་གར་བྱེད་པས། །མ་བརྟུལ་བར་ཡང་འགྲུབ་པར་འགྱུར། །ཞེས་མཉམ་སྦྱོར་ལས་གསུངས་སོ། །གཉིས་པ་ལྷ་སོ་སོའི་རོལ་མོའི་སྒྲ་སྐད་ནི་ཨ་ར་ཨ་ར་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་པ་སྤྲོས་བཅས་ཀྱི་སྤྱོད་པ་རྒྱ་ཆེན་པོ་བྱེད་པའི་ཚེ་སོ་སོའི་རྣལ་འབྱོར་ལ་གནས་ཤིང་བྱ་བ་སྟོན་ཏོ། །གསུམ་པ་ཅང་ཏེའུའི་མཚན་ཉིད་བསྟན་པ་ནི། བཛྲ་ཤི་ར་ཤ་ཞེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་འཁོར་གཉིས་ནི་བྲི་བར་བྱ། །ཞེས་བྱ་བ་ནི་རྔ་ལྤགས་ཀྱི་ནང་ལ་པདྨ་བྲིས་ལ་དེའི་ལྟེ་བར་དཀྱིལ་འཁོར་བྲིས་ཏེ་ལྷའི་སྔགས་རྣམས་དགོད་ཅེས་བྱ་བའི་དོན་ཏོ། །མཚན་མོ་བཞི་མདོ་ཞེས་བྱ་བ་བརྡུང་བའི་ཚུལ་ཏེ། ཚོགས་ཀྱི་འཁོར་ལོ་བྱས་ལ། ལྷག་མའི་གཏོར་མ་ཁྱེར་ཏེ་དེའི་དུས་སུ་བརྡུང་ཞེས་བྱ་བའི་དོན་ཏོ། །མཆི་མ་འཛག་ཅིང་ངུ་ཞེས་བྱ་བ་ནི་རང་དབང་མེད་པར་འགུགས་ཞེས་པའོ། །དེ་ལྟར་བཀུག་པ་དང་བརྟག་པ་བཞི་པ་དང་བདུན་པ་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱའོ། །དེ་བསྟན་པ་དང་སྒྲུབ་པ་པོ་གང་འདོད་པ་བྱེད་པར་འགྱུར་ཏེ། གདན་བཞི་དང་རྡོ་རྗེ་མཁའ་འགྲོ་ལས་གསུངས་པ་ལྟ་བུའོ། །ཚོགས་ཀྱི་འདུ་བ་ལ་དོན་བཞི་ལས། དང་པོ་ནང་དུ་འདུ་བར་གསོལ་བ་གདབ་པ་ནི་ཁྱོད་ནི་ཞེས་པ་ཤླཽ་ཀ་གཅིག་གོ །མཉན་པར་གདམས་པ་ཚོགས་ཀྱི་ཆེ་བ་དང་བཅས་པ་ནི་ཚོགས་ཀྱི་ཞེས་ཤླཽ་ཀ་གཅིག་གོ །འདུ་བའི་གནས་བསྟན་པ་ནི་དུར་ཁྲོད་ཅེས་ཤླཽ་ཀ་གཅིག་གོ །འདུས་ནས་བཟའ་བ་ལ་སོགས་པའི་བྱ་བ་ནི་མེ་ཏོག་ཅེས་བྱ་བ་ལ་སོགས་པ་ཤླཽ་ཀ་ལྔ་སྟེ། བདུད་རྩི་ལམ་ནི་ཡན་ལག་བརྒྱད། །ཅེས་བྱ་བ་ནི་བུར་ཆང་ལ་སོགས་པའི་བཏུང་བ་བརྒྱད་ལ་བརྡ་བརྒྱད་དེ། སྒེག་མོ་དང་ནི་ན་ཆུང་དང༌། །མྱོས་དང་དེ་བཞིན་བདུད་རྩི་དང༌། །གཅིག་པུ་དཔའ་དང་འདོད་ཆགས་སྲ། །གཡོན་ཅན་བྲན་མོ་དེ་བཞིན་ནོ། །ཞེས་སོ། །འདི་ལྟ་བུའི་མཆོད་པ་རྣམས་ཀྱིས་དཔའ་བོ་གཅིག་དང་རྣལ་འབྱོར་མ་རྣམས་མཆོད་ཅེས་བྱ་བའི་དོན་ཏོ། །གླུ་གར་བསྟན་པའི་ཕྱིར་འདིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སྤྱིར་གླུ་ནི་སངས་རྒྱས་མཉམ་སྦྱོར་དང་རྡོ་རྗེ་གུར་དང་གདན་བཞི་ལ་སོགས་པ་ལས་གླུ་དྲུག་གསུངས་པ་དེ་རྣམས་ནི་འདྲེན་པའི་སྐད་གདངས་ཡིན་ལ། ཡང་ཚིག་འདི་དག་ཀྱང་ཡིན་ཏེ་ཀ་ཀ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་གིས་ཅི་བྱེད་ཅེ་ན། དེ་ལྟར་ཀླ་ཀློ་ཀུན་འདར་རང་ཉིད་ཅེས་ཏེ་ཀླ་ཀློ་ལ་སོགས་པ་འདར་བ་ལ་སོགས་པ་འགྲུབ་པར་འགྱུར་ཏེ། མཉམ་སྦྱོར་ལས། ཀ་ཧྱ་ཤ་ལེ་གླུ་ཡི་རྒྱ། །འཇོམས་པ་ཐམས་ཅད་རབ་གྲུབ་པའོ། །ཧི་ཞེས་བྱ་བ་གླུ་ཡི་རྒྱ། །ཁམས་གསུམ་རྣམ་པར་རྒྱལ་བར་བྱེད། །ཧཱུྃ་གི་གླུ་ཡི་ཕྱག་རྒྱས་དཔལ། །རྡོ་རྗེ་སེམས་དཔའ་རབ་འགྲུབ་པའོ། །ཏེ་ཞེས་བྱ་བ་གླུ་ཡི་རྒྱ། །ཐམས་ཅད་དགའ་བ་རབ་འགྲུབ་པའོ། །གཞན་ཡང༌། ཨོཾ་གྱི་གླུ་ཡི་ཕྱག་རྒྱ་ནི། །ཚངས་པའི་དབྱངས་ཀྱིས་ཅི་དགར་བླང༌། །མ་ལུས་ལུས་པ་མེད་པ་ཡི། །སེམས་ཅན་ཐམས་ཅད་ཐར་བར་བྱེད། །ཅེས་བྱ་བ་ལ་སོགས་པའི་དགོས་པ་ཁྱད་པར་ཅན་ཉིད་གྲུབ་པར་བྱེད་དོ། །ཧེ་རུ་ཀ་ཡི་སྦྱོར་བས་གར། །ཞེས་བྱ་བ་ལ། སྤྱིར་རྣལ་འབྱོར་པ་ལྷ་གཅིག་བསྒོམ་པ་ཡིན་ན། རང་གི་རྣལ་འབྱོར་ཉིད་ཀྱིས་ཐམས་ཅད་བྱ་བ་ཡིན་ལ། རིགས་བསྡུས་པ་ཡིན་ན་རྡོ་རྗེ་གུར་དང་མཉམ་སྦྱོར་ལས་ཇི་སྐད་གསུངས་པའི་སོ་སོའི་རྣལ་འབྱོར་གྱི་གླུ་གར་བྱ་བའོ། །གར་ནི་རྡོ་རྗེ་གུར་ལས་རྒྱས་པར་གསུངས་སོ། །གླུ་གར་དང་ཕྱག་རྒྱ་ལ་སོགས་པ་ཐམས་ཅད་བསྡེབས་ཏེ་བྱ་བར་བསྟན་པའི་ཕྱིར་ཕྱག་རྒྱ་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཀུན་དུ་རུ་བསྟན་པའི་བྱ་བ་བསྟན་པའི་ཕྱིར། སྲིང་མོའི་བུ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོགས་ཞེས་བྱ་བ་ནི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་སོ། །དེ་ཀུན་དུ་རུ་དང་ལྡན་ན་སྙིང་པོ་ལེན་པའི་ཕྱིར་དཀྱིལ་འཁོར་དུ་འགྱུར་ལ། མཆོད་པ་ཙམ་ལས་མ་བྱས་ན་ནི་ཚོགས་ཀྱི་མཆོད་པར་འགྱུར་རོ། །དཔའ་བོ་དང་རྣལ་འབྱོར་མ་གཉི་ག་དང་མི་ལྡན་ན་ནི་དཔའ་བོའི་སྟོན་མོའམ། དཔའ་མོའི་སྟོན་མོ་ཞེས་བྱ་བར་འགྱུར་རོ། །བཟའ་བ་རྣམས་ཀྱི་ཐོག་མར་དམ་ཚིག་སྦྱིན་པའི་བྱ་བ་ནི་སྐྱེས་པའི་ཐོད་ཆེན་ཞེས་བྱ་བ་ལ་སོགས་པའོ། །བྱ་བ་བཞི་ནི་སིལ་སྙན་གྱི་བྱ་བ་དང༌། མཆོད་པ་དང༌། བཟའ་བ་སྟོན་མོའི་བྱ་བ་དང༌། གླུ་གར་གྱི་བྱ་བ་དང༌། ཀུན་དུ་རུའི་བྱ་བའོ། །བརྟག་པ་དགུ་པའི་བཤད་པ་རྫོགས་སོ།།  །།དེ་ལྟར་བརྟག་པ་དགུས་སྨིན་པར་བྱེད་པའི་ལམ་དང༌། གྲོལ་བྱེད་རིམ་པ་གཉིས་ཀྱི་སྒོ་ནས་ཐབས་ཀྱི་རྒྱུད་རྒྱས་པར་བསྟན་ནས། ཐབས་དེ་ཉམས་སུ་བླངས་པ་ལས་བྱུང་བའི་འབྲས་བུ་བསྟན་པའི་ཕྱིར། རྡོ་རྗེ་སློབ་དཔོན་དམ་ཚིག་གི །གྲུབ་རྟགས་ལག་ན་རྡོ་རྗེ་ཉོན། །ཞེས་བྱ་བ་ལ་སོགས་པ་རབ་ཏུ་བྱེད་པ་གསུམ་གསུངས་སོ། །དེ་ལ་རབ་ཏུ་བྱེད་པ་གསུམ་པོའི་བརྗོད་པར་བྱ་བའི་དོན་ནི་གང༌། རྗོད་བྱེད་ཀྱི་སྒྲ་ནི་གང༌། མངོན་པར་རྟོགས་པ་ནི་གང༌། རྒྱུད་སྡེ་གཞན་ལ་ཇི་ལྟར་ཕན་འདོགས་པའི་བཤད་པའི་རྒྱུད་ཡིན་སྙམ་ན། དེ་ལ་རབ་ཏུ་བྱེད་པ་དང་པོས་ནི་འབྲས་བུ་དེ་རྒྱུ་དང་བཅས་ཏེ་སྟོན་པ་ཡིན་པས། གཙོར་མཐར་ཐུག་པ་སྟོན་པ་ཡིན་ལ། སྤྱི་དང་སྦས་པའང་ཞར་ལ་བསྟན་ཏོ། །རབ་ཏུ་བྱེད་པ་ཕྱི་མ་གཉིས་ནི་མཐར་ཐུག་པ་ཁོ་ནའོ། །རྗོད་བྱེད་ཀྱི་སྒྲ་ནི་རབ་ཏུ་བྱེད་པ་དང་པོ་ལས་ཕྱག་རྒྱ་ལྔའི་བརྡ་མན་ངག་གི་དོན་ཅུང་ཟད་འཇུག་ལ། གཙོར་གསུམ་ཀ་ཡན་ལག་གི་དོན་གྱིས་འཆད་དོ། །མངོན་པར་རྟོགས་པ་ནི་རབ་ཏུ་བྱེད་པ་དང་པོ་ལས་རྒྱུ་རྒྱུད་ཐབས་རྒྱུད་འབྲས་བུའི་རྒྱུད་གསུམ་ཀ་སྟོན་ཡང་ཉེ་རྒྱུ་དང་འབྲས་བུའི་རྒྱུད་གཙོ་ཆེ་ལ། རབ་བྱེད་ཕྱི་མ་གཉིས་ནི་འབྲས་བུའི་རྒྱུད་ཁོ་ན་དང་འབྲེལ་ལོ། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ཞེ་ན། ཧེ་བཛྲའི་ལེའུ་བཅུ་པ་ལས། དངོས་གྲུབ་མཚན་ཉིད་མི་ཕྱེད་པ། །ཕྱག་རྒྱའི་རྣལ་འབྱོར་པ་ཡིས་འགྲུབ། །ཅེས་བྱ་བ་དང༌། ཕྱི་མའི་གཉིས་པར་ཆགས་དང་ཞེས་བྱ་བ་ལ་སོགས་པ་འབྲས་བུའི་མཚན་ཉིད་དང༌། རྡོ་རྗེ་གུར་གྱི་ལེའུ་བཅོ་ལྔ་པ་དང༌། བརྒྱད་པ་དང༌། མངོན་བརྗོད་བླ་མའི་ལེའུ་ལྔ་བཅུ་དྲུག་པ་དང༌། ཧེ་རུ་ཀ་འབྱུང་བའི་ལེའུ་བཞི་བཅུ་གཉིས་པ་རྣམས་ཁྱད་པར་དུ་གསལ་བར་བྱེད་དེ། སྤྱིར་དུ་ན་རྣལ་འབྱོར་བླ་ན་མེད་པའི་མཁའ་འགྲོ་དང་མཁའ་འགྲོ་མའི་རྒྱུད་དང༌། འདུས་པ་ལ་སོགས་པ་མཐའ་དག་གི་འབྲས་བུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཆོས་ཀྱི་སྐུ་དང༌། དེའི་མཛད་པ་ཕྲིན་ལས་དང་བཅས་པ་གསལ་བར་བྱེད་པས་དེ་མཐའ་དག་གི་བཤད་པའི་རྒྱུད་ཡིན་ནོ། །རྒྱུད་བཤད་ཐབས་ཀྱི་མན་ངག་གོ །གཞུང་རབ་ཏུ་བྱེད་པ་དང་པོས་ནི་འབྲས་བུ་རྒྱུའི་སྒོ་ནས་སྟོན་ལ་རབ་ཏུ་བྱེད་པ་འོག་མ་གཉིས་ནི་འབྲས་བུ་དངོས་ཀྱི་སྒོ་ནས་བསྟན་ཏོ། །དང་པོ་ལ་གཉིས་ཏེ། མཉན་པར་གདམས་པ་དང༌། དོན་དངོས་སོ། །དང་པོ་ལ་རྡོ་རྗེ་སློབ་དཔོན་ཞེས་བྱ་བ་ནི་སྒྲུབ་པ་པོའོ། །དམ་ཚིག་ཅེས་བྱ་བ་ནི་ཐབས་ཀྱི་རྒྱུད་ལ་གནས་པའོ། །གྲུབ་པ་ནི་འབྲས་བུའོ། །རྟགས་ནི་འབྲས་བུ་དེ་འགྲུབ་པའི་རྒྱུ་འདི་དང་ལྡན་ན་འབྲས་བུ་འདི་ལྟ་བུ་འགྲུབ་པའོ། །དེ་ལག་ན་རྡོ་རྗེ་ནི་ས་བཅུའི་དབང་ཕྱུག་ལྕང་ལོ་ཅན་གྱི་བདག་པོ་སྡུད་པར་བྱེད་པ་ཁྱོད་ཉོན་ཞེས་བྱ་བའི་དོན་ཏོ། །དོན་དངོས་ལ་ལྔ་སྟེ། རིང་བའི་རྒྱུའི་སྒོ་ནས་འགྲུབ་པར་བསྟན་པ་དང༌། རྒྱུའི་རྒྱུད་རང་བཞིན་གྱིས་གནས་པའི་སྒོ་ནས་འགྲུབ་པར་བསྟན་པ་དང༌། ཉེ་བའི་རྒྱུའི་སྒོ་ནས་འགྲུབ་པར་བསྟན་པ་དང༌། མཆོག་ཏུ་གྱུར་པའི་ཐབས་དེ་བསྟེན་པར་རྗེས་སུ་གདམས་པ་དང༌། ཐབས་ཇི་སྲིད་བསྟེན་པའི་དུས་བསྟན་པའོ། །དང་པོ་ལ་གཉིས་ཏེ། དབང་བསྐུར་བའི་སྟོབས་ཀྱིས་འགྲུབ་པར་བསྟན་པ་དང༌། ལམ་རིམ་པ་གཉིས་ཀྱི་དོན་ཐོས་བསམ་བསྒོམ་གསུམ་གྱི་སྒོ་ནས་འགྲུབ་པར་བསྟན་པའོ། །དང་པོ་ནི་དང་པོར་ཞེས་བྱ་བ་རྐང་པ་དྲུག་སྟེ། དེ་ལ་རྡོ་རྗེ་སློབ་དཔོན་འགྲུབ་པར་བྱེད་པའི་རྒྱུའི་རྩ་བ་གང་ཡིན་ཞེ་ན། ཐོག་མ་ཉིད་དུ་རང་གི་རྒྱུད་སྨིན་པར་བྱེད་པ་ཞེས་བྱ་བ་ལམ་གྱི་སྣོད་དུ་རུང་བ་ཞིག་དགོས་པས་ན་དང་པོར་ཞེས་བྱའོ། །དེའང་གང་དུ་སྨིན་པར་བྱ་སྙམ་ན། འཁོར་ལོ་ཆེན་པོ་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ལྷ་མོ་དང་ཁྲོ་བོ་ལ་སོགས་པའི་ལྷ་ཡོངས་སུ་ཚང་བ་ནི་དཀྱིལ་འཁོར་ཆེན་པོའོ། དེའང་རིགས་བསམ་གྱིས་མི་ཁྱབ་པ་ལས་སྙིང་གའི་དཀྱིལ་འཁོར་ཏེ། ཐུགས་ཀྱི་རིགས་ནི་བླ་ན་མེད་པའི་རྒྱུད་ལས་མཆོག་ཏུ་བསྔགས་ཏེ། སེམས་དབང་དུ་གྱུར་ན་ལུས་དང་ངག་ཞར་ལས་འགྲུབ་པའི་ཕྱིར་རོ། །དེ་ལྟ་བུའི་དཀྱིལ་འཁོར་དུ་རང་གི་ནང་དུ་ཞུགས་པ་སྟེ། ཕྱིའི་འཇུག་པ་དང༌། ནང་གི་འཇུག་པའི་ཚུལ་གྱིས་སོ། །དཀྱིལ་འཁོར་དུ་ཞུགས་ནས་ཡང་དབང་བླང་དགོས་པས་ན་རང་གི་དབང་སོགས་ཏེ། དམ་ཚིག་དང་སྡོམ་པ་དང་བཅས་པས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཐོག་མར་སྨིན་པར་བྱེད་པའི་ལམ་དང་ལྡན་ན་འགྲུབ་པར་བསྟན་པ་ནི་རྡོ་རྗེ་སློབ་དཔོན་ཞེས་རྐང་པ་གཉིས་སྦྱར་རོ། །གཉིས་པ་ལམ་རིམ་པ་གཉིས་ཐོས་བསམ་བསྒོམ་གསུམ་གྱིས་འགྲུབ་པར་བསྟན་པ་ནི། གང་ཕྱིར་ཞེས་ཤླཽ་ཀ་གཅིག་སྦྱར་ཏེ། དེ་ལྟར་དབང་ཙམ་གྱིས་འགྲུབ་བམ་སྙམ་པ་ལ། གང་ཟག་དབང་པོ་རབ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལྟ་བུ་དབང་རྗེས་ཉིད་ལ་གྲོལ་བའང་ཡོད་ཀྱང༌། གང་ཟག་འབྲིང་ཡན་ཆད་ལ་གང་ཕྱིར་ཞེས་རྒྱུ་གཉིས་པ་བསྟན་ཏོ། །དེ་ལ་ཐོས་པ་ནི་དང་པོར་རིམ་པ་གཉིས་ཀྱི་དོན་བླ་མ་ལས་རྣ་བས་ཐོས་པ་སྟེ། མོས་པའི་ཚུལ་གྱིས་ཤེས་རབ་བསྐྱེད་པའོ། །བསམ་གཏན་དེ་ཉིད་ཀྱི་ཚེ་དེའི་དོན་ལ་བདག་ཉིད་ཀྱིས་གཏན་ལ་འབེབས་པའི་ཚུལ་གྱིས་ཤེས་རབ་བསྐྱེད་པའོ། །སྤྲོ་བ་ཉིད་ནི་དེ་ཉིད་ལ་མི་གཡེང་ཞིང་སྒྲོ་འདོགས་ཆོད་པའི་ཚུལ་གྱིས་ཤེས་རབ་བསྐྱེད་པ་ནི་བསྒོམས་བྱུང་གི་ཤེས་རབ་བོ། །དེའི་ལམ་གྱི་ཡན་ལག་ཏུ་བསྟན་པའི་ཕྱིར་རྡོ་རྗེ་སེམས་དཔའི་སྙིང་པོ་སོགས་ཞེས་གསུངས་ཏེ་གོ་སླའོ། །དེ་ལྟར་ལམ་སྨིན་གྲོལ་གྱིས་འབྲས་བུ་འགྲུབ་པ་དེ་ཡང་ཐབས་ཙམ་པ་དེས་འགྲུབ་པ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་རྒྱུའི་རྒྱུད་རང་བཞིན་གྱིས་གནས་པས་འགྲུབ་བོ། །ཞེས་བསྟན་པའི་ཕྱིར། བསྐལ་བ་ཀུན་གྱི་ཞེས་གསུངས་ཏེ། གདོད་ནས་གྲུབ་སྟེ་རང་བཞིན་གྱིས་རྣམ་པར་དག་པའི་དབང་ལས་གྲུབ་ཅེས་བྱ་བའི་དོན་ཏོ། །ཆོ་ག་འདིས་ནི་ཞེས་བྱ་བ་ནི། དེ་ལྟར་རྒྱུ་རྒྱུད་རང་བཞིན་གྱིས་གནས་པ་མ་ཡིན་ན་འབྲས་བུ་མི་འབྱུང་སྟེ། གསེག་མ་ལ་ཆུ་ལུད་ཀྱིས་བྲན་ཡང་མྱུ་གུ་མི་འབྱུང་བ་བཞིན་ནོ། །རྒྱུ་གནས་ཀྱང་ཐབས་དང་མི་ལྡན་ན་འབྲས་བུ་མི་འབྱུང་སྟེ་སྐམ་སར་གནས་པའི་ས་བོན་བཞིན་ནོ། །དེ་ལྟར་རྒྱུ་དང་ཐབས་གཉིས་དང་ལྡན་པས་འབྲས་བུ་འབྱུང་བས་ན། རྒྱལ་བར་འགྱུར་བར་ཐེ་ཚོམ་མེད། །ཅེས་གསུངས་སོ། །ཉེ་བའི་རྒྱུའི་སྟོབས་ཀྱིས་འགྲུབ་པར་བསྟན་པ་ནི། གཉིས་མེད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་རྒྱུ་ལམ་དང་འབྲས་བུ་བསྟན་པ་དེ་ཡང་སྤྱི་ཙམ་ཞིག་ཕ་རོལ་དུ་ཕྱིན་པ་བ་དང་བསྐྱེད་པའི་རིམ་པའང་ཡོད་ན། ཁྱོད་ཀྱི་ཉེ་བའི་རྒྱུ་གང་ཡིན་སྙམ་པ་ལ། ཉེ་བའི་རྒྱུད་ཐབས་ཐུན་མོང་མ་ཡིན་པ་སྤྱོད་པའི་མཐར་སྤྱད་རྒྱུ་ནི་འདི་ཡིན་ཞེས་སྟོན་ཏོ། །འདི་ལའང་མངོན་པར་རྟོགས་པ་ཉམས་སུ་བླང་བའི་ཚུལ་ནི་དགུ་པའི་རབ་ཏུ་བྱེད་པ་དང་པོར་བསྟན་ཟིན་ཏོ། །འདིར་ནི་རྟེན་འདི་ལ་བརྟེན་ཏེ་འབྲས་བུ་འདི་ལྟ་བུ་ཞིག་འགྲུབ་ཅེས་བྱ་བ་དེ་ཙམ་ཞིག་སྟོན་ཏེ། འདི་ལ་དོན་གཉིས་ཏེ། ཐབས་རྣམ་པ་གཉིས་ཀྱི་དབང་དུ་བྱས་ཏེ་མདོར་བསྟན་པ་དང༌། ཕྱག་རྒྱ་གང་ལས་དངོས་གྲུབ་གང་འགྲུབ་པའི་དབང་དུ་བྱས་ཏེ་རྒྱས་པར་བཤད་པའོ། །དང་པོའང་ཐོག་མའི་རྐང་པ་གཉིས་ཀྱིས་ནི་རང་བྱིན་གྱིས་བརླབ་པ་དམིགས་པ་མེད་པའི་དབང་དུ་བྱས་ཏེ། ཨཱ་ལིའི་བདག་ཉིད་དོན་དམ་བྱང་ཆུབ་ཀྱི་སེམས་བསྟན་ཏོ། །ཐམས་ཅད་མཁྱེན་པ་ཞེས་ཤླཽ་ཀ་གཅིག་གིས་ནི་དཀྱིལ་འཁོར་འཁོར་ལོའི་ཐབས་ཀཱ་ལིའི་བདག་ཉིད་ཀྱི་དབང་དུ་བྱས་པ་སྟེ། དེ་དང་དེ་ནི་ཆོ་གས་བླང༌། །ཞེས་པ་ནི་གོང་དགུ་བའི་དང་པོར་བསྟན་པ་དང༌། རྡོ་རྗེ་གུར་དུའང༌། རྡོ་རྗེ་པདྨའི་རྩེ་མཆོད་པས། །སྐད་ཅིག་ལ་ནི་གཉིས་མེད་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་རྒྱས་པར་བཤད་པ་ལ་གསུམ་སྟེ། ཕྱག་རྒྱའི་མིང་གི་རྣམ་གྲངས་ཀྱི་དབང་དུ་བྱས་ཏེ་མདོར་བསྟན་པ་དང༌། རིགས་གང་དང་ཡུམ་གང་དང་གང་ལ་བརྟེན་ཏེ་འགྲུབ་པར་བསྟན་པ་དང༌། དེ་ལས་དངོས་གྲུབ་ཐམས་ཅད་འགྲུབ་པར་བསྟན་པའོ། །དང་པོ་ནི་གཏི་མུག་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། མ་ཞེས་བྱ་བ་ནི་བརྡའི་མིང་ཡིན་ལ། ལྷ་མོའམ་སྐྱེ་གཉིས་ཏེ་བྲམ་ཟེ་མོ་སྟེ། དེ་ལྟར་གཉིས་པོ་ནི་གང་རུང་ནི་ངོ་བོའོ། །དེ་ཉིད་འོག་ནས་འབྱུང་བ་སྤྱན་དུ་བྱིན་གྱིས་བརླབ་ཅེས་བྱ་བའི་དོན་ཏོ། །ལྷག་མའང་དེས་བསྒྲེ་བར་བྱའོ། །གལ་ཏེ། རྡོ་རྗེ་གུར་ལས། མི་ཡི་ཕྱག་རྒྱ་བླངས་ནས་ནི། །དེ་དང་ལྷན་ཅིག་དངོས་གྲུབ་འགྱུར། །ཞེས་མི་ཁོ་ན་ལས་འགྲུབ་པར་བཤད་དོ་སྙམ་ན་འགལ་བ་མེད་དེ། དཔེར་ན་མི་ཁོ་ན་ལས་སངས་རྒྱས་འབྱུང་ཞེས་ཀྱང་གསུངས་ལ། ལང་ཀར་གཤེགས་པ་ལ་སོགས་པ་ལས། ལྷ་ལས་དེ་བཞིན་གཤེགས་པ་འབྱུང་བར་གསུངས་པས་འགལ་བ་མེད་པ་ལྟ་བུ་སྟེ། མི་ལས་འབྱུང་ཞེས་བྱ་བ་ནི་མིའི་བསྔགས་པ་བརྗོད་པ་ཙམ་དུ་བས་ཀྱི་བདེ་འགྲོའི་རྟེན་གཉིས་པོ་གང་ལའང་འགྲུབ་ཅེས་དགོངས་སོ། །སྤྱན་དང་ལྷན་ཅིག་ཅེས་བྱ་བ་ལ་སོགས་པས་ཕྱག་རྒྱ་གང་ལས་དངོས་གྲུབ་གང་འགྲུབ་པ་བསྡུས་ཏེ་སྟོན་ཏོ། །དེ་ལ་ཕྱག་རྒྱ་སོ་སོས་དེ་བཞིན་གཤེགས་པ་སོ་སོའི་དངོས་གྲུབ་འགྲུབ་ཅེས་བྱ་བ་འདིས་སོ་སོ་ཁོ་ནར་ངེས་ན་དངོས་གྲུབ་གཞན་མི་འགྲུབ་པ་ནི་མ་ཡིན་ཏེ། བདག་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་ལ་གནས་པས། ཕྱག་རྒྱ་མ་བྲམ་ཟེ་མོ་སྤྱན་དུ་བསྐྱེད་པ་དང་སྙོམས་པར་ཞུགས་པས། བདག་རྣམ་པར་སྣང་མཛད་གཙོ་བོར་གྱུར་པའི་རིགས་ལྔའི་དངོས་གྲུབ་ཏུ་འགྱུར་ལ། དེས་ན་རྣམ་པར་སྣང་མཛད་ཀྱི་དངོས་གྲུབ་ཅེས་བྱ་བའི་མིང་དུ་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་ཤེས་པར་བྱའོ། །དེས་ན་རྡོ་རྗེ་གུར་ལས། སྔགས་པས་ཕན་པ་འགྲུབ་འགྱུར་ཞིང༌། །ཕྱག་ན་རྡོ་རྗེ་འགྲུབ་པ་དང༌། །ཞེས་བྱ་བ་ལ་སོགས་པ་དངོས་གྲུབ་ཐུན་མོང་དུ་གསུངས་སོ། །འདིར་ཡང་དངོས་གྲུབ་ཐམས་ཅད་འགྲུབ་པར་བསྟན་པའི་ཕྱིར་གཞན་ཡང་འདིར་ནི་ཁྲོ་བོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དོན་བཞི་པ་མཆོག་ཏུ་གྱུར་པའི་ཐབས་བསྟན་པར་གདམས་པ་ལ་གསུམ་སྟེ། ཐབས་དེ་མཆོག་ཏུ་གྱུར་པར་བསྟན་པ་དང༌། ཐབས་མི་བསྟེན་པའི་ཉེས་དམིགས་དང༌། ཐབས་བསྟེན་པའི་ཕན་ཡོན་ནོ། །དང་པོ་ནི་དེ་ལྟར་ཞེས་བྱ་བ་ཤླཽ་ཀ་གཅིག་སྟེ། ཉན་ཐོས་ལ་སོགས་པས་སྡུག་བསྔལ་གྱི་དཀའ་ཐུབ་ཀྱིས་བསྒྲུབ་པ་བས་མཆོག་ཏུ་བསྔགས་ཞེས་བྱ་བའི་དོན་ཏོ། །གཉིས་པ་ནི་དེ་ལྟར་བདག་ཉིད་ཅེས་བྱ་བ་ཤླཽ་ཀ་གཉིས་སོ། །གསུམ་པ་ནི་འདིས་ནི་ཞེས་རྐང་པ་གཉིས་ཏེ། སྐྱེ་བོ་དམ་པ་ནི་བརྩོན་འགྲུས་དང་བརྟུལ་པ་རབ་ཏུ་གྱུར་པའོ། །དེས་མཐོང་བ་ནི་ཚེ་འདི་ཉིད་ལ་ཐོབ་བོའི་བར་སྟོན་པའོ། །དོན་ལྔ་པ་ཐབས་དེ་དུས་ཇི་སྲིད་ཅིག་བསྟེན་པར་བྱ་སྙམ་པ་ལ་ལུས་ཀུན་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཅིག་གསུངས་ཏེ། འཁོར་བའི་རྒྱ་མཚོ་ལས་ཕ་རོལ་ཏུ་མ་ཕྱིན་པ་དེ་སྲིད་ཀྱི་བར་དུ་བརྩོན་པ་མི་དོར་ཞེས་བྱ་བ་ནི་ཐབས་སྤྱི་བསྟེན་པའི་དུས་བསྟན་པའོ། །ཁྱད་པར་དུ་ཉེ་བའི་རྒྱུ་ཉིད་བསྟེན་པའི་ཞག་གྲངས་ཀྱི་ཚད་ནི་རྡོ་རྗེ་གུར་ལས། ཉི་མ་གཅིག་གིས་སྦྱོར་བ་དང༌། །ཞེས་བྱ་བ་ལ་སོགས་པ་བདུན་གསུངས་ལ། གསང་སྔགས་པས་འབྲས་བུ་གྲུབ་པའི་དུས་ནི་ཚེ་འདི་ཉིད་ཅེས་བྱ་བ་ལ་སོགས་པ་ལྟ་བུ་ཐམས་ཅད་ལས་གསུངས་པ་ཡིན་ནོ། །འདི་ནི་རྣལ་འབྱོར་པ་མཐའ་དག་ལ་བརྩོན་པར་བསྐུལ་ཞིང་ཐབས་སྒྲུབ་པའི་དུས་མི་འཁྲུལ་བ་ཡིན་ནོ། །བཅུ་པ་ལས་རབ་ཏུ་བྱེད་པ་དང་པོའི་བཤད་པའོ།།  །།དེ་ལྟར་རབ་ཏུ་བྱེད་པ་དང་པོས་འབྲས་བུ་རྒྱུའི་སྒོ་ནས་བསྟན་ནས། རབ་ཏུ་བྱེད་པ་འོག་མ་གཉིས་ཀྱིས་འབྲས་བུ་དངོས་ཀྱི་སྒོ་ནས་སྟོན་ཏོ། །འདི་ལ་གཉིས་རབ་ཏུ་བྱེད་པ་གཉིས་པས་འབྲས་བུ་འགྲུབ་པ་དུས་ཀྱི་ངོ་མཚར་གྱི་ལྟས་ཀྱི་སྒོ་ནས་བསྟན་པ་དང༌། རབ་ཏུ་བྱེད་པ་གསུམ་པས་འབྲས་བུའི་མཚན་ཉིད་དངོས་བསྟན་པའོ། །དེ་ལ་ངོ་མཚར་གྱི་ལྟས་ནི་དེ་ནས་གང་དུ་རིག་མའི་སྐྱེས་བུ་གྲུབ་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་སྐད་སྟོན་པ་རྣམས་ཀྱི་དོན་ནི་འདི་སྐད་སྟོན་ཏོ། །སྤྱོད་པ་ལ་བརྟེན་ནས་ས་རྣམས་མངོན་དུ་བྱས་ནས་ཉེ་བའི་རྒྱུས་ས་བཅུ་གསུམ་པ་བསྒྲུབ་པ་ཡང་ཡོད། སྤྱོད་པས་ས་བརྒྱད་པ་ཚུན་ཆད་བགྲོད་དེ་ཉེ་རྒྱུ་ཞག་དྲུག་གིས་ས་ལྷག་མ་རྣམས་མངོན་དུ་བྱས་ནས་ཐོ་རངས་སངས་རྒྱས་ཀྱི་རྡོ་རྗེ་འཆང་གིས་མངོན་དུ་བྱེད་པའང་ཡོད་མོད་ཀྱི། གང་ལྟར་ཡང་རུང་སྟེ་ཞག་དྲུག་པའི་སྲོད་ལ་བདུད་བཏུལ་ནས། བདུན་པར་སོང་བའི་ཐོ་རངས་རྡོ་རྗེ་འཛིན་པ་མངོན་དུ་བྱེད་པར་འགྱུར་ཏེ། རྡོ་རྗེ་གུར་དུ་འབྱུང་བ། ཉི་མ་གཅིག་གིས་འགྲུབ་པར་འགྱུར། །ཉི་མ་གཉིས་ཀྱི་ཆོ་ག་དང༌། །ཉི་མ་གསུམ་གྱིས་སྦྱོར་བ་དང༌། །དེ་བཞིན་དུ་ནི་ཉི་མ་བཞི། །ཉི་མ་ལྔ་ཡི་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །མེ་ཏོག་ལ་སོགས་མཆོད་བྱས་ནས། །བསམ་གཏན་གནས་སུ་འདུག་པ་དང༌། །ཕྱག་རྒྱ་ལྷན་ཅིག་བཞུགས་ནས་ནི། །རྡོ་རྗེ་མཆོད་པ་ཡང་དག་བརྩམ། །རྡོ་རྗེ་ཉི་མ་ནུབ་པ་ནས། །སྦྱོར་བ་འདི་ནི་ཡང་དག་བརྩམ། །ཉི་མ་འཆར་བའི་དུས་སུ་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བ་དང༌། ཡང་དེ་ཉིད་ལས། ཕྱག་རྒྱའི་དངོས་གྲུབ་དངོས་གྲུབ་ཆེ། །དངོས་གྲུབ་ཀུན་གྱི་སྤྱོད་ཡུལ་མིན། །དེ་དུས་དེ་ཡི་ལུས་ཐོབ་ཅིང༌། །སྐད་ཅིག་ན་ནི་དེ་འཁོར་ལྡན། །བསྒོམ་པ་དང་ནི་སྔགས་ཉིད་དག །སྐད་ཅིག་སངས་རྒྱས་རྣམ་སྣང་མཛད། །སྤྱན་གྱིས་ཕྲག་ནས་འཁྱུད་པའོ། །ཞེས་བྱ་བ་ནས་བརྩམས་ཏེ། བདུན་གྱི་རྒྱལ་པོ་འགྲུབ་པ་དང༌། །ཐམས་ཅད་འདྲེན་པ་འགྲུབ་པར་འགྱུར། །ཞེས་བྱ་བའི་བར་གྱིས་བསྟན་ཏོ། །དེས་ན་སྲོད་ཀྱི་དུས་དང་ཐོ་རངས་ཀྱི་དུས་སམ། བདུད་བཏུལ་བ་དང༌། མངོན་པར་སངས་རྒྱས་པའི་དུས་སམ། བར་ཆད་མེད་པའི་ལམ་དང༌། རྣམ་པར་གྲོལ་བའི་ལམ་མམ། ཐམས་ཅད་མཁྱེན་པ་ཆུང་ངུའི་དུས་དང༌། ཐམས་ཅད་མཁྱེན་པ་ཆེན་པོའི་དུས་ཞེས་བྱ་སྟེ། རབ་ཏུ་བྱེད་པ་གཉིས་དང་གསུམ་པའི་ཁྱད་པར་རོ། །དེ་ལ་རབ་ཏུ་བྱེད་པ་དགུ་པའི་དང་པོ་དང་བཅུ་པའི་དང་པོས་ཉེ་བའི་རྒྱུ་ཞག་བདུན་པ་རྣམས་བསྟན། འདི་རབ་ཏུ་བྱེད་པ་གཉིས་པ་འདིས་ནི་ཞག་དྲུག་པའི་སྲོད་ལ་འབྱུང་བའི་ངོ་མཚར་གྱི་ལྟས་བསྟན་ནས། རབ་ཏུ་བྱེད་པ་གསུམ་པས་འབྲས་བུ་དངོས་བསྟན་པ་ཡིན་ནོ། །སྤྱིའི་དོན་ཏོ། །དེ་ནི་འབྲས་བུའི་ངོ་མཚར་གྱི་ལྟས་བསྟན་པ་ལ་གཉིས། རྒྱས་པར་བཤད་པ་དང༌། བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས་ཏེ། དངོས་གྲུབ་འགྲུབ་པའི་དུས་སུ་ལྟས་ངེས་པར་འབྱུང་བར་བསྟན་པ་དང༌། ངོ་མཚར་གྱི་ལྟས་དངོས་སོ། །དང་པོ་ནི་དེ་ནས་ཞེས་བྱ་བ་ནི། གཞུང་གི་རབ་བྱེད་དང་པོ་རྫོགས་པའི་རྗེས་དང༌། དོན་ནི་ཉེ་རྒྱུ་ཞག་ལྔ་སོང་བའི་དྲུག་པའི་སྲོད་ལ་ཞེས་བྱ་བའི་དོན་ཏོ། །རིག་མའི་སྐྱེས་བུ་གྲུབ་པ་ནི་རིག་མ་ལ་བརྟེན་ཏེ་གྲུབ་པ་སྟེ། གོང་དུ། གཏི་མུག་བདག་ཉིད་ངེས་པར་མ། །ཞེས་བྱ་བ་ལ་སོགས་པ་བསྟན་ཟིན་ཏོ། །འདི་ལྟ་བུའི་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་འོག་ནས་འབྱུང་བ་རྣམས་སོ། །ངོ་མཚར་གྱི་ལྟས་གསུམ་ལས། བདུད་སྤ་བཀོང་བའི་ཆོ་འཕྲུལ་ལྔ་ནི་ས་འདི་དགའ་ཞིང་ཞེས་པ་ནི་ས་གཡོ་བའི་རྒྱུ་སྟེ། བྱང་ཆུབ་སེམས་དཔས་རྡོ་རྗེ་གདན་མནན་ནས་བདུད་བཏུལ་བའི་ཏིང་ངེ་འཛིན་ལ་བཞག་སྟེ། སྨིན་མཚམས་ནས་བདུད་རབ་ཏུ་བསྐུལ་བའི་འོད་བཀྱེ་བའི་ཚེ། སྟོང་གསུམ་གྱི་ས་ལ་བརྟེན་པའི་སའི་ལྷ་མོ་ཐམས་ཅད་རབ་ཏུ་དགའ་ཞིང་མགུ་ལ་རངས་པའོ། །རྣམ་པ་དྲུག་ཏུ་གཡོས་པ་ནི། གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། ཞེས་བྱ་བ་ལ་སོགས་པ་དྲུག་གསུམ་བཅོ་བརྒྱད་དེ། གཡོས་པ་དང༌། འགུལ་བ་དང༌། ལྡེག་པ་དང༌། འུར་བ་དང༌། ཆེམ་པ་དང༌། འཁྲུགས་པ་སྟེ་དྲུག་ལས་བཅོ་བརྒྱད་དོ། །བདུད་ཀྱི་གནས་སུ་ཆ་ལང་ལྟ་བུའི་སྒྲ་སྟེ་ཀླད་པ་འགེམས་པ་ལྟ་བུའོ། །ལྷག་མ་གོ་སླའོ། །རང་གིས་ཐམས་ཅད་མཁྱེན་པ་གྲུབ་པ་ལྟར་ནི་དེ་ཉིད་དུ་བསྐལ་པའི་ཞེས་བྱ་བ་ནི་འོད་ཟེར་གྱི་སྣང་བས་འབར་བའོ། །ཡེ་ཤེས་ཀྱི་སྣང་བ་འབར་བ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་སྐུ་གྲུབ་པ་སྟོབས་བཅུ་མངོན་དུ་གྱུར་པའོ། །ཕྱག་རྒྱའི་སྐྱེ་གནས་ཀྱི་སྙིང་པོར་ཁམས་གསུམ་ཐམས་ཅད་མཐོང་བ་ཞེས་བྱ་བ་ནི་རྩ་དབུ་མའི་མར་རྩེ་གསལ་བར་མཐོང་བས་རྟེན་འབྲེལ་བྱས་ནས་ཁམས་གསུམ་ཐམས་ཅད་མཐོང་བའོ། །གསུམ་པ་དེ་འཇིག་རྟེན་པ་ཆེན་པོ་རྣམས་ཀྱིས་མཆོད་པ་ཡིན་པའི་ལྟས་བསྟན་པ་ནི་ཚངས་པ་དང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། གོ་བར་སླའོ། །སྤྱི་དོན་གཉིས་པ་བསྡུས་ཏེ་བསྟན་པ་ནི། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ཁྱོད་ནི་སྡུད་པ་པོ་ལག་ན་རྡོ་རྗེ་ལའོ། །རྒྱས་པའི་ཚུལ་གྱིས་ཅི་ཞིག་དགོས། ཞེས་པ་ནི་བརྗོད་ཀྱིས་མི་ལང་ཞིང་རྟོགས་པར་སླ་བས་སོ། །བསྒྲུབ་པར་བྱ་བའི་བསོད་ནམས་ཀྱིས། །ཞེས་བྱ་བ་ནི་རྣལ་འབྱོར་པས་དཀའ་བ་སྤྱད་པའི་མཐུས་སོ། །ཁམས་གསུམ་དུ་སྐྱེས་པའི་ཞེས་བྱ་བ་ནི་རྒྱ་ཆེ་བ་སྟེ་འདོད་པ་དང་གཟུགས་དང་གཟུགས་མེད་པ་རྣམས་ཏེ། འདིས་མ་འདུས་པ་འདུས་པའི་ཕྱིར་རོ། །བཅུ་པ་ལས་བདེ་བ་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་ས་སྟེ། རབ་ཏུ་བྱེད་པ་གཉིས་པའི་བཤད་པའོ།།  །།དེ་ལྟར་རབ་ཏུ་བྱེད་པ་གཉིས་པས་སྲོད་ཀྱི་དུས་སུ་ངོ་མཚར་གྱི་ལྟས་རྣམས་བསྟན་ནས། རབ་ཏུ་བྱེད་པ་གསུམ་པས་འབྲས་བུ་དངོས་བསྟན་པ་ནི། རིག་མའི་སྐྱེས་བུ་གྲུབ་པ་ནི། །ཞེས་བྱ་བ་ལ་སོགས་པ་སྟོན་ཏོ། །དེ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །དང་པོ་ནི་རིག་མའི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་སྟེ་གོ་སླའོ། །ལན་ལ་གཉིས་ཏེ། མཚན་ཉིད་ཉི་ཤུ་རྩ་དྲུག་གིས་ཆོས་ཀྱི་སྐུའི་མཚན་ཉིད་བསྟན་པ་དང༌། དེའི་མཛད་པའོ། །དང་པོ་ནི་མཚན་ཉིད་ཉི་ཤུ་རྩ་དྲུག་གིས་མཚོན་ནས་དོན་བསམ་གྱིས་མི་ཁྱབ་པ་བསྟན་ཏེ། རིག་མའི་སྐྱེས་བུ་གྲུབ་པ་ནི་རིག་མ་ལ་བརྟེན་ནས། འགྲན་ཟླ་མེད་པ་གྲུབ་པ་སྟེ་རྡོ་རྗེ་འཆང་གི་མིང་གི་རྣམ་གྲངས་སོ། །དེའི་མཚན་ཉིད་ནི་ཉི་ཤུ་རྩ་དྲུག་སྟེ། སྤྱིར་བླ་མ་བརྒྱུད་པས་སངས་རྒྱས་ཀྱི་ས་ཡན་ལག་ལྔས་བསྡུས་ཏེ། གནས་ཡོངས་གྱུར་དང་ཡེ་ཤེས་སྐུ། །མི་གནས་མྱ་ངན་འདས་ཉིད་དང༌། །གཉིས་སུ་མེད་པ་ཉིད་དང་ནི། །མཛད་པ་རྒྱུན་མི་འཆད་པས་བསྡུས། །ཞེས་བྱ་བས་ནི་ཡན་ལག་ལྔས་བསྡུས་པའི་ཚིགས་སུ་བཅད་པ་སྟེ། རྒྱས་པར་བླ་མས་བཤད་པར་བྱའོ། །དེ་ལ་ཡན་ལག་ལྔ་པོ་རེ་རེས་ཀྱང་སངས་རྒྱས་ཀྱི་ས་ཐམས་ཅད་བསྡུས་ཀྱང་སྲིད་ཚད་ཀྱི་དབང་དུ་བྱས་པ་ཡིན་ནོ། །དེ་དག་ཀྱང་གནས་གྱུར་དང་ཡེ་ཤེས་ཀྱི་སྐུ་ནི་རྡོ་རྗེ་གུར་ལས་གཙོ་བོར་སྟོན་ལ། མི་གནས་པའི་མྱ་ངན་ལས་འདས་པ་ནི་རྩ་བའི་རྒྱུད་ལས་གཙོར་སྟོན་ཅིང་གཉིས་སུ་མེད་པ་ནི་འདི་ཉིད་ལས་འབྱུང་ཞིང་མཛད་པ་ནི་རྡོ་རྗེ་གུར་དང་འདི་ནས་སྟོན་པ་ཡིན་ནོ། །དེ་ལ་འདིར་གཉིས་སུ་མེད་པ་བརྗོད་ན་ཐབས་ཤེས་སམ། སྟོང་པ་ཉིད་དང་སྙིང་རྗེའོ། །འདིར་སྙིང་རྗེ་ཆེན་པོས་ནི་གཟུགས་ཀྱི་སྐུ་གཉིས་ཀྱི་མཚན་ཉིད་བསྟན་ལ། ཤེས་རབ་ཆེན་པོས་ནི་རང་བཞིན་ཆོས་ཀྱི་སྐུ་བསྟན་ཅིང༌། དེ་གཉིས་སུ་མེད་པས་ནི་རྟོགས་པ་མངོན་གྱུར་གྱི་ཆོས་ཀྱི་སྐུ་བསྟན་ཏེ་སངས་རྒྱས་ཀྱི་ངོ་བོའོ། །དེ་སྐད་དུ་བརྟག་པ་གཉིས་པའི་གཉིས་པ་ལས། སྙིང་རྗེ་ལྡན་པས་སེམས་ཅན་ལ། །རྒྱབ་ཀྱིས་ཕྱོགས་པར་མི་བྱ་ཞིང༌། །སེམས་ཅན་ཡོད་དང་ཡོད་མིན་ཞེས། །དེ་ལྟར་ཡོངས་སུ་བརྟག་མི་བྱ། །སྤྲོས་པ་མེད་པའི་རང་བཞིན་ཉིད། །ཤེས་རབ་ཅེས་ནི་རབ་ཏུ་གྲགས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །ཐམས་ཅད་དོན་བྱེད་སྙིང་རྗེ་ཉིད། །དམིགས་མེད་གནས་སུ་ཤེས་རབ་དང༌། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་བས། །ནམ་མཁའ་ནམ་མཁའ་ཇི་ལྟ་བའོ། །ཞེས་གསུངས་པ་ཡིན་ནོ། །དེ་ཉིད་ཀྱི་དོན་འཕགས་པ་བྱམས་པས་ཀྱང༌། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །དོན་གཉིས་ལྡན་པས་སངས་རྒྱས་ཉིད། །ཅེས་གསུངས་པ་ཡིན་ནོ། །སྤྱིའི་དོན་ཏོ། །ད་ནི་མཚན་ཉིད་ཉི་ཤུ་རྩ་དྲུག་གིས་བསྡུས་པའི་དོན་བརྗོད་ན་གསུམ་སྟེ། ཤེས་རབ་གཙོ་བོར་གྱུར་པ་དང༌། ཐབས་གཙོ་བོར་གྱུར་པ་དང༌། དེ་ཐམས་ཅད་གཉིས་སུ་མེད་པའི་ཕྱིར། གཉིས་སུ་མེད་པ་གཙོ་བོར་གྱུར་པའོ། །དེ་ལ་ཤེས་རབ་གཙོ་བོར་གྱུར་པ་བཞི་ནི་དང་པོ་གསུམ་དང་ཞི་བ་ཞེས་པའོ། །གཉིས་པ་ཐབས་གཙོ་བོར་གྱུར་པ་བཅུ་གསུམ་ནི་ལྔ་པ་ནས་བཟུང་སྟེ་དགུ་དང་མཉམ་པ་མེད་པ་དང༌། མགོན་པོ་སྐྱོབ་པ། དོགས་པ་མེད་པའི་ཕྱིར་སེང་གེ་ཞེས་པ་རྣམས་སོ། །གསུམ་པ་གཉིས་སུ་མེད་པ་གཙོ་བོར་གྱུར་པ་བཅུ་གསུམ་ནི། གཉིས་སུ་མེད་པ་རྟག་པར་མཛད་པ་དང༌། ཀུན་དུ་རྟོག་པ་ཐམས་ཅད་སྤངས། །ཞེས་པ་མན་ཆད་མཐུན་ནོ། །དེ་ལྟར་དེ་དག་ཀྱང་དོན་གཅིག་གི་ཁོངས་སུ་ཡང་གཉིས་སུ་མེད་པའི་ཡོན་ཏན་ཐམས་ཅད་འདུ་ན་ཡང་རེ་ཞིག་གཙོ་ཆེ་བ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཙམ་ཡིན་ནོ། །བསྡུས་པའི་དོན་ཏོ། །ད་ནི་ཚིག་གི་དོན་རིམ་པ་བཞིན་བརྗོད་པར་བྱ་སྟེ། གང་དུ་ཡང་མི་འགྲོ་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་དེ་གང་གི་ངོ་བོར་ཡང་མ་གྲུབ་པས་སོ། །གང་དུའང་མི་གནས་པ་ནི་དེ་ཉིད་ཀྱི་གནས་ཐམས་ཅད་དང་བྲལ་བའོ། །ཐོག་མ་དང་ཐ་མ་དང༌། དབུས་དང་བྲལ་བ་ནི་རྡོ་རྗེའི་སྐུ་དེ་འགྱུར་བ་མེད་པས་དུས་གསུམ་ཀ་རོ་གཅིག་པས་སོ། །གཉིས་སུ་མེད་པ་ནི། མཚན་ཉིད་རྣམས་ཀྱི་གཙོ་བོ་སྟེ། །བསམ་མི་ཁྱབ་ལས། མཁའ་མཉམ་རྣམ་པར་རྟོག་ལས་གྲོལ། །འདི་ནི་གཉིས་སུ་མེད་པར་བརྗོད། །ཅེས་གསུངས་སོ། །གནས་གསུམ་དུ་སྣང་བ་ནི་ཐོག་མཐའ་དང་བྲལ་བས་ཀུན་དུ་ཁྱབ་པའོ། །ཐམས་ཅད་དུ་སོན་པ་ནི་གང་དུ་ཡང་མི་འགྲོ་བ་སྟེ། ཀུན་འགྲོའི་ངོ་བོ་བས་སོ། །ཐམས་ཅད་མཁྱེན་པ་ནི་སྤྲོས་པ་དང་བྲལ་བས་ན་ཡེ་ཤེས་ཀྱི་སྐུ་སྟོབས་བཅུ་དང་ལྡན་པས་སོ། །ཐམས་ཅད་པ་ནི་ཀུན་འགྲོའི་དབང་ཕྱུག་ཆེན་པོའོ། །ཐམས་ཅད་ཀྱི་དོན་ཐམས་ཅད་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་འགེངས་པའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ལ་གནས་པ་ནི་རང་བཞིན་ཆོས་ཀྱི་སྐུའི་དབང་དུ་བྱས་པའོ། །སྐྱོན་ཐམས་ཅད་ལས་རྣམ་པར་གྲོལ་བ་ནི་རང་བཞིན་ཆོས་སྐུ། དེ་མངོན་དུ་གྱུར་པ་སྟེ་ཆོས་སྐུའི་སངས་རྒྱས་ཉིད་དོ། །ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པར་བྱས་པ་ནི་མཚན་དང་དཔེ་བྱད་དང་སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །ཐམས་ཅད་དང་ལྡན་པ་ནི་ཆེ་བའི་ཡོན་ཏན་ཐམས་ཅད་དང་ངོ༌། །ཞི་བ་ནི་རྣམ་པར་རྟོག་པ་ཐམས་ཅད་དོ། །མཉམ་པ་མེད་པ་ནི་འགྲན་ཟླ་མེད་པའོ། །རྟག་པར་མཛད་པ་ནི་མི་འགྱུར་བ་སྟེ་སྐུ་གསུམ་ཀ་རྟག་པའོ། །དེའང་སྤྲུལ་སྐུ་ནི་མཛད་པ་རྒྱུན་མི་འཆད་པས་སོ། །ལོངས་སྐུ་ནི་འོག་མིན་ལས་གནས་འཕོ་བ་མེད་པ་སྟེ། བརྟན་པ་རྟག་པ་མཆོག་ཏུ་ཡང་ཡིད་སྐྱོབ་པ་ཞེས་གསུངས་སོ། །ཆོས་སྐུ་ནི་ངོ་བོ་ཉིད་ལས་གཡོ་བ་མེད་པ་སྟེ། དེ་སྐད་དུ། རྒྱུད་བླ་མ་ལས་ཀྱང་འདི་སྐད་དུ། རྟག་པའི་ཕ་རོལ་ཕྱིན་པ་དང༌། །གཙང་བའི་ཕ་རོལ་ཕྱིན་པ་དང༌། །བདག་གི་ཕ་རོལ་ཕྱིན་པ་དང༌། །བདེ་བའི་ཕ་རོལ་ཕྱིན་པ་ཞེས་གསུངས་སོ། །མགོན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་མགོན་དུ་གྱུར་པའོ། །སྐྱོབ་པའང་འགྲོ་བ་ཐམས་ཅད་ཀྱིའོ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་པ་ནི་རྣམ་པར་རྟོག་པའོ། །དབྱིབས་དང་ཁ་དོག་དང་བྲལ་བ་ནི་ཁམས་གསུམ་ལས་འདས་པ་སྟེ། འདི་སྐད་དུ། སངས་རྒྱས་རྗེས་སུ་དྲན་པ་ལས། འདོད་པ་དག་གིས་མ་གོས་པ། གཟུགས་དག་གིས་ཉེ་བར་མ་གོས་པ། གཟུགས་མེད་པ་དག་དང་མ་འདྲེས་པ། ཕུང་པོ་དག་ལས་ཡོངས་སུ་གྲོལ་བ། ཞེས་གསུངས་པའོ། །རྒྱལ་བའི་སྤྱོད་ཡུལ་མ་ཡིན་པ། ཞེས་བྱ་བ་ནི་ཡུལ་དུ་བྱས་པའི་ཚུལ་གྱིས་མཁྱེན་པར་བྱར་མེད་པ་སྟེ། ཇི་སྐད་དུ་མདོ་ལས། ལྷའི་བུ་དག་དོན་དམ་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་འདས་པ་ཞེས་གསུངས་ལ། མགོན་པོ་པདྨ་བཛྲས་ཀྱང༌། དཔལ་གསང་བ་གྲུབ་པ་ལས། དངོས་པོ་མེད་ཅིང་ཁྱབ་པ་མཆོག་ཏུ་ཞི་བ་འཇིག་རྟེན་སྤྱོད་པ་དག་ལས་རྣམ་གྲོལ་ཞིང༌། །གང་ཞིག་འབྱུང་ཞིང་ཞི་ལ་རྒྱལ་བ་དམ་པ་རྣམས་ཀྱིས་ཕྱག་བྱས་བསམ་གཏན་དང་བྲལ་བ། །ཅི་ཡང་རུང་བའི་གནས་གྱུར་དཔལ་ལྡན་རྒྱལ་བའི་སྐུ་ཡི་དམ་པ་ནང་གི་བདག་ཉིད་ཀྱིས་འཇུག་པ། །སངས་རྒྱས་ཀྱིས་ཀྱང་རྟོགས་པར་བྱ་བ་མིན་ཞིང་དྲི་མ་རྣམས་དང་བྲལ་བའི་བདག་ཉིད་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ཡིན་ནོ། །རྒྱལ་པོ་ནི་མཆོག་ཏུ་གྱུར་པ་སྟེ་འཕགས་པའི་གང་ཟག་རྣམས་ནི་རྒྱལ་པོ་ཞེས་བྱའོ། །དེ་རྣམ་པར་རྟོག་པས་ཕྱེད་པར་དཀའ་བའི་ཕྱིར་རྡོ་རྗེ་དཔེར་ཞེས་བྱའོ། །ཡེ་ཤེས་ཀྱི་མེ་བསིལ་བར་གྱུར་པས་ན་ཟླ་བ་དཔེར་བྱའོ། །འཇིགས་པ་སྤངས་པའི་ཕྱིར་སེང་གེ་ལྟ་བུའོ། །ཚད་གཟུང་དུ་མེད་པས་ན་ཆུའི་ཕུང་པོ་སྟེ་རྒྱ་མཚོ་དཔེར་བྱའོ། །དེ་ལྟར་མཚན་ཉིད་ཉི་ཤུ་རྩ་དྲུག་བསྟན་ནས་ཡོན་ཏན་ཚད་མེད་པར་བསྟན་པའི་ཕྱིར་དཔེ་སྣ་ཚོགས་ཀྱིས་ཞེས་གསུངས་ཏེ་ཡོན་ཏན་ཐམས་ཅད་འབྱུང་བས་ན་རིན་པོ་ཆེ་ལྟ་བུ་དང༌། ཚད་མེད་པའི་ཕྱིར་ནམ་མཁའ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་དུ་མར་སྦྱར་བར་བྱའོ། །གཙོར་ཆོས་སྐུ་བསྟན་ཟིན་ཏོ། །དེའི་མཛད་པ་ལ་གསུམ་སྟེ། མཛད་པ་ཐམས་ཅད་སེམས་ཅན་གྱི་དོན་ཉིད་དུ་བསྟན་པ་དང༌། རྟོག་པ་མེད་པའི་མཛད་པ་རྒྱས་པར་བསྟན་པ་དང༌། མཛད་པ་བསམ་གྱིས་མི་ཁྱབ་པ་ཉིད་གཞུང་བསྡུ་བའི་སྒོ་ནས་བསྟན་པའོ། །དེ་ཉིད་གཅིག་པུས་སེམས་ཅན་གྱི་དོན་བྱེད་པ་དང་ཞེས་པས་བསྟན་ཏོ། །གཉིས་པ་ནི་མཛད་པ་བཅོ་བརྒྱད་དེ་བྱང་ཆུབ་སེམས་དཔར་བསྟན་པའི་མཛད་པ་དགུ་དང༌། སངས་རྒྱས་པར་བསྟན་པའི་མཛད་པ་དགུའོ། །དེ་ལ་རྣམ་པར་རྟོག་པ་ཐམས་ཅད་སྤངས་ཀྱང༌། ཞེས་བྱ་བ་ནི་མཛད་པ་ཐམས་ཅད་ལ་སྦྱར་བར་བྱ་སྟེ། ཆོས་ཀྱི་སྐུ་ལས་མ་གཡོས་པའི་ཕྱིར་རོ། །དེ་ནས་གཞུང་འཁྲུགས་ཀྱི་ཚུལ་དུ་གནས་ཏེ་དགའ་ལྡན་གྱི་གནས་ན་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་འདས་པའི་བྱང་ཆུབ་སེམས་དཔའི་རྒྱལ་ཚབ་ཉིད་དང༌། ལྷུམས་སུ་འཇུག་པ་ནི་ལྷ་ལས་བབ་པ་ཉམས་དགའ་བ་དང༌། ལྷུམས་ནས་འབྱུང་བ་བལྟམས་པ་སྟོན་པ་དང༌། འཇིག་རྟེན་ལས་ཁྱད་པར་དུ་འཕགས་པ་ནི་གཞོན་ནུའི་རོལ་རྩེད་དང་ཞེན་པ་སྤོང་པ་ནི་ཁབ་ནས་མངོན་པར་འབྱུང་བ་དང༌། ཁྱིམ་པའི་རྟགས་སྤོང་བ་ནི་རབ་ཏུ་འབྱུང་བ་དང༌། དཀའ་ཐུབ་མཛད་པའི་ཕྱིར་བསོད་སྙོམས་ཀྱི་ལྷུང་བཟེད་ལྟོས་པ་མེད་པ་དང༌། འགྲན་ཟླ་མེད་པའི་ཕྱིར་རྡོ་རྗེ་གདན་གྱི་ས་མནན་པ་དང༌། བདུད་བཞི་བཅོམ་པའི་ཕྱིར་བདུད་བཏུལ་བ་མཉམ་པ་མེད་པ་དང༌། ཞེས་པ་སྟེ་བྱང་ཆུབ་སེམས་དཔའི་མཛད་པ་དགུའོ། །དེ་ནས་ཐོ་རངས་ཀྱི་ཚེ་སྤང་བྱ་ཐམས་ཅད་སྤངས་ཞིང་ཐོབ་བྱ་ཐམས་ཅད་ཐོབ་པས་ན་སངས་རྒྱས་དང་སྔར་མ་བྱུང་བ་བྱུང་བས་ན་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཆོ་འཕྲུལ་ཚད་མེད་པ་སྟོན་པས་ན་ཤིན་ཏུ་སྣ་ཚོགས་པའི་ཆོ་འཕྲུལ་དང༌། བྱ་རྒོད་ཕུང་པོར་གླང་པོ་ཆེ་ནོར་སྐྱོང་བཏུལ་བ་དང༌། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བས་ན་སྐལ་བ་དང་ལྡན་པའི་སྐྱེ་བོ་དམ་པ་གཞུག་པ་དང༌། མུ་སྟེགས་ཀྱི་སྟོན་པ་དྲུག་ལ་སོགས་པ་བཏུལ་བས་ན་ཕས་ཀྱི་རྒོལ་བ་ཚར་བཅད་པ་དང༌། དབང་ཕྱུག་ཆེན་པོ་ལ་སོགས་པ་བཏུལ་བས་ན་འཇིག་རྟེན་གསུམ་གྱི་འཁོར་ལོ་འདུལ་བ་དང༌། རྟག་པར་འཛིན་པ་གཞུག་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་དང༌། སྐུ་གསུམ་གྱི་མཛད་པ་རྒྱུན་མི་འཆད་པའི་ཕྱིར་ན་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཞེས་པ་སྟེ་སངས་རྒྱས་ཀྱི་མཛད་པ་དགུའོ། །སྤྱི་དོན་གསུམ་པ་ནི་དེ་ལྟར་རིགས་ཀྱི་བུ་ཞེས་རྡོ་རྗེ་སྙིང་པོ་ལ་བོས་ནས། འདི་ལྟར་ཁྱད་པར་དུ་མ་ནི་འཇིག་རྟེན་ལས་འཕགས་པའོ། །རྨི་ལམ་ལྟ་བུ་ནི་སྣང་ལ་རང་བཞིན་མེད་པའི་ཚུལ་གྱིས་སོ། །སངས་རྒྱས་ཀྱི་རོལ་པ་མཆོག་ཏུ་སྟོན་པར་མཛད་དོ། །ཞེས་པ་ནི་སངས་རྒྱས་ཀྱི་མཛད་པ་མཐའ་ཡས་པའོ། །དེ་ལྟ་བུའི་མཛད་པས་ཅི་ཞིག་མཛད་སྙམ་ན་གང་ཞིག་གྲུབ་པའི་སྒྱུ་མའི་ཚུལ་གྱིས་འགྲོ་བ་ཐམས་ཅད་ཀྱི་དོན་མཛད་དོ་ཞེས་མཛད་པ་ཐམས་ཅད་སེམས་ཅན་གྱི་དོན་བསྒྲུབ་པའི་ཕྱིར་ཡིན་ཏེ། དེ་སྐད་དུ། རྡོ་རྗེ་གུར་ལེའུ་བརྒྱད་པ་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །རིགས་དང་བྱང་ཆུབ་བྱེད་པ་དང༌། །དེ་བཞིན་དུ་ནི་ལྷར་གཤེགས་དང༌། །ཁྱིམ་ནས་འབྱུང་བར་བྱེད་པ་དང༌། །རབ་ཏུ་བྱུང་བ་འཛིན་པ་དང༌། །སྐྱེ་བ་ཡོངས་སུ་ལེན་པ་དང༌། །ཡོངས་སུ་མྱ་ངན་འདས་པ་སྟོན། །འདུལ་བའི་འཇིག་རྟེན་མཐོང་ནས་ནི། །འདི་ནི་གཟུགས་ནི་དུ་མར་བྱེད། །སངས་རྒྱས་སེམས་ཅན་བསྐྱབ་བཞེད་པས། །སངས་རྒྱས་གར་ནི་རོལ་པར་མཛད། །རི་བོང་སྟག་དང་སེང་གེ་དང༌། །གླང་པོ་རྣམས་ཀྱི་རིགས་སུ་ཡང༌། །སྙིང་རྗེ་ཕན་པའི་སེམས་ཀྱིས་ནི། །ཕྱག་རྒྱ་གྲུབ་པ་སྐྱེ་བར་འགྱུར། །བུད་མེད་སྒྱུ་མའི་སྤྲོས་པ་ཡིས། །འདོད་ཆགས་ཅན་ལ་ཆོས་གསུང་ངོ༌། །ཞེས་སོ། །དེ་དག་གིས་ནི་འདི་སྐད་བསྟན་པར་འགྱུར་ཏེ། སྤྱིར་སངས་རྒྱས་སྐུ་གསུམ་ལས་ཆོས་ཀྱི་སྐུའི་མཛད་པ་ནི་ཀུན་ལ་ཁྱབ་ལ། ལོངས་སྤྱོད་རྫོགས་པའི་སྐུས་ནི་ས་བཅུ་པ་རྣམས་ཀྱི་དོན་མཛད་པ་ཡིན། སྤྲུལ་པའི་སྐུ་ནི་གསུམ་སྟེ་སྤྲུལ་པ་མཆོག་ནི་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་པ་ལ་སོགས་པ་ནི་འགྲུབ་པའི་ས་པ་སྟེ། ས་དང་པོ་ཡན་ཆད་ཀྱི་དོན་མཛད་པ་ཡིན་ལ། སྤྲུལ་པ་འབྲིང་ཤཱཀྱའི་རྒྱལ་པོ་ལ་སོགས་པས་ནི་གདུལ་བྱ་དམན་པའི་དོན་མཛད་ཅིང༌། སྤྲུལ་པ་ཐ་མས་ནི་གང་ལ་ཅིས་འདུལ་གྱི་སྐུ་སྟེ། གྲུ་དང་ཟམ་པ་ལ་སོགས་པས་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །འོ་ན་དེ་ལྟར་ཐ་མ་ལ་ནི་སངས་རྒྱས་ཀྱི་སྐུའི་སྣང་བ་མེད་པ་གྲུ་ལ་སོགས་པར་སྣང་བས་ན། གདུལ་བྱ་ཐ་མ་འདུལ་བས་ཐ་མ་ཡིན་ན། སྤྲུལ་པ་མཆོག་དང་འབྲིང་གཉིས་འདུལ་བ་གཉིས་སངས་རྒྱས་ཀྱི་སྐུར་སྣང་བས་ཁྱད་པར་ཅི་ཞིག་ཡོད། དེས་ན་སྤྲུལ་པ་འབྲིང་གིས་གདུལ་བྱ་དམན་པའི་དོན་མཛད་ཅེས་ཅིའི་ཕྱིར་བྱ་སྙམ་ན། སྤྲུལ་པ་འབྲིང་ནི་གྲུབ་པའི་ས་ཡན་ཆད་ལ་སྣང་ལ། ཕལ་པ་གཞན་གྱིས་མཐོང་བའི་སྐལ་བ་མེད་པ་ཡིན་ཏེ། དེ་སྐད་དུ། དེ་ཉིད་འདུས་པ་ལས། དཀྱིལ་འཁོར་མཐོང་བ་རྣམས་གྲུབ་པའི་ས་ལ་བཞག་གོ་ཞེས་འབྱུང་བའི་ཕྱིར་རོ། །སྤྲུལ་པ་འབྲིང་སངས་རྒྱས་སུ་སྣང་ཡང་དེ་མཐོང་བ་ལ་ཡང་ལ་ལ་དག་ངན་འགྲོར་འགྲོ་བ་དག་ཀྱང་སྣང་ཞིང་ཉན་ཐོས་དང་རང་རྒྱལ་བའི་ས་ལ་བཞག་པ་ཡང་སྣང་བའི་ཕྱིར་རོ། །ས་བཅུ་པ་ནི་ཐམས་ཅད་ཀྱི་འཁོར་ཐུན་མོང་མ་ཡིན་ཞིང༌། གྲུབ་པ་ཡན་ཆད་ཀྱང་སྤྲུལ་པའི་སྐུ་ཀུན་གྱི་ཡང་འཁོར་ཡིན་ནོ། །སྤྲུལ་སྐུ་འབྲིང་ལ་འཁོར་གཉིས་པོ་མེད་པ་ནི་མ་ཡིན་ལ། གོང་མ་གཉིས་ཀྱི་འཁོར་ནི་དེ་དག་ཉིད་ཡིན་པས། འདིར་ནི་གཙོ་ཆེ་བའི་དབང་དུ་བྱས་ནས་སྨོས་པ་ཡིན་ནོ། །འབྲས་བུའི་རྒྱུད་བསྟན་ཟིན་ཏོ། །བརྟག་པ་བཅུ་པ་ལས་རབ་ཏུ་བྱེད་པ་གསུམ་པའི་བཤད་པའོ།།  །།དེ་ལྟར་རྒྱས་པར་བཤད་པ་ལ་སྤྱི་དོན་བཞིར་གནས་པ་ལས་དོན་གསུམ་གྱིས་ལམ་གྱི་དངོས་གཞི་རྣམས་བསྟན་ཟིན་ནས། ད་ནི་རྒྱུད་ཕྱི་མ་ལྟ་བུའི་ཚུལ་གྱིས་ཐབས་ཀྱི་རྒྱུད་མི་གསལ་བ་གསལ་བ་དང༌། མ་ཚང་བ་ཁ་བསྐང་བའི་ཕྱིར། ཐབས་ཀྱི་རྒྱུད་ཀྱི་སྦྱིན་སྲེག་ལ་བརྩད་པའི་སྐྱོན་སྤང་ཞིང་ཞར་ལ་སྒྲུབ་པ་པོའི་དམ་ཚིག་དང་སྡོམ་པ་བསྟན་པའི་ཕྱིར་གོང་དུ་བཤང་གཅི་ཁྲག་དང་ནི་ཞེས་བྱ་བ་ལ་སོགས་པ་རབ་ཏུ་བྱེད་པ་བཞི་པ་འདི་གསུངས་སོ། །དེ་ལ་རབ་ཏུ་བྱེད་པ་འདིའི་བརྗོད་པར་བྱ་བའི་དོན་ནི་གང༌། རྗོད་བྱེད་ཀྱི་སྒྲ་ནི་གང༌། མངོན་པར་རྟོགས་པ་ནི་གང༌། རྒྱུད་སྡེ་གཞན་ལ་ཇི་ལྟར་ཕན་འདོགས་པའི་བཤད་པའི་རྒྱུད་ཡིན་ཞེ་ན། གོང་དུ་བརྟག་པ་བདུན་པའི་གཉིས་པ་དང༌། བདུན་པ་དངོས་སུ་བཤད་པ་དང་ཡང་མཐུན་མོད་ཀྱི་འོན་ཀྱང་འདིར་རྒྱས་པར་བརྗོད་ན། བརྗོད་པར་བྱ་བའི་དོན་ནི་བསྐྱེད་པའི་རིམ་པ་སྤྱི་དང་འབྲེལ་ལ། རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་དང་སྦྱར་ཏེ་བཤད་དོ། །མངོན་པར་རྟོགས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མཐའ་དག་གི་དོན་དྲུག་ལས། སྦྱིན་སྲེག་དང༌། དམ་ཚིག་དང༌། སྡོམ་པ་དང་འབྲེལ་ལོ། །དེ་ལ་མི་རྟོག་པའི་དམ་ཚིག་ནི་མཆོག་གི་མངོན་རྟོགས་ཀྱི་ལྔའི་དང་པོ་ལྟ་བ་དང་ཡང་འབྲེལ་པ་ཡིན་ནོ། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ན་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བའི་ལེའུ་དགུ་པར་སྦྱིན་སྲེག་གི་སྐབས་སུ་གསུངས་པའི་བསྲེག་རྫས་ལ་བརྩད་པའི་སྐྱོན་སྤང་བའི་སྒོ་ནས་བཟའ་བསྲུང་གི་དམ་ཚིག་ཐམས་ཅད་གསུངས་ཏེ། མདོ་དེ་ཆ་མཐུན་པས་ངེས་པ་བསྐྱེད་པས་བཤད་པའི་རྒྱུད་དོ། །ཐབས་དེས་མི་འཆིང་ཞིང་གྲོལ་བའི་རྒྱུ་ནི། མངོན་བརྗོད་ལྔ་བཅུ་རྩ་དྲུག་པར་ཡང་ཆ་མཐུན་ནོ། །ཡང་རྣལ་འབྱོར་ཆེན་པོ་མཐའ་དག་ཏུ་གང་དམ་ཚིག་མི་གསལ་བ་རྣམས་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །བཤད་ཐབས་ཀྱི་མན་ངག་གོ །ད་ནི་གཞུང་ལ་འཇུག་པར་བྱ་སྟེ། འདི་ལ་གསུམ། སྦྱིན་སྲེག་ལ་བརྩད་པའི་སྐྱོན་སྤང་བའི་སྒོ་ནས་ལམ་མཆོག་ཏུ་གྱུར་པ་མི་རྟོག་པ་ཡིན་པར་བསྟན་པ་དང༌། མི་རྟོག་པ་དང་རྗེས་སུ་འབྲེལ་བའི་དམ་ཚིག་དང༌། མདོར་ན་ཐབས་སྣ་ཚོགས་བསྟན་ཀྱང་མི་འཆིང་ཞིང་གྲོལ་བའི་རྒྱུར་བསྟན་པའོ། །དང་པོ་ལ་གཉིས། ཞུས་པ་དང༌། ལན་ནོ། །ཞུས་པ་ནི་གང་དུ་ཞེས་བྱ་བ་ནི་བརྟག་པ་བདུན་པའི་གཉིས་པར། བཤང་གཅི་ཁུ་བ་ཁྲག་རྣམས་ཀྱིས། །ཐམས་ཅད་ལས་ནི་ཁ་བསྐང་ཡིན། །ཞེས་བྱ་བ་ལ་སོགས་པའོ། །ཡེ་ཤེས་སེམས་དཔའ་ལ་མི་གཙང་བས་ཁ་བསྐང་ན། སྡིག་པ་སྐྱེ་བར་མི་འགྱུར་རམ། ཞེས་ཞུ་བའོ། །ལན་ལ་ལྔ་ཡོད་པ་ལས་དང་པོར་གཙང་མི་གཙང་དུ་འཛིན་པ་རྟོག་པས་བརྟག་པ་ཡིན་པར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། དོན་ནི་འདི་ཡིན་ཏེ། མ་རིག་པས་རྒྱུ་བྱས་ནས་རྟོག་པའི་དྲྭ་བས་བརྟགས་པའི་ཚེ་གཙང་བ་དང་མི་གཙང་བར་འབྱུང་བར་འགྱུར་ལ། རྟོག་པ་དང་བྲལ་ན་གཙང་མི་གཙང་མེད་དོ། །ཞེས་བྱ་བའོ། །གཉིས་པ་སྡིག་པ་དང་བསོད་ནམས་ཀྱང་རྟོག་པ་ཡིན་པ་ནི། དེ་ནི་སྡིག་དང་ཞེས་བྱ་བ་ལ་སོགས་པ་སྟེ། གཙང་མི་གཙང་ལས་བྱུང་བའི་བསོད་ནམས་དང་སྡིག་པ་ཡང་ཡང་དག་པར་མེད་དེ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་དག་པའོ་ཞེས་བྱ་བའི་དོན་ཏོ། །སྤྱི་དོན་གཉིས་པ་ཆོས་རང་བཞིན་གྱིས་དག་ཀྱང་ཀུན་རྫོབ་ཏུ་རྟོགས་པའི་ཐབས་བསྟན་པའི་འཐད་པ་ལ་གསུམ། ཐབས་ཀུན་རྫོབ་ཏུ་བསྟན་པའི་དགོས་པ་དང༌། དོན་དམ་པར་བསོད་ནམས་དང༌། སྡིག་པ་གཉིས་ཀ་དང་བྲལ་བར་བསྟན་པ་དང༌། ཐབས་བཤད་པའི་དུས་དང༌། འཐད་པ་བཤད་པའོ། །དང་པོ་ནི་མ་སྐྱེས་ཞེས་བྱ་བ་རྐང་པ་བཞི་སྟེ། དོན་དམ་པར་སྤྲོས་པ་དང་བྲལ་ཡང་ཀུན་རྫོབ་ཏུ་བསྟན་པ་ནི། སེམས་ཅན་ཡེ་ཤེས་འཕེལ་བྱའི་ཕྱིར། །གཉིས་པ་ནི། སྐྱེ་བ་དང༌། ཞེས་པ་རྐང་པ་གཉིས་ཏེ། དོན་དམ་པར་མེད་པའི་ཕྱིར། བསོད་ནམས་མ་ཡིན་པ་ལ་ཞེན་པ་དེ་སྤང་བར་བྱའོ། །གསུམ་པ་ནི་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། ཆུ་ཆེན་པོའི་ཕ་རོལ་དུ་འགྲོ་བར་འདོད་པའི་འགྲོན་པོ་དག་རྩྭ་དང་ཤིང་བུ་གྱི་ན་དག་ལ་གཟིངས་བཅས་ནས། དེ་ལ་བརྟེན་ཏེ་དེའི་བར་ཆད་དག་ཀྱང་བསལ་ནས་ཆུ་ཀླུང་གི་ཕ་རོལ་ཏུ་ཕྱིན་པ་དང་གྱི་ན་དེ་དག་སྤངས་ན་ཇི་ལྟར་བདེ་བར་འགྲོ་བར་འགྱུར་རོ། །དེ་བཞིན་དུ་རྣལ་འབྱོར་པ་སྲིད་པའི་རྒྱ་མཚོའི་ཕ་རོལ་དུ་འགྲོ་བར་འདོད་པས་ཀྱང༌། དགེ་བའི་ཐབས་ཀྱི་ཆ་གཟིངས་ལྟ་བུ་ལ་ནི་བརྟེན། མི་དགེ་བ་གཟིངས་ཀྱི་བར་ཆད་དུ་ལྟ་བ་དག་སྤངས་ནས་སྲིད་པའི་རྒྱ་མཚོའི་ཕ་རོལ་དུ་ཕྱིན་པའི་ཚེ་ནི། ལམ་དང་ལམ་མ་ཡིན་པ་གཉི་ག་སྤངས་ན་གྲོལ་བའི་སར་ཕྱིན་ཞེས་བྱའོ། །ཞེས་བྱ་བའི་དོན་ཏོ། །བཞི་པ་ལམ་རང་གི་ངོ་བོ་རྟོག་མེད་ཡིན་པར་བསྟན་པའི་ཕྱིར། རྟོག་པའི་དྲྭ་བ་ནི་ཞེས་སོགས་རྐང་པ་བཞི་སྟེ། སངས་རྒྱས་ཀྱི་གསུངས་པའི་ལམ་རྣམས་ལ་རྣམ་པར་རྟོག་པ་མེད་པར་གྱིས་ཞེས་བྱ་བའོ། །ལྔ་པ་རྟོག་པའི་སྐྱོན་དང་མི་རྟོག་པའི་ཕན་ཡོན་ནི། རྣམ་རྟོག་གཏི་མུག་ཆེན་པོ་སྟེ། །ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཅིག་གོ །སྤྱི་དོན་གཉིས་པ་མི་རྟོག་པ་དང༌། རྗེས་སུ་འབྲེལ་བའི་དམ་ཚིག་ལ་བཞི་སྟེ། མི་རྟོག་པ་བསྐྱེད་པའི་ཐབས་ཕན་ཡོན་དང་བཅས་པ་དང༌། སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༌། རང་གི་ཁམས་ལྔ་རྒྱལ་བར་བྱ་བའི་དམ་ཚིག་དང༌། བཟའ་བའི་དམ་ཚིག་བསྟན་པ་ཕན་ཡོན་དང་བཅས་པའོ། །དེ་དག་གི་དང་པོ་ནི་དབང་པོ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་རྐང་པ་དྲུག་སྟེ། དེ་ལྟར་གོང་དུ་བསྟན་པའི་མི་རྟོག་པ་དེ་དག་ཀྱང་དབང་གསུམ་པ་དཀྱིལ་འཁོར་འཁོར་ལོའི་དཔེའི་ཡེ་ཤེས་ལ་བརྟེན་ནས། སྐྱེ་བ་འདིར་སངས་རྒྱས་འགྲུབ་བོ་ཞེས་བསྟན་པའོ། །གཉིས་པ་བུད་མེད་དང་ནི་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གསུམ་སྟེ། དེ་དག་གི་དོན་ཡང་འདི་ཡིན་ཏེ། དམ་ཚིག་ཐམས་ཅད་ལུས་ངག་ཡིད་གསུམ་གྱི་བསྲུང་བྱར་འདུས་པས། ལུས་ངག་ཡིད་གསུམ་གྱིས་སུ་ལ་ཡང་གདུང་བར་མི་བྱ་སྟེ། དེ་ལྟར་བསྲུངས་ན་དམ་ཚིག་གི་ཉེས་པ་ཐམས་ཅད་མི་འབྱུང་སྟེ་བསྲུང་བྱ་ཐམས་ཅད་བསྲུང་བའི་ཕྱིར་རོ། །སུ་ལའང་མི་སྨོད་པ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་སངས་རྒྱས་སུ་ལྟ་བའི་ཕྱིར་ཏེ། ལུང་ལས་ཀྱང༌། སྐྱེ་བོ་རྣལ་འབྱོར་མཐར་ཕྱིན་པས། །ང་རྒྱལ་མི་བཅག་ཐོ་མི་བཙམ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། ཤ་ཡི་ཁམས་རྣམས་ཐམས་ཅད་ནི། །ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གསུམ་དང་རྐང་པ་གཅིག་གིས་བསྟན་ཏེ། རང་གི་ལུས་ཀྱི་ཁམས་རྒྱལ་བ་ལྔར་རྟག་ཏུ་བསྒོམ་པར་བྱ་ཞེས་བྱ་བའོ། །བཞི་པ་བཟའ་བའི་དམ་ཚིག་ནི། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ལྔ་ནི་ཤ་ལྔའམ་བདུད་རྩི་ལྔའི་བརྡའོ། །བདུད་རྩི་ལྔ་ནི་བཤང་གཅི་ཞེས་བྱ་བ་ལ་སོགས་པ་དངོས་སུ་བསྟན་ལ། དེ་དག་ཀྱང༌། འབྱུང་བ་བཞི་ནི་ཡོངས་སུ་བཟུང་ནས་ཞེས་བྱ་བ་ནི་རྒྱུ་ནི་འབྱུང་བ་བཞིར་འདུས་ལ། བློ་ཡིས་རྫོགས་པ་ཡོངས་བསྒོམ་པ། །ཞེས་བྱ་བས་ནི། དེ་དག་ཀྱང་རྒྱལ་བ་ལྔར་བྱིན་གྱིས་བརླབ་པ་བསྟན་ཅིང༌། ཐམས་ཅད་དུ་ནི་ཟོས་པས་འབྱུང༌། །ཞེས་བྱ་བས་ནི་བཟའ་བའི་དམ་ཚིག་རྟག་ཏུ་བསྟེན་པར་བྱའོ། །ཞེས་བྱ་བ་བསྟན་ཏོ། །སྤྱི་དོན་གསུམ་པ་མི་རྟོག་ན་ཐབས་སྣ་ཚོགས་བསྟན་ཀྱང་མི་འཆིང་ཞིང་གྲོལ་བའི་རྒྱུར་བསྟན་པ་ནི། དཔེར་ན་བུད་མེད་ཅེས་བྱ་བ་ལ་སོགས་པ་སྟེ། བུད་མེད་ལ་ལ་དག་བྱིས་པ་རྣམ་པར་རྟོག་པ་མེད་པའི་དྲུང་དུ་བསྡད་ནས། འདུ་བའི་གཏམ་ཞེས་བྱ་བ་ནི་འུ་ཅག་གཉིས་བཟའ་མི་བྱའོ་ཞེས་སྨྲ་ཞིང༌། ལམ་འཆིང་བ་ནི་འགྲོར་མི་སྟེར་བར་བཀག་ཀྱང༌། བྱིས་པ་དེ་ལ་ཁྱིམ་ཐབ་ཀྱི་རྣམ་པར་རྟོག་པ་ཅི་ཡང་མེད་དོ། །ཡང་ན་ལམ་འཆིང་བ་མེད་པར་བརྗོད་ཅེས་ཟེར་ན་འོག་མ་ལ་སྦྱར། མི་རྟོག་ན་ལམ་གྱིས་མི་འཆིང་ཞེས་སྦྱར་བར་བྱའོ། །དེ་བཞིན་དུ་དེ་ལྟར་ཆོ་གས་རྣལ་འབྱོར་པའི་ལེགས་པའི་ལམ་ནི་བསྟན་པའོ། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་བསྟན་པའི་ཐབས་ཀྱི་ཆའི་ལམ་ཐམས་ཅད་ཀྱང་རྣམ་པར་རྟོག་པ་མེད་པས་བསྒྲུབས་ན་ཐབས་ཤེས་རབ་གཉིས་སུ་མེད་པ་ཡིན་པའི་ཕྱིར་མི་འཆིང་ཞིང་གྲོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་དང་སྡོམ་པ་བསྟན་ཟིན་ཏོ། །རྒྱུད་ཀྱི་ལུས་ཀྱི་ཚུལ་ཡན་ལག་རྒྱས་པར་དབྱེ་བ་མ་ལུས་པའང་བསྟན་ཟིན་ཏོ། །དེ་ལྟར་རྩ་བའི་རྒྱུད་ཀྱི་ལུས་ཡོངས་སུ་རྫོགས་ནས། ད་ནི་སྟོན་པ་ལ་འཁོར་རྣམས་ཀྱིས་རྗེས་སུ་ཡི་རང་བ་སྟོན་ཏོ། །འདི་ལ་གཉིས། འཁོར་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་ཐོབ་པ་དང༌། རྒྱུད་ཀྱི་དོན་ལ་རྗེས་སུ་ཡི་རང་བ་དངོས་སོ། །དང་པོ་ནི། དེ་ནས་ཞེས་བྱ་བ་ནི་རྩ་བའི་རྒྱུད་གསུང་བ་ཡོངས་སུ་རྫོགས་པའི་རྗེས་ལའོ། །རྣལ་འབྱོར་པ་ནི་གྲུབ་པ་མཆོག་གི་ས་ལ་གནས་པ་རྣམས་ཏེ་གྲངས་མཐའ་ཡས་པའོ། །རྣལ་འབྱོར་མ་དང་ཞེས་པ་ནི། རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པའོ། །ཞེས་གོང་དུ་བརྟག་པ་དྲུག་པར་གསུངས་སོ། །མཁའ་འགྲོ་ནི་ཁཎྜ་ཀ་པཱ་ལི་ལ་སོགས་པ་ལྟ་བུའོ། །མཁའ་འགྲོ་མ་ནི་རབ་ཏུ་གཏུམ་མོ་ལ་སོགས་པ་ལྟ་བུའོ། །དེ་དག་གི་གྲངས་ནི་བྱེ་བ་ཕྲག་བརྒྱད་ཅུ་དང་ཞེས་སོ། །བྱང་ཆུབ་སེམས་དཔའ་དང་ཞེས་བྱ་བ་ནི། དཔའ་བོའི་འཁོར་བྱེ་བ་ཕྲག་བརྒྱད་ཅུ་ཞེས་དང་པོར་གསུངས་སོ། །དེ་བཞིན་གཤེགས་པ་ནི་ཏིལ་གྱི་གང་བུ་དང་མཉམ་པའོ། །དགའ་ཞིང་མགུ་བ་ནི་སེམས་ཀྱི་སྐད་ཅིག་དང་པོ་དང་ཕྱི་མའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཐམས་ཅད་ཐོབ་པར་གྱུར་ཏོ། །ཞེས་བྱ་བ་ནི་འཁོར་རྣམས་ཀྱིས་སངས་རྒྱས་ཀྱི་སའི་བར་དུ་མངོན་དུ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །གཉིས་པ་རྗེས་སུ་ཡི་རང་བ་དངོས་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་གང་གི་མཆོག་གི་འཁོར་རྣམས་མདོར་བསྟན་ནས། ལྷ་དང་ཞེས་བྱ་བ་ལ་སོགས་པས་འཁོར་འབྲིང་པོ་གྲུབ་པའི་ས་ལ་གནས་པ་མཐའ་ཡས་པ་རྣམས་སོ། །བཅོམ་ལྡན་འདས་ནི་སྟོན་པ་རྡོ་རྗེ་འཆང་ངོ༌། །གསུངས་པ་ནི་རྩ་བའི་རྒྱུད་བརྟག་པ་བཅུའི་བདག་ཉིད་ཅན་ནོ། །མངོན་པར་དགའོ་ཞེས་བྱ་བ་ནི་མངོན་པར་བསྟོད་ཅིང་དགའ་བའོ། །རྗེས་སུ་ཡི་རང་བ་བསྟན་ཟིན་ཏོ། །མཚན་བསྟན་པ་ནི་དཔལ་ཡང་དག་པར་སྦྱོར་བ་ལས་བྱུང་བ་ཞེས་བྱ་བ་ནི་དང་པོར་བསྟན་ཟིན་ཏོ། །དེ་ཁོ་ན་ཉིད་ཐམས་ཅད་ཅེས་བྱ་བ་ནི། རྒྱུད་སྡེ་འབུམ་ཕྲག་སུམ་ཅུ་རྩ་དྲུག་པོ་ཐམས་ཅད་ཀྱི་སྙིང་པོ་ལྟ་བུར་གྱུར་པ་ཞེས་བྱ་བའོ། །གླེང་གཞི་ཞེས་བྱ་བ་ནི་བསྟན་ཟིན་ཏོ། །བརྟག་པའི་རྒྱལ་པོ་ཞེས་བྱ་བ་ལས་བརྟག་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྟོག་པ་མེད་ཀྱང་སེམས་ཅན་གྱི་དོན་གྱི་ཕྱིར་ཆོ་ག་དང་བསྒོམ་པ་ལ་སོགས་པར་རྟོག་པས་ངན་པའི་རྟོག་པ་སྟེ། འཕགས་པ་རྡོ་རྗེ་རྩེ་མོ་ལས་ཀྱང༌། ཆོས་ཀུན་གཟུགས་ཅན་མ་ཡིན་ཡང༌། །གཟུགས་ཅན་དུ་ཡང་འདི་རུ་བརྟག །ཆོས་ཀུན་ཚིག་གི་སྤྱོད་ཡུལ་མིན། །སྒྲ་རུ་ཡང་ནི་འདིར་བསྟན་ཏེ། །དེ་བས་ངོ་མཚར་ཆོས་འདི་རུ། །རྟོག་པས་རྟོག་པ་ཡིན་པར་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །བརྟག་པ་བཅུ་པ་རྫོགས་ཏེ་རྩ་བའི་རྒྱུད་མ་ལུས་པའང་བསྟན་ཟིན་ཏེ་ཡོངས་སུ་རྫོགས་སོ།།  །།རྒྱུད་ཕྱི་མ་ལ་རབ་ཏུ་བྱེད་པ་སུམ་ཅུ་ཐམ་པ་བཞུགས་སོ་ཞེས་བླ་མ་རྣམས་ཀྱིས་གསུངས་ཤིང༌། སློབ་དཔོན་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་ཀྱང་གསུངས་མོད་ཀྱི། འདིར་ནི་རྒྱུད་དུམ་བུ་ཅུང་ཟད་ཅིག་ལས་མི་སྣང་ངོ༌། །འདི་ཡི་རྣམ་པར་བཤད་པ་ནི་རྗེ་བླ་མ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་གཞུང་དུམ་བུ་གཉིས་ཀྱི་བདག་ཉིད་དུ་གནས་པ་ཞིག་མཛད་པས་ན་འདིར་ནི་རྣམ་པར་བཤད་པ་མི་བྱའོ་སྙམ་དུ་ཡང་བསམ་པའོ། །རྣམ་པར་བཤད་པ་མ་ལུས་པ་ཡོངས་སུ་རྫོགས་སོ།།  །།རྫོགས་སངས་རྒྱས་ཀྱི་གདུལ་བྱའི་བསམ་པ་བཞིན། །ཉན་ཐོས་སངས་རྒྱས་འབྲིང་ལམ་ཐེག་ཆེན་དང༌། །བྱ་སྤྱོད་རྣལ་འབྱོར་རྣལ་འབྱོར་ཆེན་པོ་ནི། །ཀུན་གྱི་གཅེས་པ་བསྡུས་པ་འདི་ཡིན་ནོ། །ཟབ་མོའི་གསུང་དང་རྒྱུད་མཛད་དེ་ཉིད་དང༌། །མཐུ་སྟོབས་མགོན་པོ་དང་ནི་ཌོཾ་བི་དཔལ། །རྒྱུད་འཛིན་རྣམས་དང་བླ་མ་ཡེ་ཤེས་ཞབས། །ས་སྐྱའི་བླ་ཆེན་མཆོག་ལ་མགོས་ཕྱག་འཚལ། །ཤིན་ཏུ་ཟབ་དོན་རྣལ་འབྱོར་ཆེན་པོ་ནི། །འབུམ་ཕྲག་སུམ་ཅུ་དྲུག་ལས་མཆོག་གྱུར་པ། །སྙིང་པོར་གྱུར་པའི་རྒྱུད་སྡེ་བཅུ་དྲུག་གི །གཅེས་པ་ཀུན་བསྡུས་ཟབ་མོའི་རྒྱུད་འདི་ལ། །དམུས་ལོང་མཚན་མོ་མུན་ནག་སྒྲོན་བྲལ་ཞིང༌། །རྒྱུས་མེད་གནས་སུ་སྐྱེ་བོ་འདྲེན་འདྲ་བའི། །གླེགས་བམ་ཙམ་འཛིན་མན་ངག་དང་བྲལ་བའི། །འཆད་པར་བྱེད་པས་གངས་ཅན་གང་བར་མཐོང༌། །འདི་ནི་ཤེས་རབ་མིག་ཅན་སྐྱེ་བོ་ཡིས། །བླ་མའི་མན་ངག་ཡེ་ཤེས་སྒྲོན་བཟུང་ནས། །ཐར་མཆོག་རྒྱུད་ཀྱི་ལམ་འདི་ལེགས་བསྟན་གྱིས། །རྡོ་རྗེ་འཆང་གི་གནས་སུ་འགྲོ་བར་གྱིས། །བསོད་ནམས་ཡེ་ཤེས་རྩེར་གྱུར་རྣལ་འབྱོར་པ། །དགེ་བསྙེན་བདག་ལ་རོང་དུ་སྐྱེས་པ་ཡི། །དགེ་སློང་སེང་གེ་རྒྱལ་མཚན་ཞེས་བྱ་ཡིས། །གསོལ་བ་བཏབ་ནས་བཤད་སྦྱར་འདི་བགྱིས་སོ། །སྙིང་པོའི་རྒྱུད་རྒྱལ་ཀུན་གྱི་གནད་ཀྱི་དོན། །བསྡུས་པའི་རྡོ་རྗེའི་ཚིག་གིས་སྦས་པའི་རྒྱུད། །ཁ་འབྱེད་ལེགས་བཤད་འདི་ཡིས་གསལ་བས་ན། །བཤད་སྦྱར་འདི་ནི་གནད་ཀྱི་གསལ་བྱེད་ཡིན། །མན་ངག་འཛིན་པའི་བློ་གྲོས་རབ་གསལ་ཞིང༌། །གཞུང་དོན་ལེགས་རྟོགས་ལུང་གིས་རྒྱས་པས་ན། །ལེགས་བཤད་འདི་ལ་ཉེས་མའི་སྐྱོན་འགའ་མེད། །གལ་ཏེ་མཆིས་ན་མཁའ་འགྲོས་བཟོད་པར་མཛོད། །ཚིག་འགྲེལ་ཧ་ཅང་རྒྱས་མིན་དོན་གསལ་བགྱིས། །འདི་ལས་བྱུང་བའི་བསོད་ནམས་མཐའ་ཡས་དེས། །འགྲོ་ཀུན་ས་བཅུའི་རྩེ་མོ་ཐོབ་གྱུར་ནས། །རྡོ་རྗེ་འཆང་ཆེན་གོ་འཕང་ཐོབ་པར་ཤོག །རྡོ་རྗེ་འཆང་མཚུངས་བླ་མས་རྒྱུད་ཀྱི་དོན། །གསུང་རྫོགས་བཅུ་བདུན་ལོན་ནས་ཤིང་ལུག་ལ། །གྲགས་པས་ཡོངས་གང་ཡོན་ཏན་འབྱུང་བའི་གནས། །དཔལ་ལྡན་ས་སྐྱའི་གནས་སུ་གུས་པས་བྲིས། །ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཆེན་པོའི་རྣམ་པར་བཤད་པ། གནད་ཀྱི་གསལ་བྱེད་ཅེས་བྱ་བ་འདི་ཡོངས་སུ་རྫོགས་སོ།།  །།འདིས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་ནས་ལམ་གྱི་བར་ཆད་ཐམས་ཅད་དང་བྲལ་ཏེ། རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག།  །།འདིར་སྨྲས་པ། སྙིང་པོའི་དོན་མ་ལུས་པའི་དོན་བསྡུས་པའི་རྒྱུད། ཡང་དག་པར་སྦྱོར་བ་ཞེས་བྱ་བའི་བཤད་སྦྱར་རྒྱུད་ཀྱི་གནད་ཀྱི་དོན་མ་ལུས་པ་གསལ་བར་བྱེད་པ་ཞེས་བྱ་བ་འདི་ནི། རྡོ་རྗེ་འཆང་ཆེན་པོའི་ངོ་བོ་རྗེ་བཙུན་ས་སྐྱ་པའི་སྐུ་གསུང་ཐུགས་ཀྱི་སྲས། ཤཱཀྱའི་དགེ་བསྙེན་ཐེག་པ་ཆེན་པོ་འཛིན་པའི་བྱང་ཆུབ་སེམས་དཔའ། རྡོ་རྗེ་ཐེག་པ་མཆོག་གི་བརྟུལ་ཞུགས་ལ་གནས་པའི་རིག་པ་འཛིན་པ་ཆེན་པོ་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་པ། རིག་པར་སྨྲ་བའི་སེང་གེའི་ང་རོས་རྟོག་གེ་ངན་པའི་གླང་པོ་སྐྲག་པར་བྱེད་པའི་མཁས་པ་ཆེན་པོ། གསང་སྔགས་རྒྱ་མཚོ་ལ་ཐུགས་ཀྱི་སྣང་བ་ཐོབ་པས། རྡོ་རྗེ་འཆང་དང་མཚུངས་པའི་རྣལ་འབྱོར་གྱི་དབང་ཕྱུག་བསོད་ནམས་དཔག་ཏུ་མེད་པའི་སའི་མཆོག་རྣམས་བསྒྲུབས་ནས། རྡོ་རྗེ་འཆང་གི་རྩེ་མོར་གཤེགས་པའི་རྗེ་བཙུན་བསོད་ནམས་རྩེ་མོ་ཞེས་བྱ་བས་མཛད་པའོ། །རྫོགས་སོ།།  །།རྗེ་བཙུན་བླ་མས་ཅུང་ཟད་མ་མཛད་པ། །བདག་གིས་རྫོགས་པར་བགྱིས་སོ་བསོད་ནམས་འདིས། །རྟག་ཏུ་བླ་མ་རྣམས་ཀྱི་བྲན་བྱེད་ཅིང༌། །འགྲོ་ཀུན་སངས་རྒྱས་ས་ལ་འགོད་པར་ཤོག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*