ཆོས་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས། ༡

༼ང་༽

༄༅། །ཆོས་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷི་རསྟུ། སྣ་ཚོགས་རབ་བཀྲ་དངོས་རྣམས་དེ་ཁོ་ན། །མཁའ་མཉམ་སྒྱུ་འདྲ་སྙིང་པོ་མེད་མཁྱེན་ནས། །དེ་མ་རྟོགས་ལ་ཐུགས་རྗེས་ལམ་གསུངས་པ། །ཐུབ་དབང་མཆོག་ལ་མགོ་བོས་ཕྱག་འཚལ་ལོ། །མ་ངེས་གཞུག་དང་ངེས་རྣམས་སྤྲོ་བྱ་དང༌། །རང་བློ་འཕེལ་ཕྱིར་ཆོས་ལ་འཇུག་པའི་སྒོ། །བཀའ་དང་བསྟན་བཅོས་བླ་མ་བརྒྱུད་གྱུར་པའི། །མན་ངག་ལ་བརྟེན་ཅི་ནུས་བརྗོད་པར་བགྱི། །མཁས་པ་རྣམས་ཀྱིས་གཞན་དང་གཞན་དག་ཏུ། །སོ་སོའམ་བསྡུས་ཏེ་གསལ་བར་གསུངས་མོད་ཀྱི། །བདག་གཞན་དོན་ཕྱིར་མཁའ་ལྡིང་འཕུར་གྱུར་ཀྱང༌། །དོན་ལ་འབད་ཕྱིར་བུང་བའང་བློ་གྲོས་སྤྲོ། །དད་རྗེས་འབྲང་ངམ་ཡང་ན་བློ་གསུམ་གྱི། །བསྲེག་བཅད་བདར་བཞིན་སྐྱོན་གསུམ་སྤོང་བྱེད་པའི། །རིག་པའི་མིག་ཅན་ཕྱོགས་ལྟུང་སྤངས་པའི་བློས། །ལེགས་དཔྱད་འདི་ལ་རྣ་བ་བླགས་ཏེ་ཉོན། །སྡོམ་ནི། རང་བཞིན་དང་ནི་དགོས་པ་དང༌། །དབྱེ་བ་དང་ནི་སྤྱིར་འགྲོ་ཡིན། །བྱེ་བྲག་ལ་ནི་རྣམ་པ་ལྔ། །གཉིས་ལས་བརྒྱད་ནི་འཇུག་པའི་སྒོ། །གཞན་ལ་ཕན་པར་འདོད་པ་རྣམས་ཀྱིས་ཆོས་ལ་འཇུག་པའི་གཏམ་འདི་དག་བརྗོད་པར་བྱ་སྟེ། འདི་སྐད་དུ། གང་ཞིག་འདྲི་ཞིང་དགེ་སློང་ལེགས་པར་འོངས། །སྟན་ཡང་གདིང་ཞིང་ཚུར་ཤོག་འདུག་པར་གྱིས། །མི་རྙེད་པ་ནི་རབ་དཀོན་རྙེད་གྱུར་ན། །གཅིག་ལ་གཅིག་ནི་ཆོས་ཀྱི་གཏམ་ཡང་བྱ། །ཞེས་གསུངས་སོ། །དེ་ཡང་ཆོས་ཀྱི་གཏམ་བྱ་མོད། ཆོས་ཞེས་བྱ་བ་འདི་ཅི་ཞེས་རྣམ་པར་རྟོག་པར་གྱུར་ན། སྤྱིར་ཆོས་ཞེས་བྱ་བའི་སྒྲ་ནི་རྣམ་གྲངས་དུ་མ་ལ་འཇུག་སྟེ། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང༌། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་བཅུ་ལ་འཇུག་པ་ལས། འདིར་ཆོས་ལུགས་ཀྱི་གཏམ་བྱའོ། །ཆོས་ལུགས་ཞེས་བྱ་བ་ཅི་ཞེ་ན། རང་རང་གི་ཐབས་དང་ཐབས་ལས་བྱུང་བའི་རྣམ་པར་གཞག་པའི་གཞུང་ལུགས་ཏེ། དེ་ནི་དེ་ལ་བློ་འཆོས་པའི་ཕྱིར་རམ། བློ་འདུལ་བ་བྱེད་པའི་ཕྱིར་ཆོས་ཞེས་བྱའོ། །ཆོས་ཞེས་བྱ་བ་དེ་ཡིན་མོད། ཐབས་དང་ཐབས་ལས་བྱུང་བ་དེའི་རྣམ་པར་གཞག་པ་དེ་རང་གིས་ཅི་ཞིག་བྱ། འདི་ལ་དགོས་པ་མེད་དོ་སྙམ་ན། དགོས་པ་ཡོད་དེ་སེམས་ཅན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པར་མཚུངས་ཏེ། ཇི་སྐད་དུ། འདི་ལྟར་བདག་དང་གཞན་དག་ཀྱང༌། །སྡུག་བསྔལ་མི་འདོད་མཚུངས་པ་དང༌། །བདེ་བ་འདོད་དུ་མཚུངས་པས་ན། །བདག་དང་བྱེ་བྲག་ཅི་ཞིག་ཡོད། །ཅེས་གསུངས་སོ། །དེ་ལྟར་བདེན་མོད་ཀྱང་བདེ་བ་ཐོབ་པ་ཉིད་ལ་གཞུང་ལུགས་ཀྱིས་ཅི་ཞིག་བྱ་སྙམ་ན། དགོས་པ་ཡོད་དེ། ཐབས་མེད་པའི་འབྲས་བུ་འདོད་པ་ཙམ་གྱིས་འབྲས་བུ་མི་འཐོབ་སྟེ། དུས་ཚོད་དང་ཆུ་ལུད་ལ་སོགས་པའི་དྲོད་ཚོད་མི་ཤེས་པར་ལོ་ཏོག་ཕུན་སུམ་ཚོགས་པ་མི་འབྱུང་བ་བཞིན་ནོ། །དེས་ན་འབྲས་བུ་དེ་ཐོབ་པར་བྱེད་པའི་ཐབས་ཀྱི་རྣམ་པར་གཞག་པ་ཤེས་དགོས་སོ། །གལ་ཏེ་གཞུང་ལུགས་དེ་ལ་གཅིག་ཁོ་ནའམ་དབྱེ་བ་ཡོད་སྙམ་ན། དབྱེ་བ་ཡོད་དེ། ཇི་ལྟར་དབྱེ་སྙམ་ན་བཞི་སྟེ། གང་ཟག་གི་སྒོ་ནས་དབྱེ་བ་དང༌། མཐར་ཐུག་གི་འབྲས་བུའི་སྒོ་ནས་དབྱེ་བ་དང༌། སྟོན་པའི་སྒོ་ནས་དབྱེ་བ་དང༌། ཆོས་རང་གི་ངོ་བོའི་སྒོ་ནས་དབྱེ་བའོ། །དང་པོ་ནི་རྣམ་པ་གསུམ་སྟེ། སྲིད་པར་འདོད་པ་དང༌། སྲིད་པ་དང་བྲལ་བར་འདོད་པ་དང༌། དེ་གཉིས་ཀ་མངོན་པར་མི་འདོད་པའོ། །ཇི་སྐད་དུ། འཕགས་པས་ཀྱང༌། བྱིས་པ་རྣམས་ནི་གཟུགས་ལ་ཞེན། །བར་མ་རྣམས་ནི་ཆགས་བྲལ་འགྱུར། །མཁས་པ་རྣམས་ཀྱིས་གཟུགས་ཀྱི་ནི། །རང་བཞིན་ཤེས་ནས་རྣམ་པར་གྲོལ། །ཞེས་གསུངས་ཏེ། སེམས་ཅན་གྱི་ཁམས་ན་སེམས་ཅན་འདི་གསུམ་དུ་ངེས་སོ། །དེ་ལ་སྲིད་པར་འདོད་པ་ནི་གཉིས་ཏེ། ཐར་པའི་ལམ་དང་ཞེ་འགྲས་པ་འཁོར་བ་ཉིད་ཁོ་ནར་འདོད་པ་དང༌། ཞེ་འགྲས་པ་མེད་ཀྱང་མ་ངེས་ཏེ། །ལམ་ལ་སྡང་བར་སྲིད་པར་འདོད་པའི་གང་ཟག་གོ །དེ་དག་ནི་འཇིག་རྟེན་རྒྱང་འཕེན་པ་ལ་སོགས་པ་རྣམ་པ་མང་པོའི་མུ་སྟེགས་པ་དང༌། གྲུབ་པའི་མཐས་བློ་མ་བསྒྱུར་བའི་ལུགས་ཀྱི་བསྟན་བཅོས་ལ་གནས་པ་དང༌། བློ་བསྒྱུར་པ་ཆོས་འདི་པ་ཉིད་ཀྱང་བློ་ཕྱིན་ཅི་ལོག་ཏུ་གྱུར་པ་ཁ་ཅིག་གོ །དེ་དག་གིས་ཀྱང་རང་གི་འདོད་པའི་དོན་ཅི་རིགས་པ་མངོན་པར་སྒྲུབ་པར་བྱེད་དོ། །སྲིད་པ་དང་བྲལ་བར་འདོད་པ་ནི་གཉིས་ཏེ། ཐབས་མ་ཡིན་པ་ལ་ཞུགས་པ་དང༌། ཐབས་ལ་ཞུགས་པའོ། །དང་པོ་ནི་ཆོས་འདི་ལས་ཕྱི་རོལ་དུ་གྱུར་པ་ཙ་ར་ཀ་དང༌། ཀུན་ཏུ་རྒྱུ་དང༌། གཅེར་བུ་ལ་སོགས་པ་རྣམ་པ་དུ་མའི་མུ་སྟེགས་དང༌། ཆོས་འདི་པ་ཉིད་ཀྱང་དོན་དམ་པ་ཉིད་ལ་མི་མོས་པ་སྟེ། གང་ཞིག་སྤངས་ཀྱང་སྡིག་གྲོགས་བསྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང༌། །ཕ་མ་དགྲ་བཅོམ་གསོད་ཅིང་མཆོག་ཚོགས་དབྱེ་དང་བྱ་བ་མིན་བྱེད་པ། །དེས་ཀྱང་ཆོས་ཉིད་ངེས་པར་བསམས་ན་མྱུར་དུ་དེ་ལས་ཐར་འགྱུར་གྱིས། །གང་གི་ཡིད་ནི་ཆོས་ལ་སྡང་པ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་རྒྱུད་བླ་མ་ལས་ཀྱང་གསུངས་ལ། བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་ལ་མི་མོས་པ་ནི་མུ་སྟེགས་ཉིད་དང་ཁྱད་པར་མེད་དོ། །ཞེས་གསུངས་སོ། །ཐབས་ལ་ཞུགས་པ་ལ་གཉིས་ཏེ། ཉན་ཐོས་ཀྱི་ཐེག་པ་དང་མཐུན་པར་ཡང་དག་པར་ཞུགས་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང་མཐུན་པར་ཡང་དག་པར་ཞུགས་པའོ། །དེ་གཉིས་ཀ་མངོན་པར་མི་འདོད་པ་ནི། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མཆོག་ཏུ་དབང་པོ་རྣོ་བའི་སེམས་ཅན་ཏེ། གང་དག་འདོད་ཆེན་བཞིན་དུ་འཁོར་བ་ཡང་མི་འདོད་ཅིང༌། མུ་སྟེགས་བཞིན་ཐབས་མ་ཡིན་པ་ལའང་མ་ཞུགས་ལ། ཉན་རང་བཞིན་ཐབས་དང་ལྡན་པར་རྟོགས་པའང་མ་ཡིན་ཏེ། འོན་ཀྱང་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་ཐོབ་པའི་ལམ་དུ་ཞུགས་པ་སྟེ། རྩ་བ་ཡོངས་སུ་དག་པར་གྱུར་པ་ཡིན་ནོ། །དེ་ལྟར་ན་སེམས་ཅན་གྱི་བསམ་པ་གསུམ་གྱིས་འབྲས་བུ་གསུམ་དུ་འདོད་པའི་ཐབས་ལམ་གསུམ་དུ་དབྱེ་བའོ། །དེ་སྐད་དུ་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས་ཀྱང་གསུངས་སོ། །ཡང་ལམ་གསུམ་སྟེ། འདོད་ཆེན་པ་ནི་ལོག་པ་ཉིད་དུ་ངེས་པ་ཡིན་ལ། ཐབས་མ་ཡིན་པ་ལ་ཞུགས་པ་ནི་མ་ངེས་པ་ཡིན་ལ། ཐབས་ལ་ཞུགས་པ་དང༌། གཉིས་ཀ་མི་འདོད་པ་ནི་ཡང་དག་པར་ངེས་པའི་སེམས་ཅན་གྱི་ཕུང་པོ་ཞེས་བྱ་སྟེ། དེ་དག་གི་ལམ་གསུམ་ཡང་དེ་བཞིན་ནོ། །གཉིས་པ་མཐར་ཐུག་གི་འབྲས་བུའི་སྒོ་ནས་ནི་གཉིས་སུ་འགྱུར་ཏེ། འདོད་ཆེན་པ་དང༌། ཐབས་མ་ཡིན་པའི་ལམ་ལ་ཞུགས་པའི་ལམ་ནི། དེ་དག་གིས་བདེ་བ་བསྐྱེད་པ་དང་སྲིད་པ་དང་བྲལ་བར་བྱེད་པ་ལྟར་སྣང་ཡང༌། གཏན་དུ་བའི་ཐབས་མ་ཡིན་པས་འཁོར་བར་འཁོར་ཞིང་སྐྱེ་བས་འཁོར་བའི་ལམ་ཡིན་ལ། གཞན་ནི་མྱ་ངན་ལས་འདས་པའི་ལམ་ཡིན་ནོ། །སྔ་མ་འདོད་ཆེན་པའི་ཐབས་ཀྱིས་གཏན་དུ་བའི་བདེ་བ་ཇི་ལྟར་མི་བསྐྱེད་སྙམ་ན། སྡུག་བསྔལ་གྱི་རྒྱུ་མི་ཤེས་ཤིང་འབྲས་བུ་སྤང་བ་ལ་འབད་པ་ཉིད་ཀྱིས་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང༌། བྱིས་པ་ཀུན་དུ་བསྲུང་བའི་ཕྱིར། །དབྱིག་པ་དང་ནི་མཚོན་འདེབས་ཤིང༌། །སྡིག་པ་ཐམས་ཅད་བྱེད་པས་ན། །དེ་ལ་སྡུག་བསྔལ་འཕེལ་བར་འགྱུར། །ཞེས་གསུངས་པ་དང༌། སྤྱོད་པ་ལ་འཇུག་པ་ལས་ཀྱང༌། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང༌། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་གསུངས་སོ། །དེ་བས་ན་སྡུག་བསྔལ་སྤང་བར་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་མི་ཤེས་པས། སྡུག་བསྔལ་བར་འཁོར་རོ། །རྒྱུ་དེ་ཉིད་ཀྱང་ཉེར་ལེན་གྱི་ཕུང་པོ་ལྔ་བདག་ཏུ་འཛིན་པ་སྟེ། དེ་ཇི་སྲིད་མ་བྲལ་བ་དེ་སྲིད་དུ་འཁོར་ཏེ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ང་ཡི་ཕུང་པོར་འཛིན། །དེ་སྲིད་དུ་ནི་ང་སྙམ་སྟེ། །ང་རུ་འཛིན་པ་ཡོད་གྱུར་པ། །དེ་ལས་ལས་དང་སྐྱེ་བ་ཡིན། །ཞེས་པ་དང༌། རིགས་པ་དྲུག་ཅུ་པ་ལས་ཀྱང༌། མ་རིག་རྐྱེན་གྱིས་འཇིག་རྟེན་ཞེས། །གང་ཕྱིར་རྫོགས་པའི་སངས་རྒྱས་གསུང༌། །དེ་ཕྱིར་འཇིག་རྟེན་འདི་ཡང་ནི། །རྣམ་པར་རྟོག་པས་ཅིས་མི་འཐད། །ཅེས་སོ། །དེ་བས་སྟོང་པ་ཉིད་དང་བྲལ་བས་ན། རེ་ཞིག་དམིགས་པ་དང་བྲལ་བ་ཡང་སྐྱེ་སྟེ། ཇི་སྐད་དུ། སྟོང་པ་ཉིད་དང་བྲལ་བའི་སེམས། །འགའ་ཞིག་ལ་ནི་བརྟེན་ནས་སུ། །འགག་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །ཞེས་གསུངས་སོ། །དེ་བས་ན་དེ་དག་འཁོར་བའི་ལམ་སྟེ། རྒྱ་ཆེར་རོལ་པ་ལས། སྲིད་སྲེད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་གནས་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་རྣམས་སུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཕང་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱིས་སྡུག་བསྔལ་བར། །འཆི་མེད་རབ་འབར་འདི་ན་མགོན་མེད་པར། །སྲིད་ལས་བྱུང་ལ་གྲོལ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །ཞེས་གསུངས་ཏེ། དེས་ན་ལམ་དེ་དག་གི་ནི་མཐར་ཐུག་འཁོར་བའི་ལམ་ཡིན་ནོ། །ཐབས་ལ་ཞུགས་པ་དང་གཉིས་ཀ་མི་འདོད་པའི་ལམ་ནི། སྡུག་བསྔལ་ལས་འབྱིན་པའི་ལམ་སྟེ། མདོ་ལས་ཀྱང༌། ནད་བརྒྱ་མང་དང་ནད་ཀྱི་སྡུག་བསྔལ་གྱིས། །འགྲོ་བ་གཙེས་ཏེ་མི་ཡི་རི་དྭགས་བཞིན། །རྒ་དང་ན་བས་བཅོམ་པའི་འཕྲོ་ལྟོས་ལ། །སྡུག་བསྔལ་ལས་ནི་འབྱུང་བ་མྱུར་ཤོག་ཅིག །ཅེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང༌། སྲིད་པའི་གཞི་ལས་སྡུག་བསྔལ་ཀུན། །ཤིན་ཏུ་འབྱུང་བར་མཐོང་བས་ན། །རྩ་བ་མེད་ཅིང་གནས་མེད་པའི། །བྱང་ཆུབ་དམ་པ་རྟོགས་པར་འདོད། །ཅེས་སོ། །གསུམ་པ་ནི་སྟོན་པའི་སྒོ་ནས་ཏེ། དེ་ལྟར་ལམ་གཉིས་ཀྱང་འདོད་རྒྱལ་བ་མ་ཡིན་ཏེ། སྟོན་པ་མཁས་པས་ལེགས་པར་བརྒྱུད་པ་ལས་བྱུང་ངོ༌། །ལམ་སྔ་མ་ཚངས་པ་ལ་སོགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱིས་ལེགས་པར་སྦྱར་ཏེ། ཚངས་པས་ཚེ་ཡི་རིག་བྱེད་དྲན། །དེ་ཡིས་སྐྱེ་དགུ་རྣམས་ལ་བཤད། །ཅེས་བྱ་བ་ལ་སོགས་པ་ལྟ་བུ་དང༌། ཡང་ཁ་ཅིག་རིག་བྱེད་ཆེན་པོ་བཞི་ཞེས་བྱ་བ་སྐྱེས་བུས་མ་བྱས་ཤིང་རྟག་པ། སྐྱེ་འཇིག་མེད་པ་དྲང་སོང་རྣམས་ཀྱི་ཐུགས་ལ་བཀྲ་བ་དེ་ལམ་ཡིན་ལ། དེ་སྟོན་པའི་སྟོན་པ་ནི་སེང་གེ་དང༌། འཕྲོག་བྱེད་དང༌། དབྱིག་གི་སྙིང་པོ་ཅན་ལ་སོགས་པར་འདོད་དོ། །དེ་དག་ཀྱང་རང་ཉིད་འདམ་ལ་གནས་པས་གཞན་འདམ་ལས་འབྱིན་པའི་ནུས་པ་མེད་པས་དམན་པའོ། །ལམ་གཉིས་པ་སྟོན་པ་ནི་འཇིག་རྟེན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཏེ། ཇི་སྐད་དུ་མདོ་ལས། ཟུག་རྔུས་ཟུགས་པའི་སེམས་ཅན་གྱི། །སྐྱབས་དང་དཔུང་གཉེན་གྱུར་པ་ཡི། །ཟུག་རྔུ་འབྱིན་པ་དེ་བཞིན་གཤེགས། །འཇིག་རྟེན་དུ་ནི་འབྱུང་བར་འགྱུར། །ཞེས་སོ། །དེས་ནི་རང་འདམ་ལས་ཐར་བས་གཞན་འདམ་ལས་འབྱིན་པས་སྟོན་པ་ཞེས་བྱ་སྟེ། ཆོས་རྣམས་རང་གིས་རྟོགས་ནས་རབ་སྟོན་པ། །དེ་བཞིན་གཤེགས་པ་ལྷ་མིའི་སྟོན་པར་བཤད། །ཅེས་གསུངས་པ་ལྟ་བུའོ། །བཞི་པ་ནི་ཡང་ཆོས་ལ་དབྱེ་བ་གཉིས་ཏེ། ཀུན་རྫོབ་ཀྱི་རྣམ་པར་གཞག་པ་ཙམ་སྟོན་པའི་ཆོས་དང༌། དོན་དམ་པའི་བདེན་པ་དང་ལྡན་པའི་ཆོས་སོ། །དེ་བས་ན་མདོ་ལས། ཆོས་ཀྱི་འཁོར་ལོ་ཙམ་ནི་མུ་སྟེགས་པ་ལའང་ཡོད་ཀྱི། ཆོས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་ནི་བདེ་བར་གཤེགས་པའི་གཞུང་ངོ༌། །ཞེས་གསུངས་སོ། །ཡང་ཐོས་པ་ལས་བྱུང་བའི་རྣམ་པ་གཏན་ལ་དབབ་པ་ལ་གསུམ་སྟེ། ཐོས་པ་ལྷུར་ལེན་པ་དང༌། བརྩོན་པ་ལྷུར་ལེན་པ་དང༌། བསྒྲུབ་པ་ལྷུར་ལེན་པའི་ཆོས་སོ། །དང་པོ་ནི་བྲམ་ཟེའི་གསང་ཚིག་རྣམས་སོ། །གཉིས་པ་ནི་ཕྱི་རོལ་པའི་རྟོག་གེ་རྣམས་སོ། །གསུམ་པ་ནི་སངས་རྒྱས་ཀྱི་བཀའོ། །ཡང་གསུམ་སྟེ། དོན་མེད་པ་དང༌། དོན་ལོག་པ་དང༌། དོན་དང་ལྡན་པའི་བསྟན་བཅོས་ཏེ་སྔ་མ་བཞིན་ནོ། །ཡང་གསུམ་སྟེ། ངན་གཡོའི་བསྟན་བཅོས་དང༌། སྙིང་རྗེ་མེད་པའི་བསྟན་བཅོས་དང༌། སྡུག་བསྔལ་ལས་ངེས་པར་འབྱུང་བའི་བསྟན་བཅོས་སོ། །དེ་དག་ཀྱང་གོ་རིམ་བཞིན་སྦྱར་རོ། །དེ་ལ་སྔ་མ་གཉིས་ནི་ནག་པོ་བསྟན་པ་ཡིན་ལ། ཕྱི་མ་ནི་དཀར་པོ་བསྟན་པ་ཡིན་ནོ། །དེ་དག་ཀྱང་ཐོས་པ་ལས་བྱུང་བའི་རྣམ་པ་གཏན་ལ་དབབ་པ་ལས་གསུངས་པ་ཡིན་ནོ། །རྣམ་པར་རྟོག་པ་དང་པོའོ།།  །།བདེ་བར་གཤེགས་པའི་ཆོས་ལ་ཇི་ལྟར་འཇུག་ཅིང་རྟོགས་པར་བྱ་ཞེས་རྣམ་པར་རྟོག་པ་གཉིས་ལ་འཇུག་གོ །ཆོས་ལ་གསུམ་དག་བཤེས་གཉེན་དང༌། །ཐོས་པ་དང་ནི་ཕན་ཡོན་དང༌། །ཐེ་ཚོམ་བསལ་བ་རྣམ་པ་ལྔ། །ཆོས་འདི་པ་ཡི་འཇུག་པའི་སྒོ། །དང་པོ་ལ་གསུམ་སྟེ། དགོས་པ་དང༌། དབྱེ་བ་དང༌། གོ་རིམ་མོ། །དང་པོ་ནི་སྔར་བརྗོད་པ་བཞིན་ཏེ། སྡུག་བསྔལ་ཐམས་ཅད་ལས་གྲོལ་བ་མྱ་ངན་ལས་འདས་པའི་གོ་འཕང་གཏན་དུ་བའི་བདེ་བ། རང་དང་གཞན་གྱི་དོན་རྣམས་ཐོབ་པར་བྱེད་པས་ཏེ། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །མི་ཡི་ཁྱུ་མཆོག་འཁོར་ལོ་རིན་ཆེན་བསྐོར་བྱས་ནས། །སྡུག་བསྔལ་ཟད་པར་བྱ་ཕྱིར་འགྲོ་ལ་ཆོས་ཀྱང་སྟོན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དབྱེ་བ་ནི་གཉིས་ཏེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་དང་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་ཏེ། དེ་ལ་རྟོགས་པའི་ཆོས་ནི་གང་ཟག་འཕགས་པ་རྣམས་ལ་འབྱུང་བ་སྟེ། དབྱིངས་གློ་བུར་གྱི་དྲི་མ་ལས་གྲོལ་བ་འགོག་པ་མཐར་ཐུག་དང༌། དེ་སྣང་བ་མེད་པའི་ཤེས་པས་བསྐྱེད་པ་ལམ་མཐར་ཐུག་པའོ། །ལུང་གི་ཆོས་ནི་དེ་ཐོབ་པར་བྱེད་པའི་ཐབས་སུ་གྱུར་པས་ཏེ། རང་གི་རྣམ་པར་རྟོག་པ་ལ་སྒྲ་སྤྱི་དང་དོན་སྤྱི་འདྲེས་པ་ཅན་གྱི་རྣམ་པར་སྣང་བ་ཡིན་ལ། དེའི་རྐྱེན་བྱེད་པ་སྒྲ་རང་གི་མཚན་ཉིད་དང༌། གླེགས་བམ་ལ་སོགས་པ་ལའང་བཏགས་ཏེ་གཞག་གོ །དེ་ལའང་དབྱེ་ན་གཉིས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་དང༌། །དེ་ཡི་དབང་གིས་ཤཱཀྱ་སེང་གེ་ཡི། །བསྟན་པ་དག་ནི་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་བཀའ་ནི། སངས་རྒྱས་འཇིག་རྟེན་ན་དངོས་སུ་བཞུགས་ཀྱང་རུང་མི་བཞུགས་ཀྱང་རུང་སྟེ། སངས་རྒྱས་ཀྱི་བདག་པོའི་རྐྱེན་གང་ལས་བྱུང་བ་རྣམས་ནི་བཀའོ། །དེ་ལ་གསུམ་སྟེ། ཞལ་ནས་གསུངས་པ་དང༌། བྱིན་གྱིས་བརླབས་པ་དང༌། རྗེས་སུ་གནང་བའོ། །དང་པོ་ནི་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་གསུངས་པ་ལྟ་བུའོ། །བྱིན་གྱིས་བརླབས་པ་ལའང་གསུམ་སྟེ། སྐུ་དང༌། གསུང་དང༌། ཐུགས་ཀྱི་བྱིན་གྱིས་བརླབས་པའོ། །དང་པོ་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱི་བོར་ཕྱག་བཞག་པས་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པའི་མདོ་གསུངས་པ་ལྟ་བུའོ། །གསུང་གི་ཡང་རབ་འབྱོར་ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་སྤོབས་པ་བྱོས་ཤིག་ཅེས་གསུངས་པས། རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་ཏེ་འཆད་པ་ལྟ་བུའོ། །ཐུགས་ཀྱིའང་བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་ཟབ་མོ་སྣང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་ཤེས་རབ་ཀྱི་སྙིང་པོའི་མདོ་གསུངས་པ་ལྟ་བུའོ། །རྗེས་སུ་གནང་བའི་བཀའ་ནི། དགེ་སློང་དག་ཁྱེད་ངའི་ཆོས་རྣམས་སྡུད་པར་བྱེད་པ་དེའི་ཚེ། ཐོག་མར་འདི་སྐད་བདག་གིས་ཐོས་པ་ཞེས་ཚིག་གསུམ་གྱིས་གླེང་བསླངས་ལ། མཐར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཞེས་བྱ་བས་མཇུག་སྡུས་ཤིག་ཅེས་གསུངས་པ་ལྟ་བུའོ། །དེ་བཞིན་གཤེགས་པའི་བཀའ་དེའི་རང་བཞིན་ནི། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང༌། །ཁམས་གསུམ་ཉོན་མོངས་ཀུན་ནས་སྤོང་བྱེད་གསུང༌། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང༌། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །ཞེས་རྒྱུད་བླ་མ་ལས་གསུངས་ལ། བརྗོད་བྱ་བླང་དོར་གྱི་དེ་ཁོ་ན་ཉིད་སྟོན་པ་དང༌། རྗོད་བྱེད་ཀྱི་ཚིག་འབྲེལ་པ་དང༌། འབྲས་བུ་ཉོན་མོངས་པ་སྤོང་བ་དང༌། ཞི་བའི་ཕན་ཡོན་སྟོན་པའོ། །བཀའ་དེ་ལ་བརྟེན་ཏེ་དེ་བཞིན་གཤེགས་པའི་བདག་པོའི་རྐྱེན་ལས་མ་བྱུང་བར་བརྩམས་པ་ཐམས་ཅད་ནི་བསྟན་བཅོས་ཞེས་བྱའོ། །དེ་ལ་བཀའ་ཡོད་ཀྱང་བདག་གཞན་གྱི་རྟོག་པ་སྤེལ་བའི་ཕྱིར་བཀའ་ལ་བརྟེན་ནས་འཆད་དེ། དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ལ། །བརྟེན་ནས་བདག་ཉིད་འབའ་ཞིག་དད་ཕྱིར་དང༌། །གཞན་དག་མོས་དགེ་ཕུན་སུམ་ཚོགས་ལྡན་བློ། །དེ་དག་རྗེས་སུ་གཟུང་ཕྱིར་འདི་བཤད་དོ། །གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གིས། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ལ་འཇུག་པའི་གོ་རིམས་ནི། ཐོག་མ་ཉིད་དུ་སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་ནས། དེ་སྤང་བར་འདོད་ཅིང་བདེ་བའི་གནས་ཐོབ་པར་འདོད་པའི་དད་པ་སྔོན་དུ་འགྲོ་བའོ། །དད་པ་མེད་པར་ཆོས་ལ་འཇུག་པ་མེད་པས་ན་དང་བ་ལ་སོགས་པའི་དད་པ་གང་རུང་ཅིག་གིས་སྔོན་འགྲོ་བར་བྱེད་དེ། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པས་ཏེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་བའི་གྲོང་ཁྱེར་མཚོན་པ་ཡིན། །ཞེས་བྱ་བ་ལ་སོགས་པ་དཀོན་མཆོག་སྒྲོན་མ་ལས་གསུངས་སོ། །དེ་ལྟར་དད་པས་བསྐུལ་ཏེ་བསླབ་པའི་གཞི་འཛིན་ནོ། །བསླབ་པ་ལ་གནས་པས་མང་དུ་ཐོས་པ་བྱེད་དོ། །མང་དུ་ཐོས་པས་བྱ་བ་དང་བྱ་བ་མ་ཡིན་པ་ཐམས་ཅད་ཤེས་པར་བྱས་ནས་སྒོམ་པ་ལ་སྦྱར་རོ། །དེས་ནི་མངོན་པར་ཤེས་པ་ལ་སོགས་པ་ཐོབ་སྟེ་རིམ་གྱིས་གཞན་གྱི་དོན་ལ་འཇུག་པར་འགྱུར་ཏེ། ཇི་སྐད་དུ། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱར། །ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉིས་ཀའི་དོན་ཡུལ་ཅན། །ཞེས་གསུངས་སོ། །དེ་ལྟར་དད་པ་དང་བསླབ་པའི་གཞི་སྔོན་དུ་སོང་བས་མང་དུ་ཐོས་པ་བྱེད་དོ། །དེ་ཡང་དགེ་བའི་བཤེས་གཉེན་བསྟན་པ་ལས་ཡིན་གྱི་རང་དགར་མ་ཡིན་ཏེ། ཀུན་མཁྱེན་གྱིས་སྔར་བླ་མ་བསྟེན། །སློབ་མ་རང་དགར་མ་ཡིན་ཏེ། །ལོང་བས་རང་དགར་རི་བོ་ལ། །འཛེག་པར་ནུས་པ་མ་ཡིན་ཏེ། །ཞེས་དེ་ཁོ་ན་ལ་འཇུག་པ་ལས་བཤད་དོ། །དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཀྱང་འདི་ལྟར་ཤེས་པར་བྱ་སྟེ། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོག་པས་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །ཞེས་གསུངས་ཏེ། ཚུལ་ཁྲིམས་ཀྱི་བསླབ་པ་དང་ལྡན་པས་དུལ་བ་དང༌། སེམས་ཀྱི་བསླབ་པ་དང་ལྡན་པས་ཞི་བ་དང༌། ཤེས་རབ་ཀྱི་བསླབ་པ་དང་ལྡན་པས་ཉེ་བར་ཞི་བ་དང༌། སློབ་མ་བས་ཡོན་ཏན་ལྷག་པ་དང༌། ཆོས་སྟོན་པ་ལ་བརྩོན་འགྲུས་དང་ལྡན་པ་དང༌། དེ་ཁོ་ན་ཉིད་མཐོང་བའམ། དེ་མ་ཡིན་ནའང་ལུང་གིས་ཕྱུག་པ་དང༌། ཆོས་སྟོན་པ་ལ་ཚིག་རྫབ་རྫུབ་དང་བཅས་པའམ། ཟློས་པ་ལ་སོགས་པའི་སྐྱོན་དང་བཅས་པ་མ་ཡིན་ཏེ། སྨྲ་མཁས་ཤིང་བརྩད་ཅིང་དྲིས་ན་ལན་འདེབས་ནུས་པའོ། །སེམས་ཅན་ཐམས་ཅད་དང་ཁྱད་པར་དུ་སློབ་མ་ལ་བརྩེ་བ་དང༌། ཆོས་སྟོན་པ་ལ་སྐྱོ་བ་སྤངས་པ་སྟེ། དེ་ལྟ་བུའི་དགེ་བའི་བཤེས་གཉེན་དེ་གཞུང་ལུགས་ཐ་དད་པ་ལས་མཚན་ཉིད་བསམ་གྱིས་མི་ཁྱབ་པ་ཅིག་གསུངས་ཀྱང་གཙོ་ཆེ་བའི་དབང་དུ་བྱས་ནས་བརྗོད་དོ། །དེ་ལྟ་བུའི་དགེ་བའི་བཤེས་གཉེན་གང་དང་གང་དུ་བཞུགས་ཞེས་གཏམ་འདྲི་ཞིང་ཀུན་དུ་བཙལ་ལོ། །དེ་ལྟ་བུ་རྙེད་པར་གྱུར་ན་ལན་དུ་མར་བསྐོར་བ་བྱས་ཏེ། དེའི་རྐང་པ་ལ་ཕྱག་བཙལ་ནས་མཎྜལ་བྱས་ཏེ། སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས་ཙོག་ཙོག་པུར་འདུག་སྟེ། དང་བའི་སེམས་དང་བཅས་པས་འདི་སྐད་ཅེས་བརྗོད་དོ། །ཀྱེ་བཙུན་པའམ་རིགས་ཀྱི་བུ་གསོན་ཅིག ཁྱེད་ལ་བདག་སྡུག་བསྔལ་ལས་འབྱིན་པར་བྱེད་པའི་བླ་མར་གསོལ་གྱི། ཁྱོད་ཀྱི་ཐུགས་རྗེས་གཟུང་དུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་གདབ་བོ། །གལ་ཏེ་བདག་ནི་རྒན་ལ། དེ་གསར་བུར་གྱུར་ན་རྐང་པ་ལ་ཕྱག་མི་བཙལ་ལོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་པ་དག་སྨོད་པའི་ཕྱིར་ཏེ་དེས་བསྟན་པ་ལ་གནོད་པའི་ཕྱིར་རོ། །དེ་བས་ན། ཁྱིམ་པའམ་ནི་གསར་བུ་ལ། །འཇིག་རྟེན་སྨོད་པ་སྤང་བའི་ཕྱིར། །དམ་ཆོས་ལ་སོགས་མདུན་བདར་ཏེ། །བརྟུལ་ཞུགས་འཛིན་པས་བློས་ཕྱག་བྱ། །ཞེས་གསུངས་པ་ལྟ་བུའོ། །དགེ་བའི་བཤེས་དེ་ལྷག་པ་ཡི། །བསམ་པར་བཅས་པས་སློབ་མ་རྣམས། །ཆོས་ལ་གུས་པར་བྱ་བའི་ཕྱིར། །ཐོག་མར་བཀའ་ཡི་ཚིག་བརྗོད་བྱ། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཟླ་བ་སྒྲོན་མ་ལས་གསུངས་པ། ཆོས་ཀྱི་སྦྱིན་པའི་ཆེད་ཀྱི་ཕྱིར། །གལ་ཏེ་ཁྱོད་ལ་གསོལ་འདེབས་ན། །རབ་རྒྱས་བདག་གིས་མ་བསླབས་ཚེ། །ཐོག་མར་ཚིག་དེ་བརྗོད་པར་བྱ། །ཁྱོད་ནི་ཤེས་ཤིང་མཁས་ཡིན་ན། །བདག་ཉིད་ཆེན་པོའི་མདུན་དུ་ནི། །བདག་གིས་ཇི་ལྟར་བཤད་ནུས་ཞེས། །ཁྱོད་ཀྱིས་དེ་སྐད་བརྗོད་པར་བྱ། །གལ་ཏེ་སྣོད་ནི་ཤེས་གྱུར་ན། །གསོལ་བ་མ་བཏབ་བཤད་པར་བྱ། །ཞེས་སོ། །ཞར་ལས་འོངས་པའོ། །དེ་ལྟར་དགེ་བའི་བཤེས་གཉེན་རྙེད་པར་གྱུར་ན། དེ་མཉེས་པར་བྱ་བའི་ཕྱིར་རྣམ་པ་ཐམས་ཅད་ཀྱིས་བསྙེན་བཀུར་བར་བྱ་སྟེ། འཕགས་པ་སྡོང་པོ་བཀོད་པ་ལས། ཇི་སྐད་དུ། ཁུར་ཐམས་ཅད་ཁུར་བས་མི་སྐྱོ་བས་ས་ལྟ་བུའི་སེམས་དང༌། མི་ཕྱེད་པས་རྡོ་རྗེ་ལྟ་བུ་དང༌། མི་བསྐུལ་བས་ཁོར་ཡུག་ལྟ་བུ་དང༌། ཉམས་སུ་བླངས་པས་བྲན་ལྟ་བུ་དང༌། ང་རྒྱལ་སྤངས་པས་ཕྱག་དར་བ་ལྟ་བུ་དང༌། ཁུར་ཁུར་བས་ཐེག་པ་ལྟ་བུ་དང༌། མི་ཁྲོ་བས་ཁྱིམ་ལྟ་བུ་དང༌། འགྲོ་བས་མི་སྐྱོ་བས་གྲུ་ལྟ་བུ་དང༌། བཤེས་ཀྱི་ངོར་ལྟ་བས་བུ་མཛངས་བ་ལྟ་བུའི་སེམས་བསྐྱེད་པར་བྱའོ། །བདག་ཉིད་ལ་ནད་པའི་འདུ་ཤེས་དང༌། དགེ་བའི་བཤེས་གཉེན་ལ་སྨན་པའི་འདུ་ཤེས་དང༌། རྗེས་སུ་བསྟན་པ་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་དེ་ཉིད་ལས་འཕགས་པ་ནོར་བཟངས་ཀྱིས། དགེ་སློང་རྒྱ་མཚོའི་རྒྱལ་མཚན་གྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ནས་བཏུད་དེ་ཕྱག་བཙལ་ནས། ཡང་དང་ཡང་དུ་ལྟ་བ་དང་བསམ་པ་དང་ཆེད་དུ་བརྗོད་པ་དང་ཡོན་ཏན་དྲན་པར་བྱ་བ་དང༌། ཁ་དོག་དང་དབྱིབས་རྗེས་སུ་དྲན་པ་དང༌། རྗེས་སུ་འབྲང་བ་དང༌། སྨོན་ལམ་གྱི་རྗེས་སུ་འཇུག་པར་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་པས་དེས་ཆོས་གསུང་བར་འགྱུར་རོ། །ཉམས་སུ་ལེན་ནོ། །དེའང་མོས་པ་སྤྱོད་པའི་སར། ཡི་གེ་འདྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་འཛིན་པ་དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། །དེ་སེམས་པ་དང་སྒོམ་པའོ། །ཞེས་ཆོས་སྤྱོད་བཅུ་ལ་གནས་སོ། །དེ་ཐམས་ཅད་ཀྱང་ཐོས་པ་ལས་འབྱུང་བས་དེའི་ཀུན་དུ་སྤྱོད་པ་བརྗོད་དོ། །དེའང་བསམ་པའི་ཁྱད་པར་དང༌། སྦྱོར་བ་དང་དངོས་གཞི་དང༌། རྗེས་ཀྱི་བྱ་བའོ། །དང་པོ་ནི་བདག་གིས་དམ་པའི་ཆོས་ཉན་ཏེ་བསླབས་ལ་བདག་ཉིད་ཀྱིས་མངོན་སུམ་དུ་བྱས་ལ། འགྲོ་བ་ཐམས་ཅད་འདོན་པའི་བསམ་པ་དང༌། དགེ་བའི་བཤེས་གཉེན་དང་ཆོས་ལ་དད་པ་དང་བཅས་པ་དང༌། ཕྱོགས་སུ་འཛིན་པ་སྤངས་པའི་ཡིད་དོ། །སྦྱོར་བའི་དུས་སུ་ནི་སའི་ཕྱོགས་གཙང་མར་ཕྱག་དར་བྱས་ཏེ་ཆག་ཆག་བཏབ་ནས། ཆོས་ཀྱི་ཁྲི་མཐོ་བ་ཁྱད་དང་བཅས་པ་བཤམས་ཏེ། བསིལ་སྐྱོབ་ལ་སོགས་པ་དང་མཆོད་པའི་ཡོ་བྱད་རྣམས་ཀྱང་བྱའོ། །དེ་ནས་དགེ་བའི་བཤེས་གཉེན་གྱི་རྐང་པ་ལ་མགོ་བོས་ཕྱག་བཙལ་ཏེ། པུས་མོ་ས་ལ་བཙུགས་ནས་ཐལ་མོ་སྦྱར་ལ་ལན་གསུམ་གྱིས་གསོལ་བ་གདབ་བོ། །དངོས་གཞིའི་དུས་སུ་ནི། ཙོག་ཙོག་པུར་འདུག་ཐལ་མོ་སྦྱར་ནས། མགོ་གཡོགས་པ་ལ་སོགས་པ་རྒྱགས་པའི་སྤྱོད་པ་ཐམས་ཅད་སྤངས་ཏེ། ཇི་སྐད་དུ། སྤྱོད་འཇུག་ལས། མི་ན་བཞིན་དུ་མགོ་གཡོགས་དང༌། །གདུགས་དང་འཁར་བ་མཚོན་ཐོགས་དང༌། །མགོ་བོ་བཅིངས་པ་དག་ལའང་མིན། །ཞེས་གསུངས་སོ། །ལུས་ཀྱི་སྤྱོད་པའོ། །ངག་སྨྲ་བ་བཅད་དོ། །སེམས་ནི་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག ཅེས་བཀའ་སྩལ་ཏོ། །དེའི་དོན་ནི་འདི་ཡིན་ཏེ། ལེགས་པར་ཉོན་ཞེས་བྱ་བ་ནི། སྣོད་ཁས་ཕུབ་ཀྱི་སྐྱོན་སྤངས་པ་སྟེ། སྣོད་ཁས་ཕུབ་པར་ཆུ་མི་འགྲོ་བ་བཞིན། ཉན་པའི་དུས་སུ་ཆོས་ལ་རྣ་བ་མི་གཏོད་པ་སྤོང་བའོ། །རབ་ཏུ་ཉོན་ཞེས་བྱ་བ་ནི་སྣོད་དྲི་མ་ཅན་སྤང་བ་སྟེ། འདོད་ཆགས་དང་ཞེ་སྡང་དང་ཕྲ་དོག་དང་འགྲན་སེམས་ལ་སོགས་པའི་བསམ་པས་ཆོས་ཉན་ན་དེས་ཕན་པར་མི་འགྱུར་བས་དེའི་སྐྱོན་སྤང་བའོ། །ཡིད་ལ་ཟུང་ལ་ཉོན་ཞེས་བྱ་བ་ནི། སྣོད་ཞབས་རྡོལ་གྱི་སྐྱོན་སྤོང་བ་སྟེ། དྲན་པ་ལ་མ་བཞག་ན་ཡིད་ལ་མི་གནས་པས་ཤེས་པར་མི་འགྱུར་བས་སྐྱོན་གསུམ་པོ་སྤངས་ཏེ་མཉན་ཞེས་བྱ་བ་ནི་སེམས་ཀྱི་ཀུན་དུ་སྤྱོད་པའོ། །རྗེས་ནི་བླ་མའི་རྐང་པ་ལ་ཕྱག་བཙལ་ཏེ་དྲན་པ་དང་བཅས་པས་གནས་དབེན་པར་སོང་ལ། རྣམ་པར་གཡེང་བ་དང་རྨུགས་པའི་བྱ་བ་སྤངས་ཏེ། གང་མཉན་པའི་ཆོས་ལ་ཡང་ཡང་བསམ་མོ། །བཀླག་པར་བྱའོ། །བྲི་བར་བྱའོ། །ཡིད་གཉིས་ཐམས་ཅད་བླ་མ་ལ་འདྲི་བར་བྱའོ། །ཆོས་ཡོངས་སུ་རྫོགས་ནས་གཏང་རག་དང་བཅས་པས་བླ་མ་མཉེས་པར་བྱའོ། །གཞན་ཡང་ནམ་མཁའ་མཛོད་ལས། དམ་པའི་ཆོས་ནི་གཟུང་སླད་དུ། །གཤེ་དང་མི་སྙན་འཚེ་བ་དང༌། །ངན་དུ་སྨྲ་བའི་ཚིག་རྣམས་ཀྱང༌། །བཟོད་པས་དེ་དག་དང་དུ་བླང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞར་ལས་འོངས་པ་ཅུང་ཟད་བརྗོད་དགོས་ཏེ། ཆོས་འཆད་པའི་སྤྱོད་པ་ནི་དམ་པའི་ཆོས་པདྨ་དཀར་པོ་ལས་གསུངས་ཏེ། མཁས་པས་དུས་སུ་སེམས་པར་བྱེད་པ་ན། །ཁང་བུར་ཞུགས་ཏེ་དལ་ཞིང་སྒོ་བཅད་ནས། །ཆོས་འདི་ཐམས་ཅད་ལ་ནི་ཚུལ་བཞིན་བལྟ། །ལངས་ནས་ཞུམ་པ་མེད་པའི་སེམས་ཀྱིས་ཤོད། །མཁས་པས་བདེ་ལ་རྟག་ཏུ་གནས་པར་འགྱུར། །བདེ་ལ་འདུག་ནས་དེ་བཞིན་ཆོས་ཀྱང་ཉོན། །གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ། །ཡངས་པའི་སྟན་ནི་རབ་ཏུ་བཤམས་བཏིང་ནས། །བཟང་པོའི་ཚོན་གྱིས་ལེགས་པར་ཁ་བསྒྱུར་བའི། །ཆོས་གོས་གཙང་མ་དེ་ནི་རབ་བགོས་ནས། །རྔུལ་གཟན་ནག་པོ་དེ་བཞིན་བཤམས་བྱས་ལ། །ཤམ་ཐབས་ཆེ་ཚད་ལེགས་པར་རབ་བགོས་ནས། །བཅོས་བུའི་རས་རྣམས་ལེགས་པར་རབ་བཏིང་བ། །རྐང་རྟེན་བཅས་པའི་ཁྲི་ལ་རབ་འདུག་ཅིང༌། །རྐང་པ་ལེགས་པར་བཀྲུས་ཏེ་སྟེང་འཛེགས་ནས། །གདོང་དང་བཞིན་གྱི་མདངས་ནི་རབ་སྣུམ་ཞིང༌། །གོས་ཀྱི་སྟན་དེ་ལ་ནི་རབ་འདུག་ནས། །སེམས་ཅན་ལྷགས་པར་རྩེ་གཅིག་གྱུར་རྣམས་ལ། །གདམས་མང་རྣམ་པ་སྣ་ཚོགས་ཉེ་བར་སྟོན། །ལེ་ལོ་དག་ཀྱང་རྣམ་པར་རབ་སྤངས་ནས། །སྐྱོ་བའི་རྣམ་པའི་འདུ་ཤེས་བསྐྱེད་མི་བྱ། །མཁས་པས་མི་དགའ་ཐམས་ཅད་རྣམ་པར་སྤང༌། །བྱམས་པའི་སྟོབས་ནི་འཁོར་ལ་བསྒོམ་པར་བྱ། །ཉིན་མཚན་དུ་ཡང་ཆོས་མཆོག་རབ་ཏུ་བསྒོམ། །མཁས་པས་ད་ནི་བྱེ་བ་ཁྲག་ཁྲིག་དཔེས། །འཁོར་རྣམས་མགུ་ཞིང་དེ་བཞིན་དགའ་བར་བྱེད། །དེ་ལ་ནམ་ཡང་འདོད་པ་ཅུང་ཟད་མེད། །གཞན་དུ་མཁས་པ་རྟག་ཏུ་བདག་ཉིད་དང༌། །སེམས་ཅན་འདི་དག་སངས་རྒྱས་འགྲུབ་པར་ཤོག །ཕན་ཕྱིར་འཇིག་རྟེན་ཆོས་གང་བསྟན་པ་དེ། །བདག་གི་བདེ་བ་ཡོ་བྱད་ཀུན་སྙམ་སེམས། །ཞེས་འབྱུང་ངོ༌། །འཕགས་པ་ནམ་མཁའི་མཛོད་ལས་ཀྱང༌། དུལ་བ་དང་ནི་ཞི་བ་དང༌། །གྲོལ་བས་གྲོང་དུ་ཞུགས་ནས་ཀྱང༌། །སེམས་ཅན་གང་དག་ཆོས་ཚོལ་བ། །དེ་ལ་བདག་ཅག་ཆོས་བསྟན་ཏོ། །ཞེས་འབྱུང་ངོ༌། །གཞན་ཡང་བློ་གྲོས་རྒྱ་མཚོ་ལས། ཆོས་ཀྱི་ཁྲི་ལ་འདུག་པའི་དུས་སུ་བདུད་ཚར་བཅད་པའི་ཚིག་འདི་དག་བཀླག་པར་བྱ་སྟེ། ཏདྱ་ཐཱ། ཤ་མེ་ཤ་མ་ཝ་ཏི། ཤ་མི་ཏཱ་ཤ་ཏྲཱུཾ། ཨཾ་ཀུ་རེ། མཾ་ཀུ་རེ། མཱ་ར་ཛི་ཏེ། ཀ་ར་དེ། ཡུ་ཀེ་ཡཱུ་ཀེ ཏེ་ཛོ་ཝ་ཏེ། ཨོ་ལོ་ཡ་ནི། ནི་ཤ་ཐ། ནིརྨ་ལེ། མ་ལཱ་པཱ་ཎ་ཡེ། ཁུ་ཁུ་རེ། ཁ་གེ་གྲ་སེ། གྲ་ས་ནི། ཨོཾ་མུ་ཁེ། པཱ་རཾ་མུ་ཁཱི། ཨ་མུ་ཁཱི། ཤ་མི་ཏྲཱ་ནི། སརྦ་གྲ་ཧ་བནྡྷ་ནཱ་ནི། གྲ་ཧི་ཏྭ། སརྦ་པ་ར་བྲ་བ་ཏི་ན། བི་མུཀྟ་མཱ་བྲ་ཤཱ། སྠཱ་བི་ཏྭཱ། བུདྡྷ་མུ་ཏྲ། ཨ་ནུངྒྷ་ཏི་ཏཱ། པུ་ཙ་རི་ཏ། པ་རི་ཤུདྡྷེ། བི་གཙྪནྟུ། སརྦ་མཱ་ར་ཀརྨ་ཎི། ཞེས་བཟླས་པས་བར་ཆད་ཐམས་ཅད་ཞི་བ་ཡིན་ནོ། །ཆོས་འཆད་པའི་ཚུལ་ཡང་སྣོད་དང་རྗེས་སུ་འཚམ་པར་བཤད་དེ། ཟླ་བ་སྒྲོན་མ་ལས། འཁོར་ནི་མང་པོའི་ནང་དུ་ནི། །གལ་ཏེ་ངང་ཚུལ་ངན་མཐོང་ན། །ཁྱོད་ཀྱི་ཡོ་བྱད་བསྙུངས་མི་བཤད། །སྦྱིན་པའི་བསྔགས་པ་བརྗོད་པར་བྱ། །ཞེས་བྱ་བ་ལ་སོགས་པ་དང༌། ཡང༌། གང་དང་གང་ལ་དང་པོར་ཕན། །དེ་དང་དེ་ཡི་ཀུན་སྤྱོད་ཀྱིས། །སྣོད་ཉམས་གྱུར་ལ་ནམ་ཡང་ནི། །དམ་ཆོས་བསྟན་པར་མི་བྱའོ། །ཞེས་གསུངས་པ་ལྟ་བུའོ། །མདོར་ན་བསམ་པའི་ཁྱད་པར་སྙིང་རྗེ་ཆེན་པོ་དང་ལྡན་པ་དང༌། ལུས་ཀྱི་སྤྱོད་ལམ་གཞན་དད་པར་བྱེད་པ་དང༌། ངག་རྫབ་རྫུབ་ལ་སོགས་པ་མ་ཡིན་པས་སྣོད་དང་འཚམ་པར་ཆོས་སྟོན་པའོ། །སྤྲོས་པས་ཆོག་གོ །གཞན་ཡང༌། དཀོན་མཆོག་གསུམ་སྐུར་བཟང་ངན་དང༌། །རིགས་དང་མི་རིགས་སོ་སོར་འབྱེད། །ཆོས་ནི་ཆོས་མ་ཡིན་ཞེས་པའམ། །ཆོས་སྨྲ་བ་ལ་སྦོབས་པ་ཡོད། །མེད་པའམ་གཟུངས་ཐོབ་མེད་ཅེས་པའམ། །སངས་རྒྱས་མེད་པར་གཟུངས་ཐོབ་མེད། །ཆོས་སྨྲའི་སྤྱོད་པ་སུན་འབྱིན་པའམ། །ཆོས་སྨྲ་སྒྲུབ་པ་ཡིན་ཞེས་པའམ། །བག་མེད་པ་དང་སྤྱོད་ལམ་ངན། །ཚུལ་ལས་ཉམས་པས་གླེང་བ་དང༌། །སྤོབས་པས་གོ་བར་མི་བྱེད་དང༌། །ཆོས་ཀྱིས་ལེགས་པར་མ་བཤད་དང༌། །ཕན་ཚུན་འགལ་བར་གྱུར་ཅེས་དང༌། །ཆོས་སྨྲའི་ཚེ་ན་གཏམ་གཞན་སྨྲ། །དེ་བཞིན་དཀྲུགས་མར་བྱེད་པ་དང༌། །མ་གུས་སྤྱོད་ཚོགས་ཆོས་སྤང་རྒྱུ། །ཞེས་བྱ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཞར་ལས་འོངས་བའི་ཚིག་གོ །ད་ནི་དཀྱུས་མ་ཉིད་ལ་འཇུག་གོ །དེ་ལྟར་ཆོས་ཀྱི་རྣམ་པར་གཞག་པ་དང༌། དགེ་བའི་བཤེས་གཉེན་དང༌། ཆོས་མཉན་པ་ལ་དགོས་པའམ་ཕན་ཡོན་གང་ཞིག་ཐོབ་ཅེ་ན། ཆོས་ཀྱི་དགོས་པ་ཤེས་པས་ཆོས་ལ་འཇུག་པར་འགྱུར་རོ། །དབྱེ་བ་དང་གོ་རིམ་ཤེས་པས་རིམ་པ་མ་ནོར་བར་འཇུག་པར་འགྱུར་རོ། །གལ་ཏེ་རིམ་པ་བཞིན་མ་ཡིན་ཏེ་ཅིག་ཅར་དུ་ཞུགས་སོ། །ཞེས་རྟོགས་ན་མ་ཡིན་ཏེ། འཕགས་པ་ལང་ཀར་གཤེགས་པ་ལས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་གསོལ་བ། བཅོམ་ལྡན་འདས་རང་གི་སེམས་ཀྱི་སྣང་བའི་རྒྱུད་ཅིག་ཅར་རམ། རིམ་གྱིས་འཇུག་པ་ཇི་ལྟར་དག་པར་འགྱུར། བཀའ་སྩལ་པ་བློ་གྲོས་ཆེན་པོ་རིམ་གྱིས་འཇུག་པ་དག་སྟེ་ཅིག་ཅར་ནི་མ་ཡིན་ནོ། །འདི་ལྟ་སྟེ། ཤིང་ཨ་མྲའི་འབྲས་བུ་རིམ་གྱིས་སྨིན་པར་འགྱུར་གྱིས། ཅིག་ཅར་ནི་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བས་ན་ལམ་ལས་མི་ཉམས་པའོ། །དགེ་བའི་བཤེས་གཉེན་བསྟེན་པ་ལ་ཕན་ཡོན་དཔག་ཏུ་མེད་དེ། འཕགས་པ་སྡོང་པོ་བཀོད་པའི་དཔལ་འབྱུང་བའི་རྣམ་པར་ཐར་པ་ལས། དགེ་བའི་བཤེས་གཉེན་གྱིས་ཟིན་པ་ནི་ངན་འགྲོར་མི་ལྟུང་ངོ༌། །བསླབ་པ་དང་མི་འགལ་ལོ། །འཇིག་རྟེན་ལས་འཕགས་སོ། །སྤྱོད་པ་ཐམས་ཅད་ལ་མི་བརྗེད་པར་སྤྱོད་དོ། །ཉོན་མོངས་པས་ཐུབ་པར་དཀའ་འོ། །བྱ་བ་དང་བྱ་བ་མ་ཡིན་པ་ཤེས་སོ། །བག་མེད་པ་ལས་བཟློག་གོ །འཁོར་བ་ནས་འདོན་ནོ། །རིགས་ཀྱི་བུ་དེ་ལྟར་ཡིད་ལ་བྱ་བ་རྒྱུན་མ་ཆད་པར་དགེ་བའི་བཤེས་གཉེན་རྣམས་ཀྱི་དྲུང་དུ་འགྲོ་བར་བྱའོ། །ཞེས་བྱ་བ་དང༌། དགེ་བསྙེན་མི་གཡོ་བའི་རྣམ་པར་ཐར་བ་ལས་ཀྱང༌། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱི་བསྟན་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐུགས་མཉེས་པར་འགྱུར་རོ། །ཐམས་ཅད་མཁྱེན་པར་འགྱུར་རོ། །ཚིག་ལ་ཐེ་ཚོམ་མེད་པ་ལ་དགེ་བའི་བཤེས་གཉེན་རྣམས་མཉེས་པར་འགྱུར་རོ། །དགེ་བའི་བཤེས་གཉེན་ཡིད་ལ་བྱེད་པ་དང༌། མ་བྲལ་བ་ལ་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །ཞེས་འབྱུང་ངོ༌། །བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས་ཀྱང་གསུངས་ཏེ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ནི་མཁན་པོ་དང་སློབ་དཔོན་ལ་གུས་པ་གང་ཡོངས་སུ་མི་གཏོང་བའི་རིན་པོ་ཆེ་དེ་འཇིག་རྟེན་ན་མེད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་དགེ་བའི་བཤེས་གཉེན་རྙེད་པས་བསྒོམ་པ་ཁོ་ནར་བྱའི། ཐོས་པ་ལ་དགོས་པ་ཅི་ཡོད་སྙམ་ན། དེའི་ཕྱིར་ཐོག་མར་འདྲེན་པ་ནི་དད་པ་ཡིན་ལ། དེས་ཀུན་ནས་བསླངས་ནས་ཐོས་པ་བྱ་བ་ལ་སོགས་པ་གོ་རིམ་བཞིན་ཏེ་གོང་དུ་བརྗོད་ཟིན་ཏོ། །ཐོས་པའི་ཕན་ཡོན་བརྗོད་པས་ཀྱང་ཐོས་པ་ལ་སྤྲོ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཇི་ལྟར་མུན་པས་ཁྱབ་སྒྲིབ་པ། །ཁྱིམ་དུ་ཞུགས་པར་གྱུར་ན་ནི། །ཡོད་པར་གྱུར་པའི་གཟུགས་རྣམས་ཀྱང༌། །མིག་གིས་མཐོང་བར་མི་འགྱུར་རོ། །དེ་བཞིན་དུ་ནི་འདི་ལ་ཡང༌། །ལ་ལའི་མིག་དག་སྐྱེས་གྱུར་ཀྱང༌། །དགེ་བ་དང་ནི་སྡིག་པའི་ཆོས། །མ་ཐོས་པར་ནི་ཤེས་མི་འགྱུར། །ཞེས་དགག་ཕྱོགས་ཀྱི་སྒོ་ནས་བསྟན་ཏོ། །ཡང༌། ཐོས་པས་ཆོས་རྣམས་རྣམ་པར་ཤེས། །ཐོས་པས་སྡིག་པ་གཏན་མི་བྱེད། །ཐོས་པས་གནོད་པ་སྤོང་བར་བྱེད། །ཐོས་པས་མྱ་ངན་འདས་པ་ཐོབ། །ཐོབ་པར་འདོད་པས་ཐོས་པ་འཕེལ། །ཐོས་པས་ཤེས་རབ་འཕེལ་བར་འགྱུར། །ཤེས་རབ་ཀྱིས་ནི་དོན་རྣམས་སྦྱོང༌། །དོན་ཐོབ་ནས་ནི་བདེ་ཐོབ་འགྱུར། །དོན་ཐོབ་དོན་ནི་ཡིད་རྣོ་སྟེ། །ཚེ་འདི་ལ་ནི་མྱ་ངན་འདས། །ཆོས་ལ་སྦྱོར་ཞིང་གཙང་ལ་མཁས། །ཤིན་ཏུ་བདེ་བ་ཐོབ་པར་འགྱུར། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི། །ཐོས་ནས་ཆོས་ཉིད་གནས་པར་འགྱུར། །འཇིག་རྟེན་ལ་ནི་སྣང་གྱུར་ནས། །བྱང་ཆུབ་ཀྱི་ནི་སྤྱད་པ་སྤྱོད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བློ་གྲོས་རྒྱ་མཚོས་ཞུས་པ་ལས་ཀྱང༌། དེ་བཞིན་གཤེགས་པ་དམ་པའི་ཆོས་འཛིན་པ། །དྲན་དང་བློ་གྲོས་དང་ནི་རབ་ལྡན་འགྱུར། །ཤེས་རབ་རྒྱ་ཆེན་ཀུན་ནས་ཡེ་ཤེས་ལྡན། །མཁས་པས་བག་ཆགས་ཐོས་པས་ཉོན་མོངས་སྤོང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྡུག་བསྔལ་བྲལ་བར་འདོད་པ་ཡིས། །ཆོས་ཀྱི་གཞུང་ལ་འཇུག་པར་བྱེད། །དེ་ཡི་རབ་ཏུ་དབྱེ་ཤེས་པས། །གང་དག་བླང་དང་དོར་བ་ཤེས། །བྱེ་བྲག་བདེ་གཤེགས་ཆོས་རྣམས་བཞག །ལམ་ལ་རིམ་བཞིན་མ་ནོར་འཇུག །དེ་ལྟའི་བློ་ཡིས་བཤེས་གཉེན་བཙལ། །དེ་ལས་ཐམས་ཅད་འབྱུང་བར་འགྱུར། །དེ་ལས་ཐོས་པས་བློ་གྲོས་ཀྱི། །མིག་གི་བདག་ཉིད་ཤེས་པར་འགྱུར། །ཕན་ཡོན་གྱིས་ནི་དེ་དག་ལ། །སྤྲོ་ཕྱིར་ཐོག་མར་དེ་དག་བརྗོད། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །རྣམ་པར་རྟོག་པ་གཉིས་པའོ།།  །།གལ་ཏེ་དེ་ལྟར་སྡུག་བསྔལ་བ་ལས་འབྱིན་པའི་ཐབས་ནི་འདི་དག་གོ་ཞེས་རྣམ་པར་གཞག་མོད། སེམས་ཅན་རྣམས་སྡུག་བསྔལ་ལས་གྲོལ་བར་ཇི་ལྟར་འགྱུར། དེ་གྲོལ་དུ་ཆུག་ཀྱང་ལམ་འདི་ཉིད་དང་སྐྱོན་དང་བཅས་པ་མ་ཡིན་ནམ། འདི་གསུང་བར་བྱེད་པ་སུ་ཞིག་ཡིན། དེ་གང་དང་གང་ལས་བརྒྱུད་དེ་འོངས་ཐེ་ཚོམ་དུ་འགྱུར་རོ་ཞེས་རྣམ་པར་རྟོག་པ་གསུམ་ལ་འཇུག་གོ །སྡོམ་ནི། རྒྱུ་དང་དེ་བཞིན་རྐྱེན་དང་ནི། །གསུམ་ཡིན་ཐབས་སུ་གཞག་པ་དང༌། །སྟོན་པ་དང་ནི་བརྒྱུད་པ་ལ། །ཐེ་ཚོམ་བསལ་བའི་གཉིས་ལས་བཞི། །འདི་ལྟར་རྒྱུ་དང་རྐྱེན་མེད་པར་འབྲས་བུ་མི་འབྱུང་བ་བདེན་མོད། རྒྱུ་མེད་པར་འབྲས་བུ་འབྱུང་བ་མ་ཡིན་ཏེ། གསེག་མ་ལས་མྱུ་གུ་བཞིན་ནོ། །རྐྱེན་མེད་པར་ནི་མ་ཡིན་ཏེ། སྐམ་སར་གནས་པའི་ས་བོན་བཞིན་ནོ། །འདིར་ནི་དེ་ལྟར་མ་ཡིན་ཏེ། སྡུག་བསྔལ་ཐམས་ཅད་དང་བྲལ་བའི་རྒྱུ་ཡང་ཡོད་ལ། རྐྱེན་ཡང་དག་པ་ཡང་ཡོད་དོ། །རྒྱུ་དེ་གང་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་ཆོས་ཉིད་བདག་གཉིས་ཀྱིས་སྟོང་ངོ༌། །དེ་ནི་རང་བཞིན་དུ་གནས་པའི་རིགས་ཞེས་ཀྱང་བྱའོ། །རང་བཞིན་ཆོས་ཀྱི་སྐུ་ཞེས་ཀྱང་བྱའོ། །དོན་དམ་པའི་བདེན་པ་ཞེས་ཀྱང་བྱའོ། །ཇི་སྐད་དུ། ཐོག་མ་མེད་པ་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་པ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པ་ཐོབ་པའང་ཡིན། །ཞེས་གསུངས་པ་ཡིན་ནོ། །འདི་ལྟར་སེམས་ཅན་འདི་ཙམ་ནས་འབྱུང་ཞེས་བྱ་བ་མེད་པས་ཐོག་མ་མེད་དོ། །དབྱིངས་ནི་རྒྱུའོ། །གང་གི་ཞེ་ན་ཆོས་རྣམས་ཀུན་ཏེ་འདུས་བྱས་དང་འདུས་མ་བྱས་ཀྱིའོ། །དེ་ན་འགྲོ་ཀུན་ཏེ་འཁོར་བ་དང༌། མྱ་ངན་འདས་ཀྱི་རྣམ་གྲོལ་ཏེ་ཐམས་ཅད་ཀྱི་རྒྱུ་ཡོད་དོ། །ཁྱད་པར་དུ་སངས་རྒྱས་ཀྱི་རྒྱུ་ཡོད་པས་རྒྱུད་བླ་མ་ལས་གསུངས་ཏེ། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་སེམས་ཅན་རྣམས། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་སོ། །གལ་ཏེ་རང་བཞིན་གྱིས་དག་ན་དྲི་མ་གང་ལས་བྱུང༌། གློ་བུར་དུ་བྱུང་ན་ཡང་འབྱུང་བར་འགྱུར་ལ། དང་པོ་ནས་གནས་ན་སྦྱང་དུ་མི་རུང་ངོ་ཞེ་ན་གློ་བུར་དུ་བྱུང་བ་མ་ཡིན་པས། སྐྱོན་དང་པོ་མེད་ལ། དང་པོ་ནས་ཡིན་ཡང་སྦྱང་དུ་རུང་བས་གློ་བུར་བ་ཞེས་བཏགས་ཏེ། གསེར་གྱི་དྲི་མ་བཞིན་ནོ། །དེས་ན། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །རང་བཞིན་གྱིས་དག་རྟག་པའི་ཆོས་རྣམས་ནི། །ཐོག་མེད་སྦུབས་ཀྱིས་ཕྱི་སྒྲིབ་མི་མཐོང་སྟེ། །ཇི་ལྟར་གསེར་གྱི་གཟུགས་ནི་བསྒྲིབས་པ་བཞིན། །ཞེས་པ་དང༌། རང་བཞིན་གྱི་དབང་དུ་མཛད་ནས། རང་བཞིན་འགྱུར་བ་མེད་པ་དང༌། དགེ་དང་རྣམ་པར་དག་པའི་ཕྱིར། །དེ་བཞིན་ཉིད་འདི་གསེར་གྱི་ནི། །གཟུགས་དང་མཚུངས་པར་བརྗོད་པ་ཡིན། །ཞེས་རྒྱུད་བླ་མ་ལས་གསུངས་སོ། །དེ་བས་ན་རྐྱེན་དང་ཕྲད་ན་རྒྱུ་ཡོད་དོ། །ཞེས་བྱ་བས་ནི་ཐེ་ཚོམ་དང་པོ་བསལ་ལོ། །རྐྱེན་དེ་ཉིད་རང་གི་ཚུལ་བཞིན་ཡིད་ལ་བྱེད་པ་དང་གཞན་གྱི་སྒྲའོ། །དང་པོ་ནི་རང་གི་ཆོས་ཐོབ་པ་རྟོགས་པའི་ཆོས་སོ། །དེ་སྐྱེ་བའི་རྒྱུ་ནི་གཉིས་པའོ། །དེ་དག་གི་དབྱེ་བ་ནི་སྔར་བརྗོད་ཟིན་ཏོ། །དེ་ཇི་ལྟར་ཐབས་ཁྱད་པར་དུས་འཕགས་ཤེ་ན། བཀའི་དོན་མངོན་སུམ་པ་མངོན་སུམ་ཚད་མ་དང་མི་འགལ་བས་ཐོག་མར་དགེ་བ་དང༌། ལྐོག་ཏུ་གྱུར་པས་རྗེས་སུ་དཔག་པ་དང་མི་འགལ་བས་བར་དུ་དགེ་བ་དང༌། ཤིན་ཏུ་ལྐོག་ཏུ་གྱུར་པ་ལུང་ཕན་ཚུན་མི་འགལ་བས་ཐ་མར་དགེ་བ་དང༌། ཡང་ན་ཐོས་ནས་དད་པའི་རྒྱུར་གྱུར་པས་ཐོག་མར་དགེ་བ་དང༌། བསམས་ནས་དགའ་བའི་རྒྱུར་གྱུར་པས་བར་དུ་དགེ་བ་དང༌། བསྒོམ་པའི་དུས་ན་བློ་དྲི་མ་མེད་པའི་རྒྱུར་གྱུར་པས་ཐ་མར་དགེ་བ་དང༌། བདེན་པ་གཉིས་སྟོན་པས་དོན་བཟང་བ་དང༌། གཟུང་སླ་བས་ཚིག་འབྲུ་བཟང་བ་དང༌། བརྗོད་བྱ་ཚང་བར་སྟོན་པས་མུ་སྟེགས་དང་མ་འདྲེས་པ་དང༌། གཉེན་པོ་ཚང་བས་ཡོངས་སུ་རྫོགས་པ་དང༌། རང་བཞིན་གྱིས་དག་པས་མངོན་དུ་བྱེད་པས་ཡོངས་སུ་དག་པ་དང༌། དྲི་མ་མེད་པའི་དག་པ་མངོན་དུ་བྱེད་པས། ཡོངས་སུ་བྱང་བ་དང་ལྡན་པ་ཡིན་ནོ། །དེའི་ཕྱིར་འདི་ལྟ་བུ་ཐབས་སུ་འགྱུར་ཏེ། གཞན་ནི་ཐབས་མ་ཡིན་པ་ལ་ཞུགས་པས་མྱུ་གུ་དོན་དུ་གཉེར་བ་ལས་ས་བོན་སྐམ་སར་འཇོག་པ་བཞིན་ནོ། །ཐེ་ཚོམ་གཉིས་པ་བསལ་བའོ། །དེ་ལྟ་བུའི་ཐབས་སུས་བསྟན་ཞེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། དེས་རང་གི་མཁྱེན་ནས་གསུངས་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། རྩ་བ་མེད་ཅིང་གནས་མེད་པར། །སངས་རྒྱས་ཀྱི་ནི་བྱང་ཆུབ་རེག །ཇི་ལྟར་རྟོགས་པ་དེ་བཞིན་དུ། །སྲོག་ཆགས་རྣམས་ནི་ཀུན་ལ་སྟོན། །ཞེས་གསུངས་སོ། །སངས་རྒྱས་ཀྱིས་གསུངས་པ་ལ་ཡིད་ཆེས་ཅི་ཡོད་ཅེ་ན། བརྫུན་སྨྲ་བའི་རྒྱུ་མེད་པའི་ཕྱིར་རོ། །ཐུགས་བརྩེ་བ་ཉིད་དང༌། ཐམས་ཅད་མཁྱེན་པ་ཉིད་ཀྱིས་སོ། །ཇི་སྐད་དུ། རྣམ་འགྲེལ་ལས། བརྩེ་བས་ལེགས་དང་ཡེ་ཤེས་ལས། །བདེན་པ་སྟོན་མཛད་སྒྲུབ་བྱེད་བཅས། །ཞེས་པ་དང༌། ཉེས་པ་ཟད་པ་བརྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཞེས་གསུངས་སོ། དེ་དག་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་མོད། རེ་ཞིག་གཞག་གོ །གལ་ཏེ་སངས་རྒྱས་དེ་ཉིད་ཀྱིས་རང་བྱུང་དུ་རྟོགས་སམ། འོན་ཏེ་སྔ་མའི་གདམས་ངག་ལ་བརྟེན། དང་པོ་མི་འཐད་དེ། འབད་པ་མེད་པར་འགྱུར་བའི་ཕྱིར་རོ། །གཉིས་པའང་མི་འཐད་དེ་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ་ཞེ་ན། དེའང་དང་པོ་མ་ཡིན་ལ་གཉིས་པ་འདོད་དོ། །ཐུག་པ་མེད་པར་འདོད་པ་ཉིད་དེ། འདི་ནི་བསམ་གྱིས་མི་ཁྱབ་པ་སྟེ་ནམ་མཁའི་མཐའ་བཞིན་ནོ། །གལ་ཏེ་དེ་ལྟར་སངས་རྒྱས་བསམ་གྱིས་མི་ཁྱབ་ན་བསྐལ་པ་འདི་ལ་སངས་རྒྱས་གང་གིས་ཆོས་གསུངས་ཤེ་ན། འདིར་སྐྱེ་དགུ་རྣམས་ཀྱིས་ཚེ་ལོ་བརྒྱད་ཁྲིའི་དུས་སུ་དེ་བཞིན་གཤེགས་པ་འཁོར་བ་འཇིག་འཇིག་རྟེན་དུ་བྱོན་ནོ། །དེའི་བསྟན་པ་ནུབ་སྟེ། ཚེ་ལོ་དྲུག་ཁྲིའི་དུས་སུ་དེ་བཞིན་གཤེགས་པ་གསེར་ཐུབ་བྱོན་ནོ། །དེའི་བསྟན་པ་ནུབ་སྟེ་ཚེ་ལོ་བཞི་ཁྲིའི་དུས་སུ་དེ་བཞིན་གཤེགས་པ་འོད་སྲུང་བྱོན་ནོ། །དེའི་བསྟན་པ་ནུབ་སྟེ་ཚེ་ལོ་བརྒྱ་བའི་དུས་སུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་བདག་ཅག་གི་སྟོན་པ་འཇིག་རྟེན་དུ་བྱོན་ནས་ཆོས་ཀྱིས་སྣང་བར་མཛད་དོ། །གལ་ཏེ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་འདིས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་ཇི་ལྟར་བསྐྱེད། ལམ་ཇི་ལྟར་བསྒྲུབས། མཐར་ཇི་ལྟར་མངོན་པར་བྱང་ཆུབ་ནས་ཆོས་གསུངས་པའི་ཚུལ་ཉན་པར་སྤྲོའོ་ཞེས་རྣམ་པར་རྟོག་ན་ཅུང་ཟད་རྣ་བ་གཏོད་ཅིག་དང་ཁོ་བོས་ལེགས་པར་སྤྲོའོ། །འདི་ལྟར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་འདིས་དང་པོར་རིགས་སད་ནས་སྐལ་བ་དང་ལྡན་པར་གྱུར་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོ་ལ་སྨོན་ལམ་གྱིས་ཐོག་མར་བསྐྲུན་ནས། བར་དུ་བསྐལ་པ་གྲངས་མེད་པ་གསུམ་དུ་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པ་ལ་ཚོགས་བསྐྲུན་ཏེ། རྡོ་རྗེ་གདན་གྱི་ས་མནན་གྱི་བར་དུ་ཚོགས་ཀྱི་ལམ་ལ་གནས་པ་སོ་སོ་སྐྱེ་བོ་ཆེན་པོ་ཞེས་བྱའོ། །དེ་ནས་ལམ་ཐམས་ཅད་སྟན་གཅིག་ལ་རྫོགས་པར་བྱས་ཏེ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་དོ། །དེ་ཡང་མཛོད་ལས། དེ་གྲངས་མེད་གསུམ་ལ་སངས་རྒྱས། །འབྱུང་ངོ་མར་ནི་འགྲིབ་པ་ནི། །བརྒྱ་པའི་བར་ལ་དེ་དག་འབྱུང༌། །ཞེས་པ་དང༌། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང༌། །དང་པོ་ཤཱཀྱ་ཐུབ་ཆེན་ལ། །ཞེས་བྱ་བ་དང༌། བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །དེ་ཡི་འོག་ཏུ་ཐར་ཆ་མཐུན། །ཞེས་གསུངས་པ་ལྟར་ཁ་ཅིག་འདོད་དོ། །ཡང་ཁ་ཅིག་རིགས་སད་པ་དང་སྨོན་ལམ་གྱི་ཐོག་མ་བསྐྲུན་པ་འདྲ་ལ། དེ་ནས་ཚོགས་ལམ་ཆེན་པོ་ལ་འཇུག་པ་ན་དེ་བཞིན་གཤེགས་པ་འོད་འཕྲོའི་ཕུང་པོ་ཆེན་པོ་ཞེས་བྱའོ། །དེ་དག་ལ་སོགས་པས་མཐོང་བའི་ལམ་མཐར་ཕྱུང་ངོ༌། །གྲངས་མེད་དང་པོའོ། །གྲངས་མེད་གཉིས་པའི་ཚེ་དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་ལ་སོགས་པ་བསྒོམ་པའི་ལམ་ས་བརྒྱད་པའི་བར་དུའོ། །གྲངས་མེད་གསུམ་པའི་ཚེ་མར་མེ་མཛད་ལ་སོགས་པ་ནས་འོད་སྲུངས་ཀྱི་བར་དུའོ། །དེས་ས་བཅུ་པ་ལ་གནས་པར་གྱུར་ཏོ། །དེ་ནས་སྐྱེ་བ་གཅིག་གིས་ཐོགས་པ་དམ་པ་ཏོག་ཏུ་གྱུར་ཏོ། །དེ་ནས་ཤི་འཕོས་ནས་སྲིད་པ་ཐ་མ་པ་དོན་གྲུབ་ཏུ་གྱུར་ཏེ། དེ་ནས་རྡོ་རྗེ་གདན་གྱི་ས་མནན་ནས་དེ་ཉིད་དུ་མངོན་པར་བྱང་ཆུབ་བོ་ཞེས་འདོད་དོ། །ཡང་ཁ་ཅིག་རྡོ་རྗེ་གདན་གྱི་ས་མནན་གྱི་བར་དེ་དང་མཚུངས་ལ། དེ་ནས་ཡིད་ཀྱི་ལུས་རང་བཞིན་གྱི་གནས་སུ་བྱང་ཆུབ་ལ། སྤྲུལ་པའི་ལུས་འདིར་བྱང་ཆུབ་བོ་ཞེས་འདོད་དོ། །ལང་ཀར་གཤེགས་པ་ལས། གཙང་མའི་རིགས་དག་སྤངས་པ་ཡི། །འོག་མིན་ཞེས་བྱ་ཉམས་དགའ་དེར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ནི་འདིར་འཚང་རྒྱ། །ཞེས་འདོད་དོ། །ཡང་ཁ་ཅིག་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ལུང་བསྟན་པའི་བར་དུ་འདྲ་ལ། དེས་ལུང་བསྟན་ནས། བསྐལ་པ་གྲངས་མེད་གསུམ་ན་མངོན་པར་རྫོགས་པར་བྱང་ཆུབ་སྟེ། དེ་ནས་ཀྱང་སངས་རྒྱས་ཀྱི་མཛད་པ་དཔག་ཏུ་མེད་པ་མཛད་དེ། འདིར་དམ་པ་ཏོག་ཏུ་གྱུར་པ་ལ་སོགས་པའང་སངས་རྒྱས་ཀྱི་མཛད་པ་སྟེ། དེ་སྐད་དུ། ཤིན་ཏུ་རྒྱས་པ་ལས། དེ་བཞིན་གཤེགས་པ་སྤྱན་ཆེན་པོ་ཞེས་བྱ་བ་འབྱུང་བ་དེ་ཤེས་སམ། ང་ཉིད་དེར་གྱུར་ཏོ་ཞེས་གསུངས་པ་ལྟ་བུའོ་ཞེས་འདོད་དོ། །གསང་ཆེན་ཐབས་ལ་མཁས་པ་ལས་ཀྱང༌། མར་མེ་མཛད་ཀྱིས་ལུང་བསྟན་པ་ན། ངས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། བཟོད་པ་ཐོབ་པ་ནི་འདོད་ན་ཞག་བདུན་གྱིས་ཀྱང་བྱང་ཆུབ་ལ། འདོད་ན་བསྐལ་པ་གྲངས་མེད་པའམ་གཏན་དུ་ཡང་གནས་པར་ནུས་སོ། །ཞེས་གསུངས་པས་དུས་ངེས་པ་མེད་པར་བྱང་ཆུབ་བོ་ཞེས་ཁ་ཅིག་འདོད་དོ། །དེ་དག་ལ་སོགས་པ་གཞུང་ལུགས་བསམ་གྱིས་མི་ཁྱབ་པ་ཅིག་གནས་སོ། །དེ་དག་ཀྱང་ཕན་ཚུན་འགལ་བ་མ་ཡིན་ཏེ། གདུལ་བྱའི་བསམ་པ་དང་བསྟུན་ཏེ་གསུངས་པ་ཡིན་གྱི། འདི་ལྟར་ཡང་དག་པར་ན་འདི་ལྟར་གནས་སོ་ཞེས་འགལ་བ་མེད་པའི་ཚུལ་གྱིས་རེ་ཞིག་གཞན་དུ་བཙལ་གྱིས་འདིར་བཞག་གོ །དེ་ལ་ལུགས་དང་པོ་ནི་འཕགས་པ་ཉན་ཐོས་ཀྱི་ཚུལ་ཡིན་པས་ཐུན་མོང་དུ་གྲགས་པ་མ་ཡིན་ནོ། །གསུམ་པ་དང་བཞི་པ་དང་ལྔ་པ་ལ་ཡང་ཐེག་པ་ཆེན་པོའི་ཚུལ་གཞན་ཐུན་མོང་དུ་གྲགས་པ་མ་ཡིན་གྱི། དེའང་རེ་ཞིག་བཞག་གིས། འདིར་ལུགས་གཉིས་པ་ཐེག་པ་ཆེན་པོ་ཐུན་མོང་གི་གཞུང་མདོ་སྡེ་བསྐལ་པ་བཟང་པོ་དང༌། རྒྱ་ཆེར་རོལ་པ་ལ་སོགས་པ་ལས་བྱུང་བའི་ལུགས་དེ་བརྗོད་པར་བྱའོ། །རིགས་སད་སྨོན་ལམ་ཐོག་མ་དང༌། །གྲངས་མེད་གསུམ་ལ་ལམ་རྣམ་བཞི། །དེར་གནས་སྐྱེ་བ་གཅིག་གིས་ཐོགས། །དེ་ནས་མཛད་པ་རྣམས་ཡིན་ནོ། །འདི་ལྟར་བདག་ཅག་གི་སྟོན་པ་འདི་སོ་སོ་སྐྱེ་བོ་འཆིང་བ་མཐའ་དག་དང་ལྡན་པའི་དུས་སུ། རེ་ཞིག་ལས་ཀྱི་དབང་གིས་སེམས་ཅན་དམྱལ་བའི་གནས་སུ་ཤིང་རྟ་འདྲེན་པའི་གྱད་དུ་གྱུར་ཏོ་ཞེས་ཐོས་སོ། །དེར་སྐལ་བ་དང་རིགས་དང་ལྡན་པའི་དབང་གིས་སེམས་ཅན་དམྱལ་བའི་གྲོགས་པོ་དེ་རྣམས་ལ་རང་བཞིན་གྱིས་བརྩེ་བར་གྱུར་ཏོ། །དེ་དེ་ལྟར་གྱུར་པས་དེ་རྣམས་ཀྱི་སྡུག་བསྔལ་འདི་རྣམས་བདག་གི་འཁུར་ན་ཅི་མ་རུང་སྙམ་སྟེ་གཤིན་རྗེའི་སྐྱེས་བུ་རྣམས་ལ་སྨྲས་པ། ཀྱེ་གྲོགས་པོ་དག་འདི་རྣམས་ཀྱི་སྡུག་བསྔལ་བདག་གིས་འཁུར་ན་ཅི་གནང་ཞེས་སྨྲས་པ་དང༌། གཤིན་རྗེའི་སྐྱེས་བུ་ཨ་བམ་ཞེས་བྱ་བས་སྨྲས་པ། སེམས་ཅན་ཐམས་ཅད་རང་རང་གི་ལས་ཀྱི་སྐལ་བ་ལ་སྤྱོད་ན་ཁྱོད་སྤྱི་བརྟོལ་རེ་ཆེ་ཞེས་སྨྲས་ཏེ། ཐུ་ལུམ་མེ་འབར་བ་ཅིག་མགོ་ལ་བསྣུན་པར་གྱུར་ཏོ། །སྙིང་རྗེ་ཆེན་པོ་སྐྱེས་པའི་སྟོབས་ཀྱིས་དེའི་ལས་ཟད་པའི་རྒྱུ་བྱས། དེས་རྐྱེན་བྱས་ཏེ། དེ་ནས་ཤི་འཕོས་ནས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་པར་གྱུར་ཏོ། །དེ་དེ་ལྟར་རིགས་སད་པ་ལ་གནས་པ་དེ་དེ་ནས་ཡང་ཤི་འཕོས་ཏེ་འཛམ་བུའི་གླིང་འདིར་རྫ་མཁན་གྱི་བུ་ཁྱེའུ་སྣང་བྱེད་ཅེས་བྱ་བར་གྱུར་ཏོ། །དེའི་ཚེ་འཇིག་རྟེན་གྱི་ཁམས་འདིར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་བྱོན་ནོ། །ཁྱེའུ་དེའང་དེ་བཞིན་གཤེགས་པ་དེ་ལ་དད་པར་གྱུར་ནས། ཐུག་འཇམ་ཕོར་པ་གང་ཕུལ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སྨོན་ལམ་གྱི་ཐོག་མར་བསྐྲུན་པ། བདེ་བར་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང༌། །སྐུ་ཚེའི་ཚད་དང་ཁྱོད་དང་ཅི་འདྲ་དང༌། །མཚན་མཆོག་བཟང་པོ་ཁྱོད་དང་ཅི་འདྲ་བ། །དེ་བཞིན་བདག་ཀྱང་དེ་དང་འདྲ་བར་ཤོག །ཅེས་སྨོན་ལམ་བཏབ་བོ། །ཇི་སྐད་དུ། བསྐལ་བ་བཟང་པོ་ལས། ང་ནི་སྔོན་ཚེ་རྫ་མཁན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། །ཐུག་འཇམ་ཕོར་གང་ཙམ་ཡང་ཕུལ་ནས་ནི། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་སྨོན་ལམ་གྱི་ཐོག་མ་བསྐྲུན་གྱིས་བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་སོགས་པའི་ནང་དུ་བགྲང་བར་བྱ་བ་མ་ཡིན་ཏེ། ཇི་སྐད་དུ། ངས་ཇི་སྲིད་ཆོས་ཐམས་ཅད་མཉམ་པ་ཉིད་མ་རྟོགས་པ་དེ་སྲིད་དུ་དགེ་བའི་རྩ་བ་ལ་ཡང་དག་པར་ཞུགས་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་སྨོན་ལམ་བཏབ་སྟེ་ཚོགས་བསགས་ནས་སྙིང་རྗེ་བླངས་ཏེ་བྱང་ཆུབ་ཀྱི་སེམས་དང་ཆོས་ཐམས་ཅད་ཤེས་ཏེ་དཀོན་མཆོག་གསུམ་ལ་དད་པ་ལ་གནས་པ་ནི་སངས་རྒྱས་རྣམས་ཀྱིས་དམ་པའི་ཆོས་ཀྱི་སྣོད་དུ་རིགས་ཏེ། དེའི་དྲུང་དུ་གཤེགས་ནས་བྱང་ཆུབ་ཀྱི་ལམ་སྟོན་ཏོ། །ཞེས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་གསུངས་ལ། དེའི་ཕྱིར་རང་གི་སྟོབས་ཀྱིས་དེ་བཞིན་གཤེགས་པ་མཐོང་ནས་བསྐལ་པ་གྲངས་མེད་པ་དང་པོ་ལ་འཇུག་པའི་དུས་སུ་འཇིག་རྟེན་གྱི་ཁམས་འདིར་དེ་བཞིན་གཤེགས་པ་འོད་འཕྲོའི་ཕུང་པོ་ཆེན་པོ་ཞེས་བྱ་བ་བྱོན་པར་གྱུར་ཏོ། །དེའི་དུས་སུ་རྒྱལ་པོ་ཚེ་རྣམ་པར་རྒྱལ་བ་ཞེས་བྱ་བ་ཞིག་ཀྱང་བྱུང་བར་གྱུར་ཏོ། །དེའི་གྲོང་ཁྱེར་རྣམ་པར་རྒྱལ་བའི་རྒྱལ་མཚན་ཞེས་བྱ་བ་ཞིག་ཡོད་དེ། དེའི་ཚེ་བདག་ཅག་གི་སྟོན་པ་འདི་དེའི་ཚེ་རྒྱལ་པོ་དེའི་བུ་ཁྱེའུ་གཞོན་ནུ་བརྩོན་འགྲུས་སྤྱོད་ཅེས་བྱ་བར་གྱུར་ཏེ། དེ་བཙུན་མོའི་འཁོར་དང་བཅས་ཏེ་སྐྱེད་མོས་ཚལ་དུ་ཕྱིན་ཏོ། །དེ་ནས་དེ་བཞིན་གཤེགས་པ་དེས་ཁྱེའུ་དེ་སྐལ་བ་དང་ལྡན་པར་མཁྱེན་ནས། དེའི་སྐྱེད་མོས་ཚལ་གྱི་སྟེང་གི་ནམ་མཁའ་ལ་བཞུགས་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཚད་མེད་པ་བཞི་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལས་བརྩམས་ཏེ་བྱང་ཆུབ་ཀྱི་ལམ་ཡང་བཤད། སངས་རྒྱས་རྣམས་ཀྱི་བསྔགས་པ་ཡང་བརྗོད་དོ། །ཁྱེའུ་དེས་དེ་ཐོས་ནས་དད་པ་རྙེད་ནས་དེ་བཞིན་གཤེགས་པ་དེ་འཁོར་དང་བཅས་པ་ལོ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ཏུ་བསྙེན་བཀུར་རོ། །དེ་དག་ལ་སོགས་པ་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་བསྙེན་བཀུར་ནས་བསྐལ་པ་གྲངས་མེད་པ་དང་པོ་མཐར་ཕྱིན་ཏོ། །དེས་ནི་མཐོང་བའི་ལམ་སྐྱེས་སོ་ཞེས་ཁ་ཅིག་འདོད་དོ། །དེ་ནས་གྲངས་མེད་པ་གཉིས་པ་ལ་འཇུག་པའི་དུས་སུ་དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་ཅེས་བྱ་བ་ཞིག་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །དེའི་དུས་སུ་གྲོང་ཁྱེར་འཛམ་བུའི་ཆུ་བོ་གསེར་ཞེས་བྱ་བ་ཞིག་ཏུ། རྒྱལ་པོ་མཛེས་པར་སྣང་བ་ཞེས་བྱ་བ་ཞིག་ཀྱང་བྱུང་བར་གྱུར་ཏོ། །དེའི་ཚེ་བདག་ཅག་གི་སྟོན་པ་ནི་དེའི་གནང་ཆེན་ཚོང་དཔོན་ཤེས་རབ་བཟང་པོ་ཞེས་བྱ་བ་ཞིག་ཏུ་གྱུར་ཏོ། །དེ་བཞིན་གཤེགས་པ་དེས་ཚོང་དཔོན་དེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་སྣོད་དུ་རུང་བར་གཟིགས་ནས་དེའི་དྲུང་དུ་ནམ་མཁའ་ལ་རྫུ་འཕྲུལ་གྱིས་བཞུགས་ནས་སྔ་མ་བཞིན་བཤད་དོ། །དེ་དད་པར་གྱུར་ཏེ་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ལ་ལོ་སྟོང་དུ་བསྙེན་བཀུར་བྱས་སོ། །དེ་དག་ལ་སོགས་པ་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་ལ་བསྐལ་པ་གྲངས་མེད་པར་བསྙེན་བཀུར་བྱས་པས་བསྐལ་པ་གྲངས་མེད་པ་གཉིས་པ་མཐར་ཕྱིན་ཏོ། །དེས་ནི་ས་བརྒྱད་པ་ལ་ཉེ་བར་གྱུར་ཏོ་ཞེས་ཁ་ཅིག་འདོད་དོ། །དེ་ནས་བསྐལ་པ་གྲངས་མེད་པ་གསུམ་པ་ལ་འཇུག་པའི་དུས་སུ། དེ་བཞིན་གཤེགས་པ་མར་མེ་མཛད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ༌། །དེའང་འདི་ལྟར་འཛམ་བུའི་གླིང་འདིར་པདྨོ་ཅན་གྱི་ཚོང་འདུས་ཞེས་བྱ་བར་རྒྱལ་པོ་དགྲ་ཐུལ་ཞེས་བྱ་བ་བྱུང་ངོ༌། །དེའི་དུས་སུ་བྲམ་ཟེ་མར་མེའི་བདག་པོ་ཞེས་བྱ་བ་ཆོས་དང་མཐུན་པ་ཞིག་བྱུང་ངོ༌། །དེ་ནས་རྒྱལ་པོ་དེས་བྲམ་ཟེ་དེ་ལ་རྒྱལ་སྲིད་ཕྱེད་བྱིན་ནོ། །བྲམ་ཟེ་དེའང་མར་མེ་ཅན་གྱི་ཚོང་དུས་ཞེས་བྱ་བ་དེར་གནས་ཏེ་ཆོས་ཀྱི་རྒྱལ་སྲིད་བྱེད་དོ། །ཡང་དུས་གཞན་ཞིག་ན་བྲམ་ཟེ་མར་མེའི་བདག་པོ་ལ་བུ་ཁྱེའུ་གཟུགས་བཟང་བ་རྒྱན་གྱིས་བརྒྱན་པ་ཞིག་བྱུང་སྟེ། དེའི་ལུས་ལས་འོད་བྱུང་བས་དེའི་མིང་མར་མེ་མཛད་དུ་བཏགས་སོ། །དེ་བྲམ་ཟེ་མཚན་མཁན་རྣམས་ལ་མཚན་བསྟན་པས་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་མ་མ་རྣམས་ལ་གཏད་དོ། །དེ་རིང་པོར་མ་ལོན་པར་མཁས་པར་གྱུར་ཏོ། །དེ་ནས་གནས་གཙང་མའི་ལྷའི་བུ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་མར་མེ་མཛད་ལ་བསྐུལ་བ། བཙུན་མོའི་འཁོར་གྱི་ནང་འདིར་ནི། །ཡོན་ཏན་འབྱུང་གནས་གྱུར་པ་མེད། །དྲང་སོང་རྒྱལ་མཚན་བསྣམས་ནས་ནི། །བྱང་ཆུབ་དམ་པ་རྟོགས་པར་འགྱུར། །ལང་ཚོ་མྱུར་དུ་འགྲོ་བ་ནི། །རླུང་གི་ཤུགས་ལས་ལྷག་པར་མགྱོགས། །དགའ་བ་དེར་ནི་གཟུགས་འཇིག་སྟེ། །འཇིག་རྟེན་ཡིད་དུ་མི་འོང་བ། །གྲོགས་པོ་རྒས་པ་མཐུ་ཉམས་ནི། །རབ་ཏུ་བྱུང་བ་དཀའ་བ་སྟེ། །ཁྱོད་ནི་ཤིན་ཏུ་དར་ལ་བབ། །ཁྱོད་ནི་གསལ་བའི་དུས་ཡིན་ནོ། །ལེགས་སོ་ལེགས་སོ་ཤེས་རབ་ཆེ། །ལེགས་སོ་ལེགས་སོ་བློ་གྲོས་ཆེ། །མྱུར་དུ་མངོན་པར་བྱུང་ན་ལེགས། །ཐུགས་བརྟན་བྱང་ཆུབ་རྟོགས་པར་གྱིས། །ཞེས་བསྐུལ་ལོ། །དེ་དད་པས་རབ་ཏུ་བྱུང་བ་དང༌། །དེ་ཉིད་ཀྱི་ནུབ་མོར་མངོན་པར་བྱང་ཆུབ་པར་གྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཅེས་བྱ་བར་གྱུར་ཏོ། །དེའི་དགེ་བར་གྲགས་པ་དང་ཚིགས་སུ་བཅད་པ་རྒྱལ་པོ་དགྲ་ཐུལ་གྱིས་ཀྱང་ཐོས་ནས་དེ་བལྟ་བར་འདོད་པར་གྱུར་ཏེ། མར་མེའི་བདག་པོ་ལ་ཕོ་ཉ་བཏང་བ། མར་མེའི་བདག་པོ་ཁྱོད་ཀྱི་སྲས་ཤིག་མངོན་པར་བྱང་ཆུབ་བོ་ཞེས་བདག་གིས་ཐོས་པས། དེ་མཐོང་བར་འཚལ་ནས་ཐུགས་བརྩེ་བས་བདག་གི་དྲུང་དུ་གཤེགས་པར་ཅི་གནང༌། གལ་ཏེ་མི་གཤེགས་ན་བདག་ཉིད་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་ཏེ་མཆིའོ་ཞེས་ཕོ་ཉ་བཏང་ངོ༌། །དེ་ནས་མར་མེའི་བདག་པོ་འཁོར་དང་བཅས་པ་གྲོས་བྱས་ཏེ་བཅོམ་ལྡན་འདས་ཉིད་ལ་གསོལ་བ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་ཀྱང་གནང་སྟེ། དགྲ་བཅོམ་པ་བྱེ་བ་ཕྲག་བརྒྱད་ཅུ་དང་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དང་བཅས་ཏེ་ལྗོངས་རྒྱུ་ཞིང་གཤེགས་སོ། །མར་མེའི་བདག་པོས་རང་གི་སའི་བར་དུ་ཞབས་འབྲིང་བྱས་ཏེ་སླར་ལོག་གོ །བཅོམ་ལྡན་འདས་པདྨ་ཅན་དུ་གཤེགས་པ་རྒྱལ་པོ་དགྲ་ཐུལ་གྱིས་ཐོས་སོ། །ཐོས་པ་དང་པདྨ་ཅན་གྱི་ཚོང་དུས་བརྒྱན་ཏེ། ཡང་རྒྱལ་པོས་བཅའ་བ་བྱས་ཏེ། མཆོད་པའི་ཡོ་བྱད་ཐམས་ཅད་མ་འཚོང་ཞིག མ་སྤྱད་ཅིག རང་རང་ཉིད་ཀྱིས་འབུལ་བ་གྱིས་ཤིག་ཅེས་བཅའ་བབྱས་སོ། །དེ་ནས་རྒྱལ་པོ་དགྲ་ཐུལ་འཁོར་དང་བཅས་པ་གྲོང་ཁྱེར་ནས་བྱུང་སྟེ། དེ་བཞིན་གཤེགས་པའི་ཞབས་འབྲིང་བྱེད་པར་གྱུར་ཏོ། །ཡང་དེའི་ཚེ་གངས་རིའི་ངོས་ལ་བྲམ་ཟེ་རིན་པོ་ཆེ་ཞེས་བྱ་བ་གཡོག་ལྔ་བརྒྱ་ཡོད་པ། ཀློག་ཏུ་འཇུག་པའི་མཁན་པོ། སྔགས་འཆང་བ། རིག་བྱེད་གསུམ་པོ་སྒྲ་ངེས་པར་སྦྱོར་བ་དང་བཅས་པ་ཤེས་པ། ཤེས་པ་གསལ་བ་དང་བཅས་པ། ཡི་གེ་རབ་ཏུ་འབྱེད་པ་དང་བཅས་པ་སྔོན་དུ་བྱང་བ་ལྔ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚིག་རེ་རེ་ཞིང་ལུང་བསྟན་པ་དང༌། འཇིག་རྟེན་རྒྱང་འཕེན་པ་དང༌། མཆོད་སྦྱིན་གྱི་རྒྱུ་དང༌། སྐྱེས་བུ་ཆེན་པོའི་མཚན་རྗེས་སུ་རྟོགས་པ། རང་གི་ཚིག་རབ་འབྲིང་གསུམ་རིག་པ། སློབ་དཔོན་དུ་གྱུར་པ་ཞིག་གནས་སོ། །བདག་ཅག་གི་སྟོན་པ་ནི་དེའི་ཉེ་གནས་བྱེད་པ་བྲམ་ཟེ་གཞོན་ནུ་སྤྲིན་ཞེས་བྱ་བ་ཞིག་ཏུ་གྱུར་ཏེ། དེ་བསླབ་པར་བྱ་བའི་གནས་རྣམས་ལོབས་ནས། ཀྱེ་མཁན་པོ་བདག་གིས་རིག་བྱེད་ལོབས་ཏེ་བདག་ཡུལ་དུ་མཆི་ན་བདག་གིས་བགྱི་བ་ཅི་མཆིས་ཞེས་སྨྲས་པ་དང༌། ཁྱེའུ་གཞོན་ནུ་སྤྲིན་ནོར་ཀརྴ་པ་ན་ལྔ་བརྒྱ་བྱིན་ཅིག་ཅེས་སྨྲས་སོ། །དེས་མཁན་པོའི་རྐང་པ་ལ་ཕྱག་བཙལ་ཏེ་སོང་ངོ༌། །དེས་མཁན་པོའི་ནོར་བཙལ་ཏེ་མཐར་གྱིས་པདྨོ་ཅན་དུ་སོང་ངོ༌། །དེས་ཕོ་བྲང་བརྒྱན་པ་མཐོང་ནས་འདི་ཅི་ཞེས་དྲིས་པ་དང༌། མིས་སྨྲས་པ། གཞོན་ནུ་ཁྱོད་ཀྱིས་མི་ཤེས་སམ། དེང་དེ་བཞིན་གཤེགས་པ་མར་མེ་མཛད་འཁོར་དང་བཅས་པ་གཤེགས་པའི་ཕྱིར་བརྒྱན་ཏོ། །ཞེས་སྨྲས་སོ། །བྲམ་ཟེ་སངས་རྒྱས་ཀྱི་སྒྲ་ཐོས་པས་དགའ་བ་དང་མགུ་བ་ཆེར་སྐྱེས་ཏེ། སངས་རྒྱས་འབྱུང་བ་ནི་ཨུ་དུམྦཱ་རའི་མེ་ཏོག་དང་འདྲའི། དེ་བས་ན་འགྲོན་བུ་འདི་དག་གིས་མེ་ཏོག་ཉོས་ཏེ་བཅོམ་ལྡན་འདས་ལ་གཏོར་ལ། མཁན་པོའི་ནོར་གུད་ནས་བཙལ་ལོ་སྙམ་མོ། །ཡང་དེའི་དུས་སུ་བུ་མོ་ཞིག་མེ་ཏོག་ཨུཏྤ་ལ་བདུན་ཁྱེར་ཏེ་སྲང་ནས་སོང་བ་དང༌། བྲམ་ཟེའི་ཁྱེའུས་དེ་ལ། ཀྱེ་བུ་མོ་ཆུའི་མེ་ཏོག་འདི་དག་གང་ནས་རྙེད་ཅེས་དྲིས་པ་དང༌། དེས་སྨྲས་པ། ཆེ་གེ་མོ་ཞིག་ན་ཕྲེང་བ་བྱེད་པའི་ཁང་པ་ནས་ཀརྴ་པ་ན་ལྔ་བརྒྱས་ཉོས་སོ། །དེས་སྨྲས་པ། འདི་དག་ང་ལ་ཚོངས་ཤིག །དེས་སྨྲས་པ། དེ་ལྟར་མི་རུང་ངོ༌། །སླར་སྨྲས་པ། འོ་ན་གཉིས་ཁྱོད་ལ་ཞོག་ལ། ལྔ་ལ་ཀརྴ་པ་ན་ལྔ་བརྒྱ་སྦྱིན་ནོ། །དེས་སྨྲས་པ། འདིས་ཅི་བྱ། སླར་སྨྲས་པ། བཅོམ་ལྡན་འདས་ལ་གཏོར་རོ། །བུ་མོས་སྨྲས་པ། གལ་ཏེ་ཁྱོད་སྲིད་པའི་འགྲོ་བ་འཆི་འཕོ་ཐམས་ཅད་དུ་བདག་གི་ཁྱིམ་ཐབ་ཏུ་དམ་འཆའ་ན་སྦྱིན་ནོ། །བྲམ་ཟེས་སྨྲས་པ། བུ་མོ་ཐོང༌། ཁྱོད་དེ་སྐད་མ་ཟེར་ཅིག ཁྱོད་ནི་གཡེང་ཞིང་རྒོད་པའོ། །བདག་གིས་སངས་རྒྱས་ཀྱི་ཆོས་དཀའ་བ་དཔག་ཏུ་མེད་པས་བསྒྲུབ་པའི་བར་ཆད་མ་བྱེད་ཅིག བུ་མོས་སྨྲས་པ། གལ་ཏེ་ཁྱོད་ལུས་ལས་ཤ་ཡུངས་ཀར་གྱི་འབྲུ་ཙམ་དུ་བཅད་དེ་སྦྱིན་ཡང་ཁྱོད་ཀྱི་སྦྱིན་པའི་བར་ཆད་དུ་མི་བྱའོ། །བྲམ་ཟེས་སྨྲས་པ། དེ་ལྟར་གྱུར་ཅིག ཆུ་ལས་སྐྱེས་པའི་མེ་ཏོག་དག་ང་ལ་བྱིན་ཅིག དེས་ཀྱང་བྱིན་ནོ། །དེ་ནས་གཞོན་ནུས་བཅོམ་ལྡན་འདས་ག་ལ་བ་དེར་སོང་བ་དང༌། བཅོམ་ལྡན་འདས་འཁོར་དུ་མས་བསྐོར་བ་དང་བཅས་པ་མཐོང་བ་དང་སེམས་དང་བར་གྱུར་ཏོ། །དེ་ནས་མི་མང་པོ་དག་གིས་གོས་བཟང་པོ་དག་བཅོམ་ལྡན་འདས་འབྱོན་པའི་ལམ་དུ་བཀྲམ་པ་མཐོང་ནས། དེས་བདག་ལ་གོས་མེད་ཀྱི་རི་དྭགས་ཀྱི་པགས་པ་གདིང་ངོ་སྙམ་ནས་བཏིང་ངོ༌། །དེ་ནས་མི་དག་འདི་འདྲ་བའི་སེམས་ཅན་དཀོན་མཆོག་གི་དྲུང་དུ་རི་དྭགས་ཀྱི་པགས་པ་གདིང་ངམ་ཞེས་འཕྱ་ཞིང་རྟུལ་བར་བྱེད་དོ། །དེས་ཕྱོགས་ཀྱི་མཐའ་ག་ལ་བ་དེར་སོང་ཏེ་དེར་བཏིང་ནས། དགོངས་ཤིག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད། ཀུན་ནས་སྤྱན་གསོལ་ཅིག རི་དྭགས་ཀྱི་པགས་པ་ལ་ཞབས་བཞག་པར་གསོལ་ཞེས་སེམས་བསྐྱེད་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་ནས་ཞབས་བཞག་གོ །དེ་ནས་དགའ་མགུ་རངས་ཏེ་དེ་བཞིན་གཤེགས་པ་ལ་ཨུཏྤ་ལ་ལྔས་གཏོར་རོ། །དེའི་དུས་སུ་ལྷ་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་སོ། །དེ་ནས་དེ་ལྟར་སེམས་དང་བས་ལོ་གཉིས་ཀྱི་བར་དུ་རལ་པ་གསེར་གྱི་ཁ་དོག་ལྟ་བུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཏིང་བར་བྱས་ནས་བདག་ལུང་བསྟན་ཅིང་དབུགས་དབྱུང་བར་གསོལ་ཞེས་ཡི་དམ་བཅའོ། །ཅི་སྟེ་བཅོམ་ལྡན་འདས་རལ་པ་ལ་ཞབས་མི་འཇོག་ཅིང་དབུགས་མི་འབྱིན་ན་འདི་ཉིད་དུ་ལུས་བསྐམ་པར་བགྱིའོ། །ཞེས་ཀྱང་ཡི་དམ་བཅས། དེ་ནས་དེ་བཞིན་གཤེགས་པས་མཁྱེན་ཏེ་རལ་པ་ལ་ཞབས་བཞག་ནས་གཡས་ཕྱོགས་སུ་གཟིགས་ཏེ། དགེ་སློང་དག་རལ་པ་རྣམས་ལ་རྐང་པ་མ་བཞག་ཅིག དེ་ཅིའི་ཕྱིར་ཞེ་ན། བྲམ་ཟེའི་ཁྱེའུ་འདི་ནི་བསྐལ་པ་གྲངས་མེད་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་པ་བཀའ་སྩལ་ཏོ། །དེས་དེ་ཐོས་ནས་དགའ་མགུ་རངས་ཏེ་སྟེང་གི་བར་སྣང་ལ་མངོན་པར་འཕགས་ཏེ་ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་ཡང་མངོན་པར་འདུ་བྱས་སོ། །མངོན་པར་ཤེས་པའི་སྟོབས་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་པ་ཡང་མཐོང་ངོ༌། །དེ་ལྟར་དབུགས་ཕྱིན་ནས་ནམ་མཁའ་ལས་བབས་ཏེ་བཅོམ་ལྡན་འདས་ཀྱི་དྲུང་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་ཚངས་པར་སྤྱོད་དོ། །དེ་ནི་ས་བརྒྱད་པའི་དུས་ཡིན་ནོ། །ཞེས་བླ་མ་ཁ་ཅིག་གིའོ། །གཞན་དག་ནི་སྡེ་སྣོད་ལས་བཅོམ་ལྡན་འདས་མཐོང་ན་ཆོས་ཐམས་ཅད་མཉམ་པ་ཉིད་ཁོང་དུ་ཆུད་དོ། །ལུང་བསྟན་པའི་ཚེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ཞེས་བྱ་བ་དང༌། ཤཱ་རིའི་བུ་འདས་པའི་དུས་སུ་མར་མེ་མཛད་ཀྱི་ཕ་རོལ་ན་ངས་དཀར་པོའི་ཆོས་ལ་མ་སྤྱད་པ་གང་ཡང་མེད་དེ་སངས་རྒྱས་དེ་དག་གིས་ལུང་མ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ངས་མཚན་མ་དང་བཅས་པ་བཅད་པར་གྱུར་ཏོ། །ཞེས་གསུངས་པས་ན། འདི་ནི་ས་དང་པོའི་གནས་སྐབས་ཡིན་ནོ་ཞེས་འདོད་དོ། །དེ་དག་ལ་སོགས་པ་ནས་བརྩམས་ཏེ་བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་བར་གྱུར་པས་སངས་རྒྱས་འོད་སྲུངས་ཀྱི་བར་དུ་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པ་བསྙེན་བཀུར་བས། བསྐལ་པ་གྲངས་མེད་པ་གསུམ་མཐར་ཕྱིན་ཏོ། །ཚུལ་དེ་དག་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་གཞུང་ལས་གསུངས་སོ། །དེ་ནས་སངས་རྒྱས་འོད་སྲུངས་བསྙེན་བཀུར་བའི་དུས་སུ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་དེ་འཛམ་བུའི་གླིང་འདི་ནས་ཤི་འཕོས་ནས། དགའ་ལྡན་གྱི་གནས་སུ་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བར་གྱུར་ཏོ། །ཞེས་ཐོས་སོ། །དེ་ནི་སྐྱེ་བ་གཅིག་གིས་ཐོགས་པ་སྟེ་ཤི་འཕོས་ནས་འཚང་རྒྱ་བར་འགྱུར་རོ། །ཞེས་ལྷ་ཐམས་ཅད་ཀྱིས་ཤེས་ཏེ། དེ་ལ་བསྙེན་བཀུར་བའི་མཆོད་པ་ཆེན་པོ་བྱེད་ཅིང་ཆོས་ཀྱང་ཉན་ཏོ། །དེ་དེ་ལྟར་གནས་པ་ན་སིལ་སྙན་རྣམས་ལས་ཀྱང་བྱང་ཆུབ་སེམས་དཔའ་ལ་བསྐུལ་བའི་ཚིགས་སུ་བཅད་པ་བྱུང་བར་གྱུར་ཏེ། འདི་ལྟར། བསོད་ནམས་རྒྱ་ཆེ་ཚོགས་མང་དྲན་རྟོགས་དང༌། །བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ། །མཚུངས་མེད་སྟོབས་མངའ་མཐུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱིས་ལུང་བསྟན་དགོངས་པར་མཛོད། །ཅེས་བྱ་བ་ལ་སོགས་པས་བསྐུལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་མའི་མངལ་དུ་ལོ་བཅུ་གཉིས་ན་འཇུག་པར་འགྱུར་རོ་ཞེས་བསྟན་ཏོ། །དེའི་ཚེ་ལྷའི་བུ་དག་བྲམ་ཟེའི་ཆ་བྱད་དུ་བྱས་ཏེ། འཛམ་བུའི་གླིང་དུ་མི་རྣམས་རིག་བྱེད་སློབ་དུ་བཅུག་སྟེ། འདི་ལྟར་མཚན་འདི་དག་ནི་སངས་རྒྱས་ཀྱི་མཚན་མའོ་ཞེས་བྱ་བ་ལ་སོགས་པ་སློབ་བོ། །ཡང་ད་སྟེ་ལོ་བཅུ་གཉིས་ན་སངས་རྒྱས་འཇིག་རྟེན་དུ་འབྱུང་ངོ་ཞེས་གཏམ་དུ་བསྒྲགས་སོ། །དེའི་གཏམ་རང་སངས་རྒྱས་ཀྱིས་ཐོས་པས་རང་སངས་རྒྱས་དཔག་ཏུ་མེད་པ་ཡུལ་འཁོར་མོ་འཇིག་ཏུ་མྱ་ངན་ལས་འདས་པས་དྲང་སྲོང་ལྷུང་བ་ཞེས་ཀྱང་གྲག་གོ །དེ་ནས་ལོ་བཅུ་གཉིས་ལོན་པ་དང༌། བྱང་ཆུབ་སེམས་དཔས་གཟིགས་པ་ལྔ་ལ་གཟིགས་ཏེ། འཛམ་བུའི་གླིང་དུ་གཤེགས་པར་དགོངས་སོ། །ལྔ་པོ་འདི་ལྟ་སྟེ། དུས་ལ་གཟིགས་པ་སྟེ་སེམས་ཅན་འདུལ་བའི་དུས་དང༌། གླིང་ལ་གཟིགས་པ་སྟེ་འཛམ་བུའི་གླིང་དང༌། ཡུལ་ལ་གཟིགས་པ་སྟེ་དབུས་དང༌། རིགས་ལ་གཟིགས་པ་སྟེ་རིགས་ཀྱི་ནང་ན་བཙུན་པ་རྒྱལ་པོའི་རིགས་དང༌། ལྔ་པ་བུད་མེད་ལ་གཟིགས་པ་སྟེ་རིགས་སོགས་ཡོན་ཏན་སུམ་ཅུ་རྩ་གཉིས་དང་ལྡན་པའོ། །དེ་ལྟ་བུ་འཛོམ་པའི་དུས་སུ་འཛམ་བུའི་གླིང་དུ་བྱོན་པར་དགོངས་སོ། །དེའི་ཚེ་འཛམ་བུའི་གླིང་ན་ཡུལ་ཆེན་པོ་བཅུ་དྲུག་ཡོད་དོ། །དེ་དག་ན་རྒྱལ་པོའི་ཕོ་བྲང་བདུན་ཡོད་དེ། མ་ག་དྷཱ་དང་ཀོ་ས་ལ། །བཱཏྶ་ལ་དང་ཡངས་པ་ཅན། །འཕགས་རྒྱལ་དང་ནི་བཅོམ་བརླག་དང༌། །ཧ་རི་པུ་ར་ཞེས་བྱ་བདུན། དེ་དག་ལས་ལ་ལ་ན་རེ་གང་བཙུན། ཁ་ཅིག་ནི་གང་བཙུན་ཞེས་སྨྲས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། དེ་དག་ཐམས་ཅད་ཀྱི་རིགས་ནི་སྐྱོན་ཅན་ཏེ། སྐྱོན་མེད་པའི་རིགས་ནི་ཀུན་གྱིས་ཤེས་པ་དང་རྒྱུད་ཕུན་སུམ་ཚོགས་པ་ལ་སོགས་པ་དྲུག་ཅུ་རྩ་བཞི་འཕགས་པའོ། །དེ་བཞིན་དུ་བུད་མེད་ལ་སོགས་པའི་ཡོན་ཏན་ཡང་བསྔགས་ཏེ། དེ་ལྟ་བུ་ནི་སེར་སྐྱའི་གནས་ཞེས་དགོངས་སོ། །དེ་ལྟར་དགོངས་ནས་རྒྱལ་མཚན་མཐོན་པོའི་ཁང་པར་བྱོན་ཏེ། ལྷ་རྣམས་དགའ་བར་བྱེད་པའི་འཆི་འཕོ་སྤྱང་བའི་ཆོས་ཞེས་བྱ་བ་བཤད་དེ། ཁོ་བོ་ནི་སེམས་ཅན་གྱི་དོན་དུ་འཛམ་བུའི་གླིང་དུ་འགྲོའོ་ཞེས་སྨྲས་སོ། །ལྷ་རྣམས་ཀྱིས་སྨྲས་པ། བདག་ཅག་གིས་སུ་ལས་ཆོས་མཉན་ཞེས་ཞུས་པ་དང༌། བྱང་ཆུབ་སེམས་དཔའ་བྱམས་པ་ལ་ཅོད་པཎ་བྱིན་ཏེ་དབང་བསྐུར་བ་བྱས་སོ། །དེ་ནས་ལྷ་རྣམས་ལ་སྨྲས་པ། གྲོགས་པོ་དག་ཁོ་བོ་ཅིའི་གཟུགས་ཀྱིས་འགྲོ་བར་བྱ། དེ་ནས་ཚངས་རིས་ཀྱི་ལྷའི་བུ་གཟི་བརྗིད་དམ་པ་ཞེས་བྱ་བ་དྲང་སྲོང་ལས་ཤི་འཕོས་པ་ཕྱིར་མི་ལྡོག་པར་ངེས་པ་དེས་སྨྲས་པ། རིག་བྱེད་ཀྱི་གཞུང་ལ་གླང་པོ་ཆེ་ཐལ་ཀར་མཆེ་བ་དྲུག་དང་ལྡན་པ་གསེར་གྱི་དྲྭ་བས་གཡོགས་པའོ་ཞེས་གསུངས་སོ། །སྐྱེ་བ་གཅིག་གིས་ཐོགས་པའོ། །དེ་ནས་སྲིད་པ་ཐ་མ་པའི་རྣམ་པར་ཐར་པ་འབྱུང་ངོ༌། །ལྷ་ལས་བབས་དང་བལྟམས་པ་དང༌། །རོལ་རྩེད་མཛད་དང་མངོན་པར་འབྱུང༌། །དཀའ་བ་མཛད་དང་བདུད་བཏུལ་བ། །བྱང་ཆུབ་སེམས་དཔའི་མཛད་པ་ཡིན། །བྱང་ཆུབ་པ་དང་འཁོར་ལོ་དང༌། །གདུལ་བྱ་བཏུལ་དང་མྱ་ངན་འདས། །གསུམ་པ་ལ་གསུམ་དུད་འགྲོ་དང༌། །ཉོན་མོངས་ཅན་དང་དྲེགས་བཏུལ་བའོ། །དེ་ལྟར་སངས་རྒྱས་མཛད་པ་ནི། །དྲུག་ཡིན་དེ་ལྟར་བཅུ་གཉིས་སོ། །ཡང་ན་ལྔ་གསུམ་བརྒྱད་དུའམ། །ཡང་ན་གཉིས་དྲུག་བརྒྱད་ཡིན་ཏེ། །ཁབ་གནས་པ་དང་བྱང་ཆུབ་དང༌། །འཁོར་ལོ་བསྐོར་དང་གཞན་སྟོབས་བཏུལ། །ལྷ་ལས་བབས་དང་དགེ་འདུན་མཐུན། །སྐུ་ཚེ་བྱིན་བརླབས་མྱ་ངན་འདས། །ཞེས་བྱ་བས་མཆོད་རྟེན་བརྒྱད་དོ། །དེ་ནས་བྱང་ཆུབ་སེམས་དཔས་རྫུ་འཕྲུལ་གྱིས་ལུས་དེ་བོར་ཏེ་ལྷུམས་སུ་འཇུག་པར་ཆས་སོ། །དེའི་དུས་སུ་རྒྱལ་པོ་ཟས་གཙང་མའི་ཁྱིམ་དུ་སྔ་ལྟས་བརྒྱད་བྱུང་ངོ༌། །ཁང་པ་དགའ་དང་བྱ་མང་བྱུང༌། །ཤིང་བུ་མེ་ཏོག་ཁ་བྱེ་དང༌། །ལོངས་སྤྱོད་འཕེལ་ཞིང་སྒྲ་རང་འཁྲོལ། །གཏེར་རྣམས་ཁ་བྱེ་འོད་གསལ་བའོ། །ལྷའི་བུ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་མངལ་དུ་འཇུག་པ་ནས། སངས་རྒྱས་ཀྱི་བར་དུ་ཞབས་འབྲིང་དུ་ཆས་སོ། །དེ་ནས་དཔྱིད་ཟླ་ཐ་ཆུངས་ཀྱི་དུས་སྐར་མ་ས་གའི་དུས་རྒྱལ་གྱི་ནམ་གུང་ལ་དར་བའི་དུས་སུ་ཚེས་བཅོ་ལྔའི་གསོ་སྦྱོང་བླངས་བའི་ཚེ་ཞུགས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཡར་གྱི་ངོ་ལ་མངལ་དུ་འཇུག་པའི་ཕྱིར་རོ། །དེའི་དུས་སུ་ལྷ་མོའི་རྨི་ལམ་དུ་མཐོང་སྟེ། དེ་རྒྱལ་པོ་ལ་སྨྲས་སོ། །རྒྱལ་པོས་ཀྱང་བྲམ་ཟེ་རྣམས་ལ་དྲིས་སོ། །བྲམ་ཟེས་ཀྱང་འཁོར་ལོས་སྒྱུར་བའམ་ཡང་ན་སངས་རྒྱས་སུ་ལུང་བསྟན་ཏོ། །རྒྱལ་པོས་དགེ་བའི་ཚོགས་ཆེན་པོ་ཡང་བྱས་སོ། །དེ་ནས་ལྷ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་བཞུགས་ཁང་ཁས་བླངས་པ་དེ་དག་ཏུ་རྫུ་འཕྲུལ་གྱིས་བཞུགས་པར་བྱས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་མའི་མངལ་དུ་ཇི་ལྟར་བཞུགས་ཤེ་ན། རྫུ་འཕྲུལ་གྱིས་བཀོད་པའི་ཁང་བུ་ལ་བཞུགས་སོ། །ཕྱི་ནང་ཐམས་ཅད་ཕན་ཚུན་གསལ་བ་ལ་བཞུགས་སོ། །ལུས་ལ་ནི་མེར་མེར་པོ་ལ་སོགས་པ་མ་ཡིན་ཏེ། བརྫུས་ཏེ་སྐྱེ་བ་བཞིན་ནོ། །ཟས་ནི་ཉིང་ཁུ་གསོལ་ལོ། །གནོད་སྦྱིན་གསང་བ་པ་ལ་སོགས་པས་རྟག་ཏུ་བསྲུང་ངོ༌། །ཡང་དེའི་དུས་ན་ཡང་བྱང་ཆུབ་སེམས་དཔས་ཆོས་འཆད་དོ། །དེ་ནི་ནམ་གྱི་གུང་ལ་ནི་སུམ་ཅུ་རྩ་གསུམ་པ་རྣམས་ལའོ། །ཕྱི་དྲོ་ནི་ཚངས་པ་ལ་སོགས་པ་གཞན་ལའོ། །ནུབ་མོ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་གསུངས་སོ། །སེར་སྐྱའི་གྲོང་ཁྱེར་བ་རྣམས་ཀྱང་བདེ་བར་གྱུར་ཏོ། །ལྷ་ལས་བབས་པའོ།།  །།དེ་ནས་ཟླ་བ་བཅུ་འདས་ནས་བཙའ་བའི་དུས་ལ་བབ་པ་ན། མེ་ཏོག་ཁ་འབུ་བ་ལ་སོགས་པ་སྔ་ལྟས་སུམ་ཅུ་རྩ་གཉིས་བྱུང་ངོ༌། །དེ་ནས་ཡུམ་ལུམྦིའི་ཚལ་དུ་འགྲོ་བར་དགོངས་ཏེ་ཚལ་བརྒྱན་ཏོ། །དེར་གཤེགས་པ་དང་ལྷ་དུ་མ་ལྷགས་ཏེ། དེ་རྒྱལ་པོས་མཐོང་བས་སངས་རྒྱས་སུ་འགྱུར་བར་བསམ་མོ། །དེ་ནས་ཡུམ་གྱིས་ཤིང་པླ་ཀྴའི་སྡོང་པོ་ལ་ཕྱག་གིས་འཇུས་པ་དང་དེའི་དཀུ་གཡས་པ་ནས་རྨ་མེད་པ་ཉིད་དུ་བྱུང་ངོ༌། དེར་ཚངས་པ་ལ་སོགས་པ་ལྷའི་རྒྱལ་པོ་རྣམས་ཀྱིས་ཀ་ཤི་ཀའི་གོས་ཀྱིས་བླངས་ནས། ཀླུའི་རྒྱལ་པོ་རྣམས་ཀྱིས་ཁྲུས་གསོལ་ལོ། །དེ་ནས་སུས་ཀྱང་བརྟེན་པ་མེད་པར་ཤར་དུ་གོམ་པ་བདུན་བཞུད་དེ། དགེ་བའི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་བྱའོ། །ཞེས་གསུངས་སོ། །ལྷོར་བཞུད་དེ་ལྷ་དང་མི་རྣམས་ཀྱི་སྦྱིན་གནས་སུ་བྱའོ། །ཞེས་གསུངས་སོ། །ནུབ་ཏུ་བཞུད་དེ་འདི་ནི་སྐྱེ་བ་ཐ་མ་སྟེ་སྐྱེ་རྒ་ན་འཆི་མེད་པར་བྱའོ་ཞེས་གསུངས་སོ། །བྱང་དུ་བཞུད་དེ་སེམས་ཅན་གྱི་ནང་ན་བླ་ན་མེད་པར་བྱའོ། །ཞེས་གསུངས་སོ། །འོག་ཏུ་བཞུད་དེ་སེམས་ཅན་དམྱལ་བའི་མེ་བསད་པ་དང་བདུད་གཞོམ་པར་བྱའོ། །ཞེས་གསུངས་སོ། །གྱེན་དུ་བཞུད་དེ་སེམས་ཅན་ཐམས་ཅད་གྱེན་དུ་བལྟ་བར་བྱའོ། །ཞེས་གསུངས་སོ། །དེ་ཐམས་ཅད་ལ་པདྨ་བདུན་བདུན་བྱུང་ངོ༌། །དེའི་ཚེ་རྒྱལ་པོས་ཀྱང་ཕྱག་བྱས་སོ། །དེར་ས་གཡོ་བ་དང་འོད་ཀྱིས་ཀྱང་འཇིག་རྟེན་སྣང་བར་བྱས་སོ། །འདུན་པ་ལ་སོགས་པ་གཡོག་ལྔ་བརྒྱ་དང་གཏེར་ལྔ་བརྒྱ་ཁ་བྱེ་བ་ལ་སོགས་པ་བྱུང་བས་བྱང་ཆུབ་སེམས་དཔའི་མཚན་དོན་གྲུབ་ཏུ་བཏགས་སོ། །བྱང་ཆུབ་སེམས་དཔའི་འོད་བྱུང་བས། དེའི་ཚེ་རྒྱལ་པོ་བཞིའི་བུ་སྐྱེས་པའི་མིང་ཡང་འོད་ལས་དྲས་ནས་བཏགས་ཏེ་རྒྱལ་པོའི་ཁབ་ཀྱི་རྒྱལ་པོ་པདྨ་ཆེན་པོའི་བུའི་མིང་གཟུགས་ཅན་སྙིང་པོ། ཨརྟ་རའི་རྒྱལ་པོ་ཚངས་བྱིན་གྱི་བུའི་མིང་གསལ་རྒྱལ། ཀོའུ་ཤཱ་མྦཱིའི་རྒྱལ་པོ་ཨ་ནནྟའི་བུ་རབ་སྣང༌། ཨུ་ཛྫ་ཡ་ནིའི་རྒྱལ་པོ་ཤ་ར་ཏའི་བུ་འཆར་པོ་ཞེས་བཏགས་སོ། །བྱང་ཆུབ་སེམས་དཔའི་འོད་ཀྱིས་སྣང་བར་བྱས་པའི་དུས་སུ་རི་སྐྱིབས་ན་དྲང་སྲོང་ནག་པོ་ཞེས་བྱ་བ་ཚ་བོ་མིས་སྦྱིན་དང་བཅས་པ་ཡོད་པ་དེས་མཐོང་ངོ༌། །དེ་ནས་ཚ་བོས་སྨྲས་པ། ཉི་མ་ཐམས་ཅད་ཤར་རམ། སྨྲས་པ། ཉི་མའི་འོད་ཚ་འོད་འདི་བསིལ། །ཀུན་ཏུ་འཇུག་པས་ཐུབ་ཆེན་འོད། །བྱང་ཆུབ་སེམས་དཔའ་འོད་པོ་ཆ། །ལྷུམས་ནས་འབྱུང་བར་གདོན་མི་ཟ། །ཚ་བོས་སྨྲས་པ། འོ་ན་དེ་བལྟའོ། །སྨྲས་པ། ད་ལྟ་དེ་ལྷ་མཐུ་བོ་ཆེ་རྣམས་ཀྱིས་བསྐོར་ནས་བལྟ་དཀའ་བས་ཁྱིམ་དུ་གཤེགས་ཏེ་མིང་བཏགས་པ་དང་བལྟའོ། །དེ་ནས་ཞག་བདུན་འདས་པ་དང་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་རྣམས་བྲམ་ཟེའི་གཟུགས་སུ་བསྒྱུར་ཏེ་གྲལ་གྱི་གོང་དུ་བསྡད་ནས་ཤིས་པ་རྣམས་ཀྱང་བརྗོད་པར་བྱས་སོ། །དེ་ནས་ཡུམ་གྲོངས་ཏེ་འདི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལུགས་ཡིན་ཏེ། བྱང་ཆུབ་སེམས་དཔའ་དགའ་ལྡན་ན་བཞུགས་པའི་དུས་སུ་ཡུམ་གྱི་ཚེ་བརྟགས་ནས་དེའི་དུས་སུ་ལྷུམས་སུ་ཞུགས་པ་ཡིན་ནོ། །དེ་ནས་འཁོར་དང་བཅས་པ་རྣམས་གྲོང་ཁྱེར་དུ་གཤེགས་པའི་དུས་སུ། རང་རང་གི་གནས་སུ་སྤྱན་དྲངས་པས་རྫུ་འཕྲུལ་གྱིས་གཤེགས་སོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཏད་དོ། །དེའི་ཚེ་ཤཱཀྱ་མི་བསྲུན་པ་ཐམས་ཅད་ཐུབ་པ་བཞིན་འདུག་པས་ཤཱཀྱ་ཐུབ་པ་ཞེས་བཏགས་སོ། །དེ་ནས་ལྷ་ཁང་དུ་ཁྱེར་བས་གནོད་སྦྱིན་ཤཱཀྱ་བསྐྱེད་པས་ཕྱག་བྱས་པས་ལྷའི་ལྷ་ཞེས་བཏགས་སོ། །དེ་ནས་བྲམ་ཟེ་རྣམས་ལ་མཚན་བསྟན་པས། བྲམ་ཟེས་ལུང་གཉིས་སུ་བསྟན་ཏོ། །དེ་ནས་མེས་སྦྱིན་གྱིས་སྨྲས་པ། མཁན་པོ་གཤེགས་སོ། །སྨྲས་པ། ལེགས་ཀྱིས་འདོང་ངོ༌། །དེ་ནས་རྫུ་འཕྲུལ་གྱིས་འགྲོ་བར་ཆས་པས་འགྲོ་མ་ནུས་ཏེ་རྐང་པས་འདོང་ངོ༌། །དེ་ནས་འཕྲིན་སྤྲིངས་པ་དང་ནང་དུ་གཤེགས་ཤིག་ཅེས་སྨྲས་སོ། །རྒྱལ་པོས་སྨྲས་པ། དོན་ཅི་ལ་འོངས། སྨྲས་པ། རྒྱལ་ཆེན་བདག་ནི་འདིར་འོངས་པ། །ཁྱོད་ཀྱི་བུ་ནི་བལྟ་ཕྱིར་ཏེ། །འཇིག་རྟེན་འདུལ་བ་གཙོ་བོ་ཡི། །ཐུབ་པ་དེ་ནི་བལྟ་བར་འདོད། །རྒྱལ་པོས་སྨྲས་པ། ཉལ་ལོ། །སྨྲས་པ། དེ་བཞིན་དུ་བལྟ་བའོ། །དེ་ནས་བལྟས་པ་དང་མིག་མི་འཛུམས་པར་ཉལ་ལོ། །སྨྲས་པ། རྟགས་རྣམས་ཀྱིས་ནི་རིམ་བཞིན་དུ། །ནམ་ཕྱེད་ན་ཡང་ཐུན་གཅིག་ཉལ། །དགོས་པའི་ཕྱིར་ནི་མི་གཟིགས་ཏེ། །རྟག་པར་སྤྱན་ནི་མི་འཛུམས་སོ། །ལྷ་བྲམ་ཟེ་རྣམས་ལ་བསྟན་ནམ། བསྟན་ཏོ། །ཇི་སྐད་དུ་བསྟན། ལུང་གཉིས་སུ་བསྟན་ཏོ། །བྲམ་ཟེས་བརྟགས་ཏེ། འདི་ནི་གཉིས་སུ་འགྱུར་ཏེ་གཞན་དུ་མིན། །ཁྱིམ་ན་གནས་ན་འཁོར་ལོས་སྒྱུར་རྒྱལ་ལམ། །ཁྱིམ་ནས་ཁྱིམ་མེད་རབ་ཏུ་བྱུང་གྱུར་ན། །འདྲེན་པ་གཞན་གྱི་དྲིང་ལ་མི་འཇོག་པ། །འཇིག་རྟེན་འདིར་ནི་མངོན་རྫོགས་བྱང་ཆུབ་འགྱུར། །ཞེས་བདེན་པར་བསམས་སོ། །ཡང་དེས་ལེགས་པར་བརྟགས་ནས་སངས་རྒྱས་ཀྱི་མཚན་གསལ་བར་མཐོང་ནས་བྱང་ཆུབ་པར་ངེས་སོ། །ཇི་ཙམ་ན་སྙམ་ན། ལོ་སུམ་ཅུ་རྩ་ལྔ་ནའོ། །རང་གི་ཚེ་ལ་བརྟགས་ནས་འཆི་བར་ཤེས་པས་མཆི་མ་བྱུང་ངོ༌། །དེ་ནས་སྨྲས་པ། ས་བདག་རྟོག་གེ་རྣམས་ཀྱི་བློ་གྲོས་འཁྲུལ། །དུས་ཀྱི་མཐར་ནི་འཁོར་ལོས་སྒྱུར་མི་འབྱུང༌། །འདི་ནི་བསོད་ནམས་མཆོག་གི་ཆོས་ཀྱི་མཛོད། །ཉེས་པ་བཅོམ་ནས་སངས་རྒྱས་སུ་ཡང་འགྱུར། །མི་གསལ་མཚན་ནི་མི་ཡི་དབང་པོ་སྟེ། །ཤིན་ཏུ་མཚན་གསལ་ཐུབ་དབང་རྫོགས་སངས་རྒྱས། །འདི་ནི་མི་མཆོག་ཆོས་ཀྱི་འཁོར་ལོས་སྒྱུར། །དེ་ལ་རྒྱལ་པོས་སྨྲས་པ། འདི་ནི་མཐོང་ན་དགའ་བ་ཡིན་ན། བཀྲ་མི་ཤེས་པ་མེད་དམ། སྨྲས་པ། གལ་ཏེ་འདི་སྟེང་རྡོ་རྗེའི་ཆར། །གནམ་ལས་རབ་ཏུ་གནོད་ཕབ་ཀྱང༌། །ཐུབ་ཆེན་ལུས་ལ་བ་སྤུ་ཡང༌། །གནོད་པ་ཉིད་དུ་མི་ནུས་སོ། །མི་དབང་བདག་ནི་ཉེས་པ་ལྡན་མཐོང་ནས། །ཞི་བ་མ་ཐོབ་དེ་ཕྱིར་བདག་དུ་སྟེ། །ཆོས་ཀྱི་མཛོད་ཀྱི་མཆོག་ནི་འདིས་ཐོབ་སྟེ། །བདག་ནི་དོན་མ་གྲུབ་པ་ཡིན་པའི་ཕྱིར། །དེ་དག་ནད་ལས་བྲལ་ཞིང་བསོད་ནམས་ལྡན། །གང་གིས་འཇིག་རྟེན་མི་མཐུན་ཆོས་མཆོག་འདི། །དུས་སུ་ཡང་ནི་གསུང་རབ་ཐོས་གྱུར་པ། །ཐོས་ནས་དེ་དག་རབ་ཏུ་ཞི་བར་འདོད། །ཅེས་ལུང་བསྟན་ཏོ། །དེ་ནས་བྲམ་ཟེ་ལ་བསྙེན་བཀུར་བྱས་ཏེ་བྲམ་ཟེ་གྲོང་ནས་སོང་ངོ༌། །ཚ་བོ་ལ་འདི་མངོན་པར་བྱང་ཆུབ་པ་ན། ཁྱོད་རབ་ཏུ་བྱུང་ཞིག་ཅེས་རྗེས་སུ་བསྔགས་པ་བྱས་སོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་ལ་དབང་ཕྱུག་ཆེན་པོ་བྲམ་ཟེའི་ཆ་བྱད་དུ་བསྒྱུར་ནས་ཀྱང་ལུང་བསྟན་ཏོ། །དེ་ནས་སྐར་མ་ནག་པ་ལ་རྒྱན་བྱས་པས་མཛེས་པར་མ་གྱུར་ཏེ་རང་བཞིན་གྱི་རྒྱན་གྱིས་བརྒྱན་ཏོ། །མཛད་པ་གཉིས་པའོ།།  །།དེ་ནས་དེ་བསྐྱེད་བསྲིངས་ཏེ་ཡི་གེ་སློབ་པའི་དུས་ལ་བབ་པ་ན་ཡི་གེའི་གྲར་གཤེགས་སོ། །དེས་མཁན་པོ་ལ་སྨྲས་པ། མཁན་པོ་བདག་ལ་ལྷའི་ཡི་གེ་ལ་སོགས་པ་གང་སློབ། ཅེས་ཡི་གེའི་མིང་དྲུག་ཅུ་རྩ་བཞི་སྨྲས་སོ། །མཁན་པོ་ངོ་མཚར་སྐྱེས་ཏེ་སྨྲས་པ། སེམས་ཅན་དག་ལ་ངོ་མཚར་ཆེ། །བསྟན་བཅོས་ཀུན་ལ་བསླབས་གྱུར་ཀྱང༌། །འཇིག་རྟེན་རྗེས་སུ་གཟུང་བའི་ཕྱིར། །ཡི་གེའི་གྲར་ནི་འབྱོན་པར་མཛད། །བདག་གིས་ནི་དེ་དག་གི་མིང་ཡང་མི་ཤེས་སོ་ཞེས་སྨྲས་སོ། །དེའི་ཚེ་བྱིས་པ་ཐམས་ཅད་ཀྱིས་ཀྱང་ལེགས་པར་ཤེས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་གྲོང་དུ་རང་ཉིད་གཤེགས་ཏེ་འཛམ་བུའི་གྲིབ་མ་ལ་བཞུགས་ཏེ་ཆོས་ལ་སོ་སོར་རྟོག་གོ །དེའི་ཚེ་དྲང་སྲོང་གཞོན་ནུ་དྲུག་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔའི་སྟེང་ནས་འགྲོ་མ་ནུས་ཏེ་ཞབས་ལ་ཕྱག་བཙལ་ཞིང་འདུག་གོ །དེའི་ཚེ་བྱང་ཆུབ་སེམས་དཔའ་སྟོར་ཏེ་བཙལ་བ་ན། ཉི་མ་ཡོལ་བའི་ཚེ་གྲིབ་མས་མ་བཏང་ཞིང་ལྷའི་བུ་ཕྱག་འཚལ་བའི་བཀོད་པ་མཐོང་བས་རྒྱལ་པོ་ཡི་རངས་ཏེ། ཐུབ་ཆེན་གང་ཚེ་བལྟམས་པ་དང༌། །གང་ཚེ་འོད་ལྡན་བསམ་གཏན་མཛད། །འདྲེན་པ་འདི་ལྟར་ལན་གཉིས་སུ། །མགོན་པོ་ཁྱོད་ཞབས་ཕྱག་འཚལ་ལོ། །དེ་ནས་ཤཱཀྱ་རྒན་པོ་རྣམས་འདུས་ཏེ་འཁོར་ལོས་སྒྱུར་བའི་གདུང་མི་གཅད་པའི་ཕྱིར་ཁབ་མཛད་པར་ཞུས་སོ། །བྱང་ཆུབ་སེམས་དཔས་བསམས་པ། འདོད་པའི་ཡོན་ཏན་བདག་འདོད་མ་ཡིན་ཏེ། །བདག་ནི་བུད་མེད་ཚོགས་དང་མཛེས་མ་ཡིན། །བསམ་གཏན་ཏིང་འཛིན་བདེ་བས་ཞི་སེམས་སུ། །བདག་ནི་མི་སྨྲ་ནགས་ཚལ་གནས་པར་བྱ། །ཡང་དེས་བརྟགས་ནས། འདམ་དང་ལྗན་ལྗིན་ཁྲོད་ན་པདྨོ་རྣམ་པར་འཕེལ། །མི་རྣམས་དགའ་བའི་ནང་ན་རྒྱལ་པོ་མཆོད་པ་ཐོབ། །གང་ཚེ་བྱང་ཆུབ་སེམས་དཔའ་འཁོར་མཆོག་ཐོབ་གྱུར་པ། །དེ་ཚེ་སེམས་ཅན་བྱེ་བ་ཁྲག་ཁྲིག་འཆི་མེད་འདུལ། །སྔོན་གྱི་བྱང་ཆུབ་སེམས་དཔའ་མཁས་པར་གང་གྱུར་པ། །དེ་དག་ཀུན་གྱིས་བཙུན་མོ་སྲས་དང་བཅས་པ་བསྟེན། །འོན་ཀྱང་འདོད་པས་ཆགས་མེད་བསམ་གཏན་བདེ་བ་ཉམས། །བདག་ཀྱང་ཡོན་ཏན་དེ་དག་རྗེས་སུ་བསླབ་པར་བྱ། །ཞེས་གསུངས་ཏེ། ཅང་མི་གསུང་བར་གནང་ངོ༌། །དེ་ནས་རྒྱལ་པོས་སྨྲས་པ། བཙུན་མོ་ཇི་ལྟ་བུ་བླང༌། བྱང་ཆུབ་སེམས་དཔས་སྨྲས་པ། ཡོན་ཏན་སུམ་ཅུ་རྩ་གཉིས་དང་ལྡན་པ་འདི་དག་བསྔགས་པའོ། །རྒྱལ་པོས་བྲམ་ཟེ་ལ་བསྒོས་ཏེ། ཁྱོད་སོང་ལ་ཡོན་ཏན་འདི་ལྟ་བུ་དང་ལྡན་པ་ཚོལ་ཅིག འདི་ནི་ཡོན་ཏན་གཙོར་བྱེད་པ་ཡིན་གྱིས་རིགས་ལ་གཙོར་བྱེད་པ་མ་ཡིན་ནོ། །བྲམ་ཟེས་བཙལ་བ་དང༌། ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ས་འཚོ་མ་ཞེས་བྱ་བ་ཞིག་ལ་ཡོད་པ་མཐོང་ངོ༌། །དེ་རྒྱལ་པོ་ལ་སྨྲས་པ་དང༌། དེ་སློངས་ཤིག བྲམ་ཟེས་བསླངས་པ་དང་ཤཱཀྱ་ལག་ན་བེ་ཅོན་གྱིས་སྨྲས་པ། བདག་ཅག་ནི་སྒྱུ་རྩལ་ཤེས་པ་ལ་སྦྱིན་གྱི། ཁྱོད་ཀྱི་གཞོན་ནུས་ནི་ཅང་མི་ཤེས་སོ། །དེ་རྒྱལ་པོ་ལ་བསྙད་པ་དང༌། རྒྱལ་པོ་ཡིད་མི་དགའ་བར་གྱུར་ཏོ། །དེ་བྱང་ཆུབ་སེམས་དཔས་མཐོང་སྟེ། ཡབ་ཅི་ནོངས་ཞེས་ལན་གསུམ་གྱི་བར་དུ་དྲིས་ནས་དེས་རྒྱས་པར་བསྙད་དེ། ལག་ན་བེ་ཅོན་གྱིས་ང་ལ་འགྲན་ནོ། །བྱང་ཆུབ་སེམས་དཔས་སྨྲས་པ། སྒྱུ་རྩལ་འགྲན་པས་ཆོག་གོ །རྒྱལ་པོས་སྨྲས་པ། ནུས་སམ། ནུས་སོ། །དེ་ལྟ་ན་ལེགས་ཀྱི་སང་ནང་པར་འགྲན་ནོ་ཞེས་དྲིལ་བསྒྲགས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་གླང་པོ་ཆེ་ལྷ་སྦྱིན་གྱིས་ཐལ་མོས་བརྒྱབ་སྟེ་བསད་དོ། །དེ་མཛེས་དགའ་བོས་གྲོང་གི་ཕྱི་རོལ་དུ་བསྐྱུར་རོ། །བྱང་ཆུབ་སེམས་དཔས་ཤིང་རྟ་ལས་མ་བབས་བཞིན་དུ་ཞབས་ཀྱི་མཐེ་ཆུང་གིས་རྒྱང་གྲགས་ཀྱི་ཚད་དུ་བསྐྱུར་རོ། །དེ་ནས་སྐྱེ་བོ་མང་པོ་འདུས་པའི་དབུས་སུ། ཐོག་མར་ཡི་གེ་འགྲན་པ་ན། ཡིག་མཁན་ཀུན་གྱི་བཤེས་གཉེན་གྱིས། །ཁྱེད་དང་འགྲན་པར་མི་ནུས་ཞེས་སྨྲས་སོ། །དེ་ནས་རྩིས་འགྲན་པའི་དུས་སུ་ཤཱཀྱ་སྲིད་སྒྲུབ་ཀྱིས་ཀྱང་འགྲན་པར་མ་ནུས་སོ། །དེ་བཞིན་དུ་མཆོངས་པ་དང༌། རྐྱལ་དང༌། སྟོབས་དང༌། འཕངས་ལ་ཡང་འགྲན་པ་ན་གཞོན་ནུ་གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས། ལག་ན་བེ་ཅོན་གྱིས་ཀྱང་བསྒྲུན་པར་མ་ནུས་སོ། །དེ་ལྟ་ན་ཡང་ངོ་མཚར་ཅི་ཆེ་སྟེ། འདི་ནི་སའི་སྙིང་པོ་སྔོན་གྱི་སངས་རྒྱས་གདན་ལ་བཞུགས། །ཞི་གནས་གནམ་རུ་ཐོགས་ཤིང་སྟོང་པའི་མདའ་རྣམས་ཀྱིས། །ཉོན་མོངས་དགྲ་རྣམས་བཅོམ་སྟེ་ལྟ་བའི་དྲྭ་བ་དྲལ་ནས་སུ། །བྱང་ཆུབ་ཞི་བ་རྡུལ་མེད་མྱ་ངན་མེད་པ་ཐོབ། །ཅེས་ལྷ་རྣམས་སྨྲའོ། །དེའི་ཚེ་ལྷ་རྣམས་ནི་འདི་ནམ་བྱང་ཆུབ་པར་འགྱུར་ཞེས་སེམས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བཙུན་མོ་ས་འཚོ་མ་ནི་དམ་པ་ཡིན་ལ། དེ་དག་ལ་སོགས་ཏེ་འཁོར་ཉི་ཁྲི་བཞེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ལོ་ཉི་ཤུ་རྩ་དགུར་ཁབ་ཏུ་བཞུགས་སོ། །མཛད་པ་གསུམ་པའོ།།  །།དེའི་ཚེ་བྱང་ཆུབ་སེམས་དཔའ་དུས་ལས་མི་འདའ་ཡང༌། དེ་བཞིན་གཤེགས་པ་རྣམས་ཀྱིས་གླུ་དབྱངས་ཀྱིས་བསྐུལ་བ་ཆོས་ཉིད་ཡིན་ཏེ། སྡུག་བསྔལ་བརྒྱས་གང་སེམས་ཅན་མཐོང་ནས་ནི། །འགྲོ་བའི་མགོན་དང་གནས་དང་སྐྱབས་གྱུར་ཅིང༌། །ཕན་བྱེད་མཆོག་དང་དཔུང་གཉེན་གྱུར་ཅིག་ཅེས། །ཁྱོད་ཀྱིས་སྔོན་གྱི་སྨོན་ལམ་དེ་སྐད་བཏབ། །དགེ་བས་དཔའ་བོ་སྔོན་གྱི་སྤྱོད་པ་དང༌། །འགྲོ་ཕན་བྱ་ཞེས་སྨོན་ལམ་དྲན་པར་བྱོས། །ཞེས་བྱ་བ་ལ་སོགས་པས་བསྐུལ་ལོ། །དེ་ནས་ལྷ་རྣམས་ཀྱིས་བསྐུལ་བར་གྱུར་ཏོ། །དེ་ནས་སྐྱེད་མོས་ཚལ་ནས་སྐྱེད་མོས་ཚལ་དུ་གཤེགས་པར་དགོངས་ཏེ། གྲོང་ཁྱེར་དུ་བྱོན་པ་ན། ཤར་ཕྱོགས་ཀྱི་སྒོར་རྒས་པའི་སྡུག་བསྔལ་གཟིགས་སོ། །ལྷོ་ཕྱོགས་སུ་ན་བའི་སྡུག་བསྔལ་དང༌། ནུབ་ཕྱོགས་སུ་འཆི་བའི་སྡུག་བསྔལ་གཟིགས་ཏེ། དེ་འགྲོ་བ་ཐམས་ཅད་ལ་ཡང་འབྱུང་བར་ཡང་མཁྱེན་ནོ། །དེ་ནས་བྱང་ཕྱོགས་སུ་བྱོན་པ་ན་ལྷས་དགེ་སློང་གི་གཟུགས་ཤིག་སྤྲུལ་ལོ། །བྱང་ཆུབ་སེམས་དཔའ་མཁྱེན་བཞིན་དུ་འདི་ཅི་ཞེས་དྲིས་སོ། །འདུན་པས་སྨྲས་པ། འདི་ནི་སྡུག་བསྔལ་ལས་གྲོལ་བ་དགེ་སློང་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ནང་དུ་ལོག་སྟེ་བདག་ཀྱང་ཞག་བདུན་ན་མངོན་པར་འབྱུང་ངོ་ཞེས་བསམས་སོ། །དེའི་ཚེ་སིལ་སྙན་རྣམས་ལས་ཀྱང་གཞོན་ནུ་ཞག་བདུན་ན་མངོན་པར་འབྱུང་ངོ་ཞེས་བྱ་བའི་སྒྲ་བྱུང་བས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྲུངས་སོ། །དེ་ནས་མངོན་པར་འབྱུང་བར་དགོངས་པའི་ནུབ་གཅིག་སུས་ཀྱང་མ་ཚོར་བར་རྒྱལ་པོ་ཅན་དུ་བྱོན་ཏེ་སྨྲས་པ། ལྷ་གཅིག་བདག་ནི་མངོན་པར་འབྱུང་བའི་དུས་བབ་རིགས། གེགས་ཀྱང་མ་མཛད་མི་དགྱེས་མ་མཛད་ཅིག ཅེས་ཞུས་སོ། །རྒྱལ་པོས་སྨྲས་པ། བུ་ཁྱོད་ཅི་འདོད་པ་སྦྱིན་ནོ། །དེ་སྐད་མ་སྨྲ་ཞིག བྱང་ཆུབ་སེམས་དཔས་སྨྲས་པ། ཡབ་བདག་ནི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་མེད་པར་འཚལ་ལོ། །རྒྱལ་པོས་བསམས་པ། དེ་ནི་བདག་གིས་སྦྱིན་པར་མི་ནུས་ཀྱི། འདི་བཙས་པའི་ཚེའང་ང་སྲིད་པ་ཐ་མར་བྱའོ་ཞེས་སྨྲས་ལ། བྲམ་ཟེ་རྣམས་ཀྱིས་ཀྱང་མངོན་པར་འབྱུང་བར་ལུང་བསྟན་པས། ངེས་པར་འགྲོའོ་ཞེས་བསམས་ནས་སྐད་ཆུང་ངུས་གནང་བ་བྱིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་མངོན་པར་འབྱུང་བའི་དུས་སུ་སྨོན་ལམ་འདི་བཞི་བཏབ་བོ། །སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྒྲ་བསྒྲགས་པར་བྱའོ། །མ་རིག་པའི་མུན་པ་བསལ་བར་བྱའོ། །ང་རྒྱལ་གྱི་རི་བོ་བསྙིལ་བར་བྱའོ། །སྲེད་པའི་མདུད་པ་དགྲོལ་བར་བྱའོ། །ཞེས་བསམས་ནས་ཡང་ཁང་པའི་སྟེང་དུ་བྱུང་སྟེ། ནམ་ཕྱེད་ཀྱི་དུས་སུ་སྐར་མའི་རྒྱལ་པོ་རྒྱལ་མངོན་དུ་གྱུར་པ་ན་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕྱག་བྱས་ཏེ། གསོལ་བ་ཡང་ཡང་བཏབ་ནས། འདུན་པ་ལ་སྨྲས་པ། ང་ཡི་བཀྲ་ཤིས་དོན་ཀུན་གྲུབ་འདི་ནི། །དོ་ནུབ་གདོན་མི་ཟ་བར་འགྲུབ་འགྱུར་གྱི། །འདུན་པ་ཕྱི་བཤོལ་མ་བྱེད་ལ་གོར་དུ། །རྟ་རྒྱལ་རྒྱན་གྱིས་བརྒྱན་པ་ང་ལ་བྱིན། །ཞེས་རྟ་བླངས་སོ། །དེ་ནས་ལྷ་རྣམས་ཀྱིས་ཁ་ཅིག་གིས་ནི་སྲུང་མ་རྣམས་མྱོས་པར་བྱས། ཁ་ཅིག་གིས་ནི་བཙུན་མོའི་འཁོར་མི་སྡུག་པར་བྱས་སོ། །ཁ་ཅིག་གིས་ནི་མཆོད་པ་བྱེད་དོ། །རྒྱལ་པོ་ཆེན་པོ་བཞིས་ནི་རྟའི་རྐང་ལག་བཞི་ནས་བཏེག་སྟེ་བྱང་ཆུབ་སེམས་དཔའ་འདུན་པ་དང་བཅས་པ་ནམ་མཁའ་ལ་ཁྱེར་ནས་སོང་བ་དང༌། དཔག་ཚད་དྲུག་གི་སར་ནམ་ལངས་སོ། །དེ་ཉིད་ཀྱིས་ཉིད་ཀྱི་གཙུག་ཕུད་བྲེགས་པར་མཛད་དོ། །དེ་ནས་རྟ་དང་དབུ་རྒྱན་ལ་སོགས་པ་འདུན་པ་ལ་བྱིན་ཏེ། འདུན་པ། འདི་དག་ཁྱེར་ལ་སེར་སྐྱའི་གྲོང་དུ་སོང་ཤིག ཡབ་ཡུམ་དག་ལ་ང་ཡི་ཚིག་གིས་ནི། །གཞོན་ནུ་སོང་གི་ཐུགས་ངན་མ་མཛད་ཅིག །བྱང་ཆུབ་སངས་རྒྱས་ནས་ནི་སླར་ཡང་མཆི་བར་བགྱི། །དམ་ཆོས་གསན་ནས་ཐུགས་ངན་ཞི་བར་འགྱུར། །ཞེས་སྨྲོས་ཤིག་ཅེས་སྨྲས་སོ། །འདུན་པས་སྨྲས་པ། བདག་ལ་ཆད་པས་གཅོད་དུ་མི་མཆི་འམ། སྨྲས་པ། ང་ལ་བྱམས་པ་བཞིན་ཁྱོད་ལ་བྱམས་པར་འགྱུར་གྱི། མ་འཇིགས་ཤིག དེ་ནས་འདུན་པ་ཕྱིར་ལོག་སྟེ། བཀོད་པའི་གཏམ་རྣམས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའི་བྱིན་རླབས་ཀྱིས་མྱ་ངན་ཡང་ཞི་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་བདག་གོས་བཟང་པོ་འདི་དག་མི་འདོད་ཀྱི་ངུར་སྨྲིག་དག་དགོས་སོ་སྙམ་པ་དང༌། ལྷའི་བུ་རྔོན་པའི་གཟུགས་ཀྱིས་བྱང་ཆུབ་སེམས་དཔའི་གོས་རྣམས་བླངས་ཏེ་ངུར་སྨྲིག་ཕུལ་ལོ། །དེ་བྱང་ཆུབ་སེམས་དཔས་མནབས་ཏེ་རབ་ཏུ་བྱུང་བར་གྱུར་ཏོ། །མཛད་པ་བཞི་པའོ།།  །།དེ་ནས་བྱང་ཆུབ་སེམས་དཔའ་རིགས་ལྡན་ཅན་དུ་བསོད་སྙོམས་ལ་གཤེགས་སོ། །དེ་བཞིན་དུ་པདྨོ་ཅན་དུ་གཤེགས་སོ། །ནམ་གྲུ་ཅན་དུ་གཤེགས་སོ། །འོད་ལྡན་གྱིས་ཀྱང་མགྲོན་དུ་བོས་སོ། །དེ་ནས་ཡངས་པ་ཅན་དུ་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་ཞེས་བྱ་བ་བསམ་གཏན་ལ་གནས་པ་ཞིག་ཡོད་དེ། དེ་ལ་ཆོས་ཞུས་པས། ཅི་ཡང་མེད་པ་སྒོམས་ཤིག་ཅེས་བསྒོའོ། །བྱང་ཆུབ་སེམས་དཔའ་དབང་པོ་རྣོ་བས་ཐོགས་པ་མེད་པར་མངོན་དུ་མཛད་དེ། ད་ཅི་བསླབ། སྨྲས་པ་ཅི་ཡང་མེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་རྒྱལ་པོའི་ཁབ་ཏུ་རི་སྐྱ་བོ་ལ་གཤེགས་ཏེ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལས་བསོད་སྙོམས་བླངས་སོ། །རྒྱལ་པོ་བྱང་ཆུབ་སེམས་དཔའ་མཚན་གྱིས་བརྒྱན་པས་དད་དེ་ཕྱག་བཙལ་ནས་རྒྱལ་སྲིད་ཕུལ་ལོ། །བྱང་ཆུབ་སེམས་དཔས་སྨྲས་པ། བདག་ནི་རྒྱལ་སྲིད་བོར་ཏེ་རབ་ཏུ་བྱུང་ངོ༌། །སྨྲས་པ། ཁྱོད་ཀྱི་ཡབ་ཡུམ་གང༌། །སྨྲས་པ། རྒྱལ་པོ་ཟས་གཙང་མའོ། །སྨྲས་པ། དེ་ནི་བདག་གི་སློབ་དཔོན་ཏེ་ཁྱེད་ཀྱི་ཆོས་ཀྱི་བདུད་རྩི་ཐོབ་པ་བདག་ཞུ་བར་འཚལ་ལོ། །ཞེས་བོས་ཏེ་བསོད་སྙོམས་ཕུལ་ལོ། །དེ་ནས་རྒྱལ་པོའི་ཁབ་དེ་ཉིད་ན་རངས་བྱེད་ཀྱི་བུ་ལྷག་སྤྱོད་ཅེས་བྱ་བ་ཡོད་དེ། དེ་ནི་བསམ་གཏན་ལ་གནས་པ་ཡིན་ནོ། །དེ་ལ་གདམས་ངག་ཞུས་པས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྒོམས་ཤིག་ཅེས་བསྒོའོ། །སྨྲས་པ། ཁྱོད་ཀྱིས་སུ་ལ་བསླབས། སྨྲས་པ། ང་ལ་སློབ་དཔོན་གང་ཡང་མེད་དོ། །དེར་དེ་ལ་བསླབས་པས་མྱུར་དུ་མངོན་དུ་མཛད་དེ། ད་ཅི་བསླབ། དེས་སྨྲས་པ། འདི་ཙམ་དུ་ཟད་དོ། །དེ་རྣམ་པར་དག་པ་མ་ཡིན་པར་དགོངས་ནས་དེ་ནས་གཤེགས་སོ། །དེའི་དུས་སུ་བྱང་ཆུབ་སེམས་དཔའ་ལ་དགའ་བའི་འཁོར་ལྔ་ཞིག་རྗེས་སུ་འབྲངས་སོ། །ཀུན་ཤེས་ཀཽཎྜི་ཎྱ་དང༌། རྟ་ཐུལ་དང༌། རླངས་པ་དང༌། མིང་ཆེན་དང༌། བཟང་ལྡན་རྣམས་སོ། །དེ་དག་དང་བཅས་ཏེ་རི་ག་ཡའི་མགོར་གཤེགས་སོ། །དེར་འདོད་པ་ལ་དབེན་པ་ལ་སོགས་པའི་ཆོས་གསུམ་ཐུགས་སུ་ཆུད་དོ། །དེ་ནས་གྲོང་ཁྱེར་སྟེང་རྒྱས་སུ་གཤེགས་སོ། །དེའི་ཚེ་བསྔགས་པ་བརྗོད་པ་ལ་སོགས་པའི་དཀའ་ཐུབ་དང༌། སྐྱབས་ལོག་པ་དུ་མ་ཡོད་པས་དེ་དག་རྗེས་སུ་གཟུང་བའི་ཕྱིར་དང༌། སངས་རྒྱས་འོད་སྲུངས་ཀྱི་དུས་ཀྱི་ངག་གི་སྒྲིབ་པ་སྦྱང་བའི་ཕྱིར་དུ་མཁའ་ཁྱབ་ཀྱི་བསམ་གཏན་ལ་བརྟེན་ཏེ། ལོ་དྲུག་ཏུ་ཅི་ཡང་མི་ཟ་བའི་དཀའ་བ་མཛད་དེ། ལུས་ལ་གོས་ལ་སོགས་པའི་སྐྱོབ་པའང་མེད་དེ། ཉ་མད་ཀུ་རའི་མདོག་དང་འདྲ་བར་གྱུར་ཏོ། །བ་ལང་རྫི་རྣམས་ཀྱིས་གཙོས་ཀྱང་གཡོ་བ་མེད་དོ། །བདུད་ཀྱིས་ཀྱང་གླགས་རྙེད་པར་མ་གྱུར་ཏོ། །དགོན་པ་ཉམས་ནི་དགའ་བ་དང༌། །ལྟེང་རྒྱས་ཀྱི་ནི་ཤར་ཕྱོགས་ན། །ཆུ་ཀླུང་ནཻ་རཱ་ཉྫ་ན་དེར། །སྤང་བའི་ཕྱིར་ནི་བརྩོན་པར་བྱ། །ཞེས་གསུངས་སོ། །དེ་ནས་དཀའ་ཐུབ་ལ་སྙིང་པོ་མེད་པར་གཟིགས་ནས། དཀའ་ཐུབ་ཀྱིས་དག་པར་འཛིན་པ་རྣམས་སུན་དབྱུང་བའི་ཕྱིར། ཁ་ཟས་རགས་པ་གསོལ་བར་ཞལ་གྱིས་བཞེས་སོ། །དེའི་ཚེ་ལྔ་སྡེ་འདི་ནི་ལྷོད་པ་མང་དུ་ཟ་བ་དཀའ་ཐུབ་ལས་ཉམས་པའོ། །ཞེས་མ་དད་པར་གྱུར་ཏེ། ཡུལ་འཁོར་མོ་འཇིག་ཏུ་སོང་ངོ༌། །དེ་ནས་བྱང་ཆུབ་སེམས་པས་འདོམ་དཀྲིས་ཀྱི་རས་བླངས་ནས། འདོམ་དཀྲིས་སོ། །དེ་ནས་ལྷ་རྣམས་ཀྱིས་ངུར་སྨྲིག་གི་ན་བཟའ་ཕུལ་ཏེ་ལུས་ཁྲུས་བྱས་ཏེ་མནབས་ནས་དགེ་སྦྱོང་གི་ཆ་བྱད་དུ་མཛད་དོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་གཟུགས་མཛེས་པས་དགེ་སྦྱོང་མཛེས་པ་ཞེས་གྲག་གོ །ཡང་དེའི་ཚེ་ཞིང་བའི་བུ་མོ་ལེགས་སྐྱེས་མ་ཞེས་བྱ་བ་ལ་ལྷ་རྣམས་ཀྱིས་རྗེས་སུ་བསྔགས་པ། སང་ནང་པར་ཁྱོད་དགེ་སྦྱོང་ལ་འཚོ་བ་ཕུལ་ཅིག་དང་ཁྱོད་ལ་ཕན་པར་འགྱུར་རོ་ཞེས་བསྔགས་སོ། །ནམ་ལངས་པ་དང་འབྲས་ཆན་དང་འོ་མར་བཅས་པ་བཤམས་ཏེ་མགྲོན་ཚོལ་དུ་བཏང་བས་བྱང་ཆུབ་སེམས་དཔའ་མཐོང་ནས། གཡོག་མོས་སྨྲས་པ། དགེ་སྦྱོང་མཛེས་པ་སྣང་ངོ༌། །སྨྲས་པ། དེ་ཉིད་བོས་ཤིག དེ་བོས་པ་དང༌། གསེར་གྱི་སྣོད་དང་བཅས་པ་ཕུལ་ལོ། །ང་ལ་སྣོད་མི་དགོས་སོ་ཞེས་གསུངས་སོ། །ཡོན་དང་བཅས་པ་དབུལ་ལོ། །ཞེས་སྨྲས་པས། དེ་ཁྱེར་ཏེ་ཆུའི་གླིང་ན་གཤེགས་སོ། །དེར་ཀླུས་ཁྲི་བཤམས་པ་ལ་བཞུགས་ཏེ་འོ་མ་གསོལ་ནས་ལྷུང་བཟེད་ཆུར་བོར་ཏེ། དེ་ལྷས་ཁྱེར་རོ། །དེས་དབང་པོ་རྒྱས་པར་གྱུར་ནས་མཚན་དང་དཔེ་བྱད་ཐམས་ཅད་གསལ་བར་གྱུར་ཏོ། །མཛད་པ་ལྔ་པའོ།།  །།དེ་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པར་དགོངས་སོ། །དེའི་ལམ་ཐམས་ཅད་ལྷས་བརྒྱན་པར་བྱས་སོ། །གཤེགས་པའི་དུས་སུ་ལུས་ལས་འོད་བྱུང་སྟེ། སེམས་ཅན་ལ་རེག་པས་སྡུག་བསྔལ་ལས་གྲོལ་བར་གྱུར་ཏོ། །ཡང་སྟན་གང་ལ་བསྡད་ལ་བྱང་ཆུབ་པར་བྱ་སྙམ་པ་དང༌། རྩྭའི་སྟན་ལ་སྔོན་གྱི་སངས་རྒྱས་རྣམས་བཞུགས་པར་མཁྱེན་ཏེ། ལམ་གྱི་གཡས་རོལ་ན་རྩྭ་འཚོང་བཀྲ་ཤིས་ཙྭ་བརྔ་བ་ལ་བསླངས་པ། བཀྲ་ཤིས་མྱུར་དུ་རྩྭ་དག་ང་ལ་བྱིན། །དེ་རིང་ང་ལ་རྩ་བྱིན་དོན་ཆེན་འགྱུར། །དཔུང་དང་བཅས་པའི་བདུད་ནི་བཅོམ་ནས་སུ། །བྱང་ཆུབ་དམ་པ་ཞི་བར་རེག་པར་འགྱུར། །ཞེས་གསུངས་སོ། །དེས་ཀྱང་རྩྭ་ཀུ་ཤ་རྨ་བྱའི་མགྲིན་པ་ལྟར་སྔོ་བ་པང་གང་ཕུལ་ལོ། །དེ་བྱང་ཆུབ་ཀྱི་སྙིང་པོར་རྩེ་མོ་ནང་དུ་བསྟན། རྩ་བ་ཕྱིར་བསྟན་ནས་མ་འཁྲུགས་པར་བཏིང་ནས་བྱང་ཆུབ་ཀྱི་ཤིང་ལ་བསྐོར་བ་ལན་བདུན་བྱས་ཏེ་སྐྱིལ་ཀྲུང་གཅིག་གིས་བཞུགས་སོ། །བྱང་ཆུབ་ཀྱི་ཤིང་གི་ལྷ་རྣམས་ཀྱིས་རིན་པོ་ཆེའི་ཁྲི་སོ་སོ་ནས་བཤམས་ཏེ་དེ་དག་ལ་ཡང་བཞུགས་པར་གནང་ངོ༌། །དམན་མོས་ཀྱི་སེམས་ཅན་རྣམས་ཀྱིས་ནི་རྩྭ་ལ་བཞུགས་པར་མཐོང་ངོ༌། །དེ་ནས་དམ་བཅའ་བ་མཛད་དེ། སྟན་འདིར་བདག་གི་ལུས་འདི་བསྐམས་ཀྱང་རུང༌། །པགས་པ་རུས་པའི་ཚོགས་རྣམས་ཞིག་གྱུར་ཀྱང༌། །བསྐལ་མང་རྙེད་དཀའ་བྱང་ཆུབ་མ་ཐོབ་བར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཞེས་གསུངས་སོ། །ཡང་བྱང་ཆུབ་སེམས་དཔས་སྨིན་མཚམས་ནས་འོད་ཟེར་བཀྱེ་སྟེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱས་སོ། །ཡང་སྨིན་མཚམས་ནས་བདུད་སྐུལ་བར་བྱེད་པའི་འོད་བཀྱེ་སྟེ་བདུད་ཀྱི་གནས་ཐམས་ཅད་མོག་མོག་པོར་བྱས་སོ། །ཆ་ལང་ལྟ་བུའི་སྒྲ་ཡང་གྲག་གོ །རང་འདོད་པའི་ལྷ་ངུ་བ་ལ་སོགས་པའི་རྨིས་ལྟས་ངན་པ་སུམ་ཅུ་རྩ་གཉིས་ཀྱང་བསྟན་ཏོ། །ཡང་ཚིགས་སུ་བཅད་པ་ཡང་བྱུང་སྟེ། སེམས་ཅན་ཤིན་ཏུ་དག་པ་བསྐལ་པ་མང་པོར་སྤྱོད་སྤྱད་པ། །ཟས་གཙང་སྲས་པོ་རྒྱལ་སྲིད་དག་ནི་རབ་སྤངས་ཏེ། །ཕན་བྱེད་དེ་ནི་བདུད་རྩི་མངོན་པར་འདོད་པས་འབྱུང༌། །བྱང་ཆུབ་ཤིང་དྲུང་འོངས་ཀྱིས་དེ་རིང་བསྒྲིམ་པར་གྱིས། །ཞེས་བྱ་བ་ལ་སོགས་པ་ཡང་བྱུང་ངོ༌། །དེ་ནས་བདུད་དགའ་རབ་དབང་ཕྱུག་གིས་བདུད་ཀྱི་དམག་ཚོགས་ཤིན་ཏུ་འཇིགས་སུ་རུང་བ། སྒྱུ་མ་ལྟ་བུའི་བློ་ཅན་མ་ཡིན་པ་རྣམས་མཐོང་བ་ཙམ་གྱིས་སྙིང་འགས་པ། ཁ་བཞིན་དམར་ལ་ལུས་པོ་སེར་བ་དང༌། །ལུས་པོ་དམར་ལ་ཁ་བཞིན་སེར་བ་དང༌། །མགོ་གཅིག་མགོ་གཉིས་མགོ་གསུམ་ལྡན་པ་དང༌། །མགོ་སྟོང་བྱེ་བའི་བར་དུ་རབ་ཏུ་མང༌། །ཞེས་བྱ་བ་ལ་སོགས་པ་འཇིགས་པའི་མཚོན་ཆ་འཛིན་པའི་དམག་ས་ཡ་སྟོང་ཕྲག་སུམ་ཅུ་བྱང་ཆུབ་སེམས་དཔའ་ག་ལ་བ་དེར་ལྷགས་སོ། །དེ་དག་གི་གཡས་རོལ་ནས་སངས་རྒྱས་ལ་དང་ཅིང་འདུན་པ་རྣམས་གནས་སོ། །གཡོན་ན་བདུད་ནག་པོའི་ཕྱོགས་རྣམས་འཁོད་དོ། །ཡང་དེའི་ཚེ་བདུད་ནག་པོའི་ཕྱོགས་དག་གིས་སྨྲས་པ། འདི་ནི་གཅིག་པུ་ཡིན་གྱིས་བདག་ཅག་ནི་ཤིན་ཏུ་མང་གིས་གཞོམ་པ་ལ་ཐོགས་པ་མེད་དོ། །ཞེས་ཟེར་རོ། །སངས་རྒྱས་ལ་དད་པའི་བདུད་དག་གིས་སྨྲས་པ། ས་སྟེང་འདི་ན་སེང་གེ་དང༌། །འཁོར་ལོས་སྒྱུར་ལ་གྲོགས་བྱེད་མེད། །བྱང་ཆུབ་ངེས་ནས་ཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་གྲོགས་མི་དགོས། །ཞེས་བདུད་དེ་དག་ཀྱང་ཕན་ཚུན་རྩོད་པར་གྱུར་ཏོ། །དེ་ལྟར་གྱུར་ཀྱང་བདུད་ཀྱི་རྒྱལ་པོས་བསྐུལ་བའི་དབང་གིས་བྱང་ཆུབ་སེམས་དཔའ་ལ་མཚོན་ཆའི་ཆར་ཕབ་བོ། །དེ་དག་མེ་ཏོག་གི་ཁང་བུར་གྱུར་ཏེ་སྟེང་གི་ནམ་མཁའ་ལ་འདུག་གོ །ཡང་བདུད་ཀྱི་རྒྱལ་པོས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཀྱེ་ལོང་ཤིག་རྒྱལ་སྲིད་ལ་སྤྱོད་ཅིག །ཅེས་བྱ་བ་ལ་སོགས་པ་སྨྲས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། ཁྱོད་ཀྱིས་ཚོགས་བསགས་པས་བདུད་ཀྱི་གནས་སུ་སྐྱེ་བར་གྱུར་ཏོ། །ཁྱོད་པས་དཔག་ཏུ་མེད་པའི་ཚོགས་ངས་བསགས་པ་ཡིན་གྱིས། དེ་བས་ན་ང་མངོན་པར་འབྱུང་བར་བྱེད་དོ། །སྨྲས་པ། ང་ཚོགས་རྫོགས་པའི་དཔང་པོ་ཁྱོད་ཉིད་ཡིན་ན། ཁྱོད་ཚོགས་རྫོགས་པའི་དཔང་པོ་སུ་ཡོད། ཕྱག་གཡས་པ་ས་ལ་བཞག་སྟེ་གསུངས་པ། ས་འདི་རྒྱུ་དང་མི་རྒྱུ་འགྲོ་བ་ཀུན་གྱི་རྟེན་ཡིན་པས། །བརྟན་མ་དེ་རིང་ང་ཡི་དཔང་གྱིས་ཤིག །ཅེས་གསུངས་པ་དང༌། སའི་ལྷ་མོ་བརྟན་མ་བྱུང་སྟེ། འདི་ནི་བསྐལ་པ་གྲངས་མེད་པར་ཚོགས་རྫོགས་པ་ཡིན་པས། ཁྱོད་ཀྱིས་བར་ཆད་བྱ་བར་མི་ནུས་སོ་ཞེས་སྨྲས་པ་དང༌། བདུད་ཡིད་ཆད་དེ་གཙང་མའི་རིས་ཀྱི་བདུད་ཀྱི་དམག་དང་བཅས་པ་སླར་ལོག་པར་གྱུར་ཏོ། །ཤཱཀྱའི་རྒྱལ་པོ་རྟེན་ཅིང་འབྱུང་བའི་ཆོས། །དངོས་པོ་མེད་པའི་ངོ་བོ་ཉིད་མཁྱེན་ཏེ། །ནམ་མཁའ་ལྟ་བུའི་སེམས་དང་རབ་ལྡན་པས། །གཡོན་ཅན་དཔུང་ཚོགས་དག་གིས་རྫི་བ་མེད། །ཅེས་བྱ་སྟེ། དེའི་ཚེ་ཤིང་གི་ལྷས་ཀྱང་བསྟོད་པ་བརྗོད་དོ། །བདུད་བཏུལ་བའོ། །བྱང་ཆུབ་སེམས་དཔའི་མཛད་པ་དྲུག་པ་རྫོགས་སོ།།  །།དེ་ནས་ཐོ་རངས་ཀྱི་དུས་སུ་མངོན་པར་རྫོགས་པར་སངས་རྒྱས་ནས་སངས་རྒྱས་ཀྱི་མཛད་པ་དྲུག་འབྱུང་ངོ༌། །ད་ཡང་སངས་རྒྱས་ནས་ཞིང་ཁམས་ཐམས་ཅད་གཡོ་བ་ལ་སོགས་པ་མཛད་པ་ནི་མཛད་པ་གཅིག་གོ །ཡང་འོས་སུ་གྱུར་པའི་གདུལ་བྱ་ལ་ཆོས་ཐེག་པའི་བྱེ་བྲག་དང་བསྟུན་ཏེ་གསུངས་པས་འདུལ་བར་གྱུར་པ་འདི་ནི་མཛད་པ་གཉིས་པའོ། །ཡང་ཤིན་ཏུ་གདུལ་དཀའ་བའི་སྐྱེས་བུ་མུ་སྟེགས་ཀྱི་སྟོན་པ་དྲུག་ལ་སོགས་པའི་ཆོས་ཀྱིས་མི་འདུལ་བ་རྣམས་ལ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འདུལ་བར་མཛད་པ་འདི་ནི་མཛད་པ་གསུམ་པའོ། །ཡང་དུད་འགྲོར་གྱུར་པའི་སེམས་ཅན་སྐྱེ་བུའི་རྒྱལ་པོས་སྦྲང་རྩི་ཕུལ་བ་དང༌། གླང་པོ་ཆེ་ནོར་སྐྱོང་འདུལ་བ་འདི་ནི་དུད་འགྲོའི་དོན་མཛད་པ་དང་མཛད་པ་བཞི་པའོ། །ཡང་གཏི་མུག་ཤིན་ཏུ་ཤས་ཆེ་བ་རལ་པ་ཅན་ལྟེང་རྒྱས་འོད་སྲུངས། འདོད་ཆགས་ཤས་ཆེ་བ་གཅུང་དགའ་བོ་དང༌། ཞེ་སྡང་ཤས་ཆེ་བ་མིའུ་ཐུང་སོར་ཕྲེང་ཅན་དང༌། ལེ་ལོ་ཤས་ཆེ་བ་ཀུན་དུ་རྒྱུ་རབ་བཟངས་དང་དྲི་ཟའི་རྒྱལ་པོ་རབ་དགའ་སྟེ། དེ་དག་ལ་སོགས་པ་ཉོན་མོངས་པ་ཤས་ཆེ་བ་བཏུལ་བ་འདི་ནི་མཛད་པ་ལྔ་པའོ། །ཡང་ལེ་ལོ་ཅན་དང་རྟག་པར་འཛིན་པ་རྣམས་ཤེས་བསྐྱེད་པའི་ཕྱིར་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་མཛད་པ་འདི་ནི་དྲུག་པའོ། །དེ་དག་ཀྱང་དང་པོ་དང་ཐ་མ་ནི་གོ་རིམ་ངེས་པ་ཡིན་ལ། བར་དུ་བཞི་པོ་ནི་འདྲེ་ཞིང་འབྱུང་བས་གོ་རིམ་ངེས་པར་མི་གཞག་གོ །ཡང་བཞི་པོ་འདི་དག་ནི་ཐམས་ཅད་ཀྱང་ཆོས་ཀྱི་དོན་མཛད་པ་ཡིན་པས་ཆོས་ཀྱི་འཁོར་ལོ་ཞེས་བྱ་བར་ཡང་འདུ་བས། སངས་རྒྱས་ཀྱི་མཛད་པ་གསུམ་དང་བྱང་ཆུབ་སེམས་དཔའི་མཛད་པ་ལྔ་སྟེ་བརྒྱད་ཡིན་ནོ་ཞེས་ཁ་ཅིག་འདོད་དོ། །དེ་ལ་བྱང་ཆུབ་སེམས་དཔའི་མཛད་པ་ལྔ་ནི། ལྷ་ལས་བབས་པ་དང༌། སྐུ་བལྟམས་པ་དང༌། གཞོན་ནུ་རོལ་རྩེ་མཛད་པ་དང༌། ཁབ་ནས་འབྱུང་བ་དང༌། རྡོ་རྗེའི་གདན་གྱི་ས་མནན་པའོ། །སངས་རྒྱས་ཀྱི་མཛད་པ་གསུམ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཆོ་འཕྲུལ་མཛད་པ་དང༌། མྱ་ངན་ལས་འདས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སྲོད་ལ་དཔུང་དང་བཅས་པའི་བདུད་བཏུལ་ཏེ། ཐོ་རངས་ཀྱི་དུས་སུ་བསམ་གཏན་བཞི་ལ་རིམ་པ་བཞིན་སྙོམས་པར་ཞུགས་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་མཛད་ནས་རང་དང་གཞན་གྱི་དོན་མ་ལུས་པར་མངོན་པར་རྫོགས་པར་བྱང་ཆུབ་པར་མཛད་དོ། །ཡང་ན་གྲོང་ཁྱེར་ཆེན་པོ་སེར་སྐྱར་གནས་པ་ནི་ཁབ་ན་གནས་པའི་མཛད་པ་ཡིན་ནོ། །ལྷའི་ཡུལ་ནས་འཛམ་བུའི་གླིང་དུ་སྐྱེ་བ་བཞེས་པ་ནི་ཕན་པ་མཛད་པ་སྟེ། མཆོད་རྟེན་ནི་བལྟམས་པ་རྣམ་པར་དག་པ་པདྨ་བརྩེགས་པའི་མཆོད་རྟེན་ནོ། །དེ་ནས་ཁབ་ནས་བྱུང་ནས་སངས་རྒྱས་པའི་བར་ནི་གནས་ཆེན་པོ་མ་ག་དྷཱ་ར་བྱང་ཆུབ་པ་བྱང་ཆུབ་པའི་མཆོད་རྟེན་ནོ། །དེ་གཉིས་ནི་བྱང་ཆུབ་སེམས་དཔའི་མཛད་པའོ། །དེ་ནས་གནས་ཆེན་པོ་བཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར་བ་དཔལ་སྒོ་མངས་ཀྱི་མཆོད་རྟེན། དེ་ནས་གནས་ཆེན་པོ་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་མཛད་པ་མུ་སྟེགས་ཕམ་མཛད་ཀྱི་མཆོད་རྟེན། དེ་ནས་གནས་ཆེན་པོ་གྲོང་ཁྱེར་གསལ་ལྡན་དུ་ལྷ་ལས་བབས་པའི་མཛད་པ། སུམ་ཅུའི་ལྷས་མཆོད་ཀྱི་མཆོད་རྟེན། གནས་རྒྱལ་པོའི་ཁབ་ཏུ་དགེ་འདུན་དབྱེན་འདུས་པར་མཛད་པས་བྱམས་ངོས་ཀྱི་མཆོད་རྟེན། དེ་ནས་གནས་ཡངས་པ་ཅན་དུ་སྤྲེའུས་སྦྲང་རྩི་ཕུལ་བའི་དུས་སུ་སྐུ་ཚེ་བྱིན་རླབས་ཀྱི་མཆོད་རྟེན། གནས་ཆེན་པོ་རྩྭ་མཆོག་ཏུ་མྱ་ངན་ལས་འདས་པ་མཛད་པ་ཆོས་རྒྱལ་མྱ་ངན་མེད་པའི་མཆོད་རྟེན་ཞེས་བྱ་བ་དྲུག་སྟེ་བརྒྱད་དོ། །དེ་ལ་འདི་ནི་བྱང་ཆུབ་སེམས་དཔའི་ལུགས་ཀྱི་མཛད་པ་ཡིན་པས་བྱང་ཆུབ་སེམས་དཔའི་མཛད་པའོ་ཞེས་གཞན་དག་འདོད་དོ། །ལུགས་ལེགས་པ་ཡིན་ནོ། །མཛད་པ་ལྔ་པ་རྡོ་རྗེ་གདན་གྱིས་མནན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་མཛད་པ་གཉིས་པ་རྫོགས་སོ།།  །།དེ་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚེ། འདི་ལྟ་བུ་དག་བྱུང་བར་གྱུར་ཏོ། །སྐྱེས་བུ་སེང་གེ་དེ་ཡིས་བདུད་དཔུང་བཅས་བཏུལ་ཏེ། །སྟོན་པ་བསམ་གཏན་བདེ་བ་མངོན་དུ་མཛད་ནས་ནི། །གང་ཚེ་སྟོབས་བཅུའི་རིགས་པ་གསུམ་པོ་མཉེས་གྱུར་ཏེ། །ཕྱོགས་བཅུའི་སངས་རྒྱས་ཞིང་མང་བྱེ་བ་གཡོས་པར་གྱུར། །དེའི་ཚེ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ནས་དེ་བཞིན་གཤེགས་པ་ལ་ཆོས་ཉན་པར་འདོད་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ལྷགས་ཏེ་ཆོས་ཞུས་སོ། །ཡང་ལྷ་རྣམས་ཀྱང་རིམ་པ་བཞིན་དུ་ལྷགས་ཏེ་བསྔགས་པ་བརྗོད་པ་དུ་མ་ཡང་བྱས་ཏེ་སྟན་དེ་ཉིད་ལ་ཞག་བདུན་འདས་སོ། །དེ་ནས་ལྷ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་ཁྲུས་གསོལ་ཏེ། ཁྲི་ལས་བཞེངས་སོ། །ཡང་ཞག་བདུན་ཕྲག་གཉིས་པ་དང་གསུམ་པ་དང་བཞི་པ་ལ་དེ་བཞིན་དུ་བཞུགས་སོ། །དེའི་ཚེ་ངས་མ་རིག་པ་བཅོམ་མོ། །རིག་པའི་ཡེ་ཤེས་བརྙེས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་དེའི་ཚེ་བདུད་སྡིག་ཅན་འོངས་ཏེ་སྨྲས་པ། ཁྱེད་མྱ་ངན་ལས་འདས་པའི་དུས་ལ་བབ་བོ་ཞེས་གསོལ་པ་དང༌། བཀའ་སྩལ་པ། ངས་སེམས་ཅན་གྱི་དོན་མ་བྱས་པ་སྡིག་ཅན་ཁྱོད་དེ་སྐད་མ་ཟེར་ཅིག ཡང་བདུད་ཀྱི་བུ་མོས་བསླུ་བར་བརྩམས་པས་དེ་བཞིན་གཤེགས་པས་སེ་གོལ་གཏོགས་པས་དེ་དག་རྒས་པ་བཞིན་དུ་གྱུར་ཏེ། དེ་ནས་དེ་དག་སྟོན་པ་ཉིད་ལ་སྐྱབས་སུ་སོང་བས་སྡུག་བསྔལ་ལས་གྲོལ་ལོ། །དེ་ནས་བདུད་ཡི་མུག་སྟེ་རང་གི་གནས་སུ་སོང་ངོ༌། །དེ་དག་ཀྱང་རྡོ་རྗེ་གདན་གྱི་ས་མནན་པར་བསྡུར་རུང་བ་ཡིན་ནོ། །དེ་ནས་བདུན་ཕྲག་ལྔ་པ་ལ་ཀླུའི་རྒྱལ་པོ་བཏང་བཟུང་ཅན་དུ་གཤེགས་སོ། །དེའི་ཚེ་རླུང་ཆེན་པོ་ལངས་པས་ཀླུ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་ལུས་ལ་བཀབ་བོ། །དེ་ནས་བདུན་ཕྲག་དྲུག་པ་ལ་ཤིང་ནྱ་གྲོ་དྷ་སྐྱེས་ཀྱི་དྲུང་དུ་གཤེགས་སོ། །དེའི་ཚེ་ཀུན་དུ་རྒྱུས་དྲིས་པ། འཇིག་རྟེན་ན་གང་ཞིག་བདེ། བཀའ་སྩལ་པ། ཆོས་ཐོས་མཐོང་ན་བདེ་བ་ཡིན། །ཆོས་ཐོས་པ་ཡང་བདེ་བ་ཡིན། །སྲོག་ཆགས་འབྱུང་པོ་རྣམས་ལ་སྡོམ། །གནོད་པ་མི་བྱེད་འཇིག་རྟེན་བདེ། །སྡིག་པ་རྣམས་ལས་རབ་འདས་པའི། །འདོད་ཆགས་བྲལ་བའི་འཇིག་རྟེན་བདེ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་བདུན་ཕྲག་བདུན་པ་ལ་ཤིང་སྒྲོལ་རྒྱུའི་ཚལ་དུ་བཞུགས་སོ། །དེའི་ཚེ་ཚོང་པ་ག་གོན་དང་བཟང་སྐྱོང་ཞེས་བྱ་བ་ཚོང་ལ་འགྲོའོ། །དེའི་ཚེ་ལམ་གྱི་འདྲེན་པ་ནི་གླང་པོ་ཅང་ཤེས་དང་ལེགས་སྐྱེས་ཞེས་བྱ་བ་གཉིས་ཡོད་དེ། གང་དེ་གཉིས་འགྲོ་བའི་ཕྱོགས་དེར་འཇིགས་པ་མེད་ཅིང་དོན་འགྲུབ་པར་འགྱུར་རོ། །དེ་གཉིས་མི་འགྲོ་བའི་ས་ནི་འཇིགས་པ་དང་བཅས་པའོ། །དེར་གླང་པོ་ཆེ་དེ་གཉིས་ཀྱིས་དེ་བཞིན་གཤེགས་པའི་སྐུ་མཐོང་བ་དང་དེ་གཉིས་ཕྱག་བཙལ་ཏེ་འགྲོར་མ་འདོད་དོ། །ཚོང་པ་རྣམ་རྟོག་སྐྱེས་ཏེ་ཕྱོགས་ཀུན་དུ་བཙལ་བ་ན་ཆོམ་རྐུན་པ་ནི་མེད་ལ། དེ་བཞིན་གཤེགས་པའི་སྐུ་མཐོང་ངོ༌། །མཐོང་ནས་ཀྱང་དད་པར་གྱུར་ནས་ཡོན་གྱི་ཚོགས་རྣམས་ཕུལ་ལོ། །ཡང་ཚོང་བའི་བ་རྣམས་བཞེས་པས་འོ་མ་རྣམས་མར་དུ་བྱུང་ངོ༌། །དེར་བྲམ་ཟེ་རྨ་བྱ་ཞེས་བྱ་བ་ཚངས་པར་སྐྱེས་པའི་ལྷའི་བུས། དེ་ལ་ཞལ་ཟས་ཕུལ་ཅིག་དང༌། །གསོལ་ནས་འཁོར་ལོ་བསྐོར་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨྲས་པས་ཚོང་བས་འོ་མ་རྣམས་ཕུལ་ལོ། །དེའི་ཚེ་རྒྱལ་པོ་ཆེན་པོ་བཞིས་རྡོའི་ལྷུང་བཟེད་བཞི་ཕུལ་ལོ། །དེ་དག་ཀྱང་གཅིག་ཏུ་བྱིན་གྱིས་བརླབས་ཏེ་བཞེས་ནས། ང་ཡི་སྲིད་པར་སྣོད་རྣམས་དང༌། །བཟང་རྒྱས་འབྲས་བུས་བཀང་སྟེ་སྦྱིན། །དེས་ན་ལྷུང་བཟེད་དབྱིབས་ལེགས་བཞི། །རྫུ་འཕྲུལ་ཆེན་པོ་ལྷ་བཞིས་བྱིན། །ཞེས་གསུངས་སོ། །དེར་འོ་མ་གསོལ་ནས་གཞོང་པ་ཐང་ལ་བོར་བ་ལྷས་ཁྱེར་རོ། །དེ་ནས་ཚོང་པ་རྣམས་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། ལྷ་ཡི་བཀྲ་ཤིས་དོན་གྲུབ་ཅིང༌། །ཕྱོགས་རྣམས་བཀྲ་ཤིས་བྱེད་པ་དེས། །ཁྱེད་ཀྱི་དོན་རྣམས་འགྲུབ་གྱུར་ཅིག །ཐམས་ཅད་མྱུར་དུ་མཐུན་པར་ཤོག །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཚོང་པ་རྣམས་བདེ་བར་སོང་ངོ༌། །དེ་ནས་དེ་བཞིན་གཤེགས་པས་དགོངས་པ། བདག་གིས་ཆོས་རྟོགས་པ་ནི་གཞན་གྱིས་རྟོགས་པར་དཀའ་བས་བསྟན་པའི་འོས་མེད་དོ་ཞེས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་འདབ་གནས་པར་བྱའོ་སྙམ། །ཡང་ཚིག་འདི་གསུངས་ཏེ། འཇིག་རྟེན་ཀུན་ལ་སྙིང་རྗེ་མཐའ་ཡས་པ། །གཞན་གྱིས་གསོལ་བ་བཏབ་ལ་ང་མི་སྟོན། །སྐྱེ་བོ་འདི་དག་ཚངས་ལ་དད་པ་སྟེ། །དེ་ཡིས་གསོལ་བ་བཏབ་ན་འཁོར་ལོ་བསྐོར། །ཞེས་གསུངས་ཏེ། འོད་ཕྱུང་བས་ཚངས་པ་གཙུག་ཕུད་ཅན་ལ་རེག་པར་གྱུར་ཏོ། །ཚངས་པས་བལྟས་པ་དང་དེ་བཞིན་གཤེགས་པ་ཐུགས་ལས་ཆུང་ངུ་ལ་གཞོལ་བར་ཤེས་ནས། འཇིག་རྟེན་མ་རུངས་པར་གྱུར་ཏོ་སྙམ་སྟེ། དེ་བཞིན་གཤེགས་པའི་དྲུང་དུ་འོངས་ཏེ་ཕྱག་བཙལ་ནས། ཡེ་ཤེས་ཆེན་པོ་མཆོག་གི་དཀྱིལ་འཁོར་བསྒྲུབས་ནས་ནི། །ཕྱོགས་བཅུ་དག་ཏུ་འོད་ཟེར་རྣམ་པར་འགྱེད་མཛད་དེ། །ཡེ་ཤེས་ཟེར་གྱིས་མི་ཡི་པདྨ་ཁ་འབྱེད་པ། །སྨྲ་བའི་ཉི་མ་དེ་རིང་ཅི་སླད་བཏང་སྙོམས་བཞུགས། །ཞེས་བྱ་བ་ནས་དམ་པ་ཆོས་ཀྱི་རྔ་བོ་ཆེ་ནི་བརྡུང་དུ་གསོལ། །ཞེས་བྱ་བ་ལ་སོགས་པ་དང༌། ལྷ་རྣམས་ཐམས་ཅད་ལྷག་པར་དཔྱད་པ་བགྱིས་ནས་ནི། །བདག་ནི་ཆོས་རྒྱལ་ཁྱེད་ལ་གསོལ་བ་འདེབས་པ་ལགས། །བསོད་ནམས་འདི་ཡིས་བདག་ཀྱང་རབ་ཏུ་མྱུར་བར་ནི། །ཆོས་ཀྱི་འཁོར་ལོ་དམ་པ་རབ་ཏུ་བསྐོར་གྱུར་ཅིག །ཅེས་བྱ་བ་ལ་སོགས་པས་གསོལ་བ་བཏབ་པས་ཅང་མི་གསུང་བར་གནང་ངོ༌། །ཡང་ཆོས་ལ་གུས་པ་བསྐྱེད་པའི་ཕྱིར་ཡང་དང་ཡང་དུ་གསོལ་བ་བཏབ་པའི་དོན་དུ་ཐུགས་ལས་ཆུང་ངུ་ལས་གཞོལ་བར་མཛད་དོ། །དེ་ཚངས་པས་ཤེས་ཏེ་ཀོའུ་ཤི་ཀ་སྦྲན་ཏེ་འོངས་སོ། །དེར་ཀོའུ་ཤི་ཀས་གསོལ་བ། ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། །ཐུབ་པ་ཁྱོད་ཀྱི་ཐུགས་ནི་ཤིན་ཏུ་རྣམ་པར་དག །གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་ཕྱུང་གསོལ། །ཞེས་བྱ་བ་ལ་སོགས་པས་གསོལ་བ་བཏབ་བོ། །ཡང་ཚངས་པས། ཀུན་དུ་འཚལ་བར་འགྱུར་བར་མཆིས་ལགས་ཀྱི། །ཐེག་པ་ཆེན་པོ་ཁྱོད་ཀྱིས་བསྟན་དུ་གསོལ། །ཞེས་བྱ་བ་ལ་སོགས་པ་དང༌། བཀའ་སྩལ་པ། སྐྱེ་དགུ་འདོད་པ་རྣམས་ཀྱིས་བཅིངས། །རྒྱུན་གྱིས་རབ་ཏུ་བསྡམས་པ་ཡིན། །ངས་ནི་ཚིགས་ཆེན་པོ་ཡིས་རྙེད། །དེ་ལྟ་བས་ན་བསྟན་མི་ཕན། །ཞེས་གསུངས་པ་དང༌། དེ་དག་ཡིད་མི་དགའ་སྟེ་མི་སྣང་བར་གྱུར་ཏོ། །དེ་བཞིན་གཤེགས་པ་ནི་ཐུགས་ལས་ཆུང་ངུ་ལས་གཞོལ་བར་གྱུར་ཏོ། །ཡང་དེའི་ཚེ་མ་ག་དྷཱ་ན་ལྟ་བ་ངན་པ་སྣ་ཚོགས་ཀྱི་ཆོས་ཡོད་དེ། དེ་དག་ལ་སྙིང་བརྩེ་བས་ཡང་ཚངས་པས་ནམ་ཕྱེད་ན། དེ་བཞིན་གཤེགས་པའི་དྲུང་དུ་འོངས་ཏེ་གསོལ་བ། མ་ག་དྷཱ་ཡི་ས་འདིར་སྔོན་ཆད་ཆོས། །མ་དག་དྲི་མ་རྗེས་སུ་འབྲེལ་པ་བྱུང༌། །དེ་སླད་ཐུབ་པ་བདུད་རྩིའི་སྒོ་དབྱེ་གསོལ། །དྲི་མེད་སངས་རྒྱས་ཆོས་ནི་ཉན་ཅིང་མཆིས། །ཞེས་བྱ་བ་ལ་སོགས་པས་གསོལ་བ་བཏབ་བོ། །དེ་ནས་དེ་བཞིན་གཤེགས་པས་འཇིག་རྟེན་ལ་གཟིགས་ནས། ལོག་པར་ངེས་པ་དང༌། ཡང་དག་པར་ངེས་པ་དང༌། མ་ངེས་པ་གསུམ་དུ་གནས་ལ། དེ་ལས་མ་ངེས་པ་ལ་གཟིགས་ཏེ། ཚངས་པ་མ་ག་དྷཱའི་སེམས་ཅན་གང་སུ་དག །སྐལ་བར་ལྡན་ཞིང་རིགས་དང་ལྡན་གྱུར་པ། །མི་ཚེ་འདུ་ཤེས་རྟག་ཏུ་ཆོས་ཉན་པ། །དེ་དག་ལ་ནི་བདུད་རྩིའི་སྒོ་དབྱེའོ། །ཞེས་གནང་བ་བྱིན་ནོ། །དེས་རངས་པར་གྱུར་ཏེ་ལྷའི་གནས་རྣམས་སུ་སྒྲ་བསྒྲགས་སོ། །དེ་ནས་བྱང་ཆུབ་ཀྱི་ཤིང་གི་ལྷ་བཞིས་གསོལ་བ། བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་གང་དུ་བསྐོར། བཀའ་སྩལ་པ། བཱ་རཱ་ཎ་སཱིར་རོ། །དེ་ཅིའི་སླད་དུ་ཞེ་ན། བཱ་རཱ་ཎ་སཱི་དེ་ནི་སྔོན་གྱི་དྲང་སྲོང་རྣམས་ཀྱི་གནས། །ས་དེ་ལྷ་དང་ཀླུ་ཡིས་མངོན་བསྟོད་རྟག་ཏུ་ཆོས་ནི་མངོན་པར་གཞོལ། །ངས་ནི་སྔོན་ཆད་སངས་རྒྱས་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་གཅིག་དྲན། །དེ་དག་དྲང་སྲོང་ཞེས་བྱ་གནས་མཆོག་དམ་པ་དེར་ནི་འཁོར་ལོ་བསྐོར། །དེ་ནས་གང་ལ་ཆོས་བསྟན་དགོངས་པ་དང༌། རངས་བྱེད་ཀྱི་བུ་ལྷག་སྤྱོད་ནི་དབང་པོ་རྣོ་བ་དེ་ལ་གཟིགས་པ་དང་ཤི་ནས་ཞག་བདུན་ནོ། །དེ་ནས་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་ལ་གཟིགས་ནས་དེ་ཤི་ནས་ཞག་གསུམ་ལོན་ནོ། །དེ་ནས་ལྔ་སྡེ་ལ་གཟིགས་ནས་དེ་དག་སྔོན་གྱི་སྨོན་ལམ་ཅན་སྐལ་བ་དང་ལྡན་པ་བཱ་རཱ་ཎ་སཱི་ན་ཡོད་པར་གཟིགས་ནས་གཤེགས་པར་དགོངས་སོ། །མ་ག་དྷཱར་བཞུགས་པའོ། །དེ་ནས་ལྗོངས་རྒྱུ་ཞིང་གྲོང་ཁྱེར་གསལ་ལྡན་དུ་གཤེགས་སོ། །དེ་ནས་རི་ག་ཡའི་མགོར་གཤེགས་པའི་ཚེ། རི་ག་ཡ་བྱང་ཆུབ་ཀྱི་སྙིང་པོ་ན་ཀུན་དུ་འཚོ་བ་ཞིག་གིས་རྒྱང་ནས་དེ་བཞིན་གཤེགས་པ་མཐོང་སྟེ་དྲུང་དུ་ཕྱིན་ནས། དགེ་སྦྱོང་ཁྱོད་ནི་དབང་པོ་གསལ་ལོ། །བཞིན་ནི་རབ་ཏུ་དྭངས་པ་ལ་སོགས་པའི་གཏམ་བྱས་ནས། ཁྱེད་སུ་ལ་ཚངས་པར་སྤྱོད་ཅེས་དྲིས་པ་དང༌། བཀའ་སྩལ་པ། ང་ལ་སློབ་དཔོན་གང་ཡང་མེད། །ང་དང་འདྲ་བ་ཡོད་མ་ཡིན། །ང་ནི་གཅིག་ཏུ་རྫོགས་སངས་རྒྱས། །བསིལ་བར་གྱུར་པ་ཟག་མེད་ཡིན། །དེས་སྨྲས་པ། ཁས་འཆེའམ། ང་ནི་འཇིག་རྟེན་དགྲ་བཅོམ་པ། །ང་ནི་སྟོན་པ་བླ་ན་མེད། །ལྷ་དང་ལྷ་མིན་དྲི་ཟར་བཅས། །ང་ནི་དཔེ་ཟླ་གང་ཡང་མེད། །ངེས་པར་ཁས་འཆེ་འམ། གང་དག་ཟག་པ་ཟད་བརྙེས་པ། །ང་འདྲ་རྒྱལ་བར་ཤེས་པར་བྱ། །ང་ནི་སྡིག་པའི་ཆོས་ལས་རྒྱལ། །དེ་བས་ཉེར་འགྲོ་ང་རྒྱལ་ཡིན། །དེ་ཡན་ཆད་ནི་མ་ག་དྷཱའི་བྱང་ཆུབ་ཤིང་དྲུང་དུའོ། །གང་དུ་བཞུད་ཞུས་པ་ལ། ང་ནི་བཱ་རཱ་ཎ་སཱིར་འགྲོ། །གྲོང་ཁྱེར་གསལ་ལྡན་སོང་ནས་ནི། །ལོང་བ་ལྟ་བུའི་སེམས་ཅན་ལ། །མཚུངས་པ་མེད་པའི་འོད་བྱའོ། །འོན་པ་ལྟ་བུའི་སེམས་ཅན་ལ། །བདུད་རྩིའི་རྔ་ཆེན་བརྡུང་བར་བྱ། །འཇིག་རྟེན་དུ་ནི་མ་བསྐོར་བའི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ། །ཞེས་གསུངས་པ་དང༌། དེས་དེ་བཞིན་དུ་གྱུར་ཅིག་ཅེས་ནས་ལྷོ་ཕྱོགས་སུ་སོང་ངོ༌། །དེ་བཞིན་གཤེགས་པ་ནི་བྱང་དུ་གཤེགས་སོ། །དེ་ནས་རི་ག་ཡར་ཀླུ་རྒྱལ་ཤིན་ཏུ་བལྟ་མཛེས་ཀྱིས་བཤོས་དྲངས་སོ། །དེ་ནས་ལྟེང་རྒྱས་སུ། དེ་ནས་ཙ་ན་ལར། དེ་ནས་ཁ་ལོ་བསྒྱུར་དུ་གཤེགས་ཏེ། དེ་དག་ཏུ་ཁྱིམ་བདག་རྣམས་ཀྱིས་བཤོས་དྲངས་སོ། །དེ་ནས་གངྒཱའི་འགྲམ་དུ་གཤེགས་སོ། །དེར་གྲུ་པ་ལ་སྒྲོལ་གསུངས་པས། གྲུ་བཙས་བསླངས་སོ། །གྲུ་བཙས་མེད་དོ་ཞེས་གསུངས་ནས་ནམ་མཁའ་ལ་གཤེགས་སོ། །དེར་གྲུ་པ་འགྱོད་པ་སྐྱེས་ནས་རྒྱལ་པོ་ལ་བསྙད་པས། རྒྱལ་པོ་གཟུགས་ཅན་སྙིང་པོས་བཙུན་པ་ལ་གྲུ་བཙས་མེད་པར་བྱས་སོ། །དེ་ནས་འཁོར་མོ་འཇིག་ཏུ་གཤེགས་སོ། །དེར་ལྔ་སྡེས་རྒྱ་རིང་པོ་ནས་འབྱོན་པ་མཐོང་ནས་བཅའ་བ་བྱས་སོ། །ལྷོད་པ་མང་དུ་ཟ་བ་དེ་བྱུང་གིས་འདི་ལ་སྡུན་ལྡང་དང་ཕྱག་ཀྱང་མི་བྱའོ། སྟན་ལྷག་པ་ཡོད་པས་ཁོ་རང་སྡོད་ན་སྡོད་དུ་བས་སོ་ཞེས་བྱས་ཏེ། ཀུན་ཤེས་ཀོཎྜི་ཎྱ་ནི་ཡིད་ལ་བཅའ་བ་མ་བྱས་པས་མ་གཏོགས་སོ། །དེ་ནས་དེ་བཞིན་གཤེགས་པ་བྱོན་པའི་མཐུས་བཅའ་བ་རྣམས་རང་ཞིག་པར་གྱུར་ཏོ། །དེ་ནས་དེ་དག་གིས་གསོལ་པ། ཚེ་དང་ལྡན་པ་བྱོན་པ་ལེགས་སོ། །གདན་ལ་བཞུགས་སུ་གསོལ་ཞེས་གསོལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་གདན་ལ་བཞུགས་སོ། །གཏམ་མང་པོ་ཡང་མཛད་དོ། །ཡང་ལྔ་སྡེས་གསོལ་པ། ཚེ་དང་ལྡན་པ་གོའུ་ཏ་མ། དབང་པོ་རྣམས་ནི་རབ་ཏུ་གསལ་ལོ། །པགས་པའི་མདོག་ནི་ལེགས་ན། ཁྱོད་ལ་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ་འཕགས་པའི་ཡེ་ཤེས་མཐོང་བའི་ཁྱད་པར་ཅུང་ཟད་མངོན་དུ་མཛད་པ་ལྟ་མངའ་འམ། དེ་བཞིན་གཤེགས་པས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་ཞེས་མ་བརྗོད་ཅིག ཁྱེད་ལ་ཡུན་རིང་པོར་མི་ཕན་པ་དང་གནོད་པར་འགྱུར་ཏ་རེ། དགེ་སློང་དག་ངས་ནི་བདུད་རྩི་དང་འཆི་བ་མེད་པའི་ལམ་མངོན་དུ་བྱས་སོ། །དགེ་སློང་དག་ང་ནི་སངས་རྒྱས་སོ། །ཀུན་མཁྱེན་པའོ། །དགྲ་བཅོམ་པའོ། །དགེ་སློང་དག་ངས་ཁྱེད་ལ་ཆོས་བཤད་ཀྱི་ཚུར་ཤོག་ཉོན་ཅིག རྣ་བ་བློགས་ཤིག ང་ལ་མཉན་ན་ཁྱོད་ཀྱང་ཟག་པ་ཟད་དོ། །དགེ་སློང་དག་ཁྱེད་དགེ་སློང་གོའུ་ཏ་མ་ལྷོད་པ་མང་དུ་ཟ་བ་ཞེས་མ་བརྗོད་ཅིག ཚུར་ཤོག་ཅེས་གསུངས་པ་དང༌། དེ་དག་མུ་སྟེགས་ཀྱི་རྟགས་དང་ཆ་ལུགས་མི་སྣང་བར་གྱུར་ཏོ། །དགེ་སློང་གི་དངོས་པོ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུར་གྱུར་ཏེ། དེ་དག་གིས་ཉེས་པ་ཡང་བཤགས་ཏེ་གུས་པ་ཡང་བསྐྱེད་དོ། །དེ་ནས་སྔོན་གྱི་སངས་རྒྱས་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་གང་དུ་བསྐོར་ཞེས་དགོངས་པ་དང༌། ས་ཕྱོགས་དེར་ཁྲི་སྟོང་བྱུང་བར་གྱུར་ཏོ། །དེར་ཁྲི་སྔ་མ་གསུམ་ལ་བསྐོར་བ་བྱས་ཏེ་བཞི་པ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །ཡང་སྨིན་མཚམས་ནས་འོད་བཀྱེ་སྟེ། དེས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱས་ཏེ། དེ་ལས་སྒྲ་ཡང་འབྱུང་བ་དེ་ནི་ཐུགས་དམ་བརྟན་པ་སྟེ། བཱ་རཱ་ཎ་སཱིའི་རི་དྭགས་ནགས། །གཤེགས་ཏེ་འཁོར་ལོ་བླ་ན་མེད། །ཤིན་ཏུ་རྨད་བྱུང་དཔལ་ལྡན་བསྐོར། །ཞེས་བྱ་བ་ལ་སོགས་པའི་སྒྲ་གྲགས་པས་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་དུ་མ་དང་ལྷ་དཔག་ཏུ་མེད་པའི་འཁོར་རྣམས་འདུས་པར་གྱུར་ཏོ། །དེ་ནས་ཐམས་ཅད་ཀྱིས་ཆོས་ཀྱི་དུང་འབུད་དུ་གསོལ་ཞེས་བྱ་བ་ལ་སོགས་པས་གསོལ་བ་བཏབ་བོ། །ས་བླའི་ལྷ་རྣམས་ཀྱིས་ཆོས་ཀྱི་ཁྱམས་ཀྱང་སྤྲུལ་པར་གྱུར་རོ། །ཡང་དེར་བྱང་ཆུབ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བ་དེས། སྔོན་བྲམ་ཟེའི་ཁྱེའུ་སྤྲིན་མར་མེ་མཛད་ཀྱིས་ལུང་བསྟན་པ་དེའི་ཚེ་ས་འདིར་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ་ཞེས་སྨོན་ལམ་བཏབ་པས། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས། ཕྱོགས་གང་དག་ནས་སེམས་ཅན་གང་དག་འདིར་ལྷགས་པ། །དེ་དག་འཇུག་པ་བགྲང་བར་ནུས་པ་མ་ལགས་ཏེ། །བཏུད་ཅིང་ཐལ་མོ་སྦྱར་ནས་ཞབས་གཉིས་ལ་ནི་གཏུགས་ནས་སུ། །ཆོས་ཀྱི་འཁོར་ལོ་བསྐོར་ཕྱིར་ཤཱཀྱའི་རིགས་ལ་དགྱེས་པར་བསྐུལ། །   རྗེས་མ།  >>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*