དཔལ་ཀྱཻ་རྡོ་རྗེའི་རྩ་བའི་རྒྱུད་བརྟག་པ་གཉིས་པའི་བསྡུས་དོན།

༼ག༽

༄༅། །དཔལ་ཀྱེའི་རྡོ་རྗེའི་རྩ་བའི་རྒྱུད་བརྟག་པ་གཉིས་པའི་བསྡུས་དོན་བཞུགས་སོ།།

༄༅། །དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ཀྱེའི་རྡོ་རྗེ་བརྟག་པ་གཉིས་ཀྱི་བདག་ཉིད་ཅན་གྱི་རྒྱུད་ཀྱི་རྒྱལ་པོ་འདི་ལ་བསྡུས་པའི་དོན་གཉིས་ཏེ། གླེང་གཞི་ཕུན་སུམ་ཚོགས་པའི་ཚུལ་གྱིས་རྒྱུད་ཀྱི་ལུས་རྣམ་པར་གཞག་པ་དང༌། གང་བཤད་པའི་ཆོས་ཕུན་སུམ་ཚོགས་པའི་ཚུལ་གྱིས་རྒྱུད་ཀྱི་ཡན་ལག་རྒྱས་པར་དབྱེ་བའོ། །འདི་ལ་གཉིས་ཏེ། མངོན་པར་རྟོགས་པའི་རིམ་པའི་དབང་དུ་བྱས་ནས་བརྟག་པ་དང་པོ་རྩ་བའི་རྒྱུད་ཀྱི་ཚུལ་དུ་བསྟན་པ་དང༌། བརྟག་པ་དང་པོ་དང་བརྟག་པ་གཉིས་པ་ཉིད་ཀྱིའང་སྔ་མ་སྔ་མའི་དོན་མི་གསལ་བ་གསལ་བར་བྱེད་པ་དང༌། མ་ཚང་བ་ཁ་བསྐང་བའི་ཕྱིར་བརྟག་པ་གཉིས་པ་རྒྱུད་ཕྱི་མའི་ཚུལ་དུ་བཤད་པའོ། །དང་པོ་ལ་གསུམ་སྟེ། ཐོག་མར་གང་ལ་དམིགས་ཏེ་བསྒྲུབས་པའི་འབྲས་བུ་བསྟན་པ་དང༌། དེའི་འོག་ཏུ་དེ་ཐོབ་པར་བྱེད་པའི་གྲོལ་བྱེད་ཀྱི་ཐབས་བསྟན་པ་དང༌། གྲོལ་བྱེད་ཀྱི་ཐབས་ཉམས་སུ་ལེན་པའི་གང་ཟག་གི་མཚན་ཉིད་སྨིན་བྱེད་ཀྱི་ཐབས་དང་བཅས་པ་བསྟན་པའོ། །དང་པོ་ལ་གསུམ་སྟེ། སྟོན་པ་དང་འཁོར་གྱི་གླེང་བསླང་བ་ཤུགས་ལས་བསྟན་པ་དང༌། འབྲས་བུའི་རྒྱུད་ཞུས་པ་ལ་གཏང་རག་བྱིན་ཏེ་མཚན་གྱི་རྣམ་གྲངས་བསྟན་པའི་སྒོ་ནས་མཉན་པར་གདམས་པ་དང༌། མཚན་གྱི་ངེས་པའི་ཚིག་ལ་ཞུས་པ་དང་ལན་བསྟན་པའོ། །འདི་ལ་གཉིས་ཏེ། ཐུན་མོང་གི་ཧེ་རུ་ཀ་གསུམ་གྱི་ངེས་ཚིག་བསྟན་པ་དང་ཐུན་མོང་མ་ཡིན་པའི་ཧེ་རུ་ཀ་བཞི་པའི་ངེས་ཚིག་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཞུས་པ་དང་དེའི་ལན་བསྟན་པའོ། །ཧེ་རུ་ཀ་བཞི་པ་ལའང་གཉིས་ཏེ། ཞུས་པ་དང༌། ལན་བསྟན་པའོ། །གཉིས་པ་དེ་ཐོབ་པར་བྱེད་པའི་གྲོལ་བྱེད་ཐབས་ཀྱི་རྒྱུད་ལ་གཉིས་ཏེ། འབྲས་བུ་དེ་ལྟ་བུ་ཐོབ་པར་བྱེད་པའི་ཐབས་ཀྱི་རྒྱུད་བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །འདི་ལ་བཞི་སྟེ། ཐབས་ཀྱི་རྒྱུད་ཀྱི་ལུས་རྣམ་པར་གཞག་པ་དང༌། ཐབས་དང་པོར་བསྟན་པའི་འཐད་པ། ཐབས་དེས་མི་འཆིང་ཞིང་གྲོལ་བར་འགྱུར་བ་རྒྱུར་བསྟན་པ་དང༌། ཐབས་ཀྱི་རྒྱུད་ཀྱི་ཡན་ལག་རྒྱས་པར་དབྱེ་བའོ། །འདི་ལ་གཉིས་ཏེ། ཐབས་དངོས་དང༌། དེའི་རྣམ་པར་དག་པའོ། །ཡང་ན་ཡན་ལག་རྒྱས་པར་དབྱེ་བ་ལ་གཉིས་ཏེ། ཐབས་ལ་གནས་པའི་དུས་སུ་ཇི་ལྟར་མོས་པའི་དབང་དུ་བྱས་ནས་ལྷན་ཅིག་ཀྱི་ཡེ་ཤེས་རྟོགས་པའི་ལྟ་བ་དང༌། དེ་ལྟར་མོས་པར་བྱས་ནས་གནས་པར་བྱ་བའི་ཐབས་ཀྱི་རྒྱུད་དངོས་བསྟན་པའོ། །སྔ་མ་ལ་གཉིས་ཏེ། དོན་དངོས་དང༌། ལེའུའི་མིང་ངོ༌། །དང་པོ་ལ་གཉིས་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་དངོས་དང༌། དེའི་རྟེན་གྱི་སྒོ་ནས་རབ་ཏུ་དབྱེ་བའོ། །འདི་ལ་གཉིས་ཏེ། རྟེན་དང་ཐབས་སོ། །དང་པོ་ལ་བཞི་སྟེ། རྩ་ལུས་ཀྱི་དཀྱིལ་འཁོར་བྱང་ཆུབ་ཀྱི་སེམས་དང་བཅས་པ། སྡོམ་པའི་དབྱེ་བ་ཡི་གེ་བྷ་གའི་དཀྱིལ་འཁོར་བྱང་ཆུབ་ཀྱི་སེམས་དང་བཅས་པ། ཁམས་བདུད་རྩིའི་དཀྱིལ་འཁོར་ཡི་གེ་དང་བཅས་པ། སྙིང་པོ་ཡེ་ཤེས་རླུང་ངོ༌། །དང་པོ་ལ་གཉིས་ཏེ། ཞུས་པ་དང༌། དེའི་ལན་ནོ། །འདི་ལ་བཞི། རྩའི་གཙོ་མོ་སུམ་ཅུ་རྩ་གཉིས་ཀྱི་ལས་བསྟན་པ་དང༌། དེ་རྣམས་ཀྱི་ནང་ནས་ཀྱང་གཙོ་མོ་གསུམ་དུ་བསྟན་པ་དང༌། སུམ་ཅུ་རྩ་གཉིས་ཀྱི་མིང་བསྟན་པ་དང༌། རྩ་རྣམས་ཀྱི་སྤྱིའི་མཚན་ཉིད་བསྟན་པའོ། །གཉིས་པ་ལ་གསུམ་སྟེ། གཙོ་མོ་གསུམ་གྱི་མིང་དང༌། གཙོ་མོ་གསུམ་གྱི་དོན་དམ་པའི་ལས་དང༌། ཀུན་རྫོབ་ཀྱི་ལས་བསྟན་པའོ། །སྤྱིའི་མཚན་ཉིད་ལ་གཉིས་ཏེ། ཞུས་པ་དང༌། ལན་གདབ་པའོ། །འདི་ལ་གསུམ་སྟེ། རང་བཞིན་སྤྱིར་བསྟན་པ་དང༌། དོན་དམ་པའི་ཤེས་རབ་ཀྱི་རང་བཞིན་བསྟན་པ་དང༌། ཀུན་རྫོབ་ཀྱི་ལས་ཀྱི་ཐབས་དངོས་པོའི་རང་བཞིན་དུ་བསྟན་པའོ། །སྡོམ་པའི་རབ་ཏུ་དབྱེ་བ་ཡི་གེ་བྷ་ག་དང་བཅས་པ་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། གནས་གང་དུ་སྡོམ་པའོ། །གཉིས་པ་ལ་གསུམ་སྟེ། རྩ་གཉིས་ཀྱི་རྣམ་པར་གཞག་པ་དང༌། རྩ་དང་འཁོར་ལོ་གསུམ་གྱི་རྣམ་པར་གཞག་པ་དང༌། འཁོར་ལོ་བཞིའི་རྣམ་པར་གཞག་པའོ། །འདི་ལ་བདུན། ཡི་གེ་དང༌། ལྷ་མོའི་རྣམ་པར་གཞག་པ་དང༌། འཁོར་ལོ་དང་རྩ་འདབ་ཀྱི་གྲངས་སྐད་ཅིག་མ་བཞི། དེ་ཁོ་ན་ཉིད་བཞིར་གཞག དགའ་བ་བཞིར་གཞག བདེན་པ་བཞིར་གཞག སྡེ་པ་བཞིར་གཞག་པའོ། །ལེའུ་དང་པོའོ།།  །།དེ་ལྟར་མོས་པར་བྱས་ནས་གནས་པར་བྱ་བའི་ཐབས་ཀྱི་རྒྱུད་དངོས་ལ་གཉིས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མཐའ་དག་གི་ཐབས་བསྟན་པ་དང༌། གཙོ་བོར་མཆོག་གི་དངོས་གྲུབ་ཀྱི་ཐབས་བསྟན་པའོ། །སྔ་མ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། ལེའུའི་མིང་ངོ༌། །དང་པོ་ལ་དགུ་སྟེ། གཏོར་མ་དང་འབྲེལ་བའི་སྔགས་བསྟན་པ་དང༌། དེ་བཞིན་གཤེགས་པའི་ས་བོན་དང་བཟླས་པ་དང་འབྲེལ་པ་དང༌། ཧེ་བཛྲའི་བཟླས་པ་དང་འབྲེལ་པ་དང༌། ཡིག་འབྲུ་ལྔ་ཁྱད་པར་དུ་མ་བྱས་པ་རྣམས་བྱས་པར་བསྟན་པ་དང༌། གྲོང་ཁྱེར་དཀྲུགས་པའི་ལས་ཀྱི་ཚོགས་དང་འབྲེལ་པ་དང༌། རྣལ་འབྱོར་མའི་ས་བོན་དང་བཟླས་པ་དང་འབྲེལ་པ་དང༌། ཧེ་རུ་ཀ་གསུམ་གྱི་བཟླས་པ་དང་འབྲེལ་པ་དང༌། མངོན་རྟོགས་དང་རབ་གནས་དང་དམ་ཚིག་དང་སྦྱིན་སྲེག་སྟེ་བཞི་དང་འབྲེལ་པའི་སྔགས་དང༌། ལས་ཀྱི་ཚོགས་དང་འབྲེལ་པའི་སྔགས་སོ། །འདི་ལ་བཅུ་གཉིས་སོ། །རེངས་པ་ལ་སོགས་པའི་ལས་བརྒྱད་ཀྱི་སྔགས་བསྟན་པ་དང༌། ཆར་དབབ་པའི་ལས་དང༌། ཆར་གཅད་པ་དང༌། རྡོ་རྗེ་གྲི་གུག་གི་ཆོ་ག་དང༌། ལྷ་དགས་པ་དང༌། རིམས་ཀྱིས་གདབ་པ་དང༌། ཆང་སྐྱུག་པ་དང༌། མྱོས་མ་དབང་དུ་བྱ་བ་དང༌། ཉི་ཟླ་གཟུང་བ་དང༌། རྐུན་པོ་ངོས་གཟུང་བ་དང༌། གླང་པོ་ལ་སོགས་པ་འབྲོས་པའི་སྔགས་དང༌། ཕྱག་རྒྱ་དང་དྲག་པོའི་སྔགས་བདུན་གྱི་ལྷའི་རྣལ་འབྱོར་བསྟན་པའོ། །ལེའུ་གཉིས་པའོ།།  །།གཙོ་བོར་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པའི་ཐབས་ལ་བཞི་སྟེ། ཐོག་མར་རིམ་པ་གཉིས་ལ་གནས་པར་བྱ་བ་དང༌། དེས་དྲོད་ཐོབ་པས་རང་གི་སེམས་ཀྱི་བརྟན་གཡོ་བརྟག་པ་ལ་སོགས་པའི་དོན་དུ་སྤྱོད་པ་དང༌། སྤྱོད་པ་ལ་གནས་པ་དེས་གྲོགས་ཤེས་པ་ལ་སོགས་པའི་ཕྱིར་བརྡ་ལ་སོགས་པ་དང༌། རྣལ་འབྱོར་མ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དོན་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། རྟེན་བསྐྱེད་པའི་རིམ་པ་བསྒོམ་པ་དང༌། དེ་ལ་བརྟེན་ཏེ་རྫོགས་པའི་རིམ་པ་བསྒོམ་པའོ། །སྔ་མ་ལ་གཉིས་ཏེ། ལྷ་བསྐྱེད་པ་དང༌། དེ་ལ་དབང་བསྐུར་བའོ། །དང་པོ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། ལེའུའི་མིང་ངོ༌། །དོན་དངོས་ལ་གཉིས་ཏེ། ཧེ་རུ་ཀ་གསུམ་བསྐྱེད་པའི་ཐུན་མོང་གི་ཆོ་ག་དང༌། སོ་སོའི་ཆོ་གའོ། །དང་པོ་ལ་མངོན་པར་རྟོགས་པ་བསྡུས་པ་དང༌། འབྲིང་པོ་དང༌། རྒྱས་པའོ། །དང་པོ་ལ་གཉིས། ཚད་མེད་བཞི་བསྒོམ་པ་དང༌། ཡན་ལག་བཞིའི་རྣལ་འབྱོར་རོ། །འབྲིང་པོ་ལ་ལྔ། སྲུང་བའི་འཁོར་ལོ་རྒྱས་པར་བཤད་པ་དང༌། གདན་བསྒོམ་པ་དགོས་པ་དང་བཅས་པ་དང༌། དེར་ལྷ་བསྒོམ་པ་བསྟན་པ་དང༌། རང་གི་སེམས་བྱིན་གྱིས་བརླབ་པ་དང༌། ས་བོན་དང་ཕྱག་མཚན་གྱུར་པ་ལས་སྐུ་བསྐྱེད་པ་བསྟན་པའོ། །རྒྱས་པ་ལ་གསུམ་སྟེ། ཚོགས་ཀྱི་ཞིང་སྤྱན་དྲངས་ཏེ་མཆོད་པ་དང༌། མངོན་པར་བྱང་ཆུབ་པ་ལྔ་ལས་བསྐྱེད་པ་དང༌། འཁོར་གྱི་ལྷ་མོ་དབྱུང་བ་ཡེ་ཤེས་པ་གཞུག་པ་དང་བཅས་པའོ། །སོ་སོའི་ཆོ་ག་ལ་གསུམ་སྟེ། སྐུ་རྡོ་རྗེ་ཕྱག་གཉིས་པར་བསྐྱེད་པ་དང༌། གསུང་རྡོ་རྗེ་ཕྱག་བཞི་པ་དང༌། ཐུགས་རྡོ་རྗེ་ཕྱག་དྲུག་པ་བསྐྱེད་པའོ། །སྔ་མ་ལ་གཉིས་ཏེ། སྐུ་མདོག་ལ་སོགས་པ་དང༌། འཁོར་གྱི་ལྷ་མོ་དང༌། བཞུགས་གནས་ཀྱི་ཁྱད་པར་བསྟན་པའོ། །ལེའུ་གསུམ་པའོ།།  །།དེ་ནས་དབང་བསྐུར་བ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། ལེའུའི་མིང་ངོ༌། །དོན་དངོས་ལ་དྲུག་སྟེ། དབང་བསྐུར་གྱི་ལྷ་སྤྱན་དྲངས་ཏེ་གསོལ་བ་གདབ་པ་དང༌། དབང་བསྐུར་བ་དངོས་དང༌། རིགས་ཀྱི་བདག་པོའི་རྒྱས་གདབ་པ་དང༌། དེས་ཡན་ལག་རྫོགས་པར་བསྟན་པ་དང༌། ཐུན་གྱི་གྲངས་དང༌། སྤྱོད་ལམ་གྱི་རྣལ་འབྱོར་བསྟན་པའོ། །ལེའུ་བཞི་པའོ།།  །།རྫོགས་པའི་རིམ་པ་བསྒོམ་པ་དེ་ཁོ་ན་ཉིད་ཀྱི་ལེའུ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། ལེའུའི་མིང་ངོ༌། །གཉིས་པ་ལ་གསུམ་སྟེ། དེ་ཁོ་ན་ཉིད་དང༌། དེ་རྟོགས་པར་བྱེད་པའི་ཐབས་དང༌། དེ་ཁོ་ན་རྟོགས་པའི་ཕན་ཡོན་ནོ། །གཉིས་པ་ལ་བཞི་སྟེ། ཐབས་ཀྱི་ངོ་བོ་ཉིད་རྣམ་པར་གཞག་པའི་སྒོ་ནས་གང་དག་ཇི་ལྟར་བསྟེན་པའི་ཚུལ་དང༌། དེ་གསང་སྟེ་བསྟེན་པར་བསྟན་པ་དང༌། བསྟེན་པའི་འཐད་པ་དང༌། ཐབས་ལ་སོགས་པ་དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་རྣམ་པར་གཞག་པ་མི་འགལ་བར་བསྟན་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །བསྟན་པའི་འཐད་པ་ལ་གཉིས་ཏེ། འཐད་པ་དངོས་ཀྱི་ཚུལ་གྱིས་མདོ་བསྟན་པ་དང༌། རྒྱས་པར་བཤད་པའོ། །འདི་ལ་བཞི་སྟེ། ཕྱག་རྒྱའི་ངེས་པའི་ཚིག་དང༌། གང་ཞིག་གང་གི་ཕྱག་རྒྱ་དང་རིགས་ཡིན་པར་བསྟན་པ་དང༌། རིགས་ཀྱི་དབྱེ་བ་རྒྱས་པ་དང་བསྡུས་པ་དང༌། གང་དག་ཇི་ལྟར་རིགས་སུ་འགྱུར་བར་བསྟན་པའོ། །སྔ་མ་ལ་གཉིས་ཏེ། རིགས་ཀྱི་བདག་པོའི་རབ་ཏུ་དབྱེ་བ་དང༌། དེའི་ཕྱག་རྒྱ་སོ་སོར་གཞག་པའོ། །དེ་བཞིན་གཤེགས་པའི་རིགས་སུ་བསྡུ་བ་ལ་གཉིས་ཏེ། བསྡུས་པ་དངོས་དང་ངེས་པའི་ཚིག་གོ །དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་གཞག་པ་མི་འགལ་བ་ལ་གཉིས་ཏེ། དོན་དམ་པར་མེད་པ་དང༌། ཀུན་རྫོབ་ཏུ་ཡོད་པའོ། །འདི་ལ་གཉིས་ཏེ། རིགས་ཀྱི་བདག་པོ་རྣམ་པར་གཞག་པ་དང༌། དེའི་རིགས་རྣམ་པར་གཞག་པའོ། །དང་པོ་ལ་གསུམ། སངས་རྒྱས་ལྔར་གཞག་པ་དང༌། ལྷར་གཞག་པ་དང༌། བཅོམ་ལྡན་འདས་སུ་གཞག་པའོ། །དང་པོ་ལ་གཉིས་ཏེ། མཚན་གྱི་རྣམ་གྲངས་དང༌། དེའི་ངེས་པའི་ཚིག་གོ །དེའི་རིགས་གཞག་པ་ལ་གཉིས་ཏེ། མ་སྲིང་དུ་གཞག་པ་དང༌། བཙོ་བླག་མ་ལ་སོགས་པར་གཞག་པའོ། །དེ་ཁོ་ན་རྟོགས་པའི་ཕན་ཡོན་ལ་ལྔ་སྟེ། བརྗོད་པ་བཟླས་པར་འགྱུར་བ་དང༌། རྐང་པས་བཅགས་པ་དཀྱིལ་འཁོར་དུ་འགྱུར་བ་དང༌། ལག་པ་བསྒྱུར་བ་ཕྱག་རྒྱར་འགྱུར་བ་དང༌། བསམ་པ་བསམ་གཏན་དུ་འགྱུར་བ་དང༌། ལྷན་ཅིག་སྐྱེས་པ་བཟའ་བའི་དེ་ཁོ་ན་ཉིད་དུ་འགྱུར་བ་བསྟན་པའོ། །ལེའུ་ལྔ་པའོ།།  །།རིམ་པ་གཉིས་ལ་གནས་པ་དེས་རང་གི་སེམས་ཀྱི་བརྟན་གཡོ་ལ་སོགས་པ་བརྟག་པའི་དོན་དུ་སྤྱོད་པ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། ལེའུའི་མིང་ངོ༌། །དོན་དངོས་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་ལྔ་སྟེ། གང་ཟག་དགོས་པ་དང་བཅས་པ་དང༌། རྒྱན་ཆ་དང་སྤྱོད་པ་དངོས་དང༌། དེའི་དུས་གྱི་རྣལ་འབྱོར་དང༌། གྲོགས་བསྟན་པའོ། །རྒྱས་པར་བཤད་པ་ལ་ལྔ་སྟེ། རྟེན་གྱི་གང་ཟག་དང༌། གྲོགས་དང༌། རྒྱན་ཆའི་དག་པ་དང༌། རྣལ་འབྱོར་དང༌། སྤྱོད་པ་དངོས་སོ། །དང་པོ་ལ་གཉིས་ཏེ། དྲོད་ཐོབ་པར་བྱ་བའི་གནས་དང༌། ཐབས་སུ་བྱ་བ་དང༌། དྲོད་ཐོབ་པ་དེས་མཆོག་འདོད་ན་སྤྱོད་པ་སྤྱད་པར་གདམས་པའོ། །གྲོགས་ལ་གཉིས་ཏེ། གྲོགས་ཀྱི་མཚན་ཉིད་དང༌། དེས་མཉེས་པར་བྱེད་པའི་ཐབས་སོ། །སྔ་མ་ལ་ལྔ་སྟེ། མཚན་ཉིད་སྤྱིར་བསྟན་པ་དང༌། ཁྱད་པར་དུ་རྡོ་རྗེའི་རིགས་བསྟེན་པར་བསྟན་པ་དང༌། དེ་མེད་ན་རིགས་དང་འབྲེལ་པ་བྱ་བ་དང༌། དེའང་མེད་ན་གང་རུང་གིས་བྱ་བ་དང༌། གྲོགས་སྦྱང་བའི་ཚུལ་བསྟན་པའོ། །སྤྱོད་པ་དངོས་ལ་གཉིས་ཏེ། གླུ་གར་ལ་སོགས་པ་དགོས་པ་དང་བཅས་པས་སྤྱོད་པ་ཇི་ལྟ་བུ་བྱ་བའི་ཚུལ་དང༌། དམ་ཚིག་དང་སྡོམ་པའི་ཚུལ་གྱིས་སྤྱོད་པ་ཇི་ལྟར་བྱ་བའོ། །དང་པོ་ལ་ལྔ་སྟེ། གླུ་གར་དགོས་པ་དང་བཅས་པ་དང༌། བཟའ་བཏུང་དགོས་པ་དང་བཅས་པ་དང༌། མི་འབྲལ་བའི་དམ་ཚིག་ཇི་ལྟར་བཅང་བ་དང༌། སྤྱོད་པའི་རྒྱན་ཆ་དགོས་པ་དང་བཅས་པ་དང༌། དེ་དག་ཐམས་ཅད་དགོས་པ་དང་ལྡན་པར་འགྱུར་བའི་ཚུལ་ལོ། །ཐ་ལྟག་འདི་ལ་བཞི་སྟེ། ཐོད་པའི་རྒྱན་དགོས་པ་དང་བཅས་པ་དང༌། སྐ་རགས་དང༌། མཆོད་ཕྱིར་ཐོགས་དང༌། ཅང་ཏེའུ་དང་ཁ་ཊྭཱྃ་ག་དགོས་པ་དང་བཅས་པའོ། །དམ་ཚིག་དང་སྡོམ་པའི་ཚུལ་གྱིས་སྤྱོད་པ་ཇི་ལྟར་སྤྱད་པ་ལ་བདུན་ཏེ། སྤང་བྱ་སྤངས་ཏེ་སྤྱོད་པ་བྱ་བར་བསྟན་པ་དང༌། ཡང་རྟེན་ཐུན་མོང་དུ་སྦྱིན་པ་དང༌། མི་སྦྱིན་པའི་ཚུལ་དང༌། བཟའ་བ་ལ་སོགས་པ་རྣམ་རྟོག་སྤང་བ་དང༌། སློབ་དཔོན་ལ་ཕྱག་བྱ་བར་བསྟན་པ་དང༌། བསླབ་བྱ་ལ་སོགས་ལ་ཞེན་པ་སྤང་བ་དང༌། གང་ལའང་འཇིགས་པ་སྤང་བ་དང༌། རྟག་ཏུ་སྙིང་རྗེ་བཏུང་ཞིང་གཞན་གྱི་བཏུང་བས་བཟི་བ་མེད་པར་བསྟན་པའོ། །ལེའུ་དྲུག་པའོ།།  །།བརྡ་ལ་སོགས་པ་བསྟན་པ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། ལེའུའི་མིང་ངོ༌། །དོན་དངོས་ལ་བཞི་སྟེ། བརྡ་དངོས་དང༌། བརྡས་མཚོན་པའི་གྲོགས་དང༌། འདུ་བའི་གནས་དང༌། འདུ་བའི་དུས་དང༌། འདུས་པའི་བྱ་བའོ། །དང་པོ་ལ་ལྔ་སྟེ། བརྡའི་བྱེད་པ་དང༌། བརྡའི་དོན་སྟོན་པ། སྙུན་གྱི་ཕྱག་རྒྱ་དང༌། དོན་སྟོན་པ་མེད་པ་ཕྱག་རྒྱ་དང༌། ཕྱག་རྒྱའི་ལན་དང༌། དེས་དམ་ཚིག་དང་ལྡན་པ་དང༌། མི་ལྡན་པར་དབྱེ་བ་དང༌། དམ་ཚིག་དང་ལྡན་པ་དང༌། འདུ་བའི་ཕྱག་རྒྱ་བསྟེན་པའོ། །འདུ་བའི་གནས་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། ཞུས་པ་དང༌། གནས་ལ་སོགས་པའི་མིང་དང༌། དཔེ་ས་བཅུ་གཉིས་སུ་བསྟན་པའོ། །རྒྱས་པར་བཤད་པ་ལ་གཉིས་ཏེ། ཞུས་པ་དང༌། དེའི་ལན་རྒྱས་པའོ། །འདུ་བའི་དུས་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །འདུས་པའི་བྱ་བ་ལ་གསུམ་སྟེ། བཟའ་བ་ལ་སོགས་པའི་བྱ་བ་དང༌། དེ་ཉིད་རྣལ་འབྱོར་གཉིས་ལ་བརྟེན་པའི་བྱ་བ་དང༌། བཟའ་བ་ལ་སོགས་པ་ཇི་ལྟ་བུའི་ཚུལ་གྱིས་བྱ་བ་ཕན་ཡོན་དང་བཅས་པའོ། །གཉིས་པ་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་ཐབས་ཤེས་རབ་ཀྱི་ལྷའི་རྣལ་འབྱོར་ལ་བརྟེན་པ་དང༌། རྫོགས་པའི་རིམ་པ་དཔལ་ཧེ་རུ་ཀའི་རྣལ་འབྱོར་ལ་བརྟེན་ཏེ། བྱ་བའི་ལས་བསྟན་པའོ། །འདི་ལ་གསུམ་སྟེ། ཧེ་རུ་ཀའི་རྣལ་འབྱོར་པའི་བྱ་བ་ལས་དངོས་དང༌། དེ་བྱ་བ་ཡིན་པའི་འཐད་པ་དང༌། དཔལ་ཧེ་རུ་ཀའི་ངེས་ཚིག་བསྟན་པའོ། །ལེའུ་བདུན་པའོ།།  །།རྣལ་འབྱོར་མ་དང་ལྷན་ཅིག་སྐྱེས་པའི་དོན་བསྒོམ་པ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། ལེའུའི་མིང་ངོ༌། །དོན་དངོས་ལ་གཉིས་ཏེ། ལྷན་ཅིག་སྐྱེས་པའི་དོན་ཇི་ལྟར་བསྒོམ་པའི་ཚུལ་དང༌། དེ་གདོན་མི་ཟ་བར་བསྒོམ་པར་བྱ་བའོ། །དང་པོ་ལ་གཉིས་ཏེ། ལྷན་ཅིག་སྐྱེས་པས་ལྷན་ཅིག་སྐྱེས་པའི་དོན་བསྒོམ་པའི་ཚུལ་དང༌། རང་བཞིན་ལྷན་ཅིག་སྐྱེས་པའི་དོན་བསྒོམ་པའི་ཚུལ་བསྟན་པའོ། །དང་པོ་ལ་གཉིས་ཏེ། རྟེན་རྣལ་འབྱོར་མའི་འཁོར་ལོ་བསྒོམ་པ་དང༌། དེ་ལས་ལྷན་ཅིག་སྐྱེས་པའི་དོན་བསྒོམ་པའོ། །དེ་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་བསྒོམ་པ་དངོས་དང༌། གཞུང་བསྡུ་བའི་ཚུལ་གྱིས་རྫོགས་པའི་རིམ་པ་དང་མཚམས་སྦྱར་བའོ། །ཞེས་གསུང་ངོ༌། །ཡང་ན་རྣལ་འབྱོར་མ་དང་དེའི་རྣམ་པར་དག་པའོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། ལེའུའི་མིང་ངོ༌། །ལེའུའི་དོན་དངོས་ལ་གསུམ་སྟེ། བསྐྱེད་པའི་རིམ་པ་བསྒོམ་པ་དང༌། རིམ་པ་གཉིས་ཀ་བསྒོམ་དགོས་པར་བསྟན་པ་དང༌། རྫོགས་པའི་རིམ་པ་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། རྟེན་དང་བརྟེན་པ་གང་དུ་བསྒོམ་པ་དང༌། ཚུལ་ཇི་ལྟར་བསྒོམ་པའོ། །འདི་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །འདི་ལ་གཉིས་ཏེ། རྟེན་ཇི་ལྟར་བསྒོམ་པ་དང༌། བརྟེན་པ་ལྷ་བསྐྱེད་པའི་ཚུལ་ལོ། །སྔ་མ་ལ་གཉིས་ཏེ། གཞལ་ཡས་ཁང་ཇི་ལྟར་བསྒོམ་པ་དང༌། དེར་གནས་བསྒོམ་པའི་ཚུལ་ལོ། །སྔ་མ་ལ་བཞི་སྟེ། རྒྱུའི་ཡན་ལག་དང༌། རྐྱེན་གྱི་ཡན་ལག་དང༌། གཞིའི་ཡན་ལག་དང༌། གཞལ་ཡས་ཁང་གནས་ལུགས་བསྟན་པའོ། །ལྷ་བསྒོམ་པ་ལ་ལྔ་སྟེ། མངོན་པར་བྱང་ཆུབ་པ་ལྔ་ལས་ལྷ་རྣམས་བསྐྱེད་པའི་ཚུལ་དང༌། ཕྱོགས་གང་དུ་ལྷ་མོ་གང་དག་དགོད་པ་དང༌། ལྷ་མོ་རྣམས་ཀྱི་མཚན་ཉིད་དང༌། དེ་ལྟར་བསྒོམས་པའི་ཕན་ཡོན་དང༌། ཁ་དོག་གི་སྒོ་ནས་རྒྱལ་བ་དྲུག་གི་བདག་ཉིད་དུ་བསྒོམ་པའོ། །དང་པོ་ལ་བཞི་སྟེ། ལྷ་མོ་རྣམས་ཀྱི་མངོན་པར་བྱང་ཆུབ་པའི་ཚུལ་དང༌། དེ་ཉིད་རྒྱུའི་རྡོ་རྗེ་འཆང་དང་མི་འདྲ་བའི་ཁྱད་པར་བསྟན་པ་དང༌། ཐབས་དང་ཤེས་རབ་ཀྱི་རང་བཞིན་ལས་ཐམས་ཅད་རྫོགས་པར་བསྟན་པ་དང༌། འཁོར་གྱི་ལྷ་མོ་རྣམས་ཀྱི་མི་འདྲ་བའི་ཚུལ་བསྟན་པའོ། །དང་པོ་ལ་གསུམ་སྟེ། རྣམ་པའི་དབང་དུ་བྱས་ཏེ་མདོར་བསྟན་པ་དང༌། ས་བོན་ལ་སྦྱར་ཏེ་རྒྱས་པར་བཤད་པ་དང༌། ངོ་བོ་ཡེ་ཤེས་ལྔར་བསྟན་པའི་སྒོ་ནས་རབ་ཏུ་རྒྱས་པར་བཤད་པའོ། །ལྷ་མོ་རྣམས་ཀྱི་མཚན་ཉིད་ལ་གཉིས་ཏེ། ཁ་དོག་ལ་སོགས་པའི་ཚུལ་དང༌། ཕྱག་མཚན་གྱི་དག་པའོ། །ཁ་དོག་གི་སྒོ་ནས་རྒྱལ་བ་དྲུག་ཏུ་བསྒོམ་པ་ལ་གཉིས་ཏེ། ཁ་དོག་དྲུག་ཏུ་བསྒོམ་པ་དངོས་དང༌། དྲུག་ཁོ་ནར་བསྒོམ་པའི་འཐད་པའོ། །རྫོགས་པའི་རིམ་པ་བསྒོམ་པ་ལ་གཉིས་ཏེ། བསྒོམ་པའི་ཚུལ་དངོས་དང༌། དེ་གདོན་མི་ཟ་བར་སྒོམས་པར་གདམས་པའོ། །དང་པོ་ལ་གཉིས་ཏེ། ལྷན་ཅིག་སྐྱེས་པས་ལྷན་ཅིག་སྐྱེས་པ་བསྒོམ་པའི་ཚུལ་དང༌། རང་བཞིན་ལྷན་ཅིག་སྐྱེས་པ་བསྒོམ་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །འདི་ལ་གསུམ་སྟེ། ལྷན་སྐྱེས་ཀྱི་མཚན་ཉིད་དང༌། དེ་རྟོགས་པར་བྱེད་པའི་ཐབས་དང༌། དེ་བསྒོམ་ཞིང་ཉམས་སུ་བླང་བའི་ཚུལ་ཕན་ཡོན་དང་བཅས་པའོ། །དང་པོ་ལ་གསུམ་སྟེ། ལྷན་སྐྱེས་ཀྱི་རབ་ཏུ་དབྱེ་བ་དང༌། དེའི་བདག་ཉིད་དུ་གྱུར་པའི་དགའ་བའི་རབ་ཏུ་དབྱེ་བ་དང༌། ལྷན་ཅིག་སྐྱེས་པའི་དགའ་བ་བྱེ་བྲག་ཏུ་གཏན་ལ་དབབ་པའོ། །དང་པོ་ལ་གསུམ་སྟེ། ཐབས་ལྷན་སྐྱེས་དང་ཤེས་རབ་ལྷན་སྐྱེས་སུ་དབྱེ་བ་དང༌། དེ་རེ་རེ་ལའང་ཀུན་རྫོབ་དང་དོན་དམ་དུ་དབྱེ་བ་དང༌། དེས་ན་ལྷན་སྐྱེས་བཞིར་འགྱུར་བར་བསྟན་པའོ། །དགའ་བའི་དབྱེ་བ་ལ་བཞི་སྟེ། གང་ཟག་གི་དཔེའི་སྒོ་ནས་དབྱེ་བ་དང༌། ཉམས་མྱོང་གི་སྒོ་ནས་དབྱེ་བ་དང༌། རྣམ་པར་རྟོག་པའི་སྒོ་ནས་ཕྱེ་སྟེ་བཞི་པ་ལ་བསྔགས་པ་དང༌། མཚན་ཉིད་ཀྱི་སྒོ་ནས་ཕྱེ་སྟེ་བཞི་པ་ལ་བསྔགས་པའོ། །བསྒོམ་ཞིང་ཉམས་སུ་བླང་བའི་ཚུལ་དགོས་པ་དང་བཅས་པ་ལ་གསུམ། ཇི་ལྟར་བསྒོམ་པ་དངོས་དང༌། དེ་ལྟར་བསྒོམ་པའི་འཐད་པ་དང༌། བསྒོམ་པའི་དགོས་པའམ་ཕན་ཡོན་ནོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །ཕན་ཡོན་ལ་གཉིས་ཏེ། བསོད་ནམས་ཆུང་བས་འགྲུབ་པར་བསྟན་པ་དང༌། དུས་ཀྱི་ངེས་བཟུང་མེད་པར་བསྒོམས་ན་འགྲུབ་པར་བསྟན་པའོ། །རང་བཞིན་ལྷན་སྐྱེས་དམིགས་མེད་བསྒོམ་པ་ལ་གསུམ་སྟེ། ཚུལ་ཇི་ལྟར་བསྒོམ་པ་དངོས་དང༌། དེ་བསྒོམས་པས་དངོས་པོ་ཐམས་ཅད་བསྒོམས་པར་བསྟན་པ་དང༌། དེ་ལ་ཀླན་ཀ་ངན་པ་སྤང་བའོ། །དེ་ལ་གཉིས་ཏེ། འབད་པ་མེད་པར་གྲོལ་བར་ཐལ་བ་སྤང་བ་དང༌། འཁོར་བར་འགྱུར་དུ་མི་རུང་བར་ཐལ་བ་སྤང་བའོ། །དེ་གདོན་མི་ཟ་བར་སྒོམས་པར་གདམས་པ་ལ་གསུམ། བསྒོམས་པའི་ཕན་ཡོན་གྱི་སྒོ་ནས་སྒོམས་པར་གདམས་པ་དང༌། མ་བསྒོམས་པའི་ཉེས་དམིགས་ཀྱི་སྒོ་ནས་སྒོམས་པར་གདམས་པ་དང༌། དེས་ན་རྒྱུན་མི་འཆད་པར་སྒོམས་པར་གདམས་པའོ། །དང་པོ་ལ་གཉིས་ཏེ། ལྷན་ཅིག་སྐྱེས་པས་ལྷན་ཅིག་སྐྱེས་པའི་དོན་བསྒོམས་པའི་ཕན་ཡོན་དང༌། ལྷན་སྐྱེས་གཉིས་ཀ་བསྒོམས་པའི་ཕན་ཡོན་ནོ། །ཡང་ན་ཕན་ཡོན་ལ་གཉིས་ཏེ། སྤང་བྱས་ཟིལ་གྱིས་མི་ནོན་པར་གདམས་པར་བསྟན་པ་དང༌། ཐོབ་བྱ་ཐོབ་པར་བསྟན་པའོ། །འདི་ལ་གསུམ་སྟེ། ཡེ་ཤེས་ཀྱི་རང་གི་ངོ་བོ་འབྲས་བུ་གང་ཞིག་འགྲུབ་པ་དང་བཅས་པ་དང༌། ཡེ་ཤེས་བརྗོད་པ་དང་བྲལ་ཡང་བླ་མའི་བྱིན་རླབས་ལ་བརྟེན་ཏེ་རྟོགས་པར་བསྟན་པ་དང༌། ཡེ་ཤེས་མངོན་དུ་བྱས་པ་ལས་བྱུང་བའི་འབྲས་བུའི་མཚན་ཉིད་བསྟན་པའོ། །ལེའུ་བརྒྱད་པའོ།།  །།རྣམ་པར་དག་པ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། ལེའུའི་མིང་ངོ༌། །བར་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་བཞི་སྟེ། དེ་བཞིན་ཉིད་ཀྱི་དག་པ་དང༌། ལྷ་སོ་སོའི་དག་པ་དང༌། དག་པ་བསྒོམ་པའི་འཐད་པ་དང༌། རང་རིག་པའི་དག་པའོ། །རྒྱས་པར་བཤད་པ་ལ་གསུམ་སྟེ། དེ་བཞིན་ཉིད་ཀྱི་དག་པ་རྒྱས་པར་བསྟན་པ་དང༌། ལྷ་སོ་སོའི་དག་པ་རྒྱས་པར་བཤད་པ་དང༌། རང་རིག་པའི་དག་པ་གླུར་བླང་བའི་ཚུལ་གྱིས་བཤད་པའོ། །དང་པོ་ལ་གསུམ་སྟེ། རང་བཞིན་གྱིས་དག་པས་སྦྱང་དུ་རུང་བ་བསྟན་པ་དང༌། གློ་བུར་དུ་མ་དག་པས་སྦྱང་དགོས་པ་བསྟན་པ་དང༌། དག་པས་དག་པར་བྱས་ནས་དེ་ཉིད་བསྟེན་པར་བསྟན་པའོ། །ལྷ་སོ་སོའི་དག་པ་ལ་དྲུག་སྟེ། ནང་གི་རྣལ་འབྱོར་མ་ལྔའི་དག་པ་དང༌། ཕྱིའི་ཕྱོགས་གང་དང་གང་དུ་དགོད་པ་དང༌། རྣལ་འབྱོར་མ་དྲུག་གི་དག་པ་དང༌། རྒྱུ་རྡོ་རྗེ་འཆང་གི་དག་པ་དང༌། མཚམས་མ་བཞིའི་དག་པ་དང༌། ཡང་ནང་གི་ལྔའི་དག་པའོ། །ལེའུ་དགུ་པའོ།།  །།ཐབས་དེ་ཉམས་སུ་ལེན་པའི་སྒྲུབ་བ་པོ་རྟེན་གྱི་གང་ཟག་ལ་གཉིས་ཏེ། དབང་བསྐུར་བ་སྨིན་པར་བྱ་བ་དང༌། ལྟ་སྟངས་བཞིས་གྲུབ་པའི་མཚན་ཉིད་བསྟན་པའོ། །དང་པོ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། ལེའུའི་མིང་ངོ༌། །དོན་དངོས་ལ་གཉིས་ཏེ། དཀྱིལ་འཁོར་བྲི་བའི་ཚུལ་མདོར་བསྟན་ཅིང་དབང་བསྐུར་བའི་ཡེ་ཤེས་རྒྱས་པར་བཤད་པ་དང༌། དཀྱིལ་འཁོར་བྲི་བའི་ཚུལ་རྒྱས་པར་བཤད་ཅིང༌། དེར་དབང་བསྐུར་བའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། དཀྱིལ་འཁོར་ཇི་ལྟར་བྱ་བ་དང༌། དེར་དབང་བསྐུར་བའི་ཚུལ་ལོ། །དང་པོ་ལ་བཞི་སྟེ། ས་སྦྱངས་ཏེ་དཀྱིལ་འཁོར་བྲི་བ་དང༌། གནས་གང་དུ་བྲི་བ་དང༌། རྡུལ་ཚོན་གང་གིས་བྲི་བ་དང༌། ཚད་ཇི་སྲིད་ཅིག་བྲི་བར་བསྟན་པའོ། །དབང་བསྐུར་བ་ལ་གསུམ་སྟེ། དཀྱིལ་འཁོར་གྲུབ་པ་དང་ཐུན་མོང་དུ་བྱ་སྟེ་ཕྱག་རྒྱ་གཞུག་པར་བསྟན་པ་དང༌། དེ་ལ་བརྟེན་ཏེ་གསང་བའི་དབང་བསྐུར་བའི་ཚུལ་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །འདི་ལ་གསུམ་སྟེ། གང་ལ་བརྟེན་ཏེ་དབང་བསྐུར་བ་ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། དེ་ལ་བརྟེན་ཏེ་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་དང༌། དབང་གི་དོན་བསྒོམས་པ་ལས་འབྲས་བུ་གྲུབ་པའི་རྟགས་དང་བཅས་པའོ། །གཉིས་པ་ལ་གསུམ་སྟེ། ཡེ་ཤེས་ཀྱི་མཚན་ཉིད་དངོས་དང༌། དེ་རྟོགས་པར་བྱ་བའི་ཕྱིར་དགའ་བ་བཞིའི་གོ་རིམ་བསྟན་པ་དང༌། ལྷན་སྐྱེས་ཀྱི་ཡེ་ཤེས་ལ་དགའ་བ་བཞིའི་ཐེ་ཚོམ་བསལ་བའོ། །དང་པོ་ལ་དྲུག་སྟེ། རང་རིག་པ་དང༌། སྤྲོས་པ་དང་བྲལ་བ་དང༌། གཉིས་སུ་མེད་པ་དང༌། མཚོན་པར་བྱེད་པ་དང༌། མི་འགྱུར་བ་དང༌། ཐབས་ཀྱི་བདག་ཉིད་དུ་བསྟན་པའོ། །ཐེ་ཚོམ་བསལ་བ་ལ་གཉིས་ཏེ། དེ་ལྟར་ཐེ་ཚོམ་སྐྱེས་པ་དང༌། དེ་བསལ་བའི་ཚུལ་ལོ། །དཀྱིལ་འཁོར་བྲི་བའི་ཚུལ་རྒྱས་པར་བཤད་ཅིང་དེར་དབང་བསྐུར་བ་ལ་བཅུ་གཅིག་སྟེ། དཀྱིལ་འཁོར་བྲི་ཞིང་རྒྱན་དགྲམ་པ་དང༌། དེར་བུམ་པ་ཇི་ལྟར་དབུལ་བ་དང༌། དེའི་སྔོན་དུ་ཐིག་གདབ་པ་དང༌། དེ་དག་ཐམས་ཅད་ཀྱི་སྔོན་དུ་བསྙེན་པའི་ཆོ་ག་དང༌། སའི་ཆོ་ག་དང་བུམ་པའི་དབང་བསྐུར་བར་གདམས་པ་དང༌། དཀྱིལ་འཁོར་དུ་ཕྱག་མཚན་ཇི་ལྟར་དགོད་པ་དང༌། སློབ་དཔོན་བདག་ཉིད་འཇུག་པ་དང༌། སློབ་དཔོན་གྱི་ཀུན་དུ་སྤྱོད་པ་དང༌། ཚིག་གི་དབང་བཞི་པ་ཇི་ལྟར་བསྐུར་བ་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་དོ། །འདི་ལ་གསུམ་སྟེ། ཡེ་ཤེས་ཀྱི་མཚན་ཉིད་དངོས་དང༌། དེའི་འབྲས་བུ་ཕྱག་རྒྱ་ཆེན་པོའི་མཚན་ཉིད་དངོས་དང༌། ཡེ་ཤེས་དེ་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་དངོས་གྲུབ་ཐམས་ཅད་ཀྱི་རྒྱུར་བསྟན་པའོ། །དང་པོ་ལ་གཉིས་ཏེ། ལྟོས་པའི་ལྷན་སྐྱེས་དང༌། རང་བཞིན་གྱི་ལྷན་སྐྱེས་སོ། །སྔ་མ་ལ་གསུམ་སྟེ། ལྷན་སྐྱེས་ཀྱི་མཚན་ཉིད་དངོས་དང༌། སྤྲོས་པ་དང་བྲལ་བའི་ཕྱིར་འབྱུང་བ་ལ་བརྟེན་དུ་མི་རུང་བར་བསྟན་པ་དང༌། ལྷན་སྐྱེས་ཀྱི་ངེས་པའི་ཚིག་གོ །དང་པོ་ལ་བཞི་སྟེ། སྒྲིབ་པ་གཉིས་དང་སྤྱིར་བྲལ་བར་བསྟན་པ་དང༌། ཉོན་མོངས་དང་བྲལ་བ་དང༌། ཤེས་བྱའི་སྒྲིབ་པ་དང་བྲལ་བ་དང༌། ཐམས་ཅད་དུ་སྣང་བའོ། །འབྱུང་བ་ལ་བརྟེན་པར་མི་འཐད་པར་རྩོད་པ་སྤང་བ་ལ་གཉིས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །འདི་ལ་གཉིས་ཏེ། ཞུས་པ་དང༌། དེའི་ལན་གདབ་པའོ། །འདི་ལ་གཉིས་ཏེ། འབྱུང་བ་ལ་བརྟེན་པའི་ཚུལ་དང༌། དེས་ན་རང་བཞིན་ལྷན་སྐྱེས་མ་ཡིན་པར་བསྟན་པའོ། །ཐམས་ཅད་ཀྱི་བདག་ཉིད་ཡིན་པར་བསྟན་པ་ལ་གཉིས་ཏེ། ཕྱི་རོལ་གྱི་བཟླས་པ་ལ་སོགས་པ་མེད་པར་བསྟན་པ་དང༌། ནང་གི་ཡོད་པར་བསྟན་པའོ། །ལེའུ་བཅུ་པའོ།།  །།ལྟ་སྟངས་ཀྱི་ལེའུ་ལ་བདུན་ཏེ། ལྟ་སྟངས་བཞི་སོ་སོའི་མཚན་ཉིད་དང༌། རླུང་གི་བྱེ་བྲག་དང༌། གྲུབ་པའི་ཚད་དང༌། འགྲུབ་པའི་དུས་དང༌། བསྒྲུབ་པའི་བྱ་བ་དང༌། བཟའ་བའི་དམ་ཚིག་དང༌། ལྟ་སྟངས་ཀྱི་ལྷའི་རྣལ་འབྱོར་བསྟན་པའོ། །བསྒྲུབ་པའི་བྱ་བ་ལ་གཉིས་ཏེ། སྒྲུབ་ཕྱོགས་ཀྱི་སྒོ་ནས་བསྟན་པ་དང༌། དགག་ཕྱོགས་ཀྱི་སྒོ་ནས་བསྟན་པའོ། །བཟའ་བའི་དམ་ཚིག་ལ་གཉིས་ཏེ། ཤ་ལྔ་བདུད་རྩི་ལྔའི་བཟའ་བ་དང༌། སྐྱེ་བ་བདུན་པ་ལ་བརྟེན་ཏེ་སྒྲུབ་པར་བསྟན་པའོ། །ལྷའི་རྣལ་འབྱོར་ལ་གསུམ་སྟེ། ལྷའི་སྐྱེད་ཆོག་དང༌། རབ་ཀྱིས་སྒྲུབ་ལུགས་དང༌། འབྲིང་གིས་སྒྲུབ་ལུགས་བསྟན་པའོ། །ལེའུ་བཅུ་གཅིག་པའོ།།  །།དེ་དག་གིས་ནི་འདི་སྐད་བསྟན་ཏེ། རྒྱུད་འདིར་ཐོབ་པར་བྱ་བའི་འབྲས་བུ་ཧེ་རུ་ཀ་རྣམ་པ་བཞིའི་དངོས་གྲུབ་ནི། རྒྱུད་ཀྱི་མཚན་གྱི་དོན་ལ་བརྟེན་ཏེ་བསྟན་པའོ། །ལྷག་མས་ནི་ཐོབ་པར་བྱ་བའི་ཐབས་བསྟན་ཏོ། །དེ་ཡང་དཔེར་ན་འཇིག་རྟེན་གྱི་རྒྱལ་ཚབ་ཀྱི་སྤྱོད་པས་འདོད་པ་མཐའ་དག་གྲུབ་པར་བྱེད་པ་དང་འདྲ་བར། འདིར་ཡང་རྒྱལ་ཚབ་ཀྱི་སྤྱོད་པས་འགྲུབ་པར་བྱེད་དོ། །རྒྱལ་པོ་དེ་ལ་རིགས་དང་ལུས་ཕུན་སུམ་ཚོགས་པར་བྱེད་དོ། །འདིར་ཧེ་རུ་ཀ་བཞིའི་གོ་འཕང་འདོད་པ་ནི་ཐེག་པ་ཆེན་པོའི་རིགས་སོ། །ལུས་ནི་རྡོ་རྗེའི་ལུས་དབང་པོ་སྐྱོན་མེད་དོ། །དེ་གཉིས་ནི་ལེའུ་དང་པོ་ལས་སོ། །དེ་ཡན་ལག་ལྔ་དང་ལྡན་དགོས་ཏེ། དུས་ཀྱི་ཡན་ལག་ནི། ལེའུ་དང་པོ་ལས་སོ། །ཡིད་བདེ་བར་བྱེད་པ་གྲོས་ནི་ལེའུ་གཉིས་པའོ། །དབུགས་འབྱིན་པ་སྒྲུབ་ཐབས་ནི་ལེའུ་གསུམ་པ་དང་བཞི་པའོ། །སྲིད་ལས་ཉམས་པ་བསྲུང་བ་ནི་ལེའུ་ལྔ་པའོ། །གྲོགས་དང་རྒྱལ་ཚབ་ཀྱི་སྤྱོད་པ་དངོས་ནི་ལེའུ་དྲུག་པའོ། །སྤྱོད་པ་བྱས་པས་ལས་དང༌། གྲོགས་དང༌། ནོར་དབང་དུ་གྱུར་པ་ནི་ལེའུ་བདུན་པའོ། །དེ་ལྟ་བུའི་ཡན་ལག་ལྔ་དང་ལྡན་པར་བྱེད་པའི་ཐབས་ཀྱི་དངོས་གཞི་ནི། ལེའུ་བརྒྱད་པ་དང་དགུ་པའོ། །རྒྱལ་ཚབ་ཀྱི་སྤྱོད་པ་དེའང་རྒྱལ་ཚབ་ཀྱི་དབང་ཐོབ་པས་བྱ་བར་སྟོན་པ་ནི་ལེའུ་བཅུ་པའོ། །དབང་ཐོབ་པས་ཡན་ལག་ལྔ་ཚང་ན། སྤྱོད་པ་བྱེད་པ་ལ་ཡན་ལག་ལྔ་ཚང་བའི་དུས་ཤེས་པར་བྱེད་པ་ནི་ལེའུ་བཅུ་གཅིག་པའོ། །བརྟག་པ་དང་པོའི་བསྡུས་དོན་ས་མཱཔྟ།།  །།བརྟག་པ་དང་པོ་དང༌། བརྟག་པ་གཉིས་པ་ཉིད་ཀྱིའང་སྔ་མ་སྔ་མའི་དོན་མི་གསལ་བ་གསལ་བར་བྱེད་པའམ། མ་ཚང་བ་ཁ་སྐོང་བར་བྱེད་པས་བརྟག་པ་གཉིས་པ་རྒྱུད་ཕྱི་མའི་ཚུལ་དུ་བཤད་པ་ལ། གཞུང་ལེའུ་བཅུ་གཉིས་སུ་གནས་པའོ། །དེ་ལ་བརྟག་པ་དང་པོའི་ལེའུ་བཅུ་པར་དབང་བསྐུར་བ་གསུངས་ཀྱང༌། སློབ་དཔོན་གྱི་དབང་ཐོབ་པས། དཀྱིལ་འཁོར་དེ་དང་འབྲེལ་བའི་ལས་རབ་ཏུ་གནས་པ་མ་གསུངས་པས་དེ་ཁ་བསྐང་བ་ནི། ལེའུ་དང་པོ་རབ་གནས་ཀྱི་ལེའུའོ། །འདི་ལ་གཉིས་ཏེ། དོན་དངོས་དང༌། ལེའུའི་མིང་ངོ༌། །སྔ་མ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །འདི་ལ་གཉིས་ཏེ། རབ་ཏུ་གནས་པ་དང༌། དེའི་ཞར་ལ་སྦྱིན་སྲེག་གི་ཆོ་གའོ། །སྔ་མ་ལ་གསུམ་སྟེ། ཆོ་གའི་རིམ་པ་དང༌། སློབ་དཔོན་གྱི་མཚན་ཉིད་དང༌། མཆོད་པའི་ཆོ་གའོ། །སྦྱིན་སྲེག་ལ་དྲུག་སྟེ། ཐབ་དང་བསྲེག་རྫས་དང༌། མེ་ལྷ་སྤྱན་དྲང་བ་དང༌། ཞར་ལ་སའི་ལྷ་མོ་མཁྱེན་པར་གསོལ་བ་དང༌། མེ་ལྷ་གཤེགས་སུ་གསོལ་བ་དང༌། མཆོད་པ་ལ་སོགས་པའི་སྔགས་སོ། །སྔ་མ་ལ་གསུམ་སྟེ། དབྱིབས་དང༌། ཚད་དང༌། ཁ་དོག་གོ །ལེའུ་དང་པོའོ།།  །།ལེའུ་གཉིས་པ་དངོས་གྲུབ་རྒྱུ་དང་བཅས་པར་གཏན་ལ་དབབ་པ་ལ་གཉིས་ཏེ། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །སྔ་མ་ལ་བཞི་སྟེ། རྡོ་རྗེ་རིགས་ཀྱི་ལེའུར་ལྷའི་རྣལ་འབྱོར་ལ་བརྟེན་ཏེ། གྲོལ་བར་གསུངས་པའི་དོན་གསལ་བར་བཤད་པ་དང༌། སྤྱོད་པའི་ལེའུར་དྲོད་ཐོབ་སྟེ། སྤྱོད་པ་སྤྱད་པར་གསུངས་པའི་དོན་གསལ་བར་བཤད་པ་དང༌། དབང་གི་ལེའུར་ཕྱག་རྒྱའི་དངོས་གྲུབ་གསུངས་པ་ལ་བརྩད་པའི་སྐྱོན་སྤང་བ་དང་བཅས་ཏེ་གསལ་བར་བཤད་པའོ། །རྡོ་རྗེ་རིགས་ཀྱི་ལེའུར་ལྷན་ཅིག་སྐྱེས་པས་དངོས་པོ་ཀུན་ལ་ཁྱབ་པར་གསུངས་པའི་དོན་གསལ་བར་བཤད་པའོ། །དང་པོ་ལ་གཉིས་ཏེ། ཞུས་པ་དང༌། ལན་བསྟན་པའོ། །དེ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །འདི་ལ་བཞི་སྟེ། ལས་དང་པོ་པས་སེམས་འཛིན་པའི་གནས་དང༌། དུས་བསྟན་པ་དང༌། བསྒོམ་པའི་བསམ་པ་དང༌། སེམས་ཟིན་ནས་བསྒོམ་པའི་དུས་དང༌། རྣལ་འབྱོར་ཉིད་གང་ཞིག་བསྒོམ་པའོ། །སྤྱི་དོན་གཉིས་པ་སྤྱོད་པ་ལ་དོན་གཉིས་ཏེ། དྲོད་ཐོབ་པར་བྱེད་པའི་ཐབས་དང༌། སྤྱོད་པ་སྒྲུབ་པའི་རིམ་པའོ། །ཡང་ན་དྲུག་སྟེ། དྲོད་ཐོབ་པའི་ཐབས་དང༌། དྲོད་རང་གི་ངོ་བོ་དང༌། དེས་སྤྱོད་པ་སྤྱད་པར་གདམས་པ་དང༌། སྤྱོད་པའི་ཆེ་བའི་སྒོ་ནས་གང་ཟག་ཐམས་ཅད་ཀྱིས་འགྲུབ་པར་བསྟན་པ་དང༌། སྤྱོད་པ་སྒྲུབ་པའི་རིམ་པ་དང༌། ཀུན་འདར་གྱི་སྤྱོད་པའི་དགོས་པའོ། །དང་པོ་ལ་གཉིས་ཏེ། རང་བྱིན་གྱིས་བརླབ་པའི་ཐབས་དང༌། དཀྱིལ་འཁོར་འཁོར་ལོའི་ཐབས་སོ། །སྤྱོད་པ་སྒྲུབ་པ་ལ་གཉིས་ཏེ། ཐོག་མར་གསང་སྟེ་སྤྱོད་པ་དང༌། དེ་ནས་འཇིག་རྟེན་པའི་མངོན་དུ་སྤྱོད་པའོ། །དེ་ལ་བཞི། ལུང་བསྟན་པའི་ཕྱག་རྒྱ་ལ་བརྟེན་པའི་ཚུལ་དང༌། ཀུན་བཟང་གི་དུས་དང༌། རྟོགས་པ་མཉམ་པའི་ཕྱག་རྒྱ་དང༌། ནུས་པས་བཀུག་པའི་ཕྱག་རྒྱ་ལ་བརྟེན་ནས་སྤྱོད་པ་སྤྱད་པར་བསྟན་པའོ། །གསུམ་པ་ཕྱག་རྒྱའི་དངོས་གྲུབ་ལ་བརྩད་པ་སྤང་བ་ལ། ཡང་ན་ལེའུ་གཉིས་པ་འདིར་སྤྱི་དོན་གསུམ་སྟེ། ལྷའི་རྣལ་འབྱོར་གྱི་དོན་གསལ་བར་བཤད་པ་དང༌། སྤྱོད་པའི་དོན་བཤད་པ་དང༌། ལེའུ་བརྒྱད་པ་ཉེ་རྒྱུ་ཕྱག་རྒྱའི་དངོས་གྲུབ་ཀྱི་དོན་བཤད་པའོ། །སྤྱི་དོན་གསུམ་པ་ཕྱག་རྒྱའི་དངོས་གྲུབ་ལ་བརྩད་པ་སྤང་བ་ལ་གཉིས་ཏེ། ཉེ་རྒྱུ་དངོས་དང༌། དེའི་སྔོན་དུ་འགྲོ་བའི་རིམ་པའོ། །དང་པོ་ལ་གཉིས་ཏེ། ཕྱག་རྒྱའི་དངོས་གྲུབ་ལ་བརྩད་པ་སྤང་བ་དང༌། དངོས་གྲུབ་ཀྱི་མཚན་ཉིད་དོ། །དངོས་གྲུབ་དེ་རིམ་པ་གཉིས་ལ་བརྟེན་ནས་འགྲུབ་པར་བསྟན་པ་ལ་གཉིས། རིམ་གཉིས་འབྲེལ་པ་ཅན་དུ་བསྒོམ་པའི་འཐད་པ་དང༌། རིམ་པ་གཉིས་ཀྱིས་གྲོལ་བའི་རྒྱུ་མཚན་ནོ། །དང་པོ་ལ་གསུམ་སྟེ། རིམ་པ་གཉིས་ཀྱི་བསྒོམ་ཚུལ་སྤང་བྱ་གཉིས་ཡིན་པ་དང༌། རྟེན་དང་བརྟེན་པ་ཡིན་པ་དང༌། འབྲས་བུ་གཉིས་ཡིན་པའི་ཕྱིར་འབྲེལ་པར་འཐད་པའོ། །དང་པོ་ལ་ལྔ་སྟེ། དང་པོར་བསྐྱེད་པའི་རིམ་པ་བསྒོམ་པ་དང༌། དེ་ནས་རྫོགས་པའི་རིམ་པ་བསྒོམ་པ་དང༌། ཟུང་དུ་ཆུད་པའི་རང་བཞིན་དང༌། ལྷན་སྐྱེས་ཇི་ལྟར་ཤེས་པར་བྱ་བ་དང༌། དེའི་ཆེ་བ་བསྟན་པའི་སྒོ་ནས་དངོས་པོ་ཀུན་ལ་ཁྱབ་པར་བསྟན་པའོ། །གཉིས་པ་རྟེན་དང་བརྟེན་པ་ཡིན་པ་ལ་གཉིས་ཏེ། བརྩད་པ་ཞུས་པ་དང༌། དེའི་ལན་བརྩད་པ་སྤང་བ་དངོས་སོ། །གསུམ་པ་འབྲས་བུ་གཉིས་ཡིན་པ་ལ་གཉིས་ཏེ། ཆོས་སྐུའི་དབང་དུ་བྱས་ཏེ་མདོར་བསྟན་པ་དང༌། སྐུ་གསུམ་གྱི་དབང་དུ་བྱས་ཏེ་རྒྱས་པར་བཤད་པའོ། །འདི་ལ་གསུམ་སྟེ། ལོངས་སྐུའི་རྒྱུ་མཐུན་པའི་སངས་རྒྱས་སུ་བསྟན་པ་དང༌། ཆོས་སྐུའི་ངོ་བོ་དངོས་པོ་དང་དངོས་མེད་དུ་བསྟན་པ། སྤྲུལ་སྐུའི་དབང་དུ་བྱས་པའོ། །སྤྱི་དོན་གསུམ་པ་རིམ་པ་གཉིས་ཀྱིས་གྲོལ་བའི་རྒྱུ་མཚན་ལ་གསུམ། དག་པ་གསུམ་གྱི་རང་བཞིན་ཡིན་པས། ཐབས་ཁྱད་པར་ཅན་གྱིས་ཟིན་པས། རིགས་དང་རིགས་ཀྱི་བདག་པོ་ཡིན་པས་སོ། །འདི་ལ་གསུམ་ཐབས་ཀྱི་ངོ་བོ་འབྱུང་བ་ལྔ་ལྡན་དུ་བསྟན་པ་དང༌། འབྱུང་བ་ལྔ་སངས་རྒྱས་ལྔར་བསྟན་པ་དང༌། རིགས་ཀྱི་རབ་ཏུ་དབྱེ་བ་བསྡུས་པ་དང༌། རྒྱས་པའོ། །ལེའུ་གཉིས་པའོ།།  །།ལེའུ་གསུམ་པ་ལ་དོན་གཉིས་ཏེ། དོན་དངོས་དང༌། ལེའུའི་མིང་ངོ༌། །སྔ་མ་ལ་གཉིས་ཏེ། ལུས་རྣམ་པར་གཞག་པ་དང༌། ཡན་ལག་རྒྱས་པར་དབྱེ་བའོ། །འདི་ལ་དྲུག་སྟེ། ལེའུ་དང་པོ་སྡོམ་པའི་དོན་དཀྱིལ་འཁོར་འཁོར་ལོ་ལ་བརྟེན་ཏེ། དབང་གི་ལེའུར་ཐུན་མོང་དུ་གསལ་བར་བཤད་པ་དང༌། དབང་གི་ལེའུའི་དོན་གསལ་བར་བཤད་པ་དང༌། སྤྱོད་པའི་ལེའུར་ཀུན་འདར་གྱི་སྤྱོད་པའི་མཚན་ཉིད་གསལ་བར་བཤད་པ་དང༌། རྣམ་པར་དག་པའི་ལེའུར་དབང་པོ་དྲུག་གི་དག་པ་མ་གསུངས་པ་ཁ་བསྐང་བ་དང༌། བརྡའི་ལེའུར་ངག་གི་བརྡ་མ་གསུངས་པ་ཁ་བསྐང་བའི་ཚུལ་དུ་བཤད་པའོ། །ཡང་ན་འདིར་གཙོ་བོ་ལྔར་བྱ་སྟེ། ལེའུ་དང་པོ་སྡོམ་པའི་དོན་གྱི་གསལ་བྱེད་དང༌། དབང་གི་དོན་གསལ་བར་བྱེད་པ་དང༌། སྤྱོད་པའི་ལེའུའི་གསལ་བྱེད་དང༌། ལེའུ་དགུ་པའི་གསལ་བྱེད་དང༌། བརྡའི་ལེའུར་ཡི་གེ་བརྡའི་གསལ་བྱེད་དོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། སྡོམ་པའི་གནས་དང༌། སྡོམ་པའི་ངོ་བོ་དང༌། སྡོམ་པ་ཤེས་པར་བྱེད་པའི་ཐབས་སོ། །རྣལ་འབྱོར་མའི་སྡོམ་པ་ལ་སྦྱར་ཏེ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཞུས་པ་དང༌། ལན་གདབ་པའོ། །འདི་ལ་གསུམ་སྟེ། སྡོམ་པའི་གནས་དང༌། རང་གི་ངོ་བོ་དང༌། སྡོམ་པ་དེ་ཤེས་པར་བྱེད་པའི་སྒོ་ནས་དབང་གི་ལེའུའི་དོན་གསལ་བར་བཤད་པའོ། །གཉིས་པ་ལ་བཞི་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། རབ་ཏུ་རྒྱས་པར་བཤད་པ་དང༌། སྐད་ཅིག་དེ་དག་དགའ་བ་བཞི་ལ་སྦྱར་བའོ། །དབང་གི་དོན་ལ་གསུམ། དབང་དངོས་དང༌། དེའི་དམ་ཚིག་དང༌། དེའི་ཡེ་ཤེས་ཀྱིས་ཡུལ་ལ་སོགས་པ་སྦྱང་བའོ། །དང་པོ་ལ་ལྔ་སྟེ། དགའ་བ་བཞི་དབང་བཞིས་མཚོན་པར་བསྟན་པ་དང༌། དབང་གི་དག་པ་དང༌། དབང་གི་དགོས་པ་དང༌། ངེས་པའི་ཚིག་དང༌། དབང་བཞི་སོ་སོའི་མཚན་ཉིད་དོ། །འདི་ལ་བཞི་སྟེ། རྡོ་རྗེ་སློབ་དཔོན་གྱི་དབང་དང༌། གསང་བའི་དབང་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། དབང་བཞི་པའོ། །ཐ་ལྟག་ལ་གསུམ་སྟེ། སྔོན་རོལ་གྱི་ཚོགས་ཤེས་རབ་གཏད་པའི་དབང༌། དེའི་ཡང་སྔོན་དུ་སློབ་མའི་བྱ་བ་དང༌། དབང་གི་ངོ་བོ་ཉིད་དོ། །གཉིས་པ་ལ་གསུམ་སྟེ། མདོར་བསྟན་པ་དང༌། བསྟོད་ཅིང་གསོལ་བ་གདབ་པ་དང༌། མཆོད་པའི་བྱ་བའོ། །དབང་བཞི་པ་ལ་གསུམ་སྟེ། ཚིག་གི་བཞི་པས་དབང་གི་དོན་སྒོམས་པར་གདམས་པ་དང༌། ཡེ་ཤེས་ཀྱི་མཚན་ཉིད་བརྗོད་པ་དང༌། ལམ་དུ་དབང་གི་དོན་བསྒོམ་པ་ཕན་ཡོན་དང་བཅས་པའོ། །འདི་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །འདི་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །འདི་ལ་གསུམ་སྟེ། ཐབས་ཀྱི་ངེས་པའི་ཚིག་དང༌། དེའི་ཕན་ཡོན་དང༌། ཐབས་ཀྱི་རང་བཞིན་ནོ། །དམ་ཚིག་དང་སྡོམ་པ་ལ་གསུམ་སྟེ། ཞུས་པ་དང༌། སྒྲ་ཇི་བཞིན་པའི་སྒོ་ནས་མདོར་བསྟན་པ་དང༌། ཇི་བཞིན་མ་ཡིན་པའི་སྒོ་ནས་རྒྱས་པར་བཤད་པའོ། །ཡུལ་ལ་སོགས་པ་རྣམ་པར་སྤྱང་བ་ལ་གཉིས་ཏེ། ཞུས་པ་དང༌། ལན་གདབ་པའོ། །འདི་ལ་གཉིས་ཏེ། གང་དག་སྦྱང་བར་བྱ་བའི་ཆོས་ཅན་གྱི་དངོས་པོ་དང༌། དེ་ཇི་ལྟར་ཤེས་པས་སྦྱང་བར་བྱ་བའོ། །འདི་ལ་གཉིས་ཏེ། ཆོས་ཉིད་སྐྱེ་བ་མེད་པའི་དོན། སྣང་སྟོང་ཟུང་དུ་ཆུད་པའི་རང་བཞིན་ནོ། །སྤྱོད་པའི་ལེའུའི་ཀུན་འདར་གྱི་སྤྱོད་པའི་མཚན་ཉིད་ལ་བཞི་སྟེ། མཆོད་པས་མཉེས་པར་བྱེད་པ་དང༌། མཉེས་ནས་མཉན་པར་གདམས་པ་དང༌། དེ་ལ་དགའ་བས་ཉན་པའི་ཚུལ་དང༌། དོན་དངོས་པོ་རྣམ་པར་དག་པའི་ལེའུ་དབང་པོ་དྲུག་གི་དག་པ་ཁ་བསྐང་བ་ལ་གཉིས་ཏེ། ཞུས་པ་དང༌། དེའི་ལན་གདབ་པའོ། །བརྡའི་ལེའུར་ངག་གི་བརྡ་ཁ་བསྐང་བ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །འདི་ལ་གསུམ་སྟེ། མཉན་པར་གདམས་པ་དང༌། དོན་དངོས་དང༌། བརྡ་གཟུང་བར་གདམས་པ་དང༌། བརྡས་མ་བརྗོད་པའི་ཉེས་པ་བསྟན་པའོ། །བརྡ་དངོས་ལ་གསུམ་སྟེ། ཆང་ལ་སོགས་པའི་བརྡ་དང༌། ཕྱག་རྒྱ་ལྔའི་བརྡ་དང༌། ཕྱག་རྒྱ་བསྟེན་པའི་ཕན་ཡོན་དང༌། བསྟེན་པའི་ཚུལ་ལོ། །ལེའུ་གསུམ་པའོ།།  །།ལེའུ་བཞི་པ་ལ་དོན་གཉིས་ཏེ། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །སྔ་མ་ལ་དྲུག་སྟེ། ལེའུ་དྲུག་པས་ལེའུ་བཞི་པའི་དོན་བཤད་པ་དང༌། རྡོ་རྗེ་རིགས་ཀྱི་ལེའུའི་དོན་གསལ་བར་བཤད་པ་དང༌། འདི་ཉིད་དུ་གསུངས་པའི་ལྷ་མོའི་ཕྱག་རྒྱ་ལ་བརྩད་པའི་དོན་སྤང་བ་དང༌། སྔགས་ཀྱི་ལེའུ་དང༌། དབང་གི་ལེའུའི་གཏོར་མའི་དོན་རྒྱས་པར་བཤད་པ་དང༌། ལེའུ་འདི་ཉིད་དུ་ལྷ་མོ་གསུམ་གྱི་ཕྱག་རྒྱ་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་གསལ་བར་བཤད་པ་དང༌། དེ་ཁོ་ན་ཉིད་ཀྱི་ལེའུར་རིགས་ཀྱི་རབ་ཏུ་དབྱེ་བ་རྒྱས་པ་དང༌། བསྡུས་པའི་དོན་གསལ་བར་བཤད་པའོ། །ཡང་ན་གཙོ་བོ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །ཞུས་པ་དང་མཐུན་པ་བརྟག་པ་དང་པོའི་གསལ་བྱེད་དང༌། འདི་ཉིད་ཀྱི་འདས་མ་ཐག་པ་དང༌། ཐུན་མོང་གི་གསལ་བྱེད་དོ། །དང་པོ་ལ་བཞི་སྟེ། སྤྱོད་པའི་ལེའུ་གླུ་གར་གྱི་དོན་དང༌། ལྷ་དབང་བསྐུར་བའི་ཕྱག་རྒྱའི་དོན་དང༌། སྔགས་ཀྱི་ལེའུའི་ལྷ་མོ་རྣམས་ཀྱི་ས་བོན་གྱི་དོན་དང༌། རིགས་ཀྱི་ལེའུའི་རྩ་ལ་སོགས་པའི་དག་པའི་དོན་གསལ་བར་བཤད་པའོ། །སྔ་མ་ལ་བཞི་སྟེ། རྡོ་རྗེའི་གླུ་དང༌། གར་ཇི་ལྟར་བྱ་བ་དང༌། གླུ་གར་ལྷའི་རྣལ་འབྱོར་གང་གིས་བྱ་བ་དང༌། དེའི་ཕན་ཡོན་དང༌། ཇི་ལྟར་བྱ་བའི་ཚུལ་དངོས་གྲུབ་འགྲུབ་པའི་རྟགས་དང་བཅས་པའོ། །ཕྱག་རྒྱའི་དོན་ལ་གསུམ་སྟེ། མིང་གི་རྣམ་གྲངས་ཀྱི་སྒོ་ནས་ཕྱག་རྒྱའི་བྱེད་པ་དང༌། རྒྱས་མ་བཏབ་པའི་ཉེས་པ་དང༌། གང་ཞིག་གང་གི་ཕྱག་རྒྱ་ཡིན་པར་བསྟན་པའོ། །རྡོ་རྗེ་རིགས་ཀྱི་ལེའུའི་དོན་གསལ་བར་བཤད་པ་ལ་གསུམ་སྟེ། ཡེ་ཤེས་ཀྱི་རྟེན་དཀྱིལ་འཁོར་གསུམ་དང༌། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་བསྟན་པའི་སྒོ་ནས་དེ་མི་སྤང་བར་བཤད་པ་དང༌། དེ་བསྐྱེད་ཅིང་མངོན་དུ་བྱེད་པའི་ཐབས་དངོས་སོ། །དང་པོ་ལ་གཉིས་ཏེ། རྩ་རྣམས་ལྷ་མོ་བཅོ་ལྔར་བཤད་པའི་སྒོ་ནས་དཀྱིལ་འཁོར་གསུམ་བཤད་པ་དང༌། བཅུ་དྲུག་པ་མ་བཤད་པའི་འཐད་པའི་སྒོ་ནས་དཀྱིལ་འཁོར་བཤད་པའོ། །བསྐྱེད་ཅིང་མངོན་དུ་བྱེད་པའི་ཐབས་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །དེ་ལ་གཉིས་ཏེ། ཐབས་གཉིས་ལ་བརྟེན་ཏེ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གསུམ། དཀྱིལ་འཁོར་འཁོར་ལོའི་ཐབས་ལས་བྱུང་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། རང་བྱིན་གྱིས་བརླབ་པས་དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། སྡོམ་པའི་རབ་བྱེད་ཀྱི་སྒོ་ནས་དེ་ཉིད་རྒྱས་པར་བཤད་པའོ། །སྔ་མ་ལ་དྲུག་སྟེ། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་གནས་དང༌། དེར་མངོན་དུ་བྱས་པའི་ཡེ་ཤེས་ཀྱི་མཚན་ཉིད་དང༌། དེའི་རྟེན་ལས་ཀྱི་ཕྱག་རྒྱའི་མཚན་ཉིད་དང༌། དེ་བསྟེན་པའི་ཐབས་དང༌། བསྟེན་པ་ལས་བྱུང་བ་བྱང་ཆུབ་ཀྱི་སེམས་མི་སྤང་བའི་ཚུལ་དང༌། མི་སྤང་བའི་འཐད་པའོ། །རང་བྱིན་བརླབ་ལ་དྲུག་སྟེ། དོན་དམ་བྱང་ཆུབ་སེམས་ཀྱི་གནས་དང༌། གནས་དེའི་མཚན་ཉིད་དང༌། དེའི་བྱེད་པ་དང༌། རྣལ་འབྱོར་པས་དེའི་བདེ་བ་ལ་ལོངས་སྤྱོད་པ་དང༌། དེ་ལས་དངོས་གྲུབ་འབྱུང་བར་བསྟན་པ་དང༌། མངོན་དུ་བྱས་པའི་ཡེ་ཤེས་ཀྱི་མཚན་ཉིད་དོ། །སྡོམ་པའི་རབ་ཏུ་དབྱེ་བ་ལ་གཉིས་ཏེ། ཞུས་པ་དང༌། ལན་གདབ་པའོ། །དེ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །འདི་ལ་གཉིས་ཏེ། མང་པོ་གཅིག་ཏུ་བསྡོམས་པའི་སྒོ་ནས་སྡོམ་པ་རང་གི་ངོ་བོ་གནས་བརྟན་དང༌། སེམས་ཅན་ཐམས་ཅད་ཆོས་མཐུན་གྱི་སངས་རྒྱས་སུ་བསྟན་པས་སྡོམ་པ་དང་ལྡན་པའི་གང་ཟག་བསྟན་པའོ། །སྔ་མ་ལ་བཞི་སྟེ། རྩ་གཉིས་ལ་ནང་གི་སྙོམས་འཇུག་གཞག་པ་དང༌། འཁོར་ལོ་བཞི་ལ་སྐུ་གསུམ་གཞག་པ་དང༌། འཁོར་ལོ་ལ་འབྲས་བུ་བཞི་གཞག་པ་དང༌། འཁོར་ལོ་ལ་སྡེ་པ་བཞི་གཞག་པའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། ངེས་ཚིག་གི་སྒོ་ནས་རབ་ཏུ་རྒྱས་པར་བཤད་པའོ། །འབྲས་བུ་བཞིར་གཞག་པ་ལ་གཉིས་ཏེ། འཁོར་ལོ་བཞི་ལ་སྦྱར་ཏེ་མདོར་བསྟན་པ་དང༌། ངེས་ཚིག་ལ་སྦྱར་ཏེ་རྒྱས་པར་བཤད་པའོ། །སེམས་ཅན་རྣམས་ཆོས་མཐུན་གྱི་སངས་རྒྱས་སྡོམ་པ་དང་ལྡན་པའི་གང་ཟག་ཏུ་བསྟན་པ་ལ་བཞི་སྟེ། ཆོས་མཐུན་གྱི་སྒོ་ནས་སྡེ་པ་དང་སངས་རྒྱས་སུ་བསྟན་པ་དང༌། དེ་ལ་ངོ་མཚར་སྐྱེས་ཏེ་བརྒྱལ་བ་དང༌། བསྟོད་པའི་སྒོ་ནས་བསླང་བ་དང༌། དེའི་ཐེ་ཚོམ་བསལ་བའི་ཕྱིར་དེ་ཁོ་ནའི་དོན་བཤད་པའོ། །འདི་ལ་བདུན་ཏེ། རང་བཞིན་གྱིས་སངས་རྒྱས་ཉིད་ཡིན་ཡང་གློ་བུར་དུ་སེམས་ཅན་དང་མི་འགལ་བ་དང༌། གློ་བུར་གྱི་དྲི་མ་སེལ་བའི་ཐབས་དང༌། ཐམས་ཅད་སངས་རྒྱས་ཡིན་པས་ཐམས་ཅད་སངས་རྒྱས་ཀྱི་གང་ཟག་ཏུ་བསྟན་པ་དང༌། རང་ལས་ལོགས་སུ་སངས་རྒྱས་མེད་པར་བསྟན་པ་དང༌། དེས་ན་ལམ་ཤེས་ན་མ་སྦྱངས་པས་ཀྱང་འགྲུབ་པར་བསྟན་པ་དང༌། ལམ་མི་ཤེས་ན་མི་འགྲུབ་པ་དང༌། ཐབས་ཀྱི་རང་བཞིན་བསྟན་པའོ། །སྤྱི་དོན་གཉིས་པ་འདས་མ་ཐག་པ་དང་ཐུན་མོང་གི་གསལ་བྱེད་ལ་བཞི། རིགས་བདག་ཕྱག་རྒྱ་ལ་རྩོད་སྤང་དང༌། གཏོར་མ་དང༌། ལྷ་མོ་གསུམ་གྱི་རིགས་བདག་ལ་རྩོད་སྤང་དང༌། རིགས་བདག་གི་རྒྱས་བསྡུས་སོ། །དང་པོ་རིགས་བདག་ཕྱག་རྒྱའི་དོན་ལ་གཉིས། མཚམས་མ་བཞི་ལ་ཞུས་པ་དང༌། ལན་དང༌། ཕྱོགས་ཀྱིའང་དེ་དང་མཚུངས་པའོ། །གཏོར་མ་ལ་གཉིས་ཏེ། ཞུས་པ་དང༌། དེའི་ལན་ནོ། །དེ་ལ་གསུམ་སྟེ། དགོས་པ་དང༌། སྔགས་དང༌། ཕན་ཡོན་ནོ། །ཕྱག་རྒྱ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །རིགས་ཀྱི་དབྱེ་བ་ལ་གཉིས་ཏེ། མཉན་པར་གདམས་པ་དང༌། དོན་དངོས་སོ། །ལེའུ་བཞི་པའོ།།  །།ལེའུ་ལྔ་པ་ཧེ་རུ་ཀ་འབྱུང་བ་ལ་གཉིས་ཏེ། དོན་དངོས་དང༌། ལེའུའི་མིང་ངོ༌། །དང་པོ་ལ་གསུམ་སྟེ། ལྷའི་ལེའུ་དང༌། ལེའུ་བརྒྱད་པར་ཁ་བསྐངས་པ་སྐུ་མངོན་པར་འབྱུང་བ་དང༌། སྔགས་ཀྱི་ལེའུ་ཁ་བསྐངས་པ་སྔགས་མངོན་པར་འབྱུང་བ་དང༌། དབང་གི་ལེའུར་ཁ་བསྐངས་པ་དབང་འབྱུང་བའོ། །དང་པོ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །འདི་ལ་གསུམ་སྟེ། རྟེན་བསྐྱེད་པ་དང༌། ལྷ་བསྐྱེད་པ་དང༌། གདན་བསམ་པའོ། །བར་པ་ལ་བཅུ་གཅིག གཙོ་བོ་རྒྱུ་རྡོ་རྗེ་འཛིན་པ་ལ་སྦྱར་ཏེ་མདོར་བསྟན་པ་དང༌། འབྲས་བུ་རྡོར་འཛིན་གྱི་དབང་དུ་བྱས་ཏེ་རྒྱས་པར་བསྟན་པ་དང༌། འཁོར་གྱི་ལྷ་མོ་དབྱུང་བ་དང༌། རྒྱུ་རྡོར་འཛིན་ཞུ་བ་དང༌། དེ་ལ་གླུས་བསྐུལ་བ་དང༌། གཙོ་བོའི་ཕྱག་མཚན་དང༌། ཉམས་དང༌། ཐིག་ལེ་ལས་བཞེངས་པའི་ཚུལ་དང༌། ལྷ་མོའི་ས་བོན་དང༌། གཙོ་བོའི་ས་བོན་དང༌། ལྷ་མོའི་ཕྱག་མཚན་དང༌། ཁ་དོག་བསྟན་པའོ། །གསུམ་མངོན་པར་འབྱུང་བ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །འདི་ལ་ལྔ་སྟེ། ཆེ་བ་བརྗོད་དེ་མཉན་པར་གདམས་པ་དང༌། སྔགས་རྙེད་དཀའ་བར་བསྟན་པ་དང༌། སྔོན་བྱུང་གི་ཕྲིན་ལས་དང༌། རྗེས་འཇུག་གི་ཕྲིན་ལས་ཇི་ལྟར་བསྒྲུབ་པ་དང༌། སྔགས་དངོས་ཚིགས་བཅད་ཀྱིས་བཏུ་བའོ། །དབང་མངོན་པར་འབྱུང་བ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །དེ་ལ་གསུམ་སྟེ། དཀྱིལ་འཁོར་གྱི་བྱ་བ་དང༌། སློབ་མ་གཞུག་པ་དང༌། དབང་བསྐུར་བའོ། །སྔ་མ་ལ་ལྔ་སྟེ། དཀྱིལ་འཁོར་གྱི་མཚན་ཉིད་དང༌། རྡུལ་ཚོན་དང༌། ལྷའི་མཚན་མ་དགོད་པ་དང༌། བུམ་པ་དབུལ་བ་དང༌། དཀྱིལ་འཁོར་སྒྲུབ་མཆོད་ཀྱི་རྟེན་རིག་མ་གཞུག་པ་དང༌། འདི་ལ་གཉིས་ཏེ། རིག་མའི་མཚན་ཉིད་དང༌། དེ་བསྟེན་པའི་ཚུལ་ལོ། །དབང་བསྐུར་ལ་གསུམ་སྟེ། དབང་སྤྱིར་བསྟན་པ་དང༌། ཚིག་བཞི་པ་དང༌། ཤེས་རབ་ཡེ་ཤེས་རྒྱས་པར་བཤད་པའོ། །འདི་ལ་བཞི་སྟེ། ཡེ་ཤེས་སྐྱེ་བའི་དུས་དང༌། འདི་རྙེད་དཀའ་བར་བསྟན་པ་དང༌། ཞུས་ལན་གྱི་སྒོ་ནས་ཡེ་ཤེས་ཀྱི་མཚན་ཉིད་དང༌། མ་ནིང་ལ་བརྟེན་པའི་དབང་དང༌། ཡེ་ཤེས་དེ་བརྗོད་པ་དང་བྲལ་བར་བསྟན་པའོ། །ལེའུ་ལྔ་པའོ།།  །།ལེའུ་དྲུག་པ་ལ་གཉིས་ཏེ། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །སྔ་མ་ལ་གཉིས་ཏེ། སྤྱོད་པའི་ལེའུར་ཕྱག་རྒྱའི་དགོས་པ་མ་གསུངས་པ་ཁ་བསྐང་བ་དང༌། གསུམ་པ་དང་བརྒྱད་པར་ལྷ་བསྒོམ་པ་གསུངས་པས་དེ་གསལ་གདབ་པའི་དོན་དུ་བྲིས་སྐུ་ཁ་བསྐང་བའོ། །དང་པོ་ལ་གཉིས་ཏེ། མཉེས་པར་མཛད་པ་དང༌། དོན་དངོས་སོ། །བྲིས་སྐུ་ལ་གཉིས་ཏེ། མཉེས་པར་མཛད་དེ་ཞུས་པ་དང༌། དེའི་ལན་ནོ། །འདི་ལ་གཉིས་ཏེ། གང་ཟག་དང༌། རྣམ་པ་དང༌། ཚོན་ལ་སོགས་པ་དང༌། བྲི་བའི་གཞི་དང༌། དུས་དང༌། ཆོ་གའོ། །ལེའུ་དྲུག་པའོ།།  །།ལེའུ་བདུན་པ་ལ་གཉིས་ཏེ། དོན་དངོས་དང༌། ལེའུའི་མིང་ངོ༌། །སྔ་མ་ལ་གཉིས་ཏེ། བསྐྱེད་རིམ་གྱི་ལེའུ་གསུམ་དང༌། བྲིས་སྐུའི་ལེའུར་གསུང་རྡོ་རྗེའི་དམ་ཚིག་གླེགས་བམ་ཁ་བསྐང་བ་དང༌། དབང་ལ་སོགས་པའི་དུས་སུ་སྟོན་མོ་བཟའ་བའི་ཚུལ་རྒྱས་པར་བཤད་པའོ། །སྔ་མ་ལ་གཉིས་ཏེ། མཆོད་ནས་ཞུས་པ་དང༌། ལན་ནོ། །འདི་ལ་བཞི་སྟེ། མཉེས་པར་མཛད་དེ་མཉན་པར་གདམས་པ་དང༌། ཇི་ལྟར་བྲི་བའི་ཚུལ་དང༌། གང་ལ་བསྟན་པ་དང༌། མི་བསྟན་པའི་བྱེ་བྲག་དང༌། ལམ་དུ་ཇི་ལྟར་བྱ་བའོ། །སྟོན་མོ་ལ་བརྒྱད་དེ། རྗེས་ཆགས་མཛད་དེ་མཉན་པར་གདམས་པ་དང༌། དགོས་པ་དང༌། གནས་དང༌། གདན་དང༌། ལྷ་ཇི་ལྟར་དགོད་པ་དང༌། བཟའ་བའི་བྱེ་བྲག་ཇི་ལྟར་བཟའ་བ་དང༌། དེ་ཀུན་དུ་བསྟེན་པའི་ཚུལ། ཐོག་མ་བར་མཐར་ཇི་ལྟར་བསྟེན་པའི་ཚུལ་བསྟན་པའོ། །དེ་ལྟར་ལེའུ་གཉིས་པོ་འདིས་ནི་བསྐྱེད་རིམ་གྱི་ཡན་ལག་མི་འབྲལ་བའི་དམ་ཚིག་དང༌། བཟའ་བའི་དམ་ཚིག་བསྟན་ཏོ། །ལེའུ་བདུན་པའོ།།  །།ལེའུ་བརྒྱད་པ་ལ་གཉིས་ཏེ། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །སྔ་མ་ལ་གསུམ་སྟེ། སྔར་བསྟན་པའི་རིག་མ་རྣམས་ལས་ཁྱད་པར་དུ་ཕྱག་རྒྱ་ཆེན་པོའི་རྟེན། པད་ཅན་གྱི་མཚན་ཉིད་བཤད་པ་དང༌། གང་ཟག་ཐ་མའི་དབང་དུ་བྱས་ནས་སྨོན་ལམ་གདབ་པ། ལམ་མཐའ་དག་ཏུ་ཁ་བསྐང་བ་དང༌། གོང་དུ་བསྟན་པ་དང༌། བཅུ་གཅིག་པར་དྲག་པོས་འདུལ་བར་གསུངས་ཀྱང༌། ཞི་བས་འདུལ་བ་མ་གསུངས་པས་ཁ་བསྐང་བའོ། །སྔ་མ་ལ་གཉིས་ལས། ཞུས་པ་དང༌། ལན་ནོ། །འདི་ལ་གསུམ་སྟེ། ལུས་དང་སྤྱོད་ལམ་གྱི་མཚན་ཉིད་དང༌། མིང་གི་ཁྱད་པར་དང༌། དེ་བསྟེན་པའི་ཕན་ཡོན་ནོ། །སྨོན་ལམ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །དེ་ལ་གསུམ་སྟེ། སྤྱོད་པའི་རིམ་པ་དང༌། ལྟ་བའི་རིམ་པ་དང༌། དེ་ལྟར་བསླབས་པའི་ཕན་ཡོན་ནོ། །ལེའུ་བརྒྱད་པའོ།།  །།ལེའུ་དགུ་པ་ལ་གཉིས་ཏེ། ལེའུའི་དོན་དང༌། ལེའུའི་མིང་བསྟན་པའོ། །དོན་དངོས་ལ་གསུམ་སྟེ། བརྡའི་ལེའུར་གདུག་པ་ཅན་གཞུག་པའི་དོན་གསལ་བར་བཤད་པ་དང༌། ལེའུ་དགུ་པར་ལྷའི་སྤྱན་ལ་སོགས་པ་མ་གསུངས་པས་ཁ་བསྐང་བ་དང༌། སྔགས་ཀྱི་ལེའུའི་སྔགས་དག་པར་བྱ་བའི་ཕྱིར་ཁ་བསྐང་བའོ། །དང་པོ་ལ་གཉིས་ཏེ། ཁ་སྦྱོར་འབྱེད་པ་དང༌། རྡོ་རྗེ་མེ་ཁབ་བོ། །སྔ་མ་ལ་དྲུག་སྟེ། བཤད་པར་དམ་བཅའ་བ་དང༌། རྣམ་ཤེས་ཀྱི་ལས་སུ་བསྟན་པ་དང༌། ཆོ་ག་དངོས་དང༌། ཡུལ་དང༌། སྔོན་དུ་བྱ་བ་དང༌། བསམ་པའོ། །མེ་ཁབ་ལ་གསུམ་སྟེ། ཡུལ་དང༌། ཆོ་ག་དང༌། བསམ་གཏན་གྱིས་འགྲུབ་པར་བསྟན་པའོ། །རྣམ་དག་ལ་བཞི་སྟེ། རྣམ་དག་གི་དགོས་པ་དང་བཅས་ཏེ་མཉན་པར་གདམས་པ་དང༌། དག་པ་དགོས་པའི་འཐད་པ་དཔེ་དང་བཅས་ཏེ་བསྟན་པ་དང༌། ཐ་མལ་པ་སྦྱོང་བྱེད་ལྷ་ཡིན་པར་བསྟན་པ་དང༌། ལྷའི་རྣམ་པར་དག་པ་བསྒོམ་པའོ། །སྔགས་ལ་གསུམ་སྟེ། ཞུས་པ་དང༌། མཉན་པར་གདམས་པ་དང༌། དོན་དངོས་སོ། །དེའི་དབྱེ་བ་གོ་སླའོ། །ལེའུ་དགུ་པའོ།།  །།ལེའུ་བཅུ་པ་ལ་གཉིས་ཏེ། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །སྔ་མ་ལ་གཉིས་ཏེ། སྔགས་ཀྱི་ལེའུར་བཟླས་པའི་ཡུལ་ཁ་བསྐང་བ་དང༌། དེའི་དུས་ཀྱི་ཁ་ཟས་ཁ་བསྐང་བའོ། །དེ་ལ་གཉིས་ཏེ། ལས་སོ་སོའི་བཟའ་བ་དང༌། ཐུན་མོང་གི་བཟའ་བའོ། །ལེའུ་བཅུ་པའོ།།  །།ལེའུ་བཅུ་གཅིག་པ་ལ་གཉིས་ཏེ། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །སྔ་མ་ལ་གཉིས་ཏེ། ལེའུ་ལྔ་པ་ལ་སོགས་པར་རིགས་སོ་སོའི་མཚན་མ་ཁ་བསྐང་བ་དང༌། ཕྱག་རྒྱ་བསྟེན་པའི་ཚུལ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། ཞུས་པ་དང༌། དེའི་ལན་ནོ། །འདི་ལ་བཞི་སྟེ། མཉན་པར་གདམས་པ་དང༌། རི་མོའི་བརྟག་པ་དང༌། ཁ་དོག་གི་བརྟག་པ་དང༌། དེས་ན་བརྙས་པ་མི་བྱ་བ་འཐད་པ་དང་བཅས་པའོ། །ཕྱག་རྒྱ་མཆོད་པ་ལ་བཞི་སྟེ། མཉན་པར་གདམས་པ་དང༌། གནས་དང༌། བསྟེན་པའི་ཚུལ་དངོས་དང༌། བྱང་ཆུབ་ཀྱི་སེམས་སྒྲུབ་པའི་རིམ་པའོ། །ལེའུ་བཅུ་གཅིག་པའོ།།  །།ལེའུ་བཅུ་གཉིས་པ་ལ་གཉིས་ཏེ། གོང་དུ་དབང་སྟོན་པའི་ལེའུ་གསུམ་དུ་དབང་བཞི་པོ་སོ་སོའི་ཚིགས་བཅད་ཁ་བསྐང་བ་དང༌། དབང་ལ་སོགས་པའི་དུས་སུ་རྡོ་རྗེ་པདྨ་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཁ་བསྐང་བའོ། །དང་པོ་ལ་བཞི་སྟེ། རྡོ་རྗེ་སློབ་དཔོན་གྱི་དབང་གི་ཚིགས་བཅད་དང༌། གསང་དབང་གི་ཚིགས་བཅད་དང༌། ཤེས་རབ་གཏད་པའི་ཚིགས་བཅད་དང༌། དབང་བཞི་པའི་ཚིགས་སུ་བཅད་པའོ། །ལེའུ་བཅུ་གཉིས་པའོ།།  །།བརྟག་པ་ཕྱི་མའི་བསྡུས་པའི་དོན་ཏོ། །བདག་ནི་ཤིན་ཏུ་བློ་དམན་ཕྱིར། །རྒྱུད་དོན་ཇི་བཞིན་མ་རྟོགས་པས། །གཞན་གྱི་དོན་དུ་མ་བྱས་ཀྱི། །རང་ཉིད་དྲན་ཕྱིར་བྱས་པ་ཡིན། །འདི་ལ་ཉེས་པ་ཅི་མཆིས་པ། །མཁས་པ་རྣམས་ཀྱིས་བཟོད་པར་གསོལ། །འདི་བྱས་པ་ལས་བསོད་ནམས་ཀྱིས། །འགྲོ་བས་རྒྱུད་རྒྱལ་རྟོགས་པར་ཤོག །སློབ་དཔོན་དྭེ་ཥ་བཛྲ་ཡིས། །མཛད་ལ་མཚན་མཐུན་ཆོས་སྤྱན་ལྡན། །གཉིས་ཀྱིས་ཀྱང་ནི་གསལ་བར་མཛད། །རྣལ་འབྱོར་བདག་གིས་རབ་གསལ་ཕྱེ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོའི་དོན་ཏོ། །རྫོགས་སོ།།  །།ཚིག་ཏུ་སྦྱར་བ་འདི་དག་ལས། །ཉུངས་ན་རྒྱུད་དོན་རྟོགས་པར་དཀའ། །མངས་པར་གྱུར་ལ་དགོས་པ་མེད། །དེ་ཕྱིར་འདིས་ནི་མུན་སེལ་བྱེད།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*