ཌོམྦི་ཧེ་རུ་ཀའི་ལུགས་ཀྱི་ཀྱཻ་རྡོ་རྗེའི་དཀྱིལ་ཆོག

༼ག༽

༄༅། །ཌོམྦི་ཧེ་རུ་ཀའི་ལུགས་ཀྱི་ཀྱེའི་རྡོ་རྗེའི་དཀྱིལ་ཆོག་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དཔལ་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ་སློབ་མ་ཡོངས་སུ་སྨིན་པར་བྱེད་པའི་ཆོ་ག་བརྗོད་པར་བྱའོ། །ཡོངས་སུ་གཟུང་དང་བསྙེན་པ་དང༌། །ཡོ་བྱད་པ་དང་ལྷག་གནས་དང༌། །དཀྱིལ་འཁོར་ལས་དང་མཆོད་པ་དང༌། །སྦྱིན་སྲེག་འཇུག་དང་དབང་བསྐུར་བའོ། །ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་རྣལ་འབྱོར་དབང་ཕྱུག་ལ། འགའ་ཞིག་གིས་བླ་མར་ཞུ་བའི་ཕྱིར། འདི་སྐད་དུ། རིགས་ཀྱི་བུའམ། བཙུན་པའམ། སློབ་དཔོན་ཁྱོད་ལ་བདག་བླ་མར་གསོལ་གྱིས། བདག་རྗེས་སུ་གཟུང་དུ་གསོལ་ཞེས་ལན་གཉིས་ལན་གསུམ་གྱི་བར་དུ་གསོལ་བ་འདེབས་པར་བྱེད་ན། དེའི་ཚེ་སློབ་དཔོན་གྱིས་སྙིང་རྗེ་ཆེན་པོའི་སེམས་མངོན་དུ་བྱས་ལ་གང་ཟག་གི་རིགས་བརྟགས་ཏེ་སློབ་མ་རྗེས་སུ་གཟུང་བར་བྱའོ། །འདི་ལ་རྐྱེན་ལ་ལྟོས་པའི་གང་ཟག་གི་རིགས་ནི་བཞི་སྟེ། སྔར་གསང་སྔགས་ཀྱི་སྒོར་ཞུགས་པ་དང༌། ཐེག་པ་ཆེན་པོ་ཐུན་མོང་བའི་ལམ་ལ་ཞུགས་པ་དང༌། ཉན་ཐོས་ཀྱི་ལམ་ལ་ཅི་རིགས་པར་ཞུགས་པ་དང༌། སངས་རྒྱས་ཀྱི་བསྟན་པ་ལ་བཞུགས་པའོ། །དེ་ལ་སློབ་དཔོན་གྱིས་ཅི་ཁྱོད་གང་ཇི་ལྟ་བུ་ཞིག་ཅེས་དྲི་བར་བྱའོ། །དེ་ལ་དང་པོ་སྨྲ་ན། ཇི་ལྟར་རིགས་པ་ཁས་བླངས་ཏེ་སློབ་མ་རྗེས་སུ་གཟུང་བར་བྱའོ། །གལ་ཏེ་གཉིས་པ་སྨྲ་ན། དེ་ལ། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱིས། །ཞེས་བྱ་བ་ལ་སོགས་པས་གསང་སྔགས་ཀྱི་ལམ་ལ་སྤྲོ་བ་བསྐྱེད་དེ། འོས་སུ་གྱུར་པར་མཐོང་བ་དེའི་ཚེ། སློབ་མ་རྗེས་སུ་གཟུང་བའི་ཆོ་ག་བྱའོ། །གལ་ཏེ་གསུམ་པ་སྨྲ་ན། དེ་ལ་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས། ཟབ་པ་དང་རྒྱ་ཆེ་བའི་རིམ་གྱིས་ཐེག་པ་ཆེན་པོ་ལ་སྤྲོ་བ་བསྐྱེད་ལ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་སྡོམ་པ་གཟུང་བ་སྔོན་དུ་འགྲོ་བས་ཐེག་པ་ཆེན་པོའི་ལམ་ལ་བཅུག་ལ། འོས་སུ་གྱུར་པར་མཐོང་བ་དེའི་ཚེ་སློབ་མ་རྗེས་སུ་གཟུང་བའི་ཆོ་ག་བྱའོ། །གལ་ཏེ་བཞི་པ་སྨྲ་ན། ཅི་གལ་ཏེ་ཁྱོད་ཇི་ལྟ་བུ་ཞིག་དོན་དུ་གཉེར་བས་ང་ལ་བླ་མར་ཞུ་ཞེས་དྲི་བར་བྱའོ། །དེ་ལ་རིགས་གསུམ་དུ་ཤེས་པར་བྱ་སྟེ། གལ་ཏེ་བདག་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བསྒྲལ་བར་འཚལ་ལོ་ཞེས་ཟེར་ན། དེ་བཞིན་དུ་བྱའོ་ཞེས་ཁས་བླངས་ལ་དེའི་ཚེ་དེ་ནི་མཆོག་ཏུ་གྱུར་པ་ཡིན་པས་སྐྱབས་སུ་འགྲོ་བ་སྔོན་དུ་སོང་ཡང་རུང་མ་སོང་ཡང་རུང་སྟེ། བླ་ན་མེད་པའི་བྱང་ཆུབ་དོན་དུ་གཉེར་བར་འདོད་དོ་ཞེས་སྨྲ་ན། དེའི་ཚེ་དེ་ནི་བློ་མཆོག་ཏུ་གྱུར་པ་ཡིན་པས་འོས་སུ་གྱུར་པར་མཐོང་བ་དེའི་ཚེ་ཁས་བླངས་ལ་སློབ་མ་ཡོངས་སུ་གཟུང་བའི་ཆོ་ག་བྱའོ། །གལ་ཏེ་བདག་ཉིད་སྡུག་བསྔལ་གྱི་སྐྱོ་བས་བདག་ཉིད་ཞི་བ་དང་དུལ་བ་དོན་དུ་གཉེར་བར་འཚལ་ལོ་ཞེས་སྨྲ་ན། དེ་བཞིན་དུ་བྱའོ་ཞེས་ཁས་བླངས་ལ་རིམ་གྱིས་ཐེག་པ་ཆེན་པོ་ལ་བཅུག་ལ། འོས་སུ་གྱུར་པར་མཐོང་བ་དེའི་ཚེ་ཡོངས་སུ་གཟུང་བའི་ཆོ་གའོ། །གལ་ཏེ་སྐྱེ་བ་འདིར་ཚེ་རིང་བ་དང༌། ནད་མེད་པ་དང༌། ལོངས་སྤྱོད་ཆེ་བ་ལ་སོགས་པའམ། ཚེ་འཕོས་ནས་ཀྱང་ལྷ་དང་མིའི་གོ་འཕང་དོན་དུ་གཉེར་བ་དེ་ལྟ་བུ་འཚལ་ལོ་ཞེས་སྨྲ་ན། དེ་ལ་འདི་ལྟར་སྦྱར་བར་བྱ་སྟེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གཞུག་པ་ལ་སོགས་པའི་ཆོ་གས་རིམ་གྱིས་གདུལ་བར་བྱ་བའམ། ཡང་ན་སྐལ་དམན་སེམས་ཅན་འདུལ་དཀའ་བ། །གང་གིས་འདུལ་བར་འགྱུར་བ་ལགས། །དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་སྦྱིན། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ལ་རྣལ་འབྱོར་སྤྱོད་པ་བསྟན། །དེ་རྗེས་དབུ་མ་པ་ཡང་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ན། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བརྩམ། །ཞེས་གསུངས་པའི་ཕྱིར་རིམ་གྱིས་སྦྱང་བ་སྔོན་དུ་འགྲོ་བས་ཐེག་པ་ཆེན་པོ་ལ་བློ་སྦྱང་བའི་བར་དུ་བྱས་ལ། འོས་སུ་གྱུར་པར་མཐོང་བ་དེའི་ཚེ་ཅི་རིགས་པར་སློབ་མ་ཡོངས་སུ་གཟུང་བའི་ཆོ་ག་བྱའོ། །དེ་ལ་སློབ་མ་རྗེས་སུ་གཟུང་བའི་ཆོ་ག་ནི་འདི་ཡིན་ཏེ། འོས་སུ་གྱུར་པའི་གང་ཟག་གིས་དཀྱིལ་འཁོར་བྲི་བའི་ཕྱིར་དཀྱིལ་འཁོར་གྱི་བྱ་བ་སྔོན་དུ་བཏང་སྟེ། གསོལ་བ་འདེབས་པའམ། གལ་ཏེ་གསོལ་བ་མི་འདེབས་ནའང་འོས་སུ་གྱུར་པར་མཐོང་ན་བླ་མས་དེ་བོས་ལ། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱིས། །ཞེས་བྱ་བ་ལ་སོགས་པས་གསང་སྔགས་ཀྱི་ཆེ་བ་བརྗོད་དེ་བསྐུལ་བར་བྱའོ། །དེ་ནས་དེས་དཀྱིལ་འཁོར་བྲི་བའི་ཕྱིར་དཀྱིལ་འཁོར་སྔོན་དུ་འགྲོ་བས་གསོལ་བ་གདབ་པར་བྱའོ། །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །ཐབས་དང་ཤེས་རབ་བདག་ཉིད་ཅན། །སྟོན་པའི་བསྟན་པ་ལེགས་གནས་པ། །ཀྱེ་རྡོར་ཆོ་ག་བཤད་དུ་གསོལ། །ཞེས་གསོལ་བ་གདབ་པའི་ཚིགས་བཅད་དོ། །དེ་ལྟར་དཀྱིལ་འཁོར་སྔོན་དུ་འགྲོ་བས་ཐལ་མོ་སྦྱར་ཏེ་ལན་གཉིས་ལན་གསུམ་གྱི་བར་དུ་གསོལ་བ་འདེབས་པ་ན། སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བུ་དེ་ལྟར་གསོལ་བ་འདེབས་པ་ལེགས་ཀྱིས་དེ་ལྟ་བུ་བྱ་ན། ད་ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མཆོད་པའི་ཡོ་བྱད་འབྱོར་རམ། དེ་འཚོགས་པར་གྱིས་ཤིག ཅེས་རྒྱས་པར་བགོ་བར་བྱའོ། །དེས་ཀྱང་ཇི་ལྟར་འབྱོར་པ་བཞིན་ཁས་བླང་བར་བྱའོ། །འོས་སུ་གྱུར་པའི་སེམས་ཅན་འབྱོར་པ་མེད་པ་མཐོང་བ་དེའི་ཚེ་ཐ་ན་མེ་ཏོག་གི་ཕྲེང་བ་དང་ཆུ་ཙམ་ཡང་ཁས་ལེན་དུ་གཞུག་པར་བྱའོ། །དེ་ལྟར་ཁས་བླངས་པ་ན་སློབ་དཔོན་གྱིས་འབྱུང་པོའི་ཚོགས་ཐམས་ཅད་ལ་རབ་ཏུ་རྒྱ་ཆེ་བའི་གཏོར་མ་བྱིན་ཏེ། རང་གི་ལྷའི་རྣལ་འབྱོར་ལ་གནས་པས་སློབ་མའི་སྡིག་པ་སྦྱང་བ་དང༌། བྱིན་གྱིས་བརླབས་ཏེ་བསྲུང་བའི་ཆོ་ག་རྣམས་མན་ངག་ཇི་ལྟ་བ་བཞིན་བྱ་སྟེ། བུ་ཁྱོད་ཀྱང་དད་པ་བརྟན་པོ་དང་ལྡན་པས་བག་ཡོད་པར་གྱིས་ཤིག ཁོ་བོས་ལྷ་མཉེས་པར་བྱེད་པ་སྔོན་དུ་བསྙེན་པ་བྱའོ་ཞེས་སྨྲ་བར་བྱའོ། །སློབ་མ་ཡོངས་སུ་གཟུང་བའི་ཆོ་གའོ། །དེ་ནས་སློབ་དཔོན་གྱིས་སློབ་མ་ལ་ཇི་ལྟར་འབྱོར་པའི་བསྙེན་པའི་ཡོ་བྱད་རྣམས་བླངས་ལ་རབ་ཏུ་དབེན་པའི་གནས་སུ་འདུག་སྟེ། དཀྱིལ་འཁོར་དང་མཆོད་པ་དང་གཏོར་མ་ལ་སོགས་པའི་ཡོ་བྱད་ཐམས་ཅད་འཚོགས་པར་བྱས་ལ་སྔོན་དུ་བྱ་བ་རྣམས་བྱ་སྟེ། ཡན་ལག་དྲུག་ཡོངས་སུ་རྫོགས་པར་བྱས་ནས་བཟླས་པའི་རྣལ་འབྱོར་བྱའོ། །དེ་ལྟ་བུ་ཐུན་བཞིའི་རྣལ་འབྱོར་བྱའོ། །དེ་ལྟར་ཐུན་བཞིའི་རྣལ་འབྱོར་གྱིས་དཀྱིལ་འཁོར་བསྒོམས་པས་བསྙེན་པ་དང༌། གཙོ་བོའི་རྩ་བའི་སྔགས་འབུམ་དང༌། མེ་ཏོག་ཕོག་པའི་ལྷའི་བཟླས་པ་འབུམ་དང༌། འཁོར་གྱི་བཟླས་པ་ཁྲི་ཕྲག་རེ་རེ་བཟླས་པས་བསྙེན་པ་བྱའོ། །འདི་ནི་གྲངས་ཀྱི་བསྙེན་པ་རབ་ཀྱི་དབང་དུ་བྱས་པ་ཡིན་གྱི། གཞན་ནི་གཞན་དུ་ཤེས་པར་བྱའོ། །སྔོན་དུ་བསྙེན་པའི་ཆོ་ག་བྱའོ། །དེ་ལྟར་བསྙེན་པ་ཡོངས་སུ་རྫོགས་ནས། སློབ་མ་བོས་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །ཁོ་བོས་ནི་བསྙེན་པས་ལྷ་མཉེས་པར་བྱས་ཟིན་གྱིས། ཁྱོད་ཀྱིས་ཡོ་བྱད་རྣམས་ཚོགས་སམ་ཞེས་བྱའོ། །གལ་ཏེ་ཐམས་ཅད་ཚོགས་སོ་ཞེའམ། འགའ་ཞིག་ནི་ཚོགས་ལ་འགའ་ཞིག་ནི་མ་ཚང་ངོ་ཞེས་སྨྲ་ན། མ་ཚོགས་པ་རྣམས་ཚོགས་སུ་བཅུག་ལ་འདི་སྐད་ཅེས་ཁྱོད་ཀྱིས་སྒྲུབ་པའི་གྲོགས་བརྒྱ་ལ་སོགས་པ་མང་པོའི་གྲངས་ནས་བརྩམས་ཏེ། བཅུའམ། དགུའམ། ལྔའམ། གསུམ་མམ། གཉིས་སམ། གཅིག་འབྱོར་རམ་ཞེས་དྲི་བར་བྱའོ། །དེས་ཀྱང་ཇི་ལྟར་འབྱོར་པའི་ལན་འདེབས་ན། སློབ་དཔོན་གྱིས་སྒྲུབ་པའི་གྲོགས་ཀྱི་མཚན་ཉིད་བརྟགས་ཏེ། ཁྱོད་ཀྱིས་འདི་དག་ལ་གསོལ་བ་ཐོབ་ཅིག་ཅེས་བསྒོ་བར་བྱའོ། །དེ་ནས་གསོལ་བ་བཏབ་པ་དང༌། སློབ་དཔོན་གྱིས་སྒྲུབ་པའི་གྲོགས་མཆོག་དེ་དག་ལ་ཆོ་ག་བྱ་བའི་རྡོ་རྗེའི་དེ་ཁོ་ཉིད་ལ་སོགས་པ་ལ་བསླབ་པར་བྱ་སྟེ། རྡོ་རྗེ་དྲིལ་བུའི་དེ་ཁོ་ཉིད་དང༌། དགང་གཟར་དང་བླུགས་གཟར་གྱི་མཚན་ཉིད་དང༌། མཆོད་ཡོན་གྱི་ཆོ་ག་དང༌། སྦྱང་བ་དང་ཉེ་རེག་གི་ཆོ་ག་དང༌། མཆོད་པའི་ཆོ་ག་རྒྱས་པ་དང༌། ཐིག་དང་རྡུལ་ཚོན་གྱི་བྱ་བ་དང༌། བུམ་པའི་བྱ་བ་དང༌། ཁྲུས་གསོལ་བའི་བྱ་བ་དང༌། སྦྱིན་སྲེག་གི་བྱ་བ་དང༌། གཏོར་མ་དང་ཚོགས་ཀྱི་མཆོད་པ་ལ་སོགས་པའི་བྱ་བ་མ་ལུས་པའི་དེ་ཁོ་ན་ཉིད་ལ་བསླབས་ཏེ། ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །རྫས་བསོག་པའོ། །དོན་བཞི་པ་ས་གཟུང་བ་ལ་བདུན་ཏེ། བརྟག་པ་དང༌། བསླང་བ་དང༌། བགེགས་གཞོམ་ཞིང་བསྲུང་བ་དང༌། སྦྱང་བ་དང༌། གཟུང་བ་དང༌། བགེགས་བསྐྲད་ཅིང་ཚར་གཅད་པ་དང༌། བྱིན་གྱིས་བརླབ་པའོ། །དེ་ལ་ཆོ་གའི་རབ་ཏུ་དབྱེ་བ་ནི། བདག་ཉིད་ཀྱི་དཀྱིལ་འཁོར་གྱི་ཁང་པའམ། གཞན་ཡང་དཀྱིལ་འཁོར་གྱི་ཁང་པ་རྙིང་པ་རྣམས་སུ་ནི་བརྟག་པ་ལ་སོགས་པའི་ཆོ་ག་ལྔ་མི་དགོས་ཀྱི་ཐ་མ་གཉིས་རྗེས་སུ་དཔྱད་པར་བྱའོ། །གཞན་ཡང༌། དྲང་སྲོང་གནས་དང་བ་ལང་ལྷས། །ཕུག་དང་རི་བོའི་རྩེ་མོ་དང༌། །ས་གཞི་གང་ན་འཐས་པ་དང༌། །ཁང་ཐོག་དང་ནི་རྡོ་ལེབ་དང༌། །མཆོད་རྟེན་དྲུང་དུ་འབབ་ཆུའི་གླིང༌། །མཚོ་རྣམས་ཀྱི་ནི་འགྲམ་དག་ཏུ། །ས་གཞི་སྦྱང་དང་བརྟག་པ་དང༌། །ནན་ཏན་དུ་ནི་བྱ་མི་དགོས། །དེར་ནི་ཟུག་རྔུ་དབྱུང་མི་དགོས། །འཐས་པར་བཅག་ཀྱང་དེར་མི་དགོས། །དེར་ནི་དོགས་པ་བསྐྱེད་མི་དགོས། །ཞེས་འབྱུང་བས། དེ་དག་གི་ཕྱོགས་ལའང་བསླང་བ་དང༌། གཟུང་བ་དང༌། བསྐྲད་ཅིང་ཕུར་པ་བཏབ་པ་དང༌། བྱིན་གྱིས་བརླབ་པ་དང༌། ཆོ་ག་བཞི་པོ་བྱ་སྟེ། ཆོ་ག་གཞན་གསུམ་མི་དགོས་སོ། །དེ་ལྟ་བུ་དག་མ་ཡིན་པའི་ས་རྣམས་སུ་ནི། ཆོ་ག་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ཡིན་པས། དེའི་ཆོ་ག་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་དང་པོ་ས་བརྟག་པ་ནི། དེ་ལྟར་ཡོ་བྱད་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས། སློབ་དཔོན་དང་སློབ་མ་ཐམས་ཅད་ཚོགས་ནས་གནས་བཙལ་བར་བྱའོ། །དེ་ལ་གཉིས་ཏེ། ཕྱོགས་ལ་སོགས་པ་བརྟག་པ་དང༌། ས་པྲ་བརྟག་པའོ། །དང་པོ་ནི། གྲོང་ཁྱེར་རམ་གཙུག་ལག་ཁང་གི་བྱང་ཤར་གྱི་ས་ཕྱོགས་ཡིད་དགའ་བ་ཆུ་དང་ལྡན་པ། དབྱིབས་གྲུ་བཞི་པ། ཤར་དང་བྱང་དུ་གཞོལ་ཞིང་གཞན་མཐོ་བ། ཁ་དོག་དཀར་ཞིང་སྣུམ་པ། ཐལ་བ་དང་རུས་པ་དང༌། རྡོ་ལ་སོགས་པ་དང༌། ཨུ་དུམ་ཝཱ་ར་ལ་སོགས་པའི་ཤིང་དྲུག་མེད་པ། རུས་སྦལ་ལམ་གླང་པོའི་རྒྱབ་ལྟ་བུ་མ་ཡིན་པའི་ས་བཙལ་བར་བྱའོ། །དེར་ས་པྲ་བརྟག་པ་ནི། དེར་ས་ཁྲུ་གང་བ་གྲུ་བཞིར་བརྐོས་ཏེ། ས་དེ་ཉིད་ཀྱིས་དགང་བར་བྱའོ། །དེ་གང་བའམ་ལྷག་ན་མཆོག་ཏུ་བསྔགས་སོ། །མ་གང་བ་ནི་སྤང་བར་བྱའོ། །ཡང་དེར་མཐོ་གང་བའི་ས་བརྐོས་ཏེ་དེར་ཆུས་བཀང་ལ་གོམ་པ་བརྒྱར་སོང་ནས་མྱུར་དུ་ལོག་ནས་བལྟས་ན་དེ་བཞིན་དུ་འདུག་ན་མཆོག་ཏུ་བསྔགས་ཤིང་དམའ་བར་གྱུར་ན་འབྲིང་ཡིན་ལ་སྟོང་ན་སྤང་བར་བྱའོ། །དེ་ནས་བསླང་བ་ལ་གཉིས་ཏེ། མངོན་པ་ལས་བསླང་བ་དང༌། མི་མངོན་པ་ལས་བསླང་བའོ། །དང་པོ་ནི་ས་ཕྱོགས་དེའི་བདག་པོ་རྒྱལ་པོའམ་བློན་པོ་ལ་སོགས་པ་ལ་ཞུ་བ་སྟེ། ཀྱེ་ཆེ་གེ་མོ་ཞེས་བྱ་བ་ཁྱོད་གསོན་ཅིག བདག་སློབ་དཔོན་ཆེ་གེ་མོ་ཞེས་བྱ་བས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་སློབ་མ་ཆེ་གེ་མོ་ཞེས་བྱ་བ་ཡོངས་སུ་སྨིན་པར་བྱེད་ན། དེའི་སླད་དུ་ཧེ་ཞེས་བྱ་བའི་དཀྱིལ་འཁོར་འདྲི་བས་ཁྱོད་ཀྱིས་གནང་བའི་སྐབས་ཕྱེ་ཤིག་ཅེས་གནང་བའི་སྐབས་འབྱུང་གི་བར་དུ་ཞུ་བར་བྱའོ། །དེས་གནང་ནས་སའི་བདག་པོ་མི་མངོན་པ་ལས་བསླང་བ་ནི། དེར་མཎྜལ་དང༌། མཆོད་པ་དང༌། གཏོར་མ་གཉིས་བྱས་ལ། བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་མདུན་གྱི་མཎྜལ་གྱི་དབུས་སུ་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་བྱས་ལ། དེར་པྃ་དང་ཨ་ལས་པདྨ་དང་ཟླ་བའི་གདན་ལ་བྃ་སེར་པོ་ལས་སའི་ལྷ་མོ་བསྐྱེད་ལ་ཡན་ལག་བཞི་རྫོགས་པར་བྱའོ། །དེ་ནས་ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་ནི་རི་ཧཱུྃ་ཁཾ་ཞེས་བྱ་བ་ལ་སོགས་པས་ཞབས་བསིལ་ལ་སོགས་པའི་མཆོད་པས་མཆོད་ལ། ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བས་གཏོར་མའང་བྱིན་ལ། རྡོ་རྗེ་ཁུ་ཚུར་གཉིས་སྨིན་མཚམས་སུ་བཟུང་ཞིང༌། མ་མ་རིན་ཆེན་སྣ་ཚོགས་འཛིན། །ཀྱེ་ཡི་རྡོ་རྗེ་ཁྲོས་མཆོད་པའི། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ས་འདིར་དཀྱིལ་འཁོར་བྲི་བར་བྱ། །ཡོངས་སུ་བརྟག་པའི་ས་བཟང་པོ། །འདི་ནི་ཁྱོད་ཀྱིས་བདག་ལ་སྩོལ། །ཨོཾ་ཧཱུྃ་ཛྲཾ་ཛྲཾ་སྭཱ་ཧཱ། ཞེས་བརྗོད་ལ་སའི་ལྷ་མོ་ནམ་མཁའ་ལ་གཤེགས་ཏེ། བདག་ལ་ས་བྱིན་ནས་ཕྱོགས་སྐྱོང་བ་རྣམས་ལ་བཀའ་བསྒོ་ཞིང་དཔང་པོ་བྱེད་པར་བསམ་མོ། །དེ་ནས་གཏོར་མ་གཅིག་ཤོས་འཆད་པར་འགྱུར་བའི་ཆོ་གས་བྱིན་གྱིས་བརླབས་ལ་ཞིང་སྐྱོང་བ་རྣམས་ལ་བྱིན་ལ། སྔར་བཤད་པའི་ཕྱག་རྒྱ་དང་སྔགས་ཀྱིས་ས་བསླང་བར་བྱས་ལ་དེ་ཉིད་དུ་ཉལ་བར་བྱའོ།།  །།དེ་ནས་ནང་པར་ལངས་པ་དང་རྨི་ལམ་དགེ་བ་དང་མི་དགེ་བའི་མཚན་མ་དང་རྗེས་སུ་མཐུན་པར་དཔྱད་པར་བྱ་སྟེ། བགེགས་ལ་སོགས་པས་ས་མི་སྟེར་ཞིང་མི་དགེ་བ་མཐོང་བ་དེའི་ཚེ་དྲག་པོའི་སྦྱིན་སྲེག་གིས་དྲག་པོས་ས་བླངས་ཏེ། འཆད་པར་འགྱུར་བའི་ཆོ་གས་ས་བསྲུང་བར་བྱའོ། །དག་པའི་མཚན་མ་མཐོང་ན་ཞི་བའི་སྦྱིན་སྲེག་བྱས་ལ་ས་བསྲུང་བར་བྱའོ། །དེ་ལ་ས་བསྲུང་བ་ནི་འདི་ཡིན་ཏེ། ཚད་དང་མཐུན་པར་བརྐོས་ལ་འཆད་པར་འགྱུར་བའི་སྔགས་ཀྱིས་རྡོ་རྗེའི་ས་གཞི་ལ་སོགས་པར་བྱས་ལ། དེར་པྃ་དང་ཨ་ལས་པདྨ་དང་ཉི་མའི་སྟེང་དུ་བྷྲཱུྃ་སེར་པོ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་པ་བསྒོམས་ཏེ། དེར་ཧཱུྃ་བཅུ་གཅིག་ལས་ཁྲོ་བོ་བཅུ་གཅིག་སྲུང་བའི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་བསྐྱེད་ལ། དེའི་གཟི་བརྗིད་ཀྱིས་དཔག་ཚད་བརྒྱའི་ཚད་དུ་བསྲུང་བར་བསྒོམས་ལ། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་པར་བྱའོ། །འདི་ནི་བགེགས་སྦྱང་བ་ཡིན་པའི་ཕྱིར། ཀྱེའི་རྡོ་རྗེའི་རྒྱུད་ལས་ས་སྦྱང་བ་ཞེས་གསུངས་སོ། །དེ་ནས་སྦྱང་བ་ནི་གསུམ་སྟེ། ལས་ཀྱིས་སྦྱང་བ་དང༌། གཏེར་གཞུག་པ་དང༌། སྔགས་ཀྱིས་སྦྱང་བའོ། །དང་པོ་ནི་ལྟོ་འཕྱེའི་རིམ་པ་ཤེས་པར་བྱས་ལ། དངོས་གྲུབ་དང་མཐུན་པར་བརྐོས་ཏེ་སྐྱོན་རྣམས་བསལ་ལ་ས་གཞན་དང་བསྲེས་ཏེ། དྲི་ཞིམ་པོའི་ཆུས་སྦྲུས་ལ་བསྟར་ཞིང་འཐས་པར་དགང་བ་ཡིན་ནོ། །གཉིས་པ་ནི་དེའི་དབུས་སུ་རྫའི་སྣོད་བེའུ་འམ་ཟངས་ལ་སོགས་པའི་སྣོད་དུ་རིན་པོ་ཆེ་དང་འབྲུ་དང་སྨན་རྣམས་སྙིང་པོའི་སྔགས་སམ་ལས་ཐམས་ཅད་པའི་སྔགས་བཟླས་པས་བཅུག་ལ་བསྟར་ཞིང་འཐས་པར་བྱའོ། །གསུམ་པ་ནི་གལ་ཏེ་སྦྱང་བར་མི་ནུས་པའམ་ནུས་པ་རྣམས་ལའང་ཆོ་ག་འདི་བྱ་སྟེ། ལག་པ་ས་ལ་བཞག་སྟེ། ཨོཾ་ཧ་ན་ཧ་ན་ཀྲོ་ཏ་ཧཱུྃ་ཕཊ་ཅེས་བཟླས་པར་བྱའོ། །དེ་ནས་ཡང་ས་གཞི་དེ་ནམ་མཁའ་ལྟར་དག་པར་བསམས་ཏེ་ཨོཾ་བྷུཿཁཾ་ཞེས་བརྗོད་པར་བྱ་སྟེ། དོན་དམ་པའི་ས་སྦྱང་བར་རྡོ་རྗེ་གུར་ལས་གསུངས་སོ། །དེ་ནས་ལས་ཐམས་ཅད་པ་བཟླ་ཞིང་དྲིའི་ཆུས་གཏོར་ལ། དཀྱིལ་འཁོར་ཆེན་པོ་བཞི་འགྱུར་གྱི་ཚད་ཀྱི་ཁང་པ་གྲུ་བཞི་པ་སྒོ་བཞི་པ་རྟ་བབས་ལ་སོགས་པ་དང་བཅས་པ་བརྩིག་པར་བྱའོ། །འདི་ནི་བརྩོན་འགྲུས་དང་ལྡན་པས་ཉི་མ་གཅིག་ལ་ཡོངས་སུ་རྫོགས་པ་ཡིན་ན་ནི་དེའི་ནུབ་མོ་སའི་བྱ་བ་མ་ལུས་པ་རྫོགས་པས་ལས་ཀྱི་རིམ་པ་མཐའ་དག་ཞག་ལྔ་པར་འགྱུར་ཏེ། སའི་བྱ་བ་ལ་ཞག་གཉིས་དང༌། སྟ་གོན་དང༌། བྲི་ཞིང་བསྒྲུབ་པ་དང༌། འཇུག་ཅིང་དབང་བསྐུར་བའོ། །དེའི་ཉིན་མོས་རྫོགས་པ་མ་ཡིན་པ་རྣམས་ལ་ནི། ཟླ་བ་གཅིག་ལ་སོགས་པ་གཞན་ནས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དཀྱིལ་འཁོར་བྲི་བའི་ཚེ་ནི་འཆད་པར་འགྱུར་བའི་དུས་གཟའ་དང་སྐར་མ་མཆོག་ཏུ་གྱུར་པ་ལ་འཕྲོད་པར་བྱའོ། །དེ་ལྟར་སྦྱང་བའི་ས་གཞི་ལ། །དཀྱིལ་འཁོར་རྗེས་སུ་མཐུན་པ་ཡི། །རིན་ཆེན་ལ་སོགས་པ་བཞི་འགྱུར་གི །དཀྱིལ་འཁོར་གྱི་ནི་ཁང་པ་བྱ། །ཞེས་རྡོ་རྗེ་མཁའ་འགྲོ་ལས་འབྱུང་སྟེ་ས་གཟུང་བའོ། །རིན་ཆེན་འབར་བ་ནས་དེ་ཡན་ཆད་ས་ཆོག་ཏུ་བཤད། བགེགས་བསྐྲད་ཅིང་ཚར་གཅད་པ་དང༌། བྱིན་གྱིས་བརླབ་པ་གཉིས་སྟ་གོན་གྱི་སྔོན་དུ་བྱ་བར་བཤད་དོ། །དེ་ནས་བགེགས་བསྐྲད་ཅིང་བསྲུང་བ་ནི། བགེགས་བསྐྲད་པ་དང༌། བསྲུང་བ་བསྒོམ་པ་དང༌། བགེགས་ཚར་གཅད་པའོ། །དང་པོ་ནི་སློབ་དཔོན་ལྷའི་ང་རྒྱལ་དང་ལྡན་པས་ཀླུས་གཙོ་བྱས་པའི་འབྱུང་པོ་ཐམས་ཅད་ལ་གཏོར་མ་བྱིན་ལ་ཞི་བས་བསྐྲད། དེ་ནས་རྡོ་རྗེ་ཁུ་ཚུར་ནུ་མའི་ཐད་ཀར་བཞག་ལ་ས་ལ་རྒྱུ་བའི་བགེགས་ཐམས་ཅད་བསྐྲད་པར་བྱ་སྟེ། ཨོཾ་ཨ་པ་ས་རནྟུ་ཞེས་བྱ་བ་ལ་སོགས་པ་དཔལ་གདན་བཞི་ལས་འབྱུང་བའི་སྔགས་བརྗོད་པའམ། ཡང་ན་ཚིགས་སུ་བཅད་པས་བྱ་སྟེ། ཨོཾ་ཀླུ་དང་གནོད་སྦྱིན་དྲི་ཟ་དང༌། །འབྱུང་པོ་འབྱུང་མོ་མཁའ་འགྲོ་མ། །གནས་ཀྱི་བདག་པོ་གང་ཁ་ཅིག །མ་འདུག་པ་རུ་དེངས་སོང་ཤིག །སེམས་ཅན་དོན་བྱེད་བྱ་བ་རྩོམ། །ཁྱེད་རྣམས་མྱུར་བ་ཉིད་དུ་སོང༌། །ཨོཾ་ཧཱུྃ་ཕཊ་ཅེས་གདུག་པ་ཅན་རྣམས་ལ་བཀའ་བསྒོ་བ་བརྗོད་ལ། སྙིང་གའི་ཧཱུྃ་ལས་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་ལ་བགེགས་བསྐྲད་པར་བྱའོ། །དེ་ནས་སྲུང་བའི་འཁོར་ལོ་བསྒོམ་པ་ནི་ཤཱུ་ནྱ་ཏཱས་སྟོང་པར་བསྒོམས་ལ། སྟོང་པའི་ངང་ལས་རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། དེའི་འོད་ཀྱིས་རྡོ་རྗེའི་ས་གཞི་དང༌། རྭ་བ་དང༌། གུར་དང༌། བླ་རེ་དང༌། མདའི་དྲྭ་བ་དང༌། མེ་འབར་བ་རྣམས་བསྒོམ་ཞིང་གཞུང་ནས་འབྱུང་བའི་སྔགས་དྲུག་པོ་གོ་རིམ་བཞིན་བརྗོད་པར་བྱའོ། །དེར་ཁྲོ་བོ་བཅུའི་སྲུང་འཁོར་བསྒོམས་ཀྱང་འགལ་བ་མེད་གསུང༌། དེ་ནས་དེའི་དབུས་སུ་རང་ལྷའི་ང་རྒྱལ་དང་ལྡན་པས་སྔར་སྤྲོས་པའི་ཁྲོ་བོ་རྣམས་ཀྱིས་བགེགས་ཕྲ་མོ་ཐམས་ཅད་བཏུལ་ནས་སྐྱབས་འགྲོ་སེམས་བསྐྱེད་ལ་བཀོད་དོ། །གདུལ་དཀའ་བའི་བགེགས་རྣམས་མེ་རིའི་ཕྱི་རོལ་ན་བཀུག་ནས་འདུག་པར་དམིགས་ནས། ཨོཾ་སུམྦྷ་ནི་ཞེས་བྱ་བ་ལ་སོགས་པའི་སྔགས་ཚན་པ་བརྒྱད་ཕྱོགས་གཡོན་སྐོར་མཚམས་གཡས་སྐོར་དུ་བརྗོད་པས་རང་གི་སྙིང་ག་ནས་ཁྲོ་བོ་བཅུ་པོ་སྟོད་ཁྲོ་བོའི་རྣམ་པ། སྨད་དུ་ཕུར་བུའི་ཚུལ་དུ་འདུག་པ་སྤྲོས་ལ་བགེགས་རྣམས་ཀྱི་སྤྱི་བོ་ནས་རྐང་པའི་མཐིལ་དུ་ཐལ་བྱུང་བར་བསམ་མོ། །དེའང་ཤར་གྱི་སྔགས་བརྗོད་པས་སྟེང་གི ནུབ་ཀྱི་བརྗོད་པས་འོག་གི་སྤྲོའོ། །དེས་བགེགས་རྣམས་ཀྱི་སེམས་སངས་རྒྱས་སྟོང་གི་ཞིང་ཁམས་དག་པར་སོང་བར་བསམ། རོ་རྣམས་སྟོང་པར་བསྒོམ། དེ་ནི་ཏིང་ངེ་འཛིན་གྱི་ཕུར་བུ་གདབ་པའི་ཆོ་ག་སྟེ། བགེགས་བསྲུང་བ་གཉིས་པ་འདི་ནི་གནས་བསྲུང་བ་ཡིན་ནོ། །དེ་ལྟར་བགེགས་བསྐྲད་ཅིང་གནས་བསྲུང་བ་འདི་ནི། སའི་དབུས་སུ་སློབ་དཔོན་བདག་ཉིད་འདུག་ནས་ས་བྱིན་གྱིས་བརླབ་པ་རྩམ་པར་བྱའོ། །དེ་ལ་བཞི་སྟེ། ལྷའི་རྣལ་འབྱོར་བྱས་ཏེ་སངས་རྒྱས་ལ་གསོལ་བ་གདབ་པ་དང༌། གར་གྱི་དགོད་པས་བྱིན་གྱིས་བརླབ་པ་དང༌། དཀྱིལ་འཁོར་གྱི་ཁང་པ་བྱིན་གྱིས་བརླབ་པ་དང༌། རྫས་བྱིན་གྱིས་བརླབ་པའོ། །དང་པོ་ནི་རང་ལྷའི་རྣལ་འབྱོར་བྱས་ནས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སློབ་དཔོན་ཁ་ཅིག་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང༌། སློབ་མས་གསོལ་བ་གདབ་པ་ཡང་སྐབས་འདིར་འདོད་མོད་ཀྱི། སློབ་དཔོན་འདི་དང་སློབ་དཔོན་ཤེས་རབ་བསྐྱངས་ལ་སོགས་པའི་རྗེས་སུ་འབྲང་བ་དང་བཅས་པས། སའི་བྱ་བ་ནི་རང་གི་ལྷག་པའི་ལྷའི་རྣལ་འབྱོར་གྱིས་བྱས་ལ། དེར་ས་ཡོངས་སུ་དག་པ་དེར་དཀྱིལ་འཁོར་གྱི་བྱ་བ་དང་འབྲེལ་པས་སྟ་གོན་གྱི་ཆོ་ག་ནས། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པར་བཞེད་དོ། །དེ་བས་ན་བདག་ཉིད་དཔའ་བོ་གཅིག་པའི་རྣལ་འབྱོར་བྱས་ལ་རང་གི་སྙིང་གའི་ས་བོན་ལས་སྤྲུལ་པའི་སྤྲིན་བཀྱེ་ལ། སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་པར་བསྒོམས་ལ་ལག་པ་བྱིན་གྱིས་བརླབ་སྟེ། ཆོ་ག་ཇི་ལྟ་བ་བཞིན་རྡོ་རྗེ་དང་དྲིལ་བུ་བླངས་ཏེ། དེ་ཁོ་ན་ཉིད་ཀྱང་དྲན་པར་བྱས་ལ་དྲིལ་བུ་དཀྲོལ་ཞིང༌། ཇི་སྲིད་འཁོར་ལོ་ཡོངས་རྫོགས་པར། །བདག་ཅག་བསྲུང་བར་བྱ་བའི་ཕྱིར། །ས་འདི་བྱིན་གྱིས་བརླབ་པ་ནི། །བདེ་བར་གཤེགས་པས་དེ་ཉིད་འོས། །ཞེས་བྱ་བའི་ཚིགས་སུ་བཅད་པ་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ། ཉོན་མོངས་པ་ཐམས་ཅད་ལ་རབ་ཏུ་ཁྲོས་ནས་དེས་རྦད་པའི་བགེགས་ཐམས་ཅད་གཞོམ་པར་བྱ་བའི་ཕྱིར་ལྡང་བར་བྱ་སྟེ། རྣམ་ལྔ་འདོད་པའི་བསྐོར་བ་དང་བཅས་པས་རྡོ་རྗེ་གསོར་ལ། རྐང་པ་གཡས་པའི་སྐྱིལ་མོ་ཀྲུང་བཤིག དྲིལ་བུ་དཀྲོལ་ཏེ་གཡོན་པའང་བཤིག་ལ། འདོད་པ་བསྐོར་བ་དང་བཅས་ཏེ་ལངས་ལ་སྙིང་གར་རྡོ་རྗེ་སྟོད་དེ་བཟུང་དྲིལ་བུ་དཀུར་བརྟེན་ལ། མིག་གཡས་པ་མ་ལས་ཉི་མ། གཡོན་པར་ཊ་ལས་ཟླ་བར་བསྐྱེད་དེ། རྡོ་རྗེའི་ལྟ་བས་གཡས་སུ་བལྟས་པས་བགེགས་ཐམས་ཅད་བསྲེགས་ལ་གཡོན་དུ་བལྟས་པས་གསོས་པར་བསམ་མོ། །ཡང་རྐང་པའི་མཐིལ་དུ་ཨཿ ཚེག་དྲག་ཅན་བཀོད་ལ་དེ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་འབར་བ་བསྒོམས་ལ། དེའི་འོད་ཟེར་གྱིས་བགེགས་ཐམས་ཅད་བསྲེག་ཅིང༌། ས་གཞི་ཐམས་ཅད་རྡོ་རྗེའི་སར་བསྒོམ་པར་བྱའོ། །དབང་ལྡན་གྱི་མཚམས་སུ་འགྲོ་བར་བྱ་སྟེ། རྡོ་རྗེའི་འགྲོས་ཉིད་ནི་དགའ་བས་ཡོངས་སུ་འགྱུར་བའི་འགྲོས་སོ། །དེ་ནས་རྡོ་རྗེ་གསོར་བ་དང་དྲིལ་བུ་འཁྲོལ་ཞིང་རྡོ་རྗེའི་འགྲོས་ཀྱིས་དཀྱིལ་འཁོར་གྱི་ས་ལན་གཉིས་སམ་གསུམ་གྱི་བར་དུ་བསྐོར་ཞིང་རྒྱུན་དུ་ཧཱུྃ་ཞེས་བྱ་བའི་སྒྲ་དང་བཅས་པས་འདི་སྐད་ཅེས་བརྗོད་པར་བྱའོ། །ཧཱུྃ་ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེའི་སྟོབས། །སྲུང་བའི་འཁོར་ལོ་རབ་སྦྱོར་བས། །རྡོ་རྗེ་འབར་བའི་ལུས་འདི་ཡིས། །སྐུ་གསུམ་ལས་ནི་སྐྱེས་པ་སྤྲོ། །གལ་ཏེ་ལ་ལས་འདའ་བྱེད་ན། །འཇིག་པར་འདི་ལ་ཐེ་ཚོམ་མེད། །ལུས་སྲུལ་པོ་དང་གང་ཁ་ཅིག །བདེ་ཆེན་ཡེ་ཤེས་འབྱུང་བ་དང༌། །རྡོ་རྗེ་སེམས་དཔའི་རང་བཞིན་སྐྱེས། །ཟུར་ཅིག་བགེགས་ནི་ཆེན་པོ་རྣམས། །ཞེས་བྱ་བ་རྡོ་རྗེ་གུར་ལས་འབྱུང་བའམ། ཡང་ན་རྡོ་རྗེ་སློབ་དཔོན་མིང་འདི་ཞེས་བྱ་བས་སློབ་མ་ཆེ་གེ་མོ་ཞེས་བྱ་བ་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར། སའི་ཕྱོགས་འདིར་ཧེ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་བྲི་ཡིས། ལྷ་དང༌། ལྷ་མ་ཡིན་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། ཡི་དྭགས་དང༌། ཤ་ཟ་དང༌། འབྱུང་པོ་དང༌། བརྗེད་བྱེད་དང༌། མཁའ་འགྲོ་དང༌། མཁའ་འགྲོ་མ་དང༌། གནོན་པོ་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། རིག་སྔགས་འཆང་གྲུབ་པ་རྒད་པོ་དང༌། རྒན་མོ་གཡོག་དང་འཁོར་དུ་བཅས་པ་གང་དག་འཁོད་པ་རྣམས་དེངས་ཤིག འདི་ལྟ་སྟེ། རྡོ་རྗེ་འཆང་གི་བཀའ་ཐོས་ནས་མྱུར་བ་ཉིད་དུ་དེངས་ཤིག གང་དག་མི་འགྲོ་བ་དེ་དག་ངའི་ཡེ་ཤེས་ཀྱི་རྡོ་རྗེས་མགོ་བོ་ཚལ་པ་བརྒྱར་འགས་པར་བྱའོ། །ཞེས་ལན་གསུམ་བརྗོད་ལ་འཇིགས་སུ་རུང་བའི་ཁྲོ་བོའི་སྤྲིན་བཀྱེ་ལ་བགེགས་ཐམས་ཅད་བྱེར་བར་བྱའོ། །དེ་ནས་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་ཤར་དུ་མཐུན་པའི་སྟབས་ཀྱིས་འདུག་ལ། ཤར་རམ་དབུས་སུ་ཁ་བལྟས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ཀྱིས་དམིགས་ལ། ཕྱག་བྱས་ལ་མེ་ཏོག་སྙིམ་པའི་སྦྱོར་བ་ཞེས་བྱ་བ་ལ་སོགས་པས་མེ་ཏོག་དང༌། སྤོས་དང༌། མར་མེ་དང༌། བྱུག་པ་དང༌། ཕེག་རྡོབ་ལ་སོགས་པའི་ཕྱག་རྒྱས་ཧཱུྃ་ཞེས་བརྗོད་པས་མཆོད་པར་བྱའོ། །དེ་ནས་གཡས་བརྐྱང་ལ་སོགས་པའི་གར་དང༌། ལག་སྟབས་དང༌། འདུག་སྟངས་དང༌། གར་གྱི་ཉམས་དགུ་དང༌། རོལ་མོའི་བཀོད་པ་དང༌། གླུའི་བཀོད་པ་རྣམས་ལེགས་པར་བསྡུ་བ་ནས་འབྱུང་བ་ལྟར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ཁང་པ་བྱིན་གྱིས་བརླབ་པ་ནི། སྟོང་པ་ཉིད་དུ་བསྒོམས་ལ་ཧཱུྃ་ལས་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་བསྐྱེད་དེ། སྙོམས་པར་ཞུགས་པ་ལས་ཆོས་ཀྱི་འབྱུང་གནས་སུ་བསྒོམ། དེའི་ནང་དུ་ཧྲཱིཿལས་བྱུང་བའི་པདྨ། དེའི་ལྟེ་བ་ལ་ཨཿཚེག་དྲག་ཅན་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བ་ལ་རླུང་ལ་སོགས་པའི་འབྱུང་བ་བཞི། དེའི་སྟེང་དུ་བྷྲཱུྃ་ལས་བྱུང་བའི་འཁོར་ལོ་རྩིབས་བརྒྱད་པ་བྷྲཱུྃ་གྱིས་མཚན་པ་ལས་རྣམ་པར་སྣང་མཛད་ཡབ་ཡུམ་དུ་བསྒོམ། དེ་གཉིས་སྙོམས་པར་ཞུགས་པས་དེ་རྣམས་འོད་དུ་ཞུ་ནས་འོད་ཟེར་འཕྲོ་བ་དང་བཅས་པའི་གཞལ་ཡས་ཁང་པ་བསྒོམ་པར་བྱའོ། །དེ་ནས་རྫས་བྱིན་གྱིས་བརླབ་པ་ནི། དཀྱིལ་འཁོར་གྱི་དབུས་སུ་བའི་རྣམ་ལྔ་དང་དྲིའི་ཆུས་གྲུ་བཞི་པར་བྱུགས་ལ་ཚོན་རྩི་ལྔས་པདྨ་འདབ་མ་བརྒྱད་པ་བྲི་བར་བྱའོ། །དེའི་དབུས་སུ་ལས་ཐམས་ཅད་པའི་བུམ་པ་ཆོ་ག་བཞིན་བཅས་ལ་བཞག ཤར་གྱི་འདབ་མར་ཚོན་སྣ་ལྔའི་ཐིག་སྐུད། ལྷོར་རྡོ་རྗེ། ནུབ་ཏུ་བདུད་རྩི་ལྔས་བཀང་བའི་དུང་ཕོར། བྱང་དུ་དྲིལ་བུ། མཚམས་ཀྱི་འདབ་མ་བཞིར་རྡུལ་ཚོན་ལྔ་ལྔ་བཞག དཀྱིལ་འཁོར་གྱི་སྒོ་དང་མཚམས་ལ་སོགས་པར་སྤོས་སྣོད་དང་རྡོ་རྗེ་བླ་རེ་ལ་སོགས་པས་ཁང་པ་བརྒྱན་པ་དང༌། མཆོད་པ་དང༌། གཏོར་མ་ཡང་ཅི་འབྱོར་པ་བཤམ་མོ། །དེ་ནས་སློབ་དཔོན་གྱིས་ལྷའི་རྣལ་འབྱོར་བྱས་ཏེ་བུམ་པ་སྟོང་པར་བསྒོམ། དེའི་ངང་ལས་པྃ་དང་ཨ་ལས་པདྨ་དང་ཟླ་བའི་སྟེང་དུ་བྷྲཱུྃ་ལས་བུམ་པ་བསྐྱེད། དེའི་ནང་དུ་ཧཱུྃ་ཙམ་ལས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་མམ་བདུད་རྩི་འཁྱིལ་པ་བསྐྱེད། ཡན་ལག་བཞི་རྫོགས་པར་བྱས་ལ་མཆོད་པས་མཆོད། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་བརྐྱང་སྟེ་རྩེ་མོ་སྦྱར་ལ། དེ་བསྟན་ཏེ་ཨོཾ་ཨཱཿསྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་གྱིས་བརྟན་པར་བྱའོ། །དེ་ནས་རྡོ་རྗེའམ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱས་བུམ་པ་ལ་རེག་ནས་ཨོཾ་ཧཱུྃ་སྭཱ་ཧཱ་ཞེས་བརྒྱ་རྩ་བརྒྱད་བཟླས་ལ་མཆོད་པ་བྱས་པས་ལྷ་འོད་དུ་ཞུ་བར་བསྒོམས་ལ་ཆུ་དེས་རིགས་ལྔའི་ས་བོན་བརྒྱ་རྩ་བརྒྱད་བཟླས་ཞིང་ཐིག་སྐུད་ལ་སོགས་པ་ལ་གཏོར་ལ། སྐུད་པ་དང་ཚོན་དང་བདུད་རྩི་ལྔ་མི་དམིགས་པ་ལས་པདྨ་དང་ཉི་མའི་སྟེང་དུ་སོ་སོའི་ས་བོན་ལས་དེ་བཞིན་གཤེགས་པ་ལྔ་རུ་བསྒོམ། ཡན་ལག་བཞི་རྫོགས་པར་བྱ། རྡོ་རྗེ་དང་དྲིལ་བུ་ཡང་དེ་ཁོ་ན་ཉིད་ལྟར་བསྒོམས་ལ་ཡན་ལག་བཞི་བྱས་ཏེ་སྔགས་ཅི་ནུས་པ་བཟླས། མཆོད་པ་རྒྱ་ཆེན་པོ་དང་གཏོར་མ་ཡང་བཏང་ངོ༌། །དེ་ནས་དེ་དག་འོད་དུ་ཞུ་བ་ལས་བྱུང་བའི་རྡོ་རྗེ་ལ་སོགས་པར་བསྒོམ། ཡང་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོའི་སྔགས་བརྒྱ་རྩ་བརྒྱད་དང་ཡི་གེ་བརྒྱ་པ་ལན་བདུན་བཟླས་པས་རང་ལས་དཀྱིལ་འཁོར་གྱི་འཁོར་ལོ་དཔག་ཏུ་མེད་པ་སྤྲོས་པས་སེམས་ཅན་གྱི་དོན་བྱེད་པར་བསྒོམ་པ་དང༌། ཡང་བསྡུ་བའི་རྣལ་འབྱོར་ཅི་རིགས་པར་བྱས་ལ་དེའི་མཚན་མོ་དེར་ཉལ་བར་བྱའོ། །ས་ཡོངས་སུ་གཟུང་བའི་ཆོ་གའོ། །དེ་ནས་ཞག་གསུམ་པ་སྟ་གོན་གྱི་བྱ་བ་ལ་དྲུག་སྟེ། ཐོ་རངས་ཀྱི་བྱ་བ་དང༌། སའི་ལྷ་མོ་ལྷག་པར་གནས་པ་དང༌། སྔོན་དུ་འགྲོ་བ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་དང་བསྲུང་བ་དང༌། བུམ་པ་སྟ་གོན་དང༌། ལྷ་སྟ་གོན་དང༌། སློབ་མ་སྟ་གོན་ནོ། །དེ་ལ་དང་པོ་ནི་ཐོ་རངས་རྣལ་འབྱོར་པ་བདག་ཉིད་ལྡང་བའི་རྣལ་འབྱོར་གྱིས་ལངས་ལ། བདག་མེད་པ་ལ་ལྷག་པར་མོས་པས་དག་པ་གསུམ་གྱི་སྔགས་བརྗོད་པས་ནང་གི་ཁྲུས་བྱས་ལ་ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་བྱ་བས་བདག་དང་གནས་དང་རྣལ་འབྱོར་བསྲུངས་ལ། ཁྲུས་ཀྱི་རྣལ་འབྱོར་གྱིས་ཕྱིའི་ཁྲུས་ཀྱང་བྱ་སྟེ། བུམ་པ་ལ་སོགས་པའི་རྫས་ཐམས་ཅད་བསྡུས་ལ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་ཀྱི་ཆར་བཞག་སྟེ་སའི་ཕྱོགས་ཐམས་ཅད་སྐྱང་ནུལ་བྱའོ། །དེ་ནས་སའི་ལྷ་མོ་ལྷག་པར་གནས་པར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་དབུས་སུ་དྲིས་བྱུགས་ལ་མེ་ཏོག་གི་ཚོམ་བུ་གཅིག་དགོད་དོ། །དེར་མཆོད་པ་དང་གཏོར་མ་ཡང་བཤམས་ལ། རང་ལྷའི་ང་རྒྱལ་དང་ལྡན་པས་མེ་ཏོག་གི་ཚོམ་བུ་ལ་པཾ་དང་ཨ་ལས་པདྨ་དང་ཟླ་བ་ལ་སའི་ལྷ་མོ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་ཐུགས་ཀར་འཛིན་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པར་བསྐྱེད་ལ། ཡང་རང་གི་ས་བོན་གྱི་འོད་ཀྱིས་སའི་ཆོ་གའི་དུས་སུ་ནམ་མཁའ་ལ་བཏེག་པའི་ལྷ་མོ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། ཞབས་བཀྲུ་ལ་སོགས་པ་བཞི་ཕུལ་ཏེ། གཽ་རཱི་ལ་སོགས་པའི་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ལ་སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ། དབང་བསྐུར་ནས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་ལ་མེ་ཏོག་ལ་སོགས་པ་མཆོད་པའི་ཁྱད་པར་གྱི་མཆོད་པས་ཡང་དག་པར་མཆོད་ལ་དྲིལ་བུ་དཀྲོལ་ཞིང༌། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །དངོས་གྲུབ་ཐམས་ཅད་ཐོབ་བྱའི་ཕྱིར། །བདག་གིས་དཀྱིལ་འཁོར་བྲི་བར་བྱ། །ཞེས་བྱ་བའི་ཚིགས་སུ་བཅད་པ་རྩ་བ་དྲུག་པའམ། ཡང་ན། ཀྱེ་ཡི་རྡོ་རྗེ་ཁྲོས་མཆོད་པས། །མཁྱེན་པར་གསོལ་ལ། ཨོཾ་བཛྲ་མུཿཞེས་བྱ་བས་ས་ལ་ཐིམ་པར་བསམ་མོ། །དེ་ནས་ཟས་ཀྱི་བྱ་བ་བྱས་ལ་འཆད་པར་འགྱུར་བའི་ཉེ་བར་མཁོ་བའི་ཡོ་བྱད་མ་ལུས་པས་འཚོག་ཆས་བྱའོ། །དེ་ནས་ཕྱི་དྲོའི་དུས་ལ་བབ་པ་ན། སློབ་དཔོན་བདག་ཉིད་ཁྲུས་ཀྱི་རྣལ་འབྱོར་གྱིས་ལུས་མཐའ་དག་ཁྲུས་བྱས་ལ་དྲི་ཞིམ་པོས་བྱུག་པ་དང་རྒྱན་གདགས་པ་དང༌། གོས་སེར་པོ་གྱོན་ལ་དཀྱིལ་འཁོར་གྱི་དབུས་སུ་སྟན་འཇམ་པོ་ལ་འདུག་སྟེ། སྒྲུབ་ཐབས་ཀྱི་རིམ་པས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ནས་བརྩམས་ཏེ་མཆོད་བསྟོད་ཀྱི་བར་བྱའོ། །དེ་ནས་བདག་དཔལ་ཀྱེའི་རྡོ་རྗེའོ་ཞེས་སྤྲོ་བ་བསྐྱེད་པར་བྱ་སྟེ། དེང་དུས་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་ཡང་འབྲས་བུར་བཅས། །ལྷ་དང་དམ་ཚིག་གིས་མཉམ་པར། །གྱུར་པར་བདག་ནི་སོམ་ཉི་མེད། །བྱང་ཆུབ་སེམས་དཔའི་སེམས་གཅིག་ལས། །མི་ལྡོག་པར་ནི་བདག་གྱུར་ཏེ། །དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེས་པར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་གི་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །ཞེས་སྤྲོ་བ་བསྐྱེད་ལ་སངས་རྒྱས་ཐམས་ཅད་ལ་ཡིད་ཀྱིས་ཕྱག་བྱས་ལ་སྤོས་བཟུང་སྟེ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །རྡོ་རྗེ་འཆང་ཆེན་ཆེ་གེ་མོ། །བདག་ནི་ཀྱེ་ཡི་རྡོ་རྗེ་ཡི། །བདག་ཉིད་དཀྱིལ་འཁོར་བྲི་བར་བགྱི། །དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་འདི་ནི་སྩལ་དུ་གསོལ། །ཞེས་བརྗོད་ལ་ནམ་མཁའི་ཁམས་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གང་བར་དམིགས་ལ། ནམ་མཁའི་ངོས་ནས་བབས་པའི་རྣམ་པར་སྣང་མཛད་ལ་སོགས་པ་བཞིའམ། གཽ་རཱི་ལ་སོགས་པ་བཞིའི་ང་རྒྱལ་ལ་གནས་པའི་སློབ་མ་བཞིས་དངོས་སུའམ་ཡིད་ཀྱིས་ཀྱང་རུང་སྟེ། དེ་བཞིན་གཤེགས་པ་ཀུན་ཞི་བ། །ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་བྲི་བའི་ཕྱིར་གསོལ་བ་གདབ་པར་བྱའོ། །དེ་ནས་ལངས་ལ་ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་བྱས་ལ། བདག་ཉིད་སངས་རྒྱས་ཐམས་ཅད་འདུས་སྐུའི་ངོ་བོ་དཔལ་རྡོ་རྗེ་འཆང་དུ་ང་རྒྱལ་བསྐྱེད་པར་བྱ་སྟེ། སངས་རྒྱས་རྡོ་རྗེ་སེམས་དཔའ་བདག །རྡོ་རྗེ་ཉི་མའང་བདག་ཉིད་དེ། །དོན་ཡོད་རྡོ་རྗེ་ཆོས་བདག་ཉིད། །སངས་རྒྱས་ཐམས་ཅད་བདག་ཉིད་ཡིན། །ཞེས་བྱ་བའི་ང་རྒྱལ་བརྟན་པར་བྱས་ལ། ཧཱུྃ་བཛྲོ་ཏིཥྚ། ཞེས་བྱ་བས་བདག་གིས་བསྐྱེད་པའི་དཀྱིལ་འཁོར་ནམ་མཁར་བཏེག་ལ། རང་ཉིད་གཙོ་བོ་ལས་ཕྱག་གཉིས་པའི་ང་རྒྱལ་དུ་བྱས་ཏེ། སྔར་བཤད་པའི་རིམ་པས་གཡས་བརྐྱང་ལ་སོགས་པའི་རིམ་པས་རྡོ་རྗེའི་གར་གྱིས་ས་གཞི་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་བྱའོ། །འདི་དག་ནི་སློབ་དཔོན་ཁ་ཅིག་ས་ཆོག་གི་སྐབས་ཉིད་དུ་བྱེད་པར་འདོད་དོ། །ཁ་ཅིག་ནི་འདིར་སྟང་སྟབས་རྣམས་བྱས་ནས་གཞལ་ཡས་ཁང་བྱིན་གྱིས་བརླབས་ནས་གསང་བའི་དཀྱིལ་འཁོར་དགུག་པར་ཡང་འདོད་དོ། །སློབ་དཔོན་འདིས་ནི་དཀྱིལ་འཁོར་ནམ་མཁའ་ལ་བཏེག་ནས་སྟང་སྟབས་ལ་སོགས་པ་བྱས་ཏེ་སྔར་བཤད་པའི་སྔགས་ཀྱིས་རྡོ་རྗེའི་ས་གཞི་དང༌། རྭ་བ་དང༌། གུར་དང༌། བླ་རེ་དང༌། མདའི་དྲྭ་བ་དང༌། མེ་རི་རྣམས་བསྒོམས་ལ་དེ་ནས་དངོས་ཀྱི་ཕུར་བུ་གདབ་པར་བཞེད་དོ། །དེ་ལ་ཕུར་བུ་གདབ་པ་ནི་སྔར་བཤད་པ་ནི་ཏིང་ངེ་འཛིན་གྱི་ཕུར་བུ་ཡིན་ལ། འདིར་ནི་དངོས་སུ་གདབ་པ་ཡིན་པས་སེང་ལྡེང་ངམ་རུས་པའམ་ལྕགས་ལས་བྱས་པའི་ཕུར་པ་སོར་བཅོ་བརྒྱད་པ་ལ་སྦོམས་སུ་སོར་དྲུག་པའམ། སོར་བཅུ་གཉིས་པ་ལ་སྦོམས་སུ་སོར་བཞི་པའི་ཕུར་པ་བཅུ་བྱས་ལ། ཙནྡན་དམར་པོས་བྱུགས་ལ་མེ་ཏོག་གི་ཕྲེང་བ་དང་ཅོད་པན་དམར་པོས་བཅིངས་ལ་གོང་དུ་བཤད་པའི་ཏིང་ངེ་འཛིན་གྱིས་བགེགས་རྣམས་བཀུག་ལ་ཕུར་བུ་ཁྲོ་བོ་བཅུར་བསྐྱེད་ལ་ལག་པ་གཡོན་པས་བཟུང་སྟེ། ལག་པ་གཡས་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱས་གདབ་ཅིང་སྔར་བཤད་པའི་སྔགས་ཀྱིས་ཤར་ལ་སོགས་པའི་ཕྱོགས་བཅུར་གདབ་བོ། །སྟེང་གི་ནི་ཤར་དུ། འོག་གི་ནི་ནུབ་ཏུ་གདབ་བོ། །སློབ་དཔོན་ལ་ལ་ནི་ཕུར་བུ་ལྔ་གདབ་བོ་ཞེས་གསུང་ངོ༌། །ཡང་ན་སྔགས་དང་ཕྱག་རྒྱ་ཙམ་གྱིས་ཕུར་བུ་ལ་སོགས་པ་བྱ་སྟེ། ལེགས་པར་བསྡུ་བ་ཉིད་ན་གསལ་ལོ། །ལྷག་པར་གནས་པའི་སྔོན་དུ་འགྲོ་བའོ།།  །།ལྷག་གནས་དངོས་ལ་དོན་གསུམ་ལས། བུམ་པ་ལྷག་པར་གནས་པ་ནི། གཞུང་ལས་སྒོའི་བུམ་པ་བརྒྱད་ཀྱི་ལྷག་པར་གནས་པ་བྱ་བ་གསུངས་ཀྱང་ལག་ལེན་དུ་བུམ་པ་བཅུ་པོ་ཐམས་ཅད་ཀྱིས་མཛད་སྐད། དེ་ལ་སློབ་དཔོན་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས་བུམ་པའི་མཚན་ཉིད་ལ་སོགས་པ་ནི་གཞུང་ན་གསལ། མཚན་མ་ནི་རྣམ་རྒྱལ་གྱི་བུམ་པ་ལ་རིགས་ལྔའི་མཚན་མ་གཞན་རྣམས་ལ་རིགས་བསྡུས་པ་བྱེད་ན་རྣམ་སྣང་ལ་སོགས་པ་ཡབ་ཡུམ་བརྒྱད་ཀྱི་མཚན་མ་རེ་རེ། ཐུགས་ཀྱི་རིགས་ལྟ་བུ་ལ་གཽ་རཱི་ལ་སོགས་པ་བརྒྱད་ཀྱི་མཚན་མ། ལས་ཐམས་ཅད་པ་ལ་སྣ་ཚོགས་རྡོ་རྗེས་མཚན་པ་བྱའོ། །དེ་ནས་མགུལ་ཆིངས་ཁ་དོག་དང་མཐུན་པའི་རས་ལྕོག་ལྔ་པ་བྱས་ཏེ་བཅིངས་ལ། རྩ་བའི་སྔགས་སམ་ཕྲེང་བའི་སྔགས་བཟླ་ཞིང་གུ་གུལ་གྱི་དུད་པ་བདུག་ཡུངས་ཀར་གྱིས་བརྡེགས་པས་བགེགས་བསལ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སམ་ཤར་དུ་ཀུ་ཤའི་སྟན་ལ་བཞག་ལ། དེའི་ནང་དུ་སྨན་དང་འབྲུ་དང༌། རིན་པོ་ཆེ་དང་དྲི་རྣམས་ཀྱང་སྩལ་ཏེ། རང་གི་སྙིང་གའི་ས་བོན་ལས་ལྷ་མོ་མདོག་སྣ་ཚོགས་པ་སྤྲོས་ཏེ་ཆུ་བོ་གངྒཱ་ནས་ཆུ་བླངས་ཏེ་འགེངས་པར་བསམས་ལ། ཨོཾ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ། ཞེས་ལན་བདུན་བདུན་བཟླས་ལ་བུམ་པ་རྣམས་ཆུས་དགང༌། དེ་ནས། ཨོཾ་ཧཱུྃ་སྭཱ་ཧཱ། ཞེས་བྱ་བས་ཁ་རྒྱན་བཞག་ལ། དེའི་སྟེང་དུ་དྲི་ཞིམ་པོའི་ཆུས་བཀང་བའི་དུང་ཆོས་དང་རྡོ་རྗེ་ལ་གཟུངས་ཐག་བཏགས་པ་བཞག་ལ་རང་ལྷའི་ང་རྒྱལ་དང་ལྡན་པས་བུམ་པ་རྣམས་སྟོང་པར་བསྒོམས་ལ། དེ་ལས་པྃ་དང་ཨ་ལས་པདྨ་དང་ཟླ་བ། དེའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་པར་བསྐྱེད་ལ་རྣམ་རྒྱལ་གྱི་བུམ་པའི་ནང་དུ་ཆོ་ག་གསུམ་མམ། མངོན་བྱང་ལྔ་ལས་གཙོ་བོ་ཡབ་ཡུམ་བསྐྱེད། བུམ་པ་གཞན་རྣམས་སུ་འབྱིན་པའི་ཚུལ་དུ་ལྷ་མོ་རྣམས་བསྐྱེད། ལས་ཐམས་ཅད་པར་བདུད་རྩི་འཁྱིལ་པ་བསྐྱེད་ལ། ཐམས་ཅད་ལ་ཡན་ལག་བཞི་རྫོགས་པར་བྱས་ལ་མཆོད་པ་ཕུལ་ཏེ་གཟུངས་ཐག་ལ་འཇུས་ཏེ། གཙོ་བོ་ལ་སོགས་པ་ལྷ་སོ་སོའི་སྔགས་ཀྱང་བཟླས་ལ་དུང་ཆོས་ཀྱི་ཆུ་ཐིགས་རེ་བུམ་པ་ཀུན་དུ་བླུགས་པས་གཙོ་བོ་ཡབ་ཡུམ་ལ་སོགས་པ་ལྷ་ཐམས་ཅད་འོད་དུ་ཞུ་བར་བསྒོམས་ལ། མཆོད་པས་མཆོད་དེ། བུམ་པ་ལྷག་པར་གནས་པ་བླ་མའི་མན་ངག་གིས་རྒྱས་པར་སྦྱར་བའོ།།  །།དེ་ནས་ལྷ་ལྷག་པར་གནས་པ་ནི་དཀྱིལ་འཁོར་གྱི་རྩིག་རིངས་ཀྱི་ནང་ཐམས་ཅད་པའི་རྣམ་ལྔ་དང༌། དྲི་ལྔ་དང་བདུད་རྩི་ལྔས་གཡས་སྐོར་དུ་བྱུག་ཅིང༌། ཨོཾ་མེ་དི་ནཱི་བཛྲཱི་བྷ་ཝ་བནྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་རྡོ་རྗེའི་ས་གཞིར་བསྒོམ་ཞིང་རྭ་བ་དང་དྲྭ་བའང་བསྐྱེད་ལ། དེར་སྐད་ཅིག་གིས་གཞལ་ཡས་ཁང་བསྐྱེད་ལ། ལྷ་རྣམས་ཀྱི་གནས་གང་ཡིན་པར་དྲི་ལྔ་དང་བདུད་རྩི་ལྔ་བསྲེས་པའི་ལྡེ་གུས་བྱུགས་ཏེ། གཙོ་བོའི་གནས་སུ་ནི་ཐིག་ལེ་གྲུ་བཞི་པའོ། །ལྷ་གཞན་རྣམས་ཀྱི་གནས་སུ་ནི་ཐིག་ལེ་ཟླུམ་པོ་བྱའོ། །ཐིག་ལེའི་སྟེང་དུ་རང་རང་གི་ས་བོན་དང་མིང་སྔོན་དུ་འགྲོ་བས་ཕྱག་འཚལ་བ་དང་བཅས་པས་ཧཱུྃ་ཤྲཱི་ཧེ་རུ་ཀ་ན་མཿནཾ་ནཻ་རཱདྨ་ན་མཿ གྃ་གཽ་རཱི་ན་མཿ ཞེས་བྱ་བ་ལ་སོགས་པས་མེ་ཏོག་གི་ཚོམ་བུ་བསྐྱེད་ལ་མིང་གི་མོད་ལ་ལྷ་དམ་ཚིག་པ་བསྐྱེད་དོ། །དེ་ནས་མཆོད་པའི་ཡོ་བྱད་ཆུ་བཞི་དང་མེ་ཏོག་ལ་སོགས་པ་ཐམས་ཅད་ལེགས་པར་བཀོད་དེ་ཆོ་ག་བཞིན་དུ་བྱིན་གྱིས་བརླབས་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། དེའི་ཞབས་བཀྲུ་བ་དང༌། ཞལ་བཀྲུ་བ་དང༌། སྐུ་ཐམས་ཅད་ལ་གཏོར་བ་དང༌། ཕྱག་ཏུ་མཆོད་ཡོན་ཕུལ་ཏེ། ཨོཾ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿཞེས་བྱ་བ་ལ་སོགས་པས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང་དབང་དུ་བྱས་ལ། ཡང་སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ། དབང་བསྐུར་བའི་བར་དུ་བྱས་ལ། མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་དང༌། རོལ་མོ་དང༌། ན་བཟའ་དང༌། བདུད་རྩི་དང་མཆོད་པ་ཉི་ཤུ་དང་བསྟོད་པས་ཀྱང་བསྟོད་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལག་པ་གཡས་པས་སྤོས་ཕོར་བཟུང་ལ་གཡོན་པས་དྲིལ་བུ་དཀྲོལ་ཞིང༌། ཐུགས་བརྩེ་ཕན་པའི་དགོངས་པ་ཅན། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །རྡོ་རྗེ་འཆང་ཆེན་བདག་མིང་འདིས། །དཀྱིལ་འཁོར་ཆེ་གེ་མོ་བསྐྱེད་ཕྱིར། །ཅི་ནུས་པ་ཡི་ཉེར་སྤྱོད་ཀྱིས། །སློབ་མ་རྗེས་སུ་གཟུང་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་བགྱིད་ན། །རྗེས་སུ་བརྩེ་བ་བསྐྱེད་ནས་ནི། །བསྙེན་ཏེ་བཞུགས་པར་མཛད་པའི་རིགས། །ཞེས་བྱ་བ་ལན་གསུམ་གྱིས་སྙན་གསན་དབབ་བོ། །ལྷ་སྟ་གོན་ལ་གནས་པའི་ཆོ་གའོ། །དེ་ནས་བུམ་པ་དང་སློབ་མ་བསྲུང་བའི་ཕྱིར་དང་དཀྱིལ་འཁོར་གྱི་འཁོར་དུ་གཏོགས་པའི་འབྱུང་པོའི་ཚོགས་ཚིམ་པར་བྱ་བའི་ཕྱིར་འཆད་པར་འགྱུར་བའི་ཆོ་གས་གཏོར་མ་བྱིན་ཏེ། དམ་ཚིག་དང་ལྡན་པའི་སྐྱེ་བོ་རྣམས་བཟའ་བ་དང་བཏུང་བས་ཚིམ་པར་བྱས་ཏེ། ལྷག་མའི་ཚོགས་འབྱུང་པོ་ལ་བྱིན་ལ་ཚོགས་ཀྱི་འཁོར་ལོ་ཡོངས་སུ་རྫོགས་པར་བྱ་བ་འདི་ནི་བསོད་ནམས་ཡོངས་སུ་འཕེལ་བར་བྱེད་པ་སྟེ། བླ་མའི་མན་ངག་གོ །དེ་ནས་སློབ་མ་ལྷག་པར་གནས་པར་བྱ་བ་ལ་དོན་བཅུ་གསུམ་སྟེ། ལུས་ཀྱི་བྱ་བ་དང༌། གསོལ་བ་གདབ་པ་དང༌། གསང་སྔགས་ཀྱི་ཐེག་པ་གཟུང་བར་གདམས་པ་དང༌། རྒྱུན་བཤགས་བྱ་བ་དང༌། སྡོམ་པ་གཟུང་བ་དང༌། གནས་གསུམ་བསྲུང་བ་དང༌། མཆོད་པས་མཆོད་པ་དང༌། སྐྱོར་ཆུ་བླུད་པ་དང༌། སོ་ཤིང་དོར་བ་དང༌། སྲུང་སྐུད་གདགས་པ་དང༌། ཆོས་ཟབ་མོས་སྤྲོ་བ་བསྐྱེད་པ་རྒྱས་པར་བྱ་བ་དང༌། ཉལ་དུ་གཞུག་པའི་བྱ་བ་དང༌། རྨི་ལམ་བརྟག་ཅིང་ངན་ན་བསྲུང་བའོ། །དང་པོ་ནི་ཁྲུས་བྱས་ཏེ་གོས་གཙང་མ་གྱོན་ནས་ཕྱག་འཚལ་ཏེ་མཎྜལ་ཕུལ་ཏེ། མེ་ཏོག་སྙིམ་པར་གཟུང་ལ་ཙོག་པུར་འདུག་པའོ། །གཉིས་པ་ནི། སྐྱེ་རྒ་ན་དང་འཆི་བ་ཡི། །ཆུ་སྲིན་ལ་སོགས་འཇིགས་དང་བཅས། །སྲིད་པའི་རྒྱ་ཚོར་བྱིང་བ་ལས། །འདོན་པར་མཛད་པ་ཁྱོད་འབའ་ཞིག །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་དུ་གསོལ། །ཞེས་བྱ་བའི་ཚིགས་སུ་བཅད་པ་ཕྱེད་དང་བཞི་ལན་གསུམ་གྱི་བར་དུ་སློབ་མས་གསོལ་བ་གདབ་པ་བརྗོད་པར་བྱའོ། །གསུམ་པ་ནི། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱིས། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དག །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བྱ་བའི་ཚིགས་སུ་བཅད་པ་ལྔ་སློབ་དཔོན་གྱིས་ངག་ཏུ་བརྗོད་ལ་དེའི་དོན་རྣམས་བཤད་པའོ། །བཞི་པ་ནི། སློབ་མས་སློབ་དཔོན་གྱི་རྗེས་སུ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཞེས་ལན་གསུམ་གྱི་བར་དུ་བརྗོད་པའམ། ཡང་ན་བཤགས་པ་ལ་སོགས་པ་རྒྱས་པར་བྱ་སྟེ། བདག་གིས་ཐོག་མ་མེད་དུས་ནས། །ལོག་རྟོག་དབང་གིས་སྡིག་བགྱིས་གང༌། །ཐུགས་རྗེའི་མངའ་བདག་ཁྱེད་རྣམས་ཀྱི། །སྤྱན་སྔར་བཤགས་བགྱིད་སླན་ཆད་བསྡམ། །རྒྱལ་དང་དེ་ཡི་སྲས་རྣམས་དང༌། །རང་སངས་རྒྱས་དང་དགྲ་བཅོམ་དང༌། །འགྲོ་བའི་བསོད་ནམས་མ་ལུས་པ། །དེ་དག་ཀུན་ལ་ཡི་རང་ངོ༌། །ཀུན་འདོད་དབུགས་འབྱིན་སྩོལ་མཛད་པའི། །སངས་རྒྱས་ཀུན་ལ་བདག་བསྐུལ་བས། །བསྟན་པ་ནམ་མཁའི་མཐའ་མཉམ་པས། །འཇིག་རྟེན་ཀུན་སྡིག་མེད་སྣང་མཛོད། །འགྲོ་ཀུན་སངས་རྒྱས་འགྱུར་གྱི་བར། །དེ་སྲིད་མགོན་པོ་བཞུགས་ནས་ནི། །ནམ་ཡང་མྱ་ངན་མི་འདའ་བར། །ཐལ་མོ་སྦྱར་ནས་གསོལ་བར་འཚལ། །ལུས་ངག་ཡིད་ཀྱི་བསོད་ནམས་ནི། །བགྱིས་སམ་བགྱིད་དུ་སྩལ་བ་དང༌། །རྗེས་སུ་ཡི་རང་གང་ཅིའང་རུང༌། །དེས་ནི་འཇིག་རྟེན་ཀུན་མཁྱེན་ཤོག །ཅེས་བྱ་བའི་ཚིགས་སུ་བཅད་པས་སམ་ཚིག་ལྷུག་པས་ཀྱང་རུང་སྟེ། དེ་ལྟར་ཡན་ལག་ལྔ་པོ་བྱེད་པས་ཏེ་ཕྱག་དང་མཆོད་པ་ནི་སྔོན་དུ་སོང་བའི་ཕྱིར་རོ། །དེ་ལྟར་ན་ཡན་ལག་བདུན་ཡོངས་སུ་རྫོགས་པ་ལ་སྐྱབས་སུ་འགྲོ་བ་སྐྱེ་བས་ན། གང་དང་གང་གིས་འདུལ་གྱུར་པ། །དེ་དང་དེ་ཡི་སྐུར་སྟོན་པ། །སྣ་ཚོགས་གཟུགས་ནོར་ཇི་ལྟ་བུའི། །རྫོགས་སངས་རྒྱས་ལ་སྐྱབས་སུ་མཆི། །ཀུན་རྟོག་མ་ལུས་ངག་གྱུར་པ། །རང་རིག་ཡེ་ཤེས་ཡང་དག་བསྐྱེད། །ལྷན་ཅིག་སྐྱེས་དགའི་ངོ་བོ་ཉིད། །དམ་པའི་ཆོས་ལ་སྐྱབས་སུ་མཆི། །གོ་རིམ་ཇི་བཞིན་དབང་བསྐུར་ཐོབ། །མ་ལོག་ལམ་ལ་ངེས་གནས་པའི། །སྲས་མཆོག་འཁོར་འདུས་ཚོགས་མཆོག་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཞེས་བྱ་བས་ལན་གསུམ་གྱི་བར་དུ་སྐྱབས་སུ་འགྲོ་བར་བྱའོ། །ཡང་དག་ཡེ་ཤེས་མེ་བོ་ཆེ། །གཏི་མུག་མུན་པ་བསལ་བ་དང༌། །སྒྲིབ་པ་མ་ལུས་སྤང་བའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །རྒྱལ་སྲས་དཔའ་བོ་རྣམས་ཀྱི་ལམ། །སྤྱོད་པ་དཔག་ཡས་གང་ཡིན་དང༌། །མ་བཅོས་ཇི་བཞིན་ལམ་གནས་ལ། །ད་ནི་ཡང་དག་གནས་པར་བགྱི། །ཞེས་བྱ་བས་དེ་ལྟར་སྡིག་པ་བཤགས་པ་ལ་སོགས་པ་སྔོན་དུ་སོང་བས་ཐུན་མོང་གི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་ཆོ་ག་རྒྱས་པར་བྱ་བ་ནི། སློབ་མའི་རྒྱུད་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡིན་པས་མན་ངག་གིས་སྦྱར་ཏེ་ཆོ་ག་ཤིན་ཏུ་རྒྱས་པར་གྱུར་ཀྱང་ཉེས་པ་མེད་དོ། །དེའི་རྗེས་སུ་ཐུན་མོང་གི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་བདག་ཉིད་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་གཟུང་བ་ནི། གཞུང་ལས་སྡོམ་པ་བཟུང་བ་ཙམ་ལས་མེད་ཀྱང་སྡོམ་པ་བསྒྲག་པ་སྔོན་དུ་སོང་ན་ངེས་པའི་ཤེས་པ་སྐྱེ་བའི་ཕྱིར་བསྒྲགས་པའི་ཆོ་ག་རྒྱས་པར་བྱའོ། །དེ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །བློ་ཆེན་ཁྱོད་ཀྱིས་གཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་ཁྱོད་ཀྱིས་གཟུང་བར་བྱའོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བྱ། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །དེ་ལས་གཞན་ཡང་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །གལ་ཏེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ༌། །འདོད་པ་ལོག་པར་མི་སྤྱད་ཅིང༌། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཀྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་གདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང༌། །དམ་པ་ཉེ་བར་བསྟན་བྱ་ཞིང༌། །རྣལ་འབྱོར་པ་ཀུན་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་རྣམ་པ་བཞི་རྣམས་དང༌། །ཡིད་ཀྱི་རྣམ་པ་གསུམ་དག་ཏུ། །ཅི་ནུས་པར་ནི་རྗེས་སུ་སྐྱོངས། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡོངས་མི་སྤང༌། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང༌། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །གསང་བའི་རྒྱུད་ལས་རབ་ཏུ་བཤད། །ཅེས་ལན་གཅིག་བསྒྲགས་ལ་དོན་བཤད་པར་བྱའོ། །དེ་ནས་སློབ་མས་འདི་སྐད་ཅེས་བརྗོད་པར་བྱའོ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་བཞིན་དུ་ནི་བགྱིད་པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་སྡོམ། །དེང་ནས་བརྩམས་ཏེ་བརྟན་པོར་གཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང༌། །དེ་ཉིད་ཡང་དག་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་པོ་ཆེ་ཡི་རིགས་སྦྱོར་བའི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་སོ་སོར་གཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་བྱ་བ་ལན་གསུམ་གྱི་བར་དུ་བརྗོད་པས་སྡོམ་པ་བཟུང་བའོ། །དེ་ནས་བསྲུང་བ་ནི་སློབ་དཔོན་གྱིས་དྲི་ཞིམ་པོའི་ཆུ་ལ་ཧཱུྃ་ཞེས་བཟླས་ལ་ལུས་ཐམས་ཅད་ལ་གཏོར་ལ་ཡང་རྡོ་རྗེ་དང་བཅས་པའི་ལག་པས་སློབ་མའི་སྙིང་གར་དྲིས་བྱུགས་ལ་ཧཱུྃ་ཞེས་བརྗོད་པས་དེར་རྡོ་རྗེ་རྩེ་ལྔ་པ་ལ་ཧཱུྃ་བསམ། ཡང་མགྲིན་པར་ཐིག་ལེ་བྱས་ལ་ཨཱཿཞེས་བརྗོད་པས་པདྨ་ལ་ཨཱཿདམར་པོ་བསམ། ཡང་སྤྱི་བོར་ཐིག་ལེ་བྱས་ལ་ཨོཾ་ཞེས་བརྗོད་པས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཨོཾ་བསམས་ལ། ཡང་སྙིང་ག་དང༌། མགྲིན་པ་དང༌། སྤྱི་བོར་རེག་ཅིང་རིམ་པ་བཞིན་དུ་ཧཱུྃ་ཨཱཿཨོཾ་ཞེས་བརྗོད། ཡང་ཡས་རིམ་བཞིན་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་དོ། །དེ་ནས་རང་རང་གི་སྔགས་ཀྱིས་མཆོད་པར་བྱ། མེ་ཏོག་མགོ་ལ། སྤོས་ཤངས་ལ། མར་མེ་མདུན་དུ། དྲི་སྙིང་གར། ལྷ་བཤོས་ཞལ་དུའོ། །དེ་ནས་སོ་ཤིང་སྦྱིན་པ་ནི། སོ་ཤིང་སོར་བཅུ་གཉིས་པའི་རྩེ་མོར་མེ་ཏོག་བཅིངས་ལ་དྲིའི་ཆུས་གཏོར་ཏེ་ཨོཾ་ཨཱཿཛི་ཧྭཱ་སམྦ་ར་བིདྡྷ་ནི་སྭཱ་ཧཱ་ཞེས་ལན་བདུན་བཟླས་ཏེ་སློབ་མ་ལ་བྱིན་ལ། དེས་རྩེ་མོ་ནས་འཆོས་ཏེ། སོ་ཤིང་དེ་རིན་པོ་ཆེ་གསེར་རམ་དངུལ་ལས་བྱས་པ་དེ་ཟོས་པས་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་ཀུན་སྐྱུགས་སྨན་བཏང་བ་བཞིན་དག་པར་བསམས་ལ། བའི་ཀོ་བ་ཙམ་གྱི་དཀྱིལ་འཁོར་གྱི་དབུས་སུ་དོར་ལ་ལྟས་བརྟག་གོ །དེ་ནས་ཡང་དྲིའི་ཆུ་ལ་ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨཱཿསརྦ་པཱ་པཾ་ནི་ཤྩ་སྱ་སཾ་ཤོ་དྷ་ཡ་སརྦ་བི་ཀལྤཱ་ཨ་པ་ན་ཡ་ཧཱུྃ་ཞེས་ལན་བདུན་བཟླས་ལ་སློབ་མ་ལ་བླུད་དོ། །དེ་ནས་སྐུད་པ་དམར་པོ་རང་གི་ལུས་ཚད་ཙམ་སུམ་ལྟབ་ཏུ་བྱས་ལ། དེ་ལ་ཧཱུྃ་བཟླས་པའི་མདུད་པ་སུམ་བརྩེགས་གསུམ་བྱས་ལ། དེ་ཐལ་མོར་བཅུག་ལ་སྟོང་པའི་ངང་ལས་ཧཱུྃ་ལས་སྲུང་སྐུད་བསྐྱེད་ལ་ཡེ་ཤེས་ཀྱི་སྲུང་སྐུད་བཅུག་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ་ཅེས་བརྗོད་ལ་སློབ་མའི་དཔུང་པ་གཡོན་པར་བཅིངས་བར་བྱའོ། །དེ་ནས་ཕྱིར་མི་ལྡོག་པར་བྱ་བའི་ཕྱིར་ཆོས་ཟབ་མོ་བཤད་པའི་སྒོ་ནས་སྤྲོ་བ་བསྐྱེད་པར་བྱ་སྟེ། བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །རང་འབྱུང་སྐལ་བ་ཆེན་པོ་ལ། །འཇིག་རྟེན་ཀུན་གྱི་མཆོད་རྟེན་ཏེ། །ཡོད་དང་མེད་ལས་རྣམ་པར་འདས། །ནམ་མཁའ་བཞིན་དུ་དྲི་མ་མེད། །ཟབ་མོ་རྟོག་གེ་ཐམས་ཅད་ཀྱིས། །རབ་ཏུ་མི་རྟོག་གནས་མེད་པ། །སྤྲོས་པ་ཀུན་དང་བྲལ་བ་སྟེ། །སྤྲོས་པ་རྣམས་ཀྱིས་རྣམ་པར་སྤྲོས། །ལས་དང་བྱ་བ་ལ་སོགས་བྲལ། །བདེན་པ་གཉིས་ལ་གནས་པ་ཡི། །ཐེག་པ་རབ་ཀྱི་མཆོག་འདི་ནི། །ཚུལ་ལ་གནས་ན་ཐོབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་བརྗོད་ཅིང་དེའི་དོན་རྒྱས་པར་བཤད་པར་བྱའོ། །དེ་ནས་ཉལ་དུ་གཞུག་པའི་བྱ་བ་ནི། དུས་སང་ནང་པར་དཀྱིལ་འཁོར་ཆེན་པོ་འདྲི་ན། དཀྱིལ་འཁོར་གྱི་ཁང་པར་ཉལ་བར་བྱའོ། །ཞེས་བརྗོད་ལ་སློབ་དཔོན་གྱིས་སྟ་གོན་གྱི་ལྷ་ལ་མཆོད་པ་བྱས་ཏེ་ནམ་མཁའ་ལ་གཤེགས་སུ་གསོལ་ནས། བུམ་པ་དང་མཆོད་པ་དང་ཐིག་ལེ་ལ་སོགས་པ་བསལ་ནས། སློབ་མ་སྐད་ཅིག་གིས་ལྷག་པའི་ལྷར་མོས་པ་བྱས་ལ། ཀུ་ཤའི་ཆུན་པོ་གཉིས་ལ་དྷཱྀཿཞེས་བྱ་བ་བཟླས་ཏེ་གཅིག་ནི་སྔས་སུ་སྦྱིན་གཅིག་སྟན་དུ་བྱིན་ལ་དཀྱིལ་འཁོར་གྱི་ཁང་པར་སློབ་མ་བཅུག་སྟེ། གློ་གཡས་པ་ཕོབ་ལ་ཉོལ་ལ་རྨི་ལམ་ཅི་མཐོང་བ་ང་ལ་སྨྲོས་ཤིག་ཅེས་བསྒོ་ལ་སློབ་མ་བསྙལ་ལོ། །སློབ་དཔོན་གྱིས་ཐམས་ཅད་བསྲུང་བའི་ཕྱིར་རྩ་བའི་སྔགས་མང་དུ་བཟླས་སོ། །དེ་ནས་ནང་པར་སྔར་ལངས་ལ་སློབ་མ་བོས་ལ་བུ་ཁྱོད་ཀྱིས་རྨི་ལམ་ཇི་ལྟ་བུ་ཞིག་མཐོང་ཞེས་འདྲི་བར་བྱའོ། །སློབ་མས་ཇི་ལྟ་བ་བཞིན་སྨྲ་བར་བྱས་པ་དང༌། ཐོས་ནས་བཟང་ངམ་མི་བཟང་བ། །ཐེ་ཚོམ་མེད་པར་བཤད་པར་བྱ། །རྨི་ལམ་ཐམས་ཅད་བདེན་མིན་ཡང༌། །དེ་ལ་མ་དད་རིགས་མ་ཡིན། །དེ་ལ་རྨི་ལམ་གྱི་ལྟས་བཟང་བ་རྣམས་གསང་བ་སྤྱི་རྒྱུད་ལས་འབྱུང་བ། རྨི་ལམ་སངས་རྒྱས་མཐོང་ན་ནི། །ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན། །མཆོད་རྟེན་དང་ནི་སྐུ་གཟུགས་མཐོང༌། །དེ་ལ་མཆོད་པ་བརྩམ་པ་དང༌། །དགེ་སློང་དག་ལ་ཆོས་ཉན་ཏམ། །ཡང་ན་གཞན་ལ་ཉན་ཡང་རུང༌། །ཆོས་ནི་རྣམ་པར་སྤྱོད་པ་དང༌། །དེ་བཞིན་གླེགས་བམ་ཀློག་པ་དང༌། །རྨི་ལམ་དགེ་འདུན་མཐོང་བ་དང༌། །ཡང་ན་དགེ་སློང་གཅིག་པོ་མཐོང༌། །དེ་དང་འགྲོགས་ཤིང་གཏམ་ཟེར་དང༌། །ཡང་ན་དགེ་སློང་དངོས་པོར་གྱུར། །གཙུག་ལག་ཁང་དག་མཐོང་བ་དང༌། །དེ་བཞིན་དགེ་སློང་མ་དག་མཐོང༌། །རྒྱལ་བའི་སྲས་དག་མཐོང་བ་དང༌། །དེ་བཞིན་ཕ་མ་བླ་མ་རྣམས། །མཛའ་བོ་རྣམ་པ་སྣ་ཚོགས་རྣམས། །རྨི་ལམ་དག་ཏུ་མཐོང་ན་ཤེས། །རིག་སྔགས་དང་ནི་དངོས་གྲུབ་ཐོབ། །དེ་བཞིན་སློབ་མ་འཛིན་པ་དང༌། །ཀུན་དགའ་རྣམ་པ་སྣ་ཚོགས་དང༌། །འབབ་ཆུ་རྣམས་དང་རྒྱ་མཚོ་དང༌། །རི་དང་གླང་པོ་ཆེ་དག་དང༌། །མཐོང་ན་ཡང་ནི་བཟང་བར་བསྒྲགས། །ཞེས་བྱ་བ་ལ་སོགས་པ་རྒྱལ་པོར་དབང་བསྐུར་བ་དང༌། བཞོན་པ་ལ་ཞོན་པ་དང༌། ནོར་དང་འབྲུ་དང་ཟས་མཆོག་ཏུ་གྱུར་པ་ཐོབ་པ་ལ་སོགས་པ་རྣམ་པ་མང་པོ་ཤེས་པར་བྱའོ། །མི་དགེ་བའི་ལྟས་ནི་རྒྱ་སྐྱེགས་ཀྱི་རི་ལ་འཛེགས་པ་དང༌། ཀ་ར་བཱི་རའི་མེ་ཏོག་རྒྱས་པ་ཐུ་བ་དང༌། མཆོད་སྡོང་དང༌། བྱེ་མའམ་ཐལ་ཕུང་ལ་འཛེགས་པའམ། བོང་བུ་ལ་ཞོན་ནས་ལྷོ་ཕྱོགས་སུ་སོང་ནས་མ་ལོག་པ་དང༌། སྤྲེའུ་ལ་ཞོན་ནས་ལྷོ་ཕྱོགས་སམ་ཤར་ཕྱོགས་སུ་འགྲོ་བའམ། བུད་མེད་ནག་མོ་རབ་ཏུ་ཁྲོས་པའམ། བུད་མེད་ནག་མོ་གོས་ནག་ཅན་ལ་འདོད་པ་སྤྱོད་ཅིང་ཀ་ར་བཱི་རའི་ཕྲེང་བ་བཅིངས་པ་དང༌། གཡང་ས་དང་གཅོང་རོང་དུ་འཇུག་པ་དང༌། ཤིང་ལས་ལྷུང་བ་དང༌། ལྗོན་ཤིང་འབྲས་བུ་མེད་པ་སྐམ་པོ་མཐོང་བ་དང༌། ཁྱི་དང་ཝ་དང་སྲིན་པོ་ལ་སོགས་པས་ཟོས་པ་དང༌། ཕག་དང་རྔ་མོ་དང་མ་ཧེ་ལ་ཞོན་པ་དང༌། མི་ནག་པོ་ལྕགས་ཀྱི་དབྱིག་པ་ཐོགས་པས་བསྡིགས་པ་དང༌། ལུས་ཏིལ་མར་གྱིས་བཅིངས་ནས་ཕྲེང་བ་དམར་པོ་བཅིང་བ་དང༌། སྐྲ་བྲེགས་ནས་ཕྲེང་བ་དམར་པོ་བཅིངས་བ་ལ་སོགས་པ་རྣམས་ནི་མི་དགེ་བའི་ལྟས་སོ། །དེ་ལྟར་དགེ་བའི་ལྟས་རྣམས་ལ་སྔགས་ཀྱི་དངོས་གྲུབ་རབ་འབྲིང་གསུམ་འགྲུབ་པར་བསྟན་ཏོ། །དེ་ལྟར་མི་དགེ་བའི་ལྟས་མཐོང་བ་རྣམས་ལ་ནི་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་སྒྱུ་མ་ལྟ་བུའི་རང་བཞིན་དུ་བསྟན་ལ། རྩ་བའི་སྔགས་བརྒྱ་རྩ་བརྒྱད་ཀྱིས་བསྲུངས་ལ། སངས་རྒྱས་སྤྱན་གྱི་རྣལ་འབྱོར་མན་ངག་ཇི་ལྟ་བ་བཞིན་བྱིན་ལ། བསྲེག་བླུགས་བརྒྱ་རྩ་བརྒྱད་དུ་ཞི་བའི་སྦྱིན་སྲེག་བྱའོ། །སློབ་མ་ལྷག་པར་གནས་པའི་ཆོ་གའོ། །ནུབ་གསུམ་པའོ།།  །།ཞག་བཞི་པ་ལ་རབ་ཏུ་གནས་པ་དང་དཀྱིལ་འཁོར་བྲི་བ་ལ་སོགས་པའི་དུས་རིག་པའི་སྔགས་པས། བདག་དང་སློབ་མ་ལ་སོགས་པའི་ཞི་བའི་སྦྱིན་སྲེག་གམ། ཚེ་དང་ལོངས་སྤྱོད་ལ་སོགས་པས་རྒྱས་པའི་སྦྱིན་སྲེག་ནི། དངོས་གྲུབ་དོན་དུ་གཉེར་བས་དཀྱིལ་འཁོར་གྱི་ས་དེ་ཉིད་དམ་སྦྱིན་སྲེག་གི་ཁང་པ་གཞན་དུའང་རུང་བས་སྦྱིན་སྲེག་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ཆོ་ག་དངོས་ལ་བདུན་ཏེ། དཀྱིལ་འཁོར་བྲི་བའི་ཆོ་ག་དང༌། དེར་བུམ་པ་དབུལ་ཞིང་ལྷག་པར་གནས་པ་དང༌། དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དང༌། རྒྱས་པའི་སྦྱིན་སྲེག་བྱ་བ་དང༌། སློབ་དཔོན་དུ་དབང་ཐོབ་པར་བྱ་བ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བ་དང༌། དཀྱིལ་འཁོར་གྱི་མཇུག་གི་བྱ་བའོ། །དང་པོ་ལ་ལྔ་སྟེ། ཐིག་གིས་བྲི་བ་དང༌། ཚོན་གྱིས་བྲི་བ་དང༌། ཚོན་གྱིས་བྲི་བའི་ཚེ་བགེགས་བཟློག་ཅིང་དཀྱིལ་འཁོར་ཤིས་པར་བྱ་བའི་ཚུལ་དང༌། བྲིས་པ་མཉེས་པར་བྱ་བ་དང༌། དཀྱིལ་འཁོར་བསྲུང་བའོ། །དང་པོ་ནི་དེ་ལྟར་སྦྱིན་སྲེག་ཟིན་པ་དང་སའི་ཕྱོགས་ཐམས་ཅད་ཕྱག་དར་དང༌། བའི་རྣམ་པ་ལྔ་དང༌། བདུད་རྩི་ལྔ་དང་དྲི་ལྔས་སྐྱང་ནུལ་ལེགས་པར་བྱས་ལ་ཐིག་གདབ་པར་བྱའོ། །དེ་ལ་ཐིག་བྱིན་གྱིས་བརླབ་པ་ནི་ཐིག་སྐུད་རྐྱང་པ་དགུ་དགུའམ། ལྔ་ལྔ་གཅིག་ཏུ་བསྒྲིལ་བ་ལྔའམ། དེའང་མ་འབྱོར་ན་རྐྱང་པ་ལྔ་ཁ་དོག་ལྔར་བཙོས་པའི་སྐུད་པ་སྣོད་དུ་བཞག དེ་ནས་མཆོད་པ་ལྔ་བཤམས་ལ་བདག་ཉིད་ལྷའི་ང་རྒྱལ་གསལ་བར་བྱས་ལ་ཐལ་མོ་སྦྱར་བའི་དབུས་སུ་སྲད་བུ་ལྔ་གོ་རིམ་བཞིན་བཞག་སྟེ། དེ་ལ་བྷྲཱུྃ་ཨཱཾ་ཛྲཱིཾ་ཁྃ་ཧཱུྃ་ཞེས་བྱ་བ་བཀོད་དེ། དེ་དག་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་མོས་པའམ། ཡང་ན་དེ་བཞིན་གཤེགས་པ་ལྔ་པོ་སོ་སོར་བསྐྱེད་ལ་བཀོད། ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཁྱེད་ཀྱིས་བདག་ལ་རྡོ་རྗེའི་ཐིག་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་ལ། མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བར་བསྐྱེད་ལ། འབར་བའི་ལྟ་བའི་འོད་ཀྱིས་ཡེ་ཤེས་ཀྱི་ཐིག་དེ་བཞིན་གཤེགས་པ་སོ་སོའི་ཐུགས་ཀ་ནས་བཀུག་ལ་སོ་སོའི་སྲད་བུ་རྣམས་ལ་བསྟིམ་སྟེ། དེ་དག་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུད་པར་བསྒོམས་ལ། ཨོཾ་ཨ་ཨཱ་ཨ་ཨཱ་ཨཾ་སྭཱ་ཧཱ་ཞེས་ལན་བརྒྱ་རྩ་བརྒྱད་བཟླས་ལ། དེ་ནས་སྒྲུབ་པའི་གྲོགས་མཆོག་གི་ལག་ཏུ་བཏད་དེ། སངས་རྒྱས་ཐམས་ཅད་ཀྱི་ཕན་ཚུན་དབྱེར་མེད་པའི་ཞེས་ངེས་པར་བྱས་ལ། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏེ། སརྦ་དྷརྨཱ་སྥ་ར་ཕ་ར་ཨ་ནུ་པྲ་བིཥྚ། སརྦ་དྷརྨཱ་ཨ་ཏྱནྟ། ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿ །ཞེས་བྱ་བ་བརྗོད་ཅིང་བསྒྲིལ་བར་བྱའོ། །དེ་ནས་གསེར་ལ་སོགས་པའི་སྣོད་དུ་བཞག་ལ་མཆོད་པ་ལྔ་བྱས་ཏེ་ལག་པས་རེག་ལ་ཨོཾ་བཛྲ་སཱུ་ཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུྃ་ཞེས་ལན་བརྒྱ་རྩ་བརྒྱད་བཟླས་ལ་ཡི་གེ་གསུམ་བཀོད་ལ་གཞག་གོ །ལས་ཐམས་ཅད་པའི་སྲད་བུ་ཡང་བདུད་རྩི་ལྔས་སྦངས་ལ་ཡི་གེ་གསུམ་བཅུག་སྟེ། བདུད་རྩི་ལྔ་དང་ལྡན་པའི་ཐིག་ཆལ་དཀར་པོས་སྦང་ངོ༌། །དེ་ནས་ལས་ཐམས་ཅད་པའི་བུམ་པའི་ཆུས་ཨོཾ་སརྦ་སཾ་ཤྭ་དྷ་ནི་ཧཱུྃ་ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་ས་ཀུན་ཏུ་གཏོར་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ལྷག་པར་གནས་པའི་གནས་མ་འཁྲུལ་བར་ལེགས་པར་བརྟགས་ཏེ། ཆ་རྣམ་པར་དབྱེ་བ་ཤེས་པར་བྱས་ལ། ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་ལ། བདག་ཉིད་དཀྱིལ་འཁོར་གྱི་ནུབ་ཕྱོགས་ནས་ཤར་དུ་བལྟས་ཏེ། རྡོ་རྗེ་འཆང་གི་རྣལ་འབྱོར་དང་ལྡན་པས་ཐིག་སྐུད་རྡོ་རྗེ་ལ་དཀྲིས་ལ་གཡོན་པའི་ཁུ་ཚུར་གྱིས་ལྟེ་བར་བཟུང་ལ། སྒྲུབ་པའི་གྲོགས་གཽ་རཱིར་དམིགས་ཏེ་ཤར་ནས་ནུབ་ཏུ་བལྟས་ཏེ་འདུག་པའི་ལག་ཏུ་ཛྫཿལན་གསུམ་མམ་དགུར་བརྗོད་པས་བརྐྱང་ཞིང༌། དེས་ཀྱང་ཛྫཿགསུམ་བརྗོད་པས་བླངས་ཏེ། སློབ་དཔོན་གྱི་ལག་པ་གཡས་པས་ནམ་མཁའ་ལ་ཐིག་གདབ་ཅིང་ཨོཾ་བཛྲ་སཱུ་ཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུྃ་ཞེས་བརྗོད་ཅིང༌། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས། །ཁྱོད་ཀྱིས་དོན་མཛད་དུས་འདི་ལགས། །ཐིག་སྐུད་སྒྲ་ཡིས་བསྐུལ་ནས་ནི། །ཁྱེད་རྣམས་འདིར་ནི་གཤེགས་སུ་གསོལ། །ཞེས་དམིགས་ལ་ཚངས་ཐིག་དང་པོ་གདབ་བོ། །དེ་བཞིན་དུ་རྩ་བའི་ཐིག་བརྒྱད་གདབ་སྟེ། དེའི་རིམ་པ་ནི་འདི་ཡིན་ནོ། །སློབ་དཔོན་ཤར་དུ་བལྟས་ཏེ་སློབ་མ་ནུབ་ཏུ་བལྟས་པ་དང་ཚངས་ཐིག་དང་པོ་གདབ་བོ། །སློབ་དཔོན་བྱང་དུ་སློབ་མ་ལྷོར་བལྟས་ལ་གཉིས་པ་གདབ་བོ། །གཡས་སུ་བསྐོར་བའི་རིམ་པས་མེར་སོང་ལ་དབང་ལྡན་ལ་གནས་པའི་སློབ་མ་དང་ཤར་གྱི་ལོགས་ཐིག་གདབ་བོ། །སློབ་དཔོན་རླུང་དུ་སོང་སྟེ་སྲིན་པོར་གནས་པའི་སློབ་མས་ནུབ་ཀྱི་ཐིག་གདབ་བོ། །སློབ་དཔོན་དེ་ཉིད་དུ་འདུག་ལ་སློབ་མ་དབང་ལྡན་དུ་སོང་ལ་བྱང་གདབ་བོ། །སློབ་དཔོན་མེར་སོང་ལ་སྲིན་པོར་གནས་པའི་སློབ་མ་དང་ལྷོ་ལོགས་གདབ་བོ། །སློབ་དཔོན་དེ་ཉིད་དུ་འདུག་ལ་རླུང་དུ་གནས་པའི་སློབ་མ་དང་གཉིས་མཚམས་ཐིག་གདབ་བོ། །སློབ་དཔོན་བདེན་བྲལ་དུ་སོང་ནས་དབང་ལྡན་གྱི་སློབ་མ་དང་མཚམས་ཐིག་གཉིས་པ་གདབ་བོ། །ཐམས་ཅད་དུ་གཡས་སུ་བསྐོར་བར་བྱའོ། །ཡེ་ཤེས་ཀྱི་ཐིག་གདབ་པའི་རིམ་པ་བཞིན་ལས་ཀྱི་ཐིག་གིས་ཆ་རྣམ་པར་དབྱེ་བར་བྱ་སྟེ། འདི་ནི་གཞན་དུ་སྟོན་པར་འགྱུར་རོ། །དེ་ནས་ཧི་ཧི་ཞེས་བྱ་བས་སྒོ་ཕྱེ་ལ་ཡེ་ཤེས་ཀྱི་སྐུད་པ་གཤེགས་སུ་གསོལ། དེ་ནས་ཚོན་རྣམས་བྱིན་གྱིས་བརླབ་པར་བྱ་སྟེ། སྔོན་པོ་ནས་ལྗང་གུའི་བར་རིམ་པ་བཞིན་བཀོད་ལ། མཆོད་པ་དང་གཏོར་མའང་བཤམས་ཏེ། རང་གི་ལྷའི་རྣལ་འབྱོར་དང་ལྡན་པའི་ཚོན་རྩི་རྣམས་ལ། ཨོཾ་ཏྲཱྃ་ཨཱྃ་ཁྃ་ཧཱུྃ་ཞེས་བྱ་བ་དཀར་པོ་ནག་པོའི་བར་དུ་སོ་སོའི་ཁ་དོག་དང་མཐུན་པར་བྲིས་ལ། ཚོན་རྣམས་སྟོང་པར་བསྒོམས་ཏེ་སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་སོ་སོའི་ཡི་གེ་ལས་དེ་བཞིན་གཤེགས་པ་སོ་སོའི་ཁ་དོག་དང༌། ཕྱག་རྒྱ་དང་ལྡན་པར་བསྐྱེད་ལ་མིག་བྱིན་གྱིས་བརླབས་ལ། འབར་བའི་ལྟ་བས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ་བསྟིམ་ཞིང༌། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ་ཞེས་བརྒྱ་རྩ་བརྒྱད་བཟླས་ལ་ཇི་ལྟར་འབྱོར་བའི་མཆོད་པ་རྣམས་ཀྱིས་མཆོད་ལ་གཏོར་མ་བྱིན་ཏེ། དེ་བཞིན་གཤེགས་པ་རྣམས་འོད་དུ་ཞུ་བས་འོད་ཟེར་གྱི་ཕུང་པོའི་རང་བཞིན་ཅན་གྱི་ཚོན་དུ་བསམ་པར་བྱའོ། །དེ་ནས་ཨོཾ་བཛྲ་བེ་ག་ཀྲ་མ་ཧཱུྃ་ཞེས་བརྗོད་ལ་ཡེ་ཤེས་ཀྱི་ཐིག་ཡིད་ཀྱིས་བཏེག་ལ། དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། ཁ་ཤར་དུ་བལྟས་ལ། ཆོས་དབྱིངས་འདི་ནི་དག་པ་སྟེ། །སེམས་ཅན་ཁམས་ནི་གྲོལ་བྱེད་པ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྣམ་སྣང་མཛད་རྒྱལ་བདག་བཅས་ཏེ། །ཞེས་བྱ་བའི་ང་རྒྱལ་དུ་བྱས་ལ་གཡོན་པའི་ཁུ་ཚུར་གྱིས་ཚོན་རྩི་བླངས་ལ། དབང་ལྡན་ནས་མཐོ་གང་ཙམ་གྱི་ཚད་དུ་ནང་ནས་རིམ་པ་བཞིན་དུ་རི་མོ་ལྔ་པོ་ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། ཞེས་བརྗོད་ལ་དགྱེ་བར་བྱའོ། །དེ་ནས་མཆོད་པས་མཆོད་ལ་ཐོད་པས་བཀབ་སྟེ་རྡོ་རྗེས་མནན་པར་བྱའོ། །སློབ་དཔོན་གྱིས་ནི་དང་པོར་དགྱེ། །ཕྱི་ནས་ཀུན་དུ་སློབ་མས་སོ། །ཞེས་བྱ་བས་སོ། །དེ་ལྟར་དཀྱིལ་འཁོར་བྲི་བ་ན། །བགེགས་ཐམས་ཅད་ཞི་བར་བྱ་བ་དང༌། ཤིས་པར་བྱ་བའི་ཕྱིར་སྟང་སྟབས་དང་གཏོར་མ་རྣམས་ལེགས་པར་བསྡུ་བ་ནས་འབྱུང་བ་ལྟར་བྱ་སྟེ། དེའང་སྟང་སྟབས་ལ་གནས་བཞིན་པས་གཏོར་མ་བྱ་སྟེ། ཤར་དུ་ལྷ་རྣམས་ལ་གཏོར་མའོ། །ལྷོར་འབྱུང་པོའི་ཚོགས་ལའོ། །ནུབ་ཏུ་ཀླུ་རྣམས་ལའོ། །བྱང་དུ་གནོད་སྦྱིན་རྣམས་ལ་གཏོར་མ་སྦྱིན་པར་བྱའོ། །དེ་བཞིན་དུ་གྲྭ་བཞིར་ཆོས་སྒྲོགས་པ་བཞིའང་གཞག་པར་བྱའོ། །དེ་ལྟ་བུའི་ཚུལ་དང་ལྡན་པས་དཀྱིལ་འཁོར་བྲིས་ལ་བརྟག་པ་གཉིས་པའི་ལེའུ་ལྔ་པ་ལས་འབྱུང་བའི་ཚུལ་གྱིས་ལྷ་རྣམས་ཀྱི་མཚན་མ་དགོད་པར་བྱ་སྟེ། དབང་ལྡན་དུ་ནི་ཤ་ར་བྷ། །མེ་ཡི་མཚམས་སུ་དགེ་སློང་བྲི། །བདེན་བྲལ་དུ་ནི་འཁོར་ལོ་བྲི། །རླུང་དུ་རིགས་ཀྱི་བདག་པོ་བྲི། །ཤར་སྒོར་གྲི་གུག་བྲི་བར་བྱ། །ལྷོར་ནི་རྔེའུ་ཆུང་བྲི་བར་བྱ། །ནུབ་ཏུ་རུས་སྦལ་བྲི་བར་བྱ། །ལྟོ་འཕྱེ་བྱང་དུ་དེ་བཞིན་ནོ། །དབུས་སུ་ཐོད་པ་དཀར་པོ་ནི། །སྣ་ཚོགས་རྡོ་རྗེས་མཚན་པ་བྲི། །ཞེས་འབྱུང་བ་ལྟར་བྲི་བར་བྱའོ། །དེ་ལྟར་ཡང་དང་ཡང་དུ་དཀྱིལ་འཁོར་བརྟགས་ཏེ། མ་དག་པ་རྣམས་དག་པར་བྱས་ལ། བྲིས་པའི་དཀྱིལ་འཁོར་མཉེས་པར་བྱ་བའི་ཕྱིར་ཕྱོགས་རྣམས་སུ་སྤོས་དབུལ་ལོ། །དེ་ནས་སློབ་དཔོན་གྱིས་ལུས་རྒྱན་གྱིས་བརྒྱན་ལ་དཀྱིལ་འཁོར་གྱི་དབང་ལྡན་གྱི་གྲྭར་བུམ་པ་རྣམས་བཞག་སྟེ། བུམ་པ་ལྷག་པར་གནས་པའི་སྐབས་སུ་བསྟན་པ་ལྟར་བུམ་པ་བྱིན་གྱིས་བརླབ་པ་དང་བཟླས་པ་བྱ་སྟེ། ཡང་བུམ་པ་ཀུན་ལས་ཆུ་ཅུང་ཟད་རེ་བསྡུས་ལ་དུང་ཆོས་སུ་བླུགས་ཏེ་རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་བཞག་ལ་བུམ་པ་རྣམས་སྔར་བཤད་པའི་གནས་ཇི་ལྟ་བ་བཞིན་དུ་དབུལ་ལོ།།  །།དེ་ནས་མཆོད་པའི་ཡོ་བྱད་མེ་ཏོག་དང་སྤོས་ལ་སོགས་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་ཕྱི་རོལ་ཁོར་ཡུག་ཏུ་བཤམ་པ་དང༌། ཡང་མཆོད་ཡོན་རྣམ་པ་བཞི་དང༌། བདུད་རྩི་དང༌། ཤ་ལྔ་དང༌། གོས་དང་སྦྱིན་སྲེག་གི་ཡོ་བྱད་དང༌། འབྱུང་པོའི་ཚོགས་རྣམས་ཚིམ་པར་བྱ་བ་གཏོར་མའི་ཡོ་བྱད་ལ་སོགས་པ་མ་ལུས་པ་རྣམས་འཚོག་ཆས་བྱ་བ་ཡིན་ནོ། །དེ་ནས་སྲོད་ཀྱི་དུས་སུ་དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པའི་ཆོ་ག་ལ་འཇུག་པ་ནི། སྔོན་དུ་བྱ་བ་དང༌། བདག་ཉིད་ཀྱི་རྣལ་འབྱོར་དང༌། མཆོད་པ་བསང་ཞིང་བྱིན་གྱིས་བརླབ་པ་དང༌། དཀྱིལ་འཁོར་བསྒྲུབ་པ་དངོས་དང༌། མཆོད་པ་དབུལ་བ་དང༌། བདག་གིས་བདུད་རྩི་མྱང་བ་དང༌། ཕྱོགས་སྐྱོང་ལ་གཏོར་མ་སྦྱིན་པ་དང༌། ལྷག་ཆད་ཁ་བསྐང་བའོ། །དང་པོ་ནི་སློབ་དཔོན་རྒྱན་དང་ཆ་ལུགས་ཇི་ལྟར་བཤད་པའི་མཚན་ཉིད་དང་ལྡན་པས་དཀྱིལ་འཁོར་གྱི་ཤར་དུ་འདུག་ལ། སྒྲུབ་པའི་གྲོགས་མཆོག་རྣམས་ཀྱང་ཇི་ལྟར་འཚམ་པའི་གནས་སུ་འདུག་སྟེ། དཀྱིལ་འཁོར་གྱི་མཆོད་པའི་ཡོ་བྱད་ལྷག་པ་དང་མ་ཚང་བ་ལ་སོགས་པ་ལེགས་པར་བརྟགས་ཏེ་སྐྱོན་རྣམས་བསལ་ལ། དེ་ནས་ལས་ཀྱི་སློབ་མས་དཀྱིལ་འཁོར་གྱི་བྱ་བ་སྔོན་དུ་བཏང་ལ་མེ་ཏོག་གི་ཕྲེང་བ་ཕུལ་ཏེ། ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ་བོ། །དེ་ནས་འབྱུང་པོའི་ཚོགས་རྣམས་ལ་མདོར་བསྡུས་པའི་ཆོ་གས་གཏོར་མ་བྱིན་ཏེ། མཆོད་པ་ཐམས་ཅད་དྭངས་ཤིང་ཐོགས་པ་མེད་པར་བྱིན་གྱིས་བརླབས་ལ་རོལ་མོ་རྣམས་དཀྲོལ་ཞིང༌། ཨོཾ་བཛྲ་གྷཎྜེ་ར་ཎི་ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །དེ་ནས་ལྷག་ཆད་ཁ་བསྐང་བའི་དོན་དུ་ཡི་གེ་བརྒྱ་པ་ཅི་ནུས་པ་བཟླས་ཏེ། འདི་ནི་སྔོན་དུ་བྱ་བའི་ཆོ་གའོ། །དེ་ནས་བདག་ཉིད་བསོད་ནམས་ཀྱི་ཚོགས་བསག་པ་ནས་བཟུང་སྟེ། ཇི་སྲིད་མཆོད་པ་དང་བསྟོད་པའི་བར་དུ་ཡན་ལག་དྲུག་ཡོངས་སུ་རྫོགས་པར་བསྒོམས་ལ། བདག་ཉིད་ཀྱི་དཀྱིལ་འཁོར་བསྡུས་ཏེ། གཙོ་བོའི་ང་རྒྱལ་ཙམ་ལ་གནས་པ་འདི་ནི་བདག་གི་རྣལ་འབྱོར་རོ། །གསུམ་པ་ནི། མཆོད་པའི་ཡོ་བྱད་ཐམས་ཅད་བགེགས་བསལ་ལ། ཨོཾ་སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པ་ཉིད་དུ་བསྒོམས་ལ་ཧཱུྃ་ལས་བྱུང་བའི་མཆོད་ཡོན་ལ་སོགས་པར་བསྐྱེད་ལ་མཆོད་ཡོན་གྱི་ཕྱག་རྒྱ་བཅས་ཏེ། ཨོཾ་ནི་རི་ཧཱུྃ་ཁྃ། ཨོཾ་དྷྭཾ་དྷཱཾ། ཨོཾ་ཛཿཧཱུྃ་བྃ་ཧོཿཁྃ་རྃ། ཞེས་བཟླས་པས་མཆོད་ཡོན་བྱིན་གྱིས་བརླབ། མེ་ཏོག་ལ་སོགས་པ་རང་རང་གི་སྔགས་ཀྱིས་སོ། །དེ་བཞིན་དུ་བདུད་རྩི་དང་དམ་ཚིག་གི་ཆུ་དང་ལྕགས་ཀྱུ་ཡང༌། ཨོཾ་ཨཱཿསྭཱ་ཧཱ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་ཧཱུྃ་གྷུཾ་ཛཿསྭཱ་ཧཱ། གཡོན་པའི་སྲིན་ལག་དང་མཐེ་བོང་སྦྱར་བའི་ཕྱག་རྒྱ་དང་བཅས་པས་བཟླས་ཏེ་བྱིན་གྱིས་བརླབ་བོ། །བཞི་པ་ནི་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པས་རྡུལ་ཚོན་གྱི་དཀྱིལ་འཁོར་དེ་སྟོང་པ་ཉིད་དུ་བསྒོམས་ལ། ཡང་དེར། རེ་ཕས་སྔོན་དུ་ཉི་མ་རྣམས་བསྒོམས་ལ། ཉི་དེར་ཧཱུྃ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱི་ནི་རྭ་བ་དང༌། །གུར་བཅིངས་པ་ཡང་རྣམ་པར་བསྒོམ་པར་བྱ། །འཁོར་ལོ་ས་དང་ཆུ་ནི་སྔོན། །ཇི་ལྟར་རིགས་པས་བྱིན་ཟ་དང༌། །ལྷ་རྣམས་ཀྱིས་ནི་རླུང་ཆེན་དང༌། །ཇི་ལྟར་སྒོམ་པ་པོ་འབྱུང་བ། །ཆོས་འབྱུང་ལས་སྐྱེས་འཁོར་ལོ་ཉིད། །གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་བྱ་བ་ལ་སོགས་པས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ལ། དེ་ནས་ཤར་ཕྱོགས་ཀྱི་སྒོ་ཁང་ངམ་དཀྱིལ་འཁོར་གྱི་དབུས་ཉིད་དུ་དམིགས་ལ། བདག་ཉིད་གཙོ་བོ་ཡབ་ཡུམ་གྱི་རྣལ་འབྱོར་ལ་གནས་པས་ཕྱག་རྒྱ་དང་སྙོམས་པ་ཞུགས་ཏེ། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ། རང་གི་ཞལ་ནས་ཞུགས་ནས་ཐུགས་ཀར་འོད་དུ་ཞུ་སྟེ། ཤེས་རབ་ཀྱི་པདྨར་ཞུགས་པ་དང་དཀྱིལ་འཁོར་གྱི་གཙོ་བོ་ལ་སོགས་པའི་ལྷ་ཐམས་ཅད་བསྐྱེད་དེ། ཤེས་རབ་ཀྱི་པདྨ་ནས་ཕྱུང་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སོ་སོའི་མཚན་མ་རྣམས་ལ་དགོད་པར་བྱ་སྟེ། འདི་ནི་དམ་ཚིག་གི་དཀྱིལ་འཁོར་འབྱིན་པའི་ཚུལ་དུ་སྒྲུབ་པའོ། །དེ་ནས་ཡང་སྙིང་གའི་ས་བོན་གྱི་འོད་ཀྱིས་སྟ་གོན་གྱི་ལྷ་རྣམས་ནམ་མཁའ་ལ་བཞུགས་པ་རྣམས་བསྐུལ་ལ། རྩ་བའི་སྔགས་བཟླས་པས་བགེགས་བསྐྲད་དེ། ཞབས་བཀྲུ་བ་དང༌། ཞལ་བཀྲུ་བ་དང༌། བསང་གཏོར་དང༌། མཆོད་ཡོན་རྣམས་ཕུལ་ལ། གཽ་རཱི་ལ་སོགས་པ་ལྷ་མོ་བཞིའི་སྔགས་དང་ཕྱག་རྒྱ་དང༌། ཏིང་ངེ་འཛིན་གྱིས་སྲུང་བའི་འཁོར་ལོའི་ནང་དུ་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱ་བ་འདི་ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་གཞུག་བྱ་བའི་ཚུལ་གྱིས་སྒྲུབ་པའོ། །དེ་ནས་ཡང་མིག་ཏུ་གཏི་མུག་རྡོ་རྗེ་མ་ཞེས་བྱ་བ་ལ་སོགས་པ་སྐྱེ་མཆེད་དྲུག་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཚུལ་དུ་སྒྲུབ་པའོ། །དེའི་རྗེས་ལ་དབང་བསྐུར་ཞིང་རྒྱས་གདབ་པའི་ཚུལ་གྱིས་སྒྲུབ་སྟེ། འདི་ནི་དཀྱིལ་འཁོར་སྒྲུབ་པའོ། །དེ་ནས་ལྔ་པ་སྒྲུབ་པ་ལ་མཆོད་པ་ནི། བདག་དཔལ་ཀྱེའི་རྡོ་རྗེ་ཕྱག་གཉིས་པའི་རྣལ་འབྱོར་དུ་འདུག་ལ། གོས་དང་མེ་ཏོག་ལ་སོགས་པའི་དངོས་སུ་འབྱོར་པའི་ཕྱིའི་མཆོད་པ་བརྒྱད་དང༌། ཡིད་ལས་བྱུང་བའི་མཆོད་པ་ཉི་ཤུ་དང༌། ཧཱུྃ་ཧཱུྃ་ཧཱུྃ། དེ་བ་དྷ་རུ། སཾ་སྭ་ར་དྷ་རུ་དྷཾ་དྷ་ཨ་ལིཾ་ག་ན། ཛྷཽ་དྷ་རུ། ཧེ་བཛྲ་ཏུ་ཧཱུྃ། ཏེ་ན་ཧཱུྃ། ཏེ་ན་ཧཱུྃ། ཏེ་ན་ཏེ་ཏེ་ཧཱུྃ། སུ་ར་ན་ར་བནྡྷི་ཏ་ཙ་ར་ཎ་དྷ་རུ་ཀུ་སུ་མ་བི་མ་ན། མ་ཐོ་རོ་ཥ་ཀུ་རུ། ཧེ་བཛྲ་ཏུ་ཧཱུྃ། ཏེ་ན་ཧཱུྃ་ཏེ་ན་ཧཱུྃ། ཏེ་ན་ཏེ་ཏེ་ཧཱུྃ། བྷ་བ་བི་མུཀྟི་བི་ཤེ་ཤོ་གུ་ཧྱ་ནི། གུ་ཛི་ཨ་ཨ་ར་མ་ར་མ། ཧེ་བཛྲ་ཏུ་ཧཱུྃ། གུ་ཧྱ་ནི་པི་ཌི་ཨ་ཀོ་ཛཽ་ཏུ་ཧཱུྃ་ཞེས་བྱ་བའི་བསྟོད་པའི་མཆོད་པ་ཡང་བྱའོ། །དེ་ནས་དྲུག་པ་ནི་བདུད་རྩི་རིལ་བུ་ཆང་ལ་ལེགས་པར་སྦྱར་ལ་སྦྱང་བ་དང་སྦར་བ་ལ་སོགས་པས་བྱིན་གྱིས་བརླབས་ལ། བདག་ཉིད་ཀྱི་ལྕེ་ལ་མྱང་བར་བྱའོ། །དེ་ནས་བདུན་པ་ནི་སྒྲུབ་གཡོག་དཀྱིལ་འཁོར་བསྲུང་དུ་བཅུག་ལ་བདག་ཉིད་ཕྱིར་བྱུང་སྟེ། དཀྱིལ་འཁོར་གྱི་ཁང་པའི་སྒོ་དྲུང་དུ་རབ་ཏུ་རྒྱ་ཆེ་བའི་གཏོར་མ་ཆོ་ག་རྒྱས་པས་འབྱུང་པོའི་ཚོགས་ཐམས་ཅད་ལ་སྦྱིན་པར་བྱའོ། །བརྒྱད་པ་ནི་དེ་ནས་ནང་དུ་ཞུགས་ལ་དཀྱིལ་འཁོར་ལ་ཕྱག་བྱས་ཏེ། སྒྲུབ་པའི་གྲོགས་དང་ལྷན་ཅིག་ཏུ་ལན་གསུམ་དུ་བསྐོར་ཞིང་ཡི་གེ་བརྒྱ་པ་བརྗོད་ལ་ལྷག་ཆད་ཐམས་ཅད་དེས་ཁ་བསྐང་བར་བྱས་ལ་ལྷའི་རྣལ་འབྱོར་ལ་གནས་བཞིན་པས་གནས་ཇི་ལྟ་བར་འདུག་གོ །གལ་ཏེ་འབའ་ཞིག་རབ་ཏུ་གནས་པ་དང་འབྲེལ་པ་ཡིན་ན་ནི། རབ་ཏུ་གནས་པའི་སྟ་གོན་གྱི་ཆོ་ག་བྱས་ལ་ནང་གི་སྦྱིན་སྲེག་བྱའོ། །རབ་ཏུ་གནས་པ་མི་བྱེད་ན་ནི་ཁང་པ་དེ་ཉིད་དམ་གཞན་དུའང་རུང་སྟེ། ཆོ་ག་ཇི་ལྟ་བར་ནང་གི་སྦྱིན་སྲེག་བྱས་ལ་དེའི་མཚན་མོ་རྫོགས་པར་བྱས་ཏེ་ཞག་བཞི་པའོ།།  །།དེ་ནས་ཕྱི་དེ་ཉིན་མོ་ནང་པར་སྔ་བར་ལངས་ལ་ལྷའི་རྣལ་འབྱོར་ལ་གནས་ཏེ། བདག་མེད་པ་ལ་ལྷག་པར་མོས་པས་དག་པ་གསུམ་གྱི་སྔགས་བརྗོད་པས་ནང་གི་ཁྲུས་བྱས་ལ་ཡང་ཁྲུས་ཀྱི་རྣལ་འབྱོར་གྱིས་ཕྱིའི་ཁྲུས་ཀྱང་བྱའོ། །དེ་ནས་རྒྱས་པའི་སྦྱིན་སྲེག་བྱའོ། །ཞེས་བྱ་བའི་དོན་ནི་འདི་ཡིན་ཏེ། གལ་ཏེ་རབ་ཏུ་གནས་པ་བྱེད་པ་ཡིན་ན་རབ་ཏུ་གནས་པའི་ཆོ་ག་བྱས་ལ་དེ་ནས་རྒྱས་པའི་སྦྱིན་སྲེག་བྱའོ། །རབ་ཏུ་གནས་པ་མི་བྱེད་པ་རྣམས་ཀྱིས་ནི་སྔ་དྲོ་རྒྱས་པའི་སྦྱིན་སྲེག་གིས་དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་པ་བྱའོ། །དེའི་ཉིན་མོ་འཇུག་པ་དང་དབང་བསྐུར་བ་ལ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་དང༌། རྣལ་འབྱོར་པ་རྣམས་ཚིམ་པར་བྱ་བའི་ཡོ་བྱད་མ་ལུས་པ་འཚོག་ཆས་བྱས་ལ། དེ་ནས་ཕྱི་དྲོའི་དུས་སུ་མཆོད་པ་དང་གཏོར་མ་མ་ལུས་པ་བཤམས་ལ། སློབ་དཔོན་ཆས་སུ་ཞུགས་ཏེ་སྒྲུབ་པའི་གྲོགས་མཆོག་རྣམས་དང་བཅས་པས་དཀྱིལ་འཁོར་གྱི་ཁང་པར་ཞུགས་ལ། སྔར་བཤད་པ་བཞིན་སྔོན་དུ་བྱ་བའི་ཆོ་ག་རྣམས་ཡོངས་སུ་རྫོགས་པར་བྱའོ། །དེ་ནས་དཔོན་སློབ་ཐམས་ཅད་ཡན་ལག་དྲུག་ཡོངས་སུ་རྫོགས་པར་བྱས་ལ། རང་ལྷའི་རྣལ་འབྱོར་དང་ལྡན་པས་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་ལྟ་བུར་དམིགས་ལ། ཕྱི་དང་ཡིད་ལས་བྱུང་བ་ལ་སོགས་པ་རབ་ཏུ་རྒྱ་ཆེ་བའི་མཆོད་པ་བྱའོ། །དེའི་འོག་ཏུ་འབྱུང་པོ་རྣམས་ལ་གཏོར་མ་བྱིན་ལ་གནས་དེ་ཉིད་དུའམ་གཞན་དུའང་རུང་སྟེ། དམ་ཚིག་དང་ལྡན་པའི་སྐྱེ་བོ་རྣམས་ལ་བཟའ་བ་དང་བཏུང་བ་ལ་སོགས་པས་ཚིམ་པར་བྱ་བ་ཆོ་ག་ཇི་ལྟ་བ་བཞིན་བྱའོ་ཞེས་བྱ་བ་ནི་མན་ངག་གོ །རྒྱས་པའི་སྦྱིན་སྲེག་དང་རྗེས་སུ་འབྲེལ་པ་དཀྱིལ་འཁོར་མཆོད་པའི་ཆོ་གའོ།།  །།དེ་ནས་སློབ་དཔོན་དུ་དབང་ཐོབ་པར་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་ལྟ་བུར་དམིགས་ལ། དེའི་ཤར་ཕྱོགས་ཀྱི་སྒོ་ཁང་ན་འདུག་པར་མོས་ཏེ་དཀྱིལ་འཁོར་གྱི་བདག་པོ་ལ་ཕྱག་བཙལ་བ་དང་གསོལ་བ་གདབ་པ་ནས་བརྩམས་ཏེ། དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་མ་ལུས་པ་དང་རྗེས་སུ་གནང་བའི་བར་རམ་དབུགས་དབྱུང་བའི་བར་དུ་བློས་བླང་ངོ༌། །དེ་ལྟ་བུའི་ལས་ཀྱི་བྱ་བ་ཐམས་ཅད་ནི་དཀྱིལ་འཁོར་གྱི་གཙོ་བོ་ལས། ལས་མཛད་པའི་ཧེ་རུ་ཀ་ཕྱག་གཉིས་པ་བྱེ་སྟེ་བྱ་བ་ཐམས་ཅད་མཛད་པར་མོས་པ་བྱའོ། །དེ་ལྟར་དབང་བླངས་ནས་བདེན་པའི་སྟོབས་བརྗོད་པ་ནི། དཀྱིལ་འཁོར་གྱི་འཁོར་ལོ་དང་སློབ་དཔོན་དང་སློབ་མ་ཐམས་ཅད་སྣང་ལ་རང་བཞིན་མེད་པར་ཤེས་པར་བྱ་སྟེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང༌། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །བདེན་པ་དེ་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་ནི། །ཀུན་གྱིས་དྲི་མ་མེད་མཐོང་ཤོག །ཅེས་བྱ་བའི་ཚིགས་སུ་བཅད་པ་གཉིས་བརྗོད་ལ། ཡང༌། དེ་ཉིད་གསལ་བར་བྱ་བའི་ཕྱིར། །ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །མི་བསྐྱོད་རྡོ་རྗེ་བདག་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པའང་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་རྣམ་དག་བདག་གྲུབ་མཛོད། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་ཞུགས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་མཆོག་དམ་ཚིག་མཆོག་གྱུར་པའོ། །བདེན་པ་གང་གིས་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་ཡིན། །བདེན་པ་དེ་ཡིས་མགོན་བདག་ལ། །ཁྱོད་ཀྱི་འདོད་པ་རབ་རྫོགས་མཛོད། །ཅེས་བྱ་བས་བསྟོད་དེ། དོན་ནི་འདི་ཡིན་ཏེ། ཆོས་རྣམས་རང་བཞིན་མེད་པར་ཤེས་པ་མ་རྟོགས་པར། དངོས་པོར་འཛིན་པའི་བློ་ཅན་རྣམས་ཀྱིས་ནི། སློབ་མ་དཀྱིལ་འཁོར་དུ་འཇུག་པར་ཡང་མི་གནང་བ་ཡིན་ནོ། །བདག་ནི་སྟོང་པ་ཉིད་ཀྱི་བློ་དང་ལྡན་ནོ། །ཞེས་བྱ་བའི་དོན་ཏོ། །དེ་བས་ན། བདག་ནི་གཙོ་བོའི་དཀྱིལ་འཁོར་དུ། །སློབ་མ་རབ་ཏུ་གཞུག་པར་བགྱིད། །སེམས་ཅན་དོན་དུ་བདག་གསོལ་འདེབས། །བཟོད་པར་མཛད་དེ་དགོངས་སུ་གསོལ། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གིས་གསོལ་བ་གདབ་བོ།།  །།སློབ་མ་གཞུག་ཅིང་དབང་བསྐུར་བ་ལ་གསུམ་སྟེ། དཀྱིལ་འཁོར་དུ་གཞུག་པ་དང༌། དཀྱིལ་འཁོར་བསྟན་པ་དང༌། དབང་བསྐུར་བའོ། །དང་པོ་ལ་གསུམ་སྟེ། ཕྱི་རོལ་དུ་བྱ་བའི་ཆོ་ག་དང༌། ནང་དུ་གཞུག་པ་དང༌། ནང་དུ་བྱ་བའི་ཆོ་གའོ། །དང་པོ་ལ་བདུན་ཏེ། སློབ་མས་གསོལ་བ་གདབ་པ་དང༌། སློབ་དཔོན་གྱིས་ལྷ་ལ་གསོལ་བ་གདབ་པ་དང༌། དམ་ཚིག་གཟུང་བར་གདམས་པ་དང༌། གདོང་བཅིང་པ་དང༌། བསྲུང་བ་དང༌། ཕྲེང་བ་གཏད་པ་དང༌། སྦྱང་བ་བྱ་བའོ། །དང་པོ་ནི་དེ་ལྟར་སློབ་དཔོན་དུ་དབང་ཐོབ་པར་བྱས་པའི་རྗེས་ལ། གདོང་གཡོགས་དང༌། ཕྲེང་བ་དང༌། རྡོ་རྗེ་དང༌། ལས་ཐམས་ཅད་པའི་བུམ་པ་ལ་སོགས་པའི་ཉེ་བར་མཁོ་བའི་ཡོ་བྱད་རྣམས་བསགས་ལ་དཀྱིལ་འཁོར་གྱི་སྒོ་དྲུང་དུ་སོང་ལ་སློབ་མ་བོས་ཏེ། སློབ་མ་རྣམས་ཁྲུས་བྱེད་དུ་བཅུག་ལ། སློབ་དཔོན་གྱི་ཞབས་ལ་ཕྱག་བྱས་ཏེ། སྟ་གོན་གྱི་རིམ་པ་བཞིན་གྲལ་དུ་བཀོད་ལ། མཎྜལ་བྱས་ཏེ་མེ་ཏོག་གིས་སྙིམ་པ་བཀང་ལ། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །སངས་རྒྱས་རོལ་མོ་ལས་བྱུང་བ། །མི་ལྡོག་འཁོར་ལོའི་འབྱོར་པར་ལྡན། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །གསང་བ་ཆེན་པོར་འཇུག་པར་བགྱི། །གསང་བའི་རིགས་མཆོག་ཐམས་ཅད་དུ། །སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །སྐལ་བ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱི་རྒྱས་བཏབ་ཅིང༌། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་བ་ནི་རྨད་བྱུང་ཆེ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །ཞེས་བྱ་བའི་ཚིགས་སུ་བཅད་པ་ཕྱེད་དང་དྲུག་གིས་ལན་གསུམ་གྱི་བར་དུ་གསོལ་བ་གདབ་བོ། །གཉིས་པ་ནི་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ལྷ་རྣམས་མངོན་སུམ་ལྟ་བུར་དམིགས་ལ། རྣམ་དག་ཆེ་གེ་མོ་ཞེས་བྱ་བ་ནས། བྱང་ཆུབ་སེམས་ན་ཡོངས་འཛིན་ཅིང༌། །གསང་བའི་དཀྱིལ་འཁོར་འདིར་ཞུགས་ནས། །དམ་ཚིག་དང་ནི་སྡོམ་པ་འཚལ། །ཞེས་བྱ་བ་ལན་གསུམ་གྱི་བར་དུ་ཞུ་བར་བྱའོ། །གསུམ་པ་ནི་དེ་ལྟར་གནང་བ་ཐོབ་ནས། གསང་བ་ཆེན་པོ་རིགས་དག་ལ། །གསང་བ་ཡོངས་སུ་འཛིན་པ་རུ། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །ཞེས་དྲི་བར་བྱའོ། །དེས་ཀྱང༌། གསང་བ་ཆེན་པོའི་རིགས་དག་ལ། །གསང་བ་ཡོངས་སུ་འཛིན་པ་རུ། །སེམས་དཔའ་ཆེན་པོ་བདག་འཚལ་ལོ། །ཞེས་ལན་གསུམ་བརྗོད་པ་ནི་དམ་ཚིག་དང་སྡོམ་པ་མ་ལུས་པར་གཟུང་བ་ཡིན་ནོ། །སློབ་དཔོན་ཁ་ཅིག་སྡོམ་པ་གཟུང་བའི་ཆོ་ག་རྒྱས་པ་སྐབས་འདིར་འདོད་དོ། །བཞི་པ་ནི་སློབ་དཔོན་གོས་དམར་པོ་དང་ལྡན་པས་རྡོ་རྗེ་བཟུང་བས་སློབ་མ་ལ་གོས་དམར་པོ་བསྐོན་ཏེ། ཨ་ཁཾ་བཱི་ར་ཧཱུྃ་ཞེས་བྱ་བས་གོས་དམར་པོས་གདོང་གཡོགས་བཅིང་ངོ༌། །ལྔ་པ་ནི་ལས་ཐམས་ཅད་པའི་བུམ་པ་ལ་ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཅེས་བཟླས་ཏེ། སྔགས་དེ་ཉིད་བཟླ་ཞིང་ཆུ་དེས་སློབ་མ་ལའང་གཏོར་བར་བྱའོ། །དྲུག་པ་ནི་མེ་ཏོག་གི་ཕྲེང་བ་གཏད་པ་སྟེ། མེ་ཏོག་ལྔའམ་དགུའི་ཕྲེང་བ་ལག་པར་གཟུང་དུ་གཞུག་པའོ། །བདུན་པ་ནི་སློབ་མའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་ནག་པོ་བསྒོམས་ཏེ་ཡི་གེ་གསུམ་གྱི་བཟླས་པ་བྱ་བ་ཉིད་ཡིན་ནོ། །དེ་ནས་ནང་དུ་གཞུག་པ་ནི། སློབ་དཔོན་གྱིས་ཁྱོད་སུ་ཡིན་ཅི་ལ་དགའ། ཞེས་དྲི་བར་བྱའོ། །དེས་ཀྱང་སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །ཞེས་སྨྲ་བར་བྱའོ། །དེ་ནས་ཨོཾ་གི་ལི་གི་ལ་མ་ལི་གྷུར་ནི་ཏ་བཛྲ་སཏྭ་ཙ་ལེ་ཡུཾ་ཡུཾ་ཡུཾ་སྭཱ་ཧཱ། ཞེས་བྱ་བ་བཟླ་ཞིང་ལག་པ་ནས་བཟུང་སྟེ་དཀྱིལ་འཁོར་གྱི་ཁང་པའི་ནང་དུ་གཞུག་པར་བྱའོ། །གསུམ་པ་ནང་དུ་གཞུག་པའི་ཆོ་ག་ལ་གསུམ་སྟེ། སྔོན་འགྲོ་ལུས་དབུལ་ཞིང་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་དབབ་པ་དང་འབྲེལ་པ་དང༌། དཀྱིལ་འཁོར་དུ་གཞུག་པའི་བྱ་བའོ། །དེ་ནས་སློབ་མ་རྣམ་པར་སྣང་མཛད་དུ་མོས་སུ་བཅུག་ལ། སློབ་དཔོན་གྱིས་ཀྱང་སློབ་མ་དེ་བདག་མེད་པའི་ང་རྒྱལ་ལས་རྣམ་པར་སྣང་མཛད་དུ་བསྐྱེད་དོ། །དེ་ནས་སློབ་མས་ཨོཾ་སརྦ་བུདྡྷ་པཱུ་ཛོ་པ་སྠཱ་ན་ཡ་ཨཱདྨ་ནཾ་ནིརྻ་ཏ་ཡཱ་མི། ཨོཾ་ཨཱ་ཙཱརྻ་པཱུ་ཛོ་པ་སྠཱ་ན་ཡ་ཨཱདྨ་ནཾ་ནིརྻ་ཏ་ཡཱ་མི། ཨོཾ་ས་ཀ་ལ་ས་ཏ་པ་ཏྲི་ནཱརྠ་ཨཱདྨ་ནྃ་ནིརྻ་ཏ་ཡཱ་མི། ཞེས་བྱ་བའི་སྔགས་གསུམ་པོ་བརྗོད་དོ། །ཡེ་ཤེས་དབབ་པ་དང་འབྲེལ་པ་ལ་གསུམ་སྟེ། དམ་ལ་གཞག་པ་དང༌། ཡེ་ཤེས་དབབ་པ་དངོས་དང༌། བརྟན་པར་བྱ་བའོ། །སྔ་མ་ལ་ལྔ་སྟེ། དམ་ཚིག་སྤྱིར་སྦྱིན་པ་དང༌། ཕན་ཡོན་ཡོད་པས་མི་སྨྲ་བར་གདམས་པ་དང༌། ཉེས་པ་ཡོད་པས་མི་སྨྲ་བར་གདམས་པ་དང༌། གཉིས་ཀའི་སྒོ་ནས་བསྲུང་བར་གདམས་པ་དང༌། བླ་མའི་བཀའ་མཉན་པར་གདམས་པའོ། །དང་པོ་ནི་རྡོ་རྗེ་དང་དྲིལ་བུ་འཛིན་པས་སློབ་མའི་སྙིང་གར་རྡོ་རྗེ་བཟུང་སྟེ། དེའི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་བསྒོམས་ལ་ས་མ་ཡ་སྟྭཾ་ས་མ་ཡ་ཨ་ཧཾ། ཞེས་བརྗོད་པར་བྱའོ། །གཉིས་པ་ནི་སློབ་མའི་སྤྱི་བོར་རྡོ་རྗེ་བཟུང་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཉིད་དུ་གྲུབ་པ་ཡང་ཐོབ་ན་དངོས་གྲུབ་གཞན་ལྟ་ཅི་སྨོས། དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱའི། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཞིག དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་བྱ་བ་བརྗོད་པར་བྱའོ། །གསུམ་པ་ནི་སློབ་མའི་སྙིང་གར་རྡོ་རྗེ་བཟུང་ལ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བྱ་བ་བརྗོད་པར་བྱའོ། །བཞི་པ་ནི་སྔོན་ས་ཆོག་ནས་བསྒྲུབས་པའི་བདུད་རྩི་ལྔའི་ཆུ་ལ་སྔོན་དུ་བསྟན་པའི་སྔགས་ལན་བདུན་བཟླས་ལ་བླུད་ཅིང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ལ་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་པས། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །ཨོཾ་ཨཱཿསྭཱ་ཧཱ་ཞེས་བྱ་བ་བརྗོད་དོ། །ལྔ་པ་ནི་སློབ་མའི་སྤྱི་བོར་ཡང་རྡོ་རྗེ་བཟུང་ལ། དེང་ཕྱིན་ཆད་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱིས་ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཞེས་བྱ་བ་བརྗོད་པར་བྱའོ། །གཉིས་པ་ཡེ་ཤེས་དབབ་པ་དངོས་ནི། སློབ་མས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་རློབས་ཤིག དཔལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་མཛད་དུ་གསོལ། ཞེས་ལན་གསུམ་སྨྲས་ལ། ལུས་ཀྱི་སྤྱོད་ལམ་ཙོག་པུ་ལོང་བུ་སྤྲད་པ་མ་སྙེས་པར་འདུག་ཏུ་བཅུག་སྟེ། དེའི་དམིགས་པ་ནི་ལངས་ནས་འདུག་པར་བསྒོམས་ལ། དེའི་སྙིང་གར་ལྃ་ལས་སའི་དཀྱིལ་འཁོར་གྲུ་བཞི་རྡོ་རྗེ་རྩེ་གསུམ་པ་གསུམ་ལ་ཧཱུྃ་གིས་མཚན་པ། དེའི་མགྲིན་པར་བྃ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོའི་བུམ་པ་ལ་ཨ། སྤྱི་བོར་ཡྃ་ལས་རླུང་གི་དཀྱིལ་འཁོར་ལ་ཧ་བསྒོམ། ཡང་རྐང་པའི་འོག་ཏུ་རླུང་གི་དཀྱིལ་འཁོར་ཡྃ་ལས་བྱུང་བ་ཡྃ་གིས་མཚན་པ་གཞུ་བདུངས་པ་ལྟ་བུ། ཆང་ཟུང་ཐུར་ལ་བསྟན་པ། དེའི་མཆོག་མ་གཉིས་ལ་རྐང་པ་བཞག་པར་བསྒོམས་ལ། རྐང་པ་གཉིས་བགྲད་པའི་བར་དུ་མེའི་དཀྱིལ་འཁོར་རབ་ཏུ་འབར་བའི་གསེབ་ཏུ་ཛྷཻཾ་ཞེས་བྱ་བ་ལྗང་གུ་བསྒོམས་ཏེ། དེ་ནས་རླུང་འགུལ་བས་མེ་སྦར་ཏེ། དེས་ལོང་བུའི་རྩ་ནས་ཞུགས་ནས་ལྟེ་བའི་བར་དུ་འབར་ནས། དེའི་དྲོད་ཀྱིས་སྙིང་གའི་ས་བསྲོས་ཏེ་མགྲིན་པའི་ཆུའང་བསྐོལ་ལ། ཡང་རྐང་པའི་རླུང་གིས་མས་ཡར་འདེགས་ཤིང་སྤྱི་བོའི་རླུང་གིས་ཡས་མར་མནན་ནས་གནས་པ་ལ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དང་པོའི་རྡོ་རྗེའི་རྣམ་པས་བ་སྤུའི་བུ་ག་ནས་དཔག་ཏུ་མེད་པ་འཇུག་པར་སློབ་དཔོན་དང་སློབ་མ་གཉིས་ཀས་བསྒོམས་ལ། སློབ་དཔོན་ལྷའི་ང་རྒྱལ་དང་ལྡན་པས་ཧཱུྃ་ཨ་ཧ་ཛྷཻཾ་ཞེས་བརྗོད་ཅིང་ཡང་དང་ཡང་དུ་གསལ་བར་བྱས་ལ་རྡོ་རྗེའི་རྐང་སྟབས་ཀྱིས་འདུག་ལ། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་གདན་བཞི་པ་ལས་འབྱུང་བ་ཨོཾ་ལོ་ལེ་ལོ་ལེ་ཧཱུྃ་ཨ། ཞེས་བྱ་བའི་སྔགས་སམ་གསང་བ་འདུས་པ་ལས་འབྱུང་བའི་ཨཱ་ཝེ་ཤ་ཡ་སྟྭཾ་བྷ་ཡ། ར་ར་ར་ར། ཙ་ལ་ཡ་ཙ་ལ་ཡ་ཧཱུྃ་ཨ་ཧ་ཛྷཻཾ་ཞེས་བྱ་བ་བཟླས་པར་བྱའོ། །དེ་ལ་བབས་པ་ནི་སྐུ་བབས་པས་ནི་འཕར་གཡོ་ལ་སོགས་པ་འབྱུང་ངོ༌། །གསུང་བབས་པས་ནི་སྔགས་སྨྲ་བར་འགྱུར་རོ། །ཐུགས་བབས་པས་ནི་ཡོངས་སུ་ཤེས་པ་སྐྱེའོ། །གསུང་བབས་པ་ནི་ལྕེ་ལ་ཨཱཿདམར་པོ་བསམས་ལ་གསུངས་ཤིག་རྡོ་རྗེ་དགེའོ་དགེ་ཞེས་བརྗོད་ལ། དགེ་བ་དང་མི་དགེ་བའི་དོན་དྲིས་ན་སྟོན་པར་འགྱུར་རོ། །བབས་པ་དེ་བརྟན་པར་བྱ་བའི་ཕྱིར་སྤྱི་བོར་རྡོ་རྗེ་བཞག་ལ། ཨོཾ་ཏིཥྛ་བཛྲ་ས་མ་ཡ་པྲ་ཏི་པ་ལི་ཏ་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་སྭཱ་ཧཱ། ཞེས་བྱ་བ་བརྗོད་ལ་དམིགས་པ་གཏོད་དུ་གཞུག དེ་ནས་དཀྱིལ་འཁོར་དུ་གཞུག་པ་ལ་བདུན་ཏེ། ཁ་དོག་བརྟག་པ་དང༌། ཕྲེང་བ་དོར་བ་དང༌། ཕྲེང་བ་བཅིངས་ཏེ་ལྷའི་རྣལ་འབྱོར་སྦྱིན་པ་དང༌། གདོང་གཡོགས་དབྱེ་བ་དང༌། དཀྱིལ་འཁོར་བལྟར་གཞུག་པ་དང༌། སྤྲོ་བ་བསྐྱེད་པ་དང༌། དམ་ཚིག་བརྗོད་པའོ། །དང་པོ་ནི་དེ་ལྟར་ཡེ་ཤེས་དབབ་པའི་དམིགས་པ་བཏང་ལ་དཀྱིལ་འཁོར་གྱི་དྲུང་དུ་དཀྱིལ་འཁོར་ལ་ཕྱོགས་པར་བྱས་ཏེ་ལངས་སུ་བཅུག་ལ་མགོ་སྒུ་བར་བྱས་ལ་ཁྱོད་ཀྱི་མིག་ལམ་ན་འོད་ཀྱི་ཁ་དོག་ཇི་ལྟ་བུ་སྣང་ཞེས་དྲི་བར་བྱའོ། །དེའང་དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། ནག་པོ་དང༌། སྔོན་པོ་དང༌། ལྗང་གུ་དང༌། སྣ་ཚོགས་པ་རྣམས་སྨྲ་ན། ཞི་བ་དང༌། དབང་དང༌། རྒྱས་པ་དང༌། གསད་པ་དང༌། བསྐྲད་པ་དང༌། རེངས་པ་དང༌། སྣ་ཚོགས་པ་རྣམས་འགྲུབ་པར་བསྟན་ཏོ། །གཉིས་པ་ནི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་བཟང་ངན་མེད་པས་ཡེ་ཤེས་གཅིག་གི་སྣང་བར་བསྟན་ཏེ། མེ་ཏོག་གི་ཕྲེང་བ་ཐལ་མོའི་བར་དུ་བཅུག་ལ་ལག་པ་བརྐྱང་སྟེ། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿཞེས་བརྗོད་དུ་བཅུག་ལ་མེ་ཏོག་ཕྲེང་བ་དོར་དུ་བཅུག་གོ །དེའང་རི་མོ་ལྔའི་ཕྱི་རོལ་དུ་ལྟུང་ན་ལན་གསུམ་གྱི་བར་དུ་དོར་དུ་གཞུག་གོ །གསུམ་པ་ནི་དེ་ནས་ཕྲེང་བ་དེ་བླངས་ལ་སློབ་མའི་སྤྱི་བོར་བཅིངས་ཏེ། སྟོབས་པོ་ཆེན་པོ་སེམས་དཔའ་ཆེ། །འདི་ནི་སོ་སོ་གཟུང་བར་བྱ། །ཞེས་བརྗོད་དོ། །ཕྲེང་བ་གང་ལ་ཕོག་པའི་ལྷ་དེའི་རྣལ་འབྱོར་སྦྱིན་པར་བྱའོ། །བཞི་པ་ནི་སློབ་མའི་མིག་གཉིས་སུ་ཨོཾ་རབ་ཏུ་འབར་བ་རེ་བསྒོམས་ཏེ། ཨོཾ་ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་མཛད་པ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་ཛྙཱ་ན་ཙཀྵུ་ཧཱུྃ་ཨཱཿསྭཱ་ཧཱ་ཞེས་བྱ་བའི་ཚིགས་སུ་བཅད་པ་དང་སྔགས་བརྗོད་ལ་མིག་དབྱེའོ། །ལྔ་པ་ནི། ཡང༌། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། །ཁྱོད་ཀྱང་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། །ཅེས་བྱ་བའི་ཚིགས་བཅད་བརྗོད་དེ་དཀྱིལ་འཁོར་བལྟར་གཞུག་གོ །དྲུག་པ་ནི། དེ་ལྟར་དཀྱིལ་འཁོར་མཐོང་བའི་ཚེ་ན་དེ་བཞིན་གཤེགས་པའི་སྐུ་དངོས་སུ་མཐོང་བའམ། ཐ་ན་དཀྱིལ་འཁོར་གསལ་བར་མཐོང་བས། རབ་ཏུ་སྤྲོ་བ་སྐྱེས་པ་དེ་བླ་མ་ལ་ཕྱག་བྱས་ལ། ཨོཾ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་ཞུགས་སོ། །ཨོཾ་རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་བདག་གིས་དེ་རིང་མཐོང༌། །ཨྃ་གསང་བའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་དབང་བསྐུར། །ཞེས་བྱ་བའི་ཚིག་གསུམ་བརྗོད་དོ། །བདུན་པ་ནི་དེ་ལྟ་བུའི་དཀྱིལ་འཁོར་གྱི་དམ་ཚིག་མ་ལུས་པ་གཟུང་བར་མོས་པ་བྱས་ལ་ས་མ་ཡ་ཧོ་ཧོ་ཧོ་ཞེས་བརྗོད་དུ་གཞུག་གོ །དེ་ནས་དཀྱིལ་འཁོར་བསྟན་པ་ནི་ཕྱི་རོལ་གྱི་རྡོ་རྗེ་རྭ་བ་དང་དུར་ཁྲོད་ནས་གཞལ་ཡས་ཁང་པ་དང༌། ཤར་ཕྱོགས་ཀྱི་སྒོ་དྲུང་ནས་བརྩམས་ཏེ། དཀྱིལ་འཁོར་གྱི་གཙོ་བོའི་བར་དུ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་མིང་རྒྱས་པར་བརྗོད་པས་བསྟན་པར་བྱའོ། །འདི་དག་ནི་སློབ་མ་དཀྱིལ་འཁོར་དུ་གཞུག་ཅིང་བརྗོད་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་བསྟན་པའོ།།  །།དེའི་རྗེས་ལ་དབང་བསྐུར་བའི་ཆོ་ག་ལ་གསུམ་སྟེ། ཕྱག་འཚལ་བ་སྔོན་དུ་འགྲོ་བས་གསོལ་བ་གདབ་པ་དང༌། ཤེས་པར་བྱ་བའི་ཆོ་ག་དང༌། དབང་བསྐུར་བ་དངོས་སོ། །དང་པོ་ནི་སློབ་མས་སློབ་དཔོན་གྱི་ཞབས་ལ་ཕྱག་འཚལ་ཏེ་མཎྜལ་ཕུལ་ལ། ཁྱོད་ནི་ཧེ་རུ་ཀ་དཔལ་ཏེ། །བདེ་གཤེགས་རྣམས་ཀྱི་བདེ་སྩོལ་མཛད། །བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱི། །ཡང་དག་དོན་མཆོག་རྣམ་དག་པ། །ཇི་ལྟར་དེ་ཉིད་བདུད་རྩི་ཡི། །དབང་གི་མཆོག་ནི་བསྐུར་བ་བཞིན། །དེ་བཞིན་བདག་ལ་འཁོར་བ་ཡི། །སྡུག་བསྔལ་རྣམས་ནི་གསལ་བར་མཛོད། །རྣལ་འབྱོར་བདུད་རྩི་དྲི་མེད་མཆོག །མ་རིག་པ་ཡི་རབ་རིབ་འཇོམས། །གང་གི་བྱང་ཆུབ་བླ་མེད་པ། །དེ་རིང་བདག་གིས་ཐོབ་པར་མཛོད། །ཅེས་བྱ་བ་ལན་གསུམ་གྱི་བར་དུ་གསོལ་བ་གདབ་པར་བྱའོ། །གཉིས་པ་ལ་གསུམ་སྟེ། དབང་སྟེགས་སུ་སློབ་མ་གཞག་པ་དང༌། སྦྱང་བ་ལ་སོགས་པའི་ཆོ་ག་དང༌། བཀྲ་ཤིས་ཀྱི་གླུ་བླང་བའི་ཆོ་གའོ། །དང་པོ་ནི་རྩ་བའི་དཀྱིལ་འཁོར་ལས་ཤར་ཕྱོགས་ཀྱི་ཁྲུ་གཉིས་ཀྱི་སར་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ལ་དཀྱིལ་འཁོར་མཚན་ཉིད་དང་ལྡན་པར་བྱས་ལ། དེར་ཤིང་ལ་སོགས་པའི་ཁྲི་ལ་དར་ལ་སོགས་པའི་གདན་བྱ་སྟེ། དེའི་སྟེང་དུ་སློབ་མ་གོས་གཙང་མ་དགོས་པ་རང་གི་ལྷའི་རྣལ་འབྱོར་ཞེས་བྱ་བ་ཕྲེང་བ་ཕོག་པའི་ལྷའི་རྣལ་འབྱོར་གྱིས་བཞག་ལ། སློབ་མའི་གཡས་བདག་གི་གཡོན་ཕྱོགས་ནས་ཞབས་བཀྲུ་བའི་ཆུ་དྲི་ཞིམ་པོ་དང༌། ཞལ་བཀྲུ་བའི་ཆུ་འོ་མ་དང་སྦྱར་བ་དང༌། བསང་གཏོར་གྱི་ཆུ་གཙང་མ་དང༌། མཆོད་ཡོན་གྱི་ཆུ་གཙང་མ་ལ་མེ་ཏོག་དཀར་པོ་བཅུག་པ་སྟེ་བཞི་དང༌། ཡུངས་ཀར་དང༌། ཆུ་གཙང་མ་སྟེ་སྦྱོང་བའི་ཡོ་བྱད་གཉིས་བཤམ་མོ། །བདག་གི་གཡས་ཕྱོགས་ནས་མེ་ཏོག་དང༌། སྤོས་དང་མར་མེ་དང༌། དྲི་དང༌། ལྷ་བཤོས་ཏེ་མཆོད་པའི་ཡོ་བྱད་ལྔ་བཤམ་མོ། །མདུན་དུ་བཟེད་ཞལ་གྱི་སྣོད་གཉིས་དང༌། མེས་བཀང་བའི་ཁམ་ཕོར་གཞག་གོ །སྟེང་དུ་བླ་རེ་བྲེ་བ་དང༌། གཡས་སུ་གདུགས་དཀར་པོ་དང༌། གཡོན་དུ་རྒྱལ་མཚན་བསྒྲེང་བ་དང༌། དུང་ལ་སོགས་པ་མཆོད་པའི་ཡོ་བྱད་གཞན་རྣམས་ཀྱང་ཇི་ལྟར་འཚམ་པའི་གནས་སུ་སྟ་གོན་བྱས་ལ་གཞག་པར་བྱའོ། །གཉིས་པ་སྦྱང་བའི་ཆོ་ག་དངོས་ནི། དང་པོ་སློབ་མ་ལ་རབ་ཏུ་གནས་པའི་ཆོ་ག་བཞིན་བའི་ལྔ་དང༌། དྲི་ལྔ་དང༌། མར་ཁུ་དང༌། ཤུན་པ་ལྔ་དང༌། དྲི་ཞིམ་པོའི་ཆུས་ཀྱང་ཁྲུས་བྱ། མ་གྲུབ་ན་འགལ་བ་མེད། དེ་ནས་སློབ་དཔོན་ལྷའི་ང་རྒྱལ་དང་ལྡན་པས་སློབ་མ་མེ་ཏོག་ཕོག་པའི་ལྷར་ཡན་ལག་བཞིས་བསྐྱེད་ལ། གོ་རིམ་བཞིན་དུ་དང་པོར་ཨོཾ་ནི་རི་ཏི་ཧཱུྃ་ཁཾ་གིས་ཞབས་བཀྲུ་བ་དང༌། ཨོཾ་སརྦ་སཾ་ཤོ་དྷ་ནིས་འཐོར་འཐུང་བྱ་བ་གཉིས་བྱས་ལ་བཟེད་ཞལ་དུ་དབུལ་ལོ། །ཀུ་ཤའི་ཆུན་པོས་ལུས་ཐམས་ཅད་ལ་ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ་ཞེས་བརྗོད་ཅིང་གཏོར། ཨོཾ་པྲ་ཏཱིཙྪ་ཨརྒྷཾ་ཧཱུྃ་ཞེས་བརྗོད་ལ་མཆོད་ཡོན་ཕྱག་ཏུ་གཏད། དེ་ནས་ཁུ་ཚུར་གཉིས་ཀྱིས་ཡུངས་ཀར་བླངས་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཞེས་བཟླས་ཤིང་གཡས་དང་གཡོན་གྱིས་བསྐོར་ལ་ཁམ་ཕོར་གྱི་མེར་བླུགས། དེ་བཞིན་དུ་ཁུ་ཚུར་གྱིས་ཆུ་བླངས་ལ་ཨོཾ་ཧཱུྃ་ཌ་ཌི་ཏ་ཕཊ་ཅེས་བརྗོད་ཅིང་བསྐོར་ལ་མེར་བླུགས་པར་བྱའོ། །གསུམ་པ་བཀྲ་ཤིས་ཀྱི་ཆོ་ག་ནི་མེ་ཏོག་ལ་སོགས་པའི་མཆོད་པ་ལྔས་མཆོད་ལ་བུམ་པ་ལག་ཏུ་བླངས་ལ་རོལ་མོའི་སྒྲ་དང་བཅས་པས་སྒྲུབ་གཡོག་དང་བཅས་ཏེ་དབྱངས་ཀྱི་འདྲེན་པ་དང་བཅས་པས་ཕུན་སུམ་ཚོགས་འཛིན་བྱ་བ་ལ་སོགས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བཟླ་བར་བྱའོ།།  །།གསུམ་པ་དབང་བསྐུར་བའི་ཆོ་ག་དངོས་ལ་གཉིས་ཏེ། རྡོ་རྗེ་སློབ་མའི་དབང་བསྐུར་བའི་ཆོ་ག་དང༌། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའི་ཆོ་གའོ། །དང་པོ་ལ་གཉིས་ཏེ། རང་གི་ལྷག་པའི་ལྷའི་རྟེན་ལ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་རིག་པའི་དབང་ལྔ་བསྐུར་བ་དང༌། རྡོ་རྗེ་འཆང་ཆེན་པོའི་རྟེན་ལ་སྐུ་གསུང་ཐུགས་བྱིན་གྱིས་སློབ་པའི་དབང་ངོ༌། །དང་པོ་ནི་ཆུ་ལ་སོགས་པ་སྟེ་རེ་རེ་ལའང་འཁོར་གསུམ་ཡོངས་སུ་དག་པ་བཞིས་དབང་བསྐུར་ཏེ། མཆོད་པ་བྱས་ནས་དོན་ལྔའི་རྟོགས་པ་བསྐྱེད་པ་ཡིན་ནོ། །དེ་ལ་འཁོར་གསུམ་ཡན་ལག་ལྔའི་མངོན་པར་རྟོགས་པ་ནི་འདི་ཡིན་ཏེ། ཆུའི་དབང་བསྐུར་བའི་དུས་སུ་བུམ་པ་བརྒྱད་གོ་རིམ་བཞིན་དུ་བསྒྲིགས་པའམ། ཡང་ན་རྣམ་རྒྱལ་བུམ་པར་ཀུན་གྱི་ཆུ་བསྡུས་ལ་མཎྜལ་ལ་སོགས་པའི་སྟེང་དུ་བཞག་སྟེ། བདག་དང་སློབ་མ་དབང་རྫས་གསུམ་ཀ་སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་སྤྲོས་བསྡུས་གཅིག་ཏུ་གྱུར་པ་ལས་མི་བསྐྱོད་པ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཞབས་བཞི་པ་སྐུ་མདོག་སྔོན་པོ་ཡུམ་མཱ་མ་ཀཱིས་འཁྱུད་པ་ཕྱག་མཚན་དང་གདན་ལ་སོགས་པ་སྒྲུབ་ཐབས་བཞིན་བསྐྱེད་པར་བྱ། སློབ་མ་རང་སྐད་ཅིག་ཙམ་གྱིས་བསྒོམ་དུ་གཞུག དེ་ནི་ཡན་ལག་དང་པོ་བསྙེན་པའི་ཡན་ལག་གོ །དམ་ཚིག་སེམས་དཔའ་བསྐྱེད་པའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། གཽ་རཱི་ལ་སོགས་པའི་ལྷ་མོ་བཞིས་དགུག་གཞུག་བཅིང་དབང་དུ་བྱས་ཏེ་ཡན་ལག་གཉིས་པའོ། །སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ་ཡན་ལག་གསུམ་པའོ། །ཡང་སྙིང་གའི་ས་བོན་གྱི་འོད་ཀྱིས་དེ་བཞིན་གཤེགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ཏེ། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་བརྗོད་ནས་དབང་བསྐུར་བར་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་དེ་དག་ཧེ་རུ་ཀའི་གཟུགས་སུ་གྱུར་པས་བདག་དང་བུམ་པའི་ལྷ་གཉིས་ལ་དབང་བསྐུར་ཏེ། དེས་ལུས་ཐམས་ཅད་ཁེངས་ནས་ཆུ་ལུད་པ་ལས་སྤྱི་བོར་མི་བསྐྱོད་པ་དེ་བཞིན་གཤེགས་པས་དབུ་བརྒྱན་པར་བསམ་མོ། །དེ་ནས་བུམ་པའི་ནང་གི་མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ཞུགས་པ་འོད་དུ་ཞུ་སྟེ་ཆུར་གྱུར་པར་བསམ་མོ། །སློབ་དཔོན་དང་དབང་རྫས་ཀྱི་ཡན་ལག་བཞི་པའོ། །ཡང་དབང་བསྐུར་གྱི་ལྷ་རྣམས་ལ། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིན་ཆེན་པོ་རྣམས། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །ཁྱོད་ཀྱིས་འདིར་ནི་དབང་བསྐུར་ཅིག །ཅེས་སློབ་དཔོན་དང་སློབ་མ་གཉིས་ཀས་གསོལ་བ་བཏབ་པ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རིན་པོ་ཆེ་ལས་བྱས་པའི་བུམ་པ་བྱང་ཆུབ་སེམས་ཀྱིས་གང་བས་དབང་བསྐུར་བར་བསམ། དངོས་སུ་སློབ་དཔོན་གྱི་ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཞེས་བརྗོད་ཅིང་བུམ་པ་ཐམས་ཅད་ཀྱི་ཆུ་བསྡུས་པའམ། བུམ་པ་བརྒྱད་པོ་ཐམས་ཅད་ཀྱིས་སྤྱི་བོ་ནས་ཆུས་གཏོར་ཞིང་བླུགས་པར་བྱའོ། །དེ་ལྟར་དབང་བསྐུར་བ་དང་ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་དེ་བཞིན་གཤེགས་པ་མི་བསྐྱོད་པས་དབུ་བརྒྱན་པར་བསམ་མོ། །ཡན་ལག་བཞི་པའོ། །དེ་ལྟར་དེ་བཞིན་གཤེགས་པའི་སྐུར་གནས་པ་ལ་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ཞེས་བྱ་བ་ལ་སོགས་པ་མཆོད་པ་ལྔས་མཆོད་པར་བྱའོ། །དེའི་རྗེས་ལ་དོན་ལྔའི་རྟོགས་པ་བསྐྱེད་པ་ནི་འདི་ཡིན་ཏེ། ཁྱོད་ཀྱིས་དབང་བསྐུར་བ་ལྔ་ལས་ནི། ཆུའི་དབང་ཐོབ་བོ། །དེས་ནི་ཉོན་མོངས་པ་ལས་ཞེ་སྡང་དག་པར་བྱས་སོ། །ཕུང་པོ་ལས་རྣམ་པར་ཤེས་པའི་ཕུང་པོའི་དྲི་མ་སྦྱངས། དེ་བཞིན་གཤེགས་པ་ལས་མི་བསྐྱོད་པར་བྱིན་གྱིས་བརླབས་པའོ། །ཡེ་ཤེས་ལྔ་ལས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བག་ཆགས་སམ་ས་བོན་རྒྱུད་ལ་བཞག་གོ །ཞེས་ཀྱང་རྟོགས་པ་བསྐྱེད་པར་བགྱིའོ། །དབང་དང་པོའོ། །གཉིས་པ་ཅོད་པན་གྱི་དབང་བསྐུར་བ་ནི། བདག་དང་སློབ་མ་དབང་རྫས་གསུམ་ཀ་སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཨཱྃ་ལས་རིན་པོ་ཆེ་ཨཱྃ་གིས་མཚན་པ་དེ་ལས་འོད་སྤྲོས་བསྡུས་གཅིག་ཏུ་གྱུར་པ་ལས་རིན་ཆེན་འབྱུང་ལྡན་ཞལ་བརྒྱད་ཕྱག་བཅུ་དྲུག་པ་སྐུ་མདོག་སེར་པོ་ཡུམ་རིན་ཆེན་སྒྲོལ་མས་འཁྱུད་པ་སྒྲུབ་ཐབས་བཞིན་བསྐྱེད་པར་བྱའོ། །ཡན་ལག་དང་པོའོ། །གཉིས་པ་དང་གསུམ་པའང་སྔ་མ་དང་འདྲ་བར་བྱའོ། །ཡན་ལག་བཞི་པའང་དང་པོ་བདག་དང་དབང་རྫས་ཀྱི་ཡན་ལག་བཞི་བྱས་ཏེ། སྙིང་གའི་ཏྲཱཾ་ལས་འོད་འཕྲོས་པས་དབང་བསྐུར་གྱི་ལྷ་སྤྱན་དྲངས་ཏེ་གསོལ་བ་བཏབ་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་དང་ཅོད་པན་གྱི་ལྷ་ལ་ཅོད་པན་བཅིངས་པས་རྒྱུད་ལ་བདེ་བ་ཆེན་པོ་མངོན་དུ་བྱས་ཏེ། སྤྱི་བོར་དེ་བཞིན་གཤེགས་པ་རིན་འབྱུང་གིས་དབུ་བརྒྱན་པར་བསམ་མོ། །དེ་ནས་ཅོད་པན་གྱི་རིན་འབྱུང་ཡབ་ཡུམ་སྙོམས་པར་ཞུགས་པས་འོད་དུ་ཞུ་སྟེ་ཅོད་པན་དུ་གྱུར་པར་བསམ་མོ། །དེ་ནས་སློབ་མའི་ཡན་ལག་བཞི་པ་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་སློབ་དཔོན་དང་སློབ་མ་གཉིས་ཀས་གསོལ་བ་བཏབ་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མའི་སྤྱི་བོར་ཅོད་པན་བཅིངས་པར་བསམ་མོ། །དངོས་སུ་སློབ་དཔོན་གྱི་ལག་ཏུ་བཟུང་སྟེ། རིན་པོ་ཆེ་ཡི་དབུ་རྒྱན་དང༌། །དར་དཔྱངས་ཅོད་པན་དག་གི་དབང༌། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཱཾ་ཞེས་བརྗོད་དོ། །སློབ་མའི་མགོ་བོར་བཅིངས། སྤྱི་བོར་དེ་བཞིན་གཤེགས་པ་རིན་འབྱུང་གིས་དབུ་བརྒྱན་པར་བསམ་མོ། །དེ་ནས་མཆོད་པ་ལྔས་མཆོད་པར་བསམ་མོ། །དོན་ལྔའི་རྟོགས་པ་བསྐྱེད་པ་ནི། དབང་བསྐུར་བ་ལྔ་ལས་ཅོད་པན་གྱི་དབང་ཐོབ། ཉོན་མོངས་པ་ལས་སེར་སྣ་དག ཕུང་པོ་ལས་ཚོར་བའི་ཕུང་པོ་སྦྱངས། དེ་བཞིན་གཤེགས་པ་ལས་རིན་ཆེན་འབྱུང་ལྡན་དུ་བྱིན་གྱིས་བརླབས། ཡེ་ཤེས་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བག་ཆགས་སམ་ས་བོན་རྒྱུད་ལ་གཞག་གོ །ཞེས་རྟོགས་པ་བསྐྱེད་པར་བྱའོ་དབང་གཉིས་པའོ། །གསུམ་པ་རྡོ་རྗེའི་དབང་བསྐུར་བ་ནི། བདག་དང་སློབ་མ་དབང་རྫས་གསུམ་ཀ་སྟོང་པར་བསྒོམ། དེའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཛྲཱིཾ་ལས་པདྨ་ཛྲཱིཾ་གིས་མཚན་པ། དེ་ལས་འོད་སྤྲོས་བསྡུས་གཅིག་ཏུ་གྱུར་པ་ལས་འོད་དཔག་ཏུ་མེད་པ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་སྐུ་མདོག་དམར་པོ་ཡུམ་ན་བཟའ་དཀར་མོས་འཁྱུད་པ་སྒྲུབ་ཐབས་བཞིན་བསྐྱེད་པར་བྱའོ། །ཡན་ལག་དང་པོའོ། །ཡན་ལག་གཉིས་པ་དང་གསུམ་པ་སྔ་མ་དང་འདྲ་བར་བྱས་ལ། ཡན་ལག་བཞི་པ་བྱ་བའི་ཕྱིར་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་སྤྱན་དྲངས་ལ་གསོལ་བ་བཏབ་པ་དང༌། དེ་བཞིན་གཤེགས་པ་དེ་དག་གིས་བདག་དང་དབང་རྫས་ཀྱི་ལྷའི་ཕྱག་གཡས་པ་ལ་རྡོ་རྗེ་རྩེ་དགུ་པ་གཏད་པས་རྒྱུད་ལ་བདེ་བ་ཆེན་པོ་སྐྱེས་པར་བསམ། སྤྱི་བོར་ཡང་འོད་དཔག་མེད་ཀྱིས་མཚན་པར་བསམ་མོ། །དབང་རྫས་ཀྱང་འོད་དཔག་མེད་ཡབ་ཡུམ་སྙོམས་པར་ཞུགས་པས་འོད་དུ་ཞུ་སྟེ་རྡོ་རྗེར་གྱུར་པར་བསམས་ལ། སློབ་མའི་ཡན་ལག་བཞི་པ་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ལ་བདག་དང་སློབ་མ་གཉིས་ཀས་གསོལ་བ་བཏབ་པ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱིས་སློབ་མའི་ལག་པ་གཡས་པར་རྡོ་རྗེ་གཏད་པར་བསྒོམ་ཞིང༌། དངོས་སུ་སློབ་དཔོན་གྱིས་ལག་པ་གཡས་པར་བཟུང་ལ། སངས་རྒྱས་རྡོ་རྗེའི་དབང་གིས་ནི། །དེ་རིང་ཁྱོད་ལ་དབང་བསྐུར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །ཤིན་ཏུ་གྲུབ་ཕྱིར་རྡོ་རྗེ་ཟུང༌། །ཞེས་བྱ་བ་དང༌། ཨོཾ་བཛྲ་ཨ་ར་ལླི་ཧོ་བཛྲ་བ་ར་ཏ་ཀ་ཧཱུྃ་ཞེས་བརྗོད་ལ་སློབ་མའི་ལག་པ་གཡས་པར་རྡོ་རྗེ་གཏད། རྒྱུད་ལ་བདེ་བ་ཆེན་པོ་མངོན་དུ་བྱས། སྤྱི་བོར་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བསམ་མོ། །དེ་ནས་མཆོད་པ་ལྔས་ཀྱང་མཆོད་ལ། དོན་ལྔའི་རྟོགས་པ་བསྐྱེད་པར་བྱ་སྟེ། དབང་བསྐུར་བ་ལྔ་ལས་རྡོ་རྗེའི་དབང་ཐོབ། ཉོན་མོངས་པ་ལས་འདོད་ཆགས་ཀྱི་དྲི་མ་དག་པར་བྱས། ཕུང་པོ་ལས་འདུ་ཤེས་ཀྱི་ཕུང་པོའི་དྲི་མ་སྦྱངས། དེ་བཞིན་གཤེགས་པ་ལས་འོད་དཔག་མེད་དུ་བྱིན་གྱིས་བརླབས། ཡེ་ཤེས་ལས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ས་བོན་ནམ་བག་ཆགས་རྒྱུད་ལ་གཞག་གོ །ཞེས་རྟོགས་པ་བསྐྱེད་པར་བྱའོ། །དབང་གསུམ་པའོ། །བཞི་པ་དྲིལ་བུའི་དབང་བསྐུར་བ་ནི། བདག་དང་སློབ་མ་དབང་རྫས་གསུམ་ཀ་མི་དམིགས་པ་ལས་པདྨ་དང་ཉི་མའི་སྟེང་དུ་ཁྃ་ལས་རལ་གྲི་ཁྃ་གིས་མཚན་པ་དེ་ལས་འོད་སྤྲོས་བསྡུས་གཅིག་ཏུ་གྱུར་པ་ལས་དོན་ཡོད་གྲུབ་པ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་སྐུ་མདོག་ལྗང་གུ་ཡུམ་དམ་ཚིག་སྒྲོལ་མས་འཁྱུད་པ། སྒྲུབ་ཐབས་བཞིན་བསྐྱེད་དེ། ཡན་ལག་དང་པོའོ། །ཡན་ལག་གཉིས་དང་གསུམ་པ་ཡང་སྔ་མ་དང་འདྲ་བར་བྱས་ལ། ཡན་ལག་བཞི་པ་བྱ་བའི་ཕྱིར་སྙིང་གའི་ཁཾ་གི་འོད་ཟེར་གྱིས་དབང་བསྐུར་གྱི་ལྷ་སྤྱན་དྲངས་ཏེ་གསོལ་བ་བཏབ་པ་དང༌། དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་དྲིལ་བུ་ལག་པ་གཡོན་པར་གཏད་པས་རྒྱུད་ལ་བདེ་བ་ཆེན་པོ་མངོན་དུ་བྱས་ཏེ། སྤྱི་བོར་དོན་ཡོད་གྲུབ་པས་དབུ་བརྒྱན་པར་བསམ་མོ། །དེ་ནས་དྲིལ་བུའི་དོན་གྲུབ་ཡབ་ཡུམ་སྙོམས་པར་ཞུགས་པས་འོད་དུ་ཞུ་སྟེ་དྲིལ་བུར་གྱུར་པར་བསམས་ལ། བདག་དང་སློབ་མ་གཉིས་ཀས་དེ་བཞིན་གཤེགས་པ་ལ་གསོལ་བ་གདབ་པ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱིས་སློབ་མའི་ལག་པ་གཡོན་པར་དྲིལ་བུ་གཏད་པར་བསམ་ཞིང་དངོས་སུ་སློབ་དཔོན་གྱིས་དྲིལ་བུ་བཟུང་སྟེ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་བརྗོད་ལ་སློབ་མའི་ལག་པ་གཡོན་པར་གཏད། རྒྱུད་ལ་བདེ་བ་ཆེན་པོ་མངོན་དུ་བྱས་ཏེ། སྤྱི་བོར་དོན་ཡོད་གྲུབ་པས་དབུ་བརྒྱན་པར་བསམ་མོ། །དེ་ནས་མཆོད་པ་ལྔས་མཆོད་ལ། དོན་ལྔའི་རྟོགས་པ་བསྐྱེད་པར་བྱ་སྟེ། དབང་བསྐུར་བ་ལྔ་ལས་དྲིལ་བུའི་དབང་ཐོབ། ཉོན་མོངས་པ་ལས་ཕྲག་དོག་རྣམ་པར་དག ཕུང་པོ་ལས་འདུ་བྱེད་ཀྱི་དྲི་མ་སྦྱངས། དེ་བཞིན་གཤེགས་པ་ལས་དོན་ཡོད་གྲུབ་པར་བྱིན་གྱིས་བརླབས། ཡེ་ཤེས་ལས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བག་ཆགས་སམ་ས་བོན་རྒྱུད་ལ་གཞག་གོ །ཞེས་རྟོགས་པ་བསྐྱེད་དེ། དབང་བཞི་པའོ། །ལྔ་པ་མིང་གི་དབང་བསྐུར་བར་བྱ་བའི་ཕྱིར། བདག་དང་སློབ་མ་གཉིས་སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་བྷྲཱུྃ་ལས་འཁོར་ལོ་བྷྲཱུྃ་གྱིས་མཚན་པ་དེ་ལས་འོད་སྤྲོས་བསྡུས་གཅིག་ཏུ་གྱུར་པ་ལས། རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཡུམ་སངས་རྒྱས་སྤྱན་མས་འཁྱུད་པ་སྒྲུབ་ཐབས་བཞིན་བསྐྱེད་དེ། ཡན་ལག་དང་པོའོ། །མིང་དབང་ལ་དབང་རྫས་བྱེད་ན་མེ་ཏོག་གི་ཕྲེང་བའམ་རྡོ་རྗེ་དྲིལ་བུ་གཉིས་ཀས་བྱའོ། །ཡན་ལག་གཉིས་པ་དང་གསུམ་པ་སྔ་མ་དང་འདྲ་བར་བྱས་ལ། ཡན་ལག་བཞི་པ་བྱ་བའི་ཕྱིར་སྙིང་གའི་བྷྲཱུྃ་གྱི་འོད་ཟེར་གྱིས་དབང་བསྐུར་གྱི་ལྷ་སྤྱན་དྲངས་ཏེ་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་མིང་བཏགས་པས་རྒྱུད་ལ་བདེ་བ་ཆེན་པོ་མངོན་དུ་བྱས་ཏེ། སྤྱི་བོར་རྣམ་སྣང་གིས་དབུ་བརྒྱན་པར་བསམ་མོ། །དབང་རྫས་ཡོད་པའི་ལུགས་ལ་ཡང་སྔ་མ་བཞིན་སྦྱར་བར་བྱའོ། །སློབ་མའི་ཡན་ལག་བཞི་པ་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ལ་བདག་དང་སློབ་མ་གཉིས་ཀས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་སློབ་མ་ལ་མེ་ཏོག་ཕོག་པའི་ལྷ་ལས་དྲས་ཏེ་མིང་འདོགས་པར་བསམས་ལ། དངོས་སུ་སློབ་དཔོན་གྱིས་སློབ་མའི་སྤྱི་བོར་ལག་པ་བཞག་ལ། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱའོ། །ཞེས་བརྗོད་ལ་དེ་བཞིན་གཤེགས་པ་ལྔ་དེ་དང་དེའི་མིང་རིགས་ཀྱིས་བཏགས་ཏེ། རྡོ་རྗེ་གུར་གྱི་ལེའུ་གསུམ་པ་ལས་འབྱུང་བ་བཞིན་དུའོ། །དེ་ནས་རྒྱུད་ལ་བདེ་བ་ཆེན་པོ་མངོན་དུ་བྱས་པར་བསམས་ལ། སྤྱི་བོར་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་བསམ་མོ། །དེ་ནས་མཆོད་པ་ལྔས་མཆོད་ལ། དོན་ལྔའི་རྟོགས་པ་བསྐྱེད་པར་བྱ་སྟེ། ཁྱོད་ཀྱིས་དབང་བསྐུར་བ་ལྔ་ལས་མིང་གི་དབང་ཐོབ་བོ། །ཉོན་མོངས་པ་ལས་གཏི་མུག་གི་དྲི་མ་དག་པར་བྱས། ཕུང་པོ་ལས་གཟུགས་ཀྱི་ཕུང་པོའི་དྲི་མ་སྦྱངས། དེ་བཞིན་གཤེགས་པ་ལས་རྣམ་པར་སྣང་མཛད་ཀྱི་ངོ་བོར་བྱིན་གྱིས་བརླབས། ཡེ་ཤེས་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བག་ཆགས་སམ་ས་བོན་རྒྱུད་ལ་གཞག་གོ །ཞེས་རྟོགས་པ་བསྐྱེད་ལ། སླར་ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དངོས་ཀུན་གང་དང་གང་སྣང་བ། །གཙོ་དེ་རང་གི་ལྷག་པའི་ལྷ། །ཆོས་རྣམས་རང་བཞིན་རྙོག་མེད་དག །སངས་རྒྱས་ཡེ་ཤེས་བལྟ་བར་བྱ། །ཞེས་བྱ་སྟེ། དོན་ནི་འདི་ཡིན་ཏེ། དངོས་ཀུན་གང་དང་གང་སྣང་བ། །ཞེས་བྱ་བ་ནི་ཕུང་པོ་ལྔ་དང་ཉོན་མོངས་པ་ལྔ་པོ་རྣམས་སོ། །གཙོ་དེ་རང་གི་ལྷག་པའི་ལྷ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོར་ཤེས་པར་བྱའོ། །ཆོས་རྣམས་རང་བཞིན་རྙོག་མེད་དག །ཅེས་བྱ་བ་ནི་ཕུང་པོ་ལྔ་ལ་སོགས་པ་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱིས་རྣམ་པ་བདག་གོ་ཞེས་བྱའོ། །སངས་རྒྱས་ཡེ་ཤེས་བལྟ་བར་བྱ། །ཞེས་བྱ་བ་ནི་རང་བཞིན་གྱིས་དག་ཀྱང་གློ་བུར་དུ་དྲི་མས་བསྒྲིབས་པ་བ་དེ་ཆོ་ག་འདིས་བསལ་བར་བྱས་པས་ལམ་བསྒོམ་པའི་སྣོད་དུ་རུང་ཞིང༌། ཕུང་པོ་ལ་སོགས་པ་གནས་ཡོངས་སུ་དག་པར་བྱེད་དོ། །ཞེས་བྱ་བའི་དོན་ཏོ། །རིག་པའི་དབང་འདི་རྣམས་ལ་སློབ་དཔོན་བདག་ཉིད་མི་བསྐྱོད་པའི་རྣལ་འབྱོར་ཁོ་ནས་ཀྱང་རུང་ངོ༌། །ཞེས་བྱ་བའང་ཤེས་པར་བྱའོ། །དེ་དག་གིས་ནི་མ་རིག་པ་ལ་སོགས་པ་ཉོན་མོངས་པ་ལྔ་དག་པར་བྱེད་པའི་ཕྱིར་དང༌། ཕུང་པོ་ལྔ་གནས་ཡོངས་སུ་གྱུར་པར་བྱེད་པའི་ཕྱིར་དང༌། རིག་མ་སྤྱན་མ་ལ་སོགས་པ་ལྔ་དང༌། རིག་པ་ཡབ་ལྔའི་ལས་ཡིན་པའི་ཕྱིར། རིག་པའི་དབང་ཞེས་བྱ་སྟེ། ཆོས་ཅན་ཕུང་པོ་ལྔ་དང༌། ཉོན་མོངས་པ་ལྔ་སྦྱང་བའི་དབང་ཡིན་ནོ། །གཉིས་པ་རྡོ་རྗེ་འཆང་ཆེན་པོར་བྱིན་གྱིས་བརླབ་པའི་དབང་ལ་གཉིས་ཏེ། སློབ་དཔོན་དང་སློབ་མ་ཐུན་མོང་གི་དབང་དང༌། རྡོ་རྗེ་སློབ་དཔོན་གྱི་ཐུན་མོང་མ་ཡིན་པའི་དབང་བསྐུར་བའོ། །དང་པོ་ནི། སློབ་དཔོན་ཀྱེའི་རྡོ་རྗེར་བསམས་ལ། སློབ་མ་སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ། དེ་ལས་འོད་སྤྲོས་བསྡུས་གཅིག་ཏུ་གྱུར་པ་ལས། རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ཞལ་བརྒྱད་པ་ཕྱག་བཅུ་དྲུག་པ། ཡུམ་རྡོ་རྗེ་སྙེམས་མ་དང་བཅས་པར་བསྐྱེད། ཕྱག་མཚན་ནི་མི་བསྐྱོད་པ་ལྟ་བུའམ། ཡང་ན་རྡོ་རྗེ་དང་དྲིལ་བུ་འཛིན་པར་བསྐྱེད། དེ་ལ་ཡན་ལག་གཉིས་པ་དང་གསུམ་པའང་བྱ་སྟེ། དབང་བསྐུར་གྱི་ལྷ་སྤྱན་དྲངས་ལ་གསོལ་བ་གདབ་པ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བུམ་པའི་ཆུས་དབང་བསྐུར་ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་དེ་བཞིན་གཤེགས་པ་མི་བསྐྱོད་པས་དབུ་བརྒྱན་པར་བསྒོམ་སྟེ། རྡོ་རྗེ་མི་དམིགས་པའི་སྟོང་པ་ལས། ཧཱུྃ་ཡོངས་སུ་གྱུར་པ་ལས། དེ་བཞིན་གཤེགས་པ་ལྔ་དང༌། ཡུམ་ལྔ་དང༌། བྱང་ཆུབ་སེམས་དཔའ་དང༌། ལྷ་མོ་ལ་སོགས་པ་སྔར་བཤད་པ་ལྟར་ཡོངས་སུ་རྫོགས་པར་བསྐྱེད་ལ། དེ་སློབ་དཔོན་གྱི་ལག་པར་བཟུང་ལ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །རྡོ་རྗེ་སྙིང་པོའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་སྟྭཾ་དྷ་ར་ཡཱ་མི་ཧི་ཧི་ཧཱུྃ། ཞེས་བྱ་བ་བརྗོད་དེ། སློབ་མའི་ལག་པ་གཡས་པར་གཏད་དོ། །དོན་ནི། ཁྱོད་དེ་བཞིན་གཤེགས་པ་ལྔ་པོ་ཐམས་ཅད་ཀྱི་བདག་ཉིད་ཡིན་ནོ། །དེང་ཕྱིན་ཆད་ཐ་མལ་གྱི་སྤྱོད་པ་བརྟུལ་ལ། རྡོ་རྗེ་འཆང་ཆེན་པོའི་སྐུ་གསུང་ཐུགས་ལ་གནས་པར་གྱིས་ཤིག ཅེས་བྱ་བའི་རྟོགས་པ་བསྐྱེད་པར་བྱའོ། །དེ་ལྟར་དབང་བསྐུར་བ་དྲུག་པོ་འདི་ནི་སློབ་དཔོན་དང་སློབ་མ་གཉིས་ཀ་ལ་བསྐུར་བར་བྱ་བ་ཡིན་ནོ། །དེ་ནས་སློབ་མ་རྣམས་ལ་འདི་སྐད་བརྗོད་པར་བྱ་སྟེ། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོའི་ཁ་དོག་དང་དབྱིབས་མིག་གིས་མཐོང་བ་དང༌། ཕྱིའི་འཇུག་པ་བྱས་པ་དང༌། ཡེ་ཤེས་དབབ་པའི་ཏིང་ངེ་འཛིན་སྐྱེས་པ་ནི་ནང་གི་འཇུག་པ་ཡིན་ཏེ། དེས་ནི་རྡོ་རྗེ་སེམས་དཔའ་ཁྱོད་ཀྱི་སྙིང་ལ་ཞུགས་པ་ཡིན་ཏེ། དེས་ནི་ལྷ་དང་སྐལ་བ་མཉམ་པར་བྱས་པ་ཡིན་ནོ། །དེས་ན་ཁོ་བོས་ཁྱོད་ལ་ཆུ་དང༌། ཅོད་པན་དང༌། རྡོ་རྗེ་དང༌། དྲིལ་བུ་དང་མིང་གི་དབང་རྫས་རྣམས་སྤྱི་བོར་དང་ལག་པར་འཁོར་གསུམ་ཡོངས་སུ་དག་པ་བཞིས་བྱིན་པ་ཡིན་ཏེ། དེས་ནི་ཁྱོད་ཀྱི་ཉོན་མོངས་པ་ལྔ་དང༌། ཕུང་པོ་ལྔ་དང༌། འབྱུང་བ་ལྔའི་དྲི་མ་ཐམས་ཅད་སྦྱངས་ཏེ། དེ་བཞིན་གཤེགས་པ་ལྔ་དང་ཡེ་ཤེས་ལྔར་བྱིན་གྱིས་བརླབས་པ་ཞེས་བྱ་བ་ཡིན་ནོ། །དེའི་རྗེས་ལ་རྡོ་རྗེའི་བརྟུལ་ཞུགས་བྱིན་པས་ནི་ཁྱོད་ཐ་མལ་པའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་བརྟུལ་ལ། དེ་བཞིན་གཤེགས་པ་རིགས་ལྔའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་སྐུ་གསུང་ཐུགས་རྡོ་རྗེ་ལ་གནས་པར་གྱིས་ཤིག ཅེས་བྱ་བའི་དོན་ཡིན་ནོ། །དེ་ལྟ་བུའི་རིག་པའི་དབང་ཐོབ་ཕྱིན་ཆད་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་སྤྱི་དང་ཁྱད་པར་གྱི་དམ་ཚིག་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སོགས་པ་བསྲུང་བ་དང་བརྟེན་པ་ལ་བསླབ་པར་བྱའོ། །དབང་འདིའི་བརྡ་ནི་སོར་མོ་ལྔ་ནི་ཕྲལ་ཏེ་བརྟན་ཞེས་བྱ་བ་ཡིན་ནོ། །དབང་འདི་ཐོབ་པས་ཁྱོད་ཀྱི་རྟོག་པ་དང་བྱ་བ་དང༌། སྤྱོད་པའི་རྒྱུད་མཐའ་དག་མཉན་དུ་ཡང་རུང༌། བཤད་དུ་ཡང་རུང་བ་ཡིན་ནོ། །རྣལ་འབྱོར་དང་རྣལ་འབྱོར་བླ་མ་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་མཐའ་དག་མཉན་པའི་སྐལ་བ་དང་ལྡན་པ་ཡིན་མོད་ཀྱང༌། དེ་ནས་གསུངས་པའི་དངོས་གྲུབ་ཀྱི་སྒྲུབ་ཐབས་དང་དྲན་པ་གཅིག་པའི་སྒྲུབ་ཐབས་དང༌། དཀྱིལ་འཁོར་བྲིས་པ་ལས་དངོས་གྲུབ་བླང་ཞེས་བྱ་བའི་སྒྲུབ་པ་གང་འདོད་པ་ཉམས་སུ་བླང་དུ་རུང་བ་ཡིན་ནོ། །དེ་བས་ན་ད་ནི་ཁྱོད་ཀྱིས་མེ་ཏོག་ཕོག་པའི་ལྷ་ནི་འདི་ཞེས་བྱ་བ་ཡིན་ནོ། །དེའི་སྒྲུབ་པའི་ཐབས་འདི་ཡིན་པས་དེ་མཉེས་པར་བྱེད་པའི་དོན་དུ་བསྙེན་པ་ལ་བརྩོན་པར་གྱིས་ཤིག འདིར་ལྷ་གཅིག་གི་བསྙེན་པ་ཡོངས་སུ་རྫོགས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྙེན་པས་བསྙེན་པར་བྱས་པ་ཡིན་པས། ཁྱོད་ཀྱིས་རིག་པ་འཛིན་པ་དང༌། ནམ་མཁའ་ལ་འགྲོ་བ་དང་གཏེར་མཐོང་བ་ལ་སོགས་པ་དངོས་གྲུབ་གང་འདོད་པ་དེ་འགྲུབ་པར་གྱུར་རོ་ཞེས་བརྗོད་ལ། སྒྲུབ་པའི་ཐབས་དང་བཟླས་པའི་ལུང་མན་ངག་ལས་འབྱུང་བ་བཞིན་སྦྱིན་པར་བྱའོ། །དེ་ནས་ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་དང༌། ཡེ་ཤེས་དབབ་པ་དང༌། དབང་བསྐུར་བ་དང༌། དམ་ཚིག་དང༌། སྒྲུབ་ཐབས་དང༌། ཕྱག་རྒྱ་ལ་སོགས་པ་ཐམས་ཅད་སུ་ཡང་རུང་བ་ལ་སྨྲས་ན་ཁྱོད་ཉམས་པར་འགྱུར་ཏ་རེ། དེ་བས་ན་ཐམས་ཅད་སུ་ལའང་མ་སྨྲ་ཞིག་ཅེས་བསྒོ་བར་བྱས་ལ། རྡོ་རྗེ་སློབ་མའི་དབང་གི་སྐལ་བ་ཙམ་ལ་དབང་བ་དེ་ཐམས་ཅད་དགྱེ་བར་བྱའོ། །དེ་ནས་སློབ་མ་རྣམས་ཀྱིས་སློབ་དཔོན་གྱི་བཀའ་བཞིན་བྱ་བའི་བློས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་གིས་བགྱིད་པར་འཚལ། །ཞེས་སྨྲས་ལ། ལུས་དང་ལོངས་སྤྱོད་ཐམས་ཅད་བློས་ཕུལ་ཏེ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ཏེ། །ཁྱེད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །ཞེས་བརྗོད་ལ་ཞབས་ལ་ཕྱག་འཚལ་ཏེ་ཆོ་ག་དྲན་པ་དང་བཅས་པས་རང་གི་བྱ་བ་གང་ཡིན་པ་རྗེས་སུ་སྤྱད་པར་བྱའོ། །རྡོ་རྗེ་སློབ་མའི་དབང་གི་ཆོ་ག་རྫོགས་སོ།།  །།དེའི་རྗེས་ལ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའི་ཆོ་ག་བརྗོད་པར་བྱའོ། །དེའང་སློབ་མ་དང་སློབ་དཔོན་གྱི་དབང་གི་ཁྱད་པར་དང༌། དུས་རིམ་ཅན་དང་ཅིག་ཅར་དུ་དབང་བསྐུར་བའི་ཆོ་གའི་རྣམ་པར་གཞག་པ་གང་ཟག་གི་རིམ་པས་དབྱེ་བ་ནི་ལོགས་སུ་གོ་བར་བྱའོ། །འདིར་གང་ཟག་འབྲིང་དང་ཐ་མ་ལ་མཚན་གཅིག་ལ་དབང་བསྐུར་བའི་ཆོ་ག་ནི་འདི་ཡིན་ཏེ། བློ་གྲོས་རྒྱ་ཆེན་པོ་དང་ལྡན་པས། སློབ་དཔོན་གྱི་དབང་ཐོབ་པར་འདོད་པས་བླ་མའི་ཞབས་ལ་ཕྱག་བྱས་ཏེ་མཎྜལ་ཕུལ་ནས་ཇི་ལྟར་འབྱོར་པའི་ཡོ་བྱད་ཀྱིས་བླ་མ་ལ་མཆོད་པས་བསྙེན་ཏེ། འདི་སྐད་ཅེས་གསོལ་བ་གདབ་པར་བྱའོ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོད་ཅིང་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་བྱ་བས་སོ། །དོན་ནི་འདི་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོས་ཤཱཀྱ་ཐུབ་པ་ལ་དབང་བསྐུར་བ་བཞིན། རྡོ་རྗེ་འཆང་གི་ངོ་བོ་སློབ་དཔོན་ཁྱོད་ཀྱིས་བདག་ཀྱང་དེ་བཞིན་དུ་མཛད་པར་ཞུ། ཞེས་ཞུ་བར་བྱའོ། །དེ་ནས་སློབ་དཔོན་གྱིས་ཚོགས་པ་ལ་དབང་བསྐུར་བར་བྱ་བ་མ་ཡིན་ཏེ། སློབ་དཔོན་སྙིང་རྗེ་ཆེན་པོ་ཡིས། །སློབ་མ་སྡོམ་པ་སྙིང་རྗེ་ཅན། །སྔགས་དང་རྒྱུད་རྣམས་འཛིན་པ་པོ། །གཅིག་ནི་ནན་ཏན་བསྐྱེད་དེ་གཟུང༌། །ཞེས་འབྱུང་བས་སློབ་མ་རེ་རེ་ལ་དབང་བཞི་ཅིག་ཅར་རམ་རིམ་ཅན་དུ་བསྐུར་བར་བྱ་བ་ཡིན་པས། གཞན་ལས་ཇི་སྐད་དུ་བཤད་པའི་དབང་སྟེགས་ཀྱི་དཀྱིལ་འཁོར་གི་སྟེང་དུ་སློབ་མའི་གཙོ་བོ་སྔར་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་ཀྱི་སྐབས་སུ་བསྟན་པའི་རྣམ་པའི་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས་གཞག་ལ་དབང་བསྐུར་བར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། སློབ་དཔོན་རང་གི་སྙིང་གའི་ས་བོན་ལས་དེ་བཞིན་གཤེགས་པ་རིགས་ལྔའི་དཀྱིལ་འཁོར་གྱི་འཁོར་ལོ་དཔག་ཏུ་མེད་པ་ནམ་མཁའ་གང་བར་སྤྲུལ་ལ། དེ་དག་གིས་ཀྱང་མཆོད་པའི་ཡོ་བྱད་སྣ་ཚོགས་པ་དང་ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པ་བསྣམས་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་དབང་བསྐུར་བར་བསམས་ལ། དངོས་སུའང་རྒྱལ་མཚན་ལ་སོགས་པས་མཛེས་པ་དང༌། བཀྲ་ཤིས་ཀྱི་གླུ་དང་རོལ་མོ་བྱ་ཞིང༌། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་བྱ་བ་གནང་བར་ཞལ་གྱིས་བཞེས་པ་བྱ་ཞིང་ཏིང་ངེ་འཛིན་གྱིས་དབང་བསྐུར་བ་ཐམས་ཅད་བྱའོ། །གལ་ཏེ་རྣམ་པར་སྤྲོས་པ་ལ་དགའ་བས། སྔར་སློབ་མའི་དབང་བསྐུར་བའི་ནུབ་མོ་དབང་བསྐུར་བ་རྣམས་ལ་ནི། དབང་ཐམས་ཅད་ཇི་སྐད་བཤད་པའི་ཏིང་ངེ་འཛིན་དང་ལྡན་པས་དངོས་སུ་དབང་བསྐུར་བར་བྱའོ། །དེ་ནས་དམ་ཚིག་གསུམ་སྦྱིན་པར་བྱ་སྟེ། རྡོ་རྗེ་ལག་ཏུ་བླངས་ལ་ཡི་གེ་ཧཱུྃ་ལས་ཇི་སྐད་བཤད་པའི་རྣམ་པ་ལྟར་བསྐྱེད་ལ། འདི་དེ་ཞེས་བྱ་བ་ལ་སོགས་པས་སློབ་མའི་ལག་པ་གཡས་པར་བྱིན་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །ཅེས་དེ་ཁོ་ན་ཉིད་བསྟན་པར་བྱའོ། །དེའི་དོན་ཡང་འདི་ཡིན་ཏེ། ཀྱེ་རྡོ་རྗེ་འདིའི་དོན་ནི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་རིག་སྟོང་དབྱེར་མེད་ཀྱི་ངོ་བོ་ཡིན་ནོ། །དེ་ནི་སྐྱེ་བ་དང་འགག་པ་མེད་པ་དེ་དང་རོ་གཅིག་པའི་སེམས་དང་སེམས་ལས་བྱུང་བ་དང་དབྱེར་མེད་པ། ཐུགས་རྗེ་ཆེན་པོས་སེམས་ཅན་ལ་རྗེས་སུ་ཆགས་པའི་རང་བཞིན་ཀུན་ནས་བཟང་ཞིང་རིགས་ལྔ་པོ་ཐམས་ཅད་ཀྱི་བདག་པོ། དབྱིངས་རྣམ་པར་དག་པའི་རིག་པའི་ལྷ་མོའི་བདག་པོ་ཞེས་བྱ་བ་ཡིན་ནོ། །ཞེས་བྱ་བ་ནི་རྡོ་རྗེའི་དེ་ཁོ་ན་ཉིད་དེ་ཐུགས་ཀྱི་དམ་ཚིག་གོ །དེ་ནས་དྲིལ་བུ་བླངས་ལ་ཨཿའི་ཡི་གེ་ལ་སྔར་ས་ཆོག་གི་སྐབས་སུ་བསྟན་པའི་དྲིལ་བུར་བསྐྱེད་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་བྱ་བས་སློབ་མའི་ལག་པ་གཡོན་པར་བྱིན་ལ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པའི་མཆོག་ནི་བྱེད་པ་ཡིན། །ཅེས་བྱ་བས་དེ་ཁོ་ན་ཉིད་བརྗོད་པར་བྱའོ། །དེའི་དོན་ནི་འདི་ཡིན་ཏེ། ཀྱེ་དྲིལ་བུ་འདི་ནི་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྒྲ་ཡིན་ཏེ། དེ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ། །ངོ་བོ་ཉིད་ཀྱིས་མ་སྐྱེས་པའོ། །དེ་ལྟར་ངོ་བོ་ཉིད་ཀྱིས་གྲོལ་བའོ་ཞེས་བྱ་བ་ཡིན་ནོ། །འདི་ནི་དྲིལ་བུའི་དེ་ཁོ་ན་ཉིད་གསུང་གི་དམ་ཚིག་ཡིན་ནོ། །དེ་ནས་ཡུམ་ཡོད་ན་དངོས་སུ་བླངས་ཀྱང་རུང༌། མེད་ན་བསམ་ཀྱང་རུང་སྟེ། ཤེས་རབ་ལོ་གྲངས་བཅུ་དྲུག་མ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་བྱ་བས་སོ། །དེ་བས་ན། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཤིག་རྡོ་རྗེ་རབ་གནས་པ། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །ཞེས་བརྗོད་ལ་སློབ་དཔོན་རྡོ་རྗེ་འཆང་ཆེན་པོ་ཡབ་ཡུམ་དུ་བྱིན་གྱིས་བརླབས་པར་གཉིས་ཀས་བསམས་ལ། ཡན་ལག་བཞི་བྱས་ལ། ལག་པ་གཉིས་འཁྱུད་པའི་སྟངས་ཀ་བྱེད་དུ་བཅུག་ལ། དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། སྲིད་པའི་བདེ་བ་ཤིན་ཏུ་ཆུང༌། །དུཿཁ་ཆེན་པོ་དག་པའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་རྟག་ཏུ་བསྐྱེད། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཅི་འདོད་པར་ནི་བསྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འདའ་བ་རུ་ནི་མི་མཛད་པ། །དམ་ཚིག་ཕྱག་རྒྱ་ཞེས་སུ་བསྒྲགས། །ཡིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །ཞེས་བྱའོ། །དེའི་དོན་ནི་འདི་ཡིན་ཏེ། ཐ་མལ་པའི་བདེ་བ་ནི་མ་དག་པའོ། །དེ་བས་ན་སྲིད་པའི་དུཿཁ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་རང་གི་ལྷའི་རྣལ་འབྱོར་བྱས་ཏེ་འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་ལོངས་སྤྱོད་ཅིག ཐམས་ཅད་ལ་མཆོད་པར་གྱིས་ཤིག འདིས་རྡོ་རྗེ་འཆང་ཆེན་པོ་ཁ་སྦྱོར་གྱི་སྐུ་ཐོབ་པ་ལས་མི་འདའོ། །དེས་ན་ཏིང་ངེ་འཛིན་འདི་ལ་གནས་པར་གྱིས་ཤིག ཅེས་བྱ་བ་འདི་ནི་ཕྱག་རྒྱའི་དམ་ཚིག་གོ །དེ་བས་ན། དེ་ཉིད་ཀྱིས་ནི་རྡོ་རྗེ་ཟུང༌། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ལ་སྙིང་པོ་བཟླ། །ཞེས་བྱ་བའི་དོན་ཏོ། །དེ་ནས་བརྟན་པའི་ཡན་ལག་ཏུ་བུམ་པའི་དབང་བསྐུར་ཏེ། མཁའ་འགྲོ་ལྔ་དང་ཡང་དག་ལྡན། །མཁའ་འགྲོ་མ་ཡི་ཚོགས་དང་ལྡན། །དམ་ཚིག་ལྔ་ཡིས་ཡོངས་གང་བའི། །སློབ་མ་རྡོ་རྗེ་ཅན་དབང་བསྐུར། །ཞེས་བྱ་བའི་དོན་ཡིན་ཏེ། ནམ་མཁར་དཀྱིལ་འཁོར་སྤྲོ་བའི་ཏིང་ངེ་འཛིན་སྔ་མ་ལྟ་བུ་དང་ལྡན་པས། རྣམ་པར་རྒྱལ་བའི་བུམ་པ་བྱིན་གྱིས་བརླབས་ལ། གླུ་དང་རོལ་མོ་བཀྲ་ཤིས་དང་བཅས་པས་སྤྱི་བོ་ནས་དབང་བསྐུར་བྱ་ཞིང༌། དབང་བསྐུར་རྡོ་རྗེ་ཆེན་པོ་ལ། །ཞེས་བྱ་བ་ལ་སོགས་པ་དང༌། བཅོམ་ལྡན་ཀྱེ་ཡི་རྡོ་རྗེའི་ཆུས། །དེ་རིང་ཁྱོད་ལ་དབང་བསྐུར་བས། །རྣམ་ཤེས་ཕུང་པོའི་སྒྲིབ་སྦྱངས་ནས། །ཀྱཻ་ཡི་རྡོ་རྗེ་གྲུབ་པར་མཛོད། །ཨོཾ་ཤྲཱི་ཧཻ་རུ་ཀ་བཛྲོ་ད་ཀ་ཨ་བྷི་ཥིཉྩ། གཽ་རཱི་ལ་སོགས་བརྒྱད་རྣམས་ཀྱིས། །ཆུ་ཡི་ཁྱོད་ལ་དབང་བསྐུར་བས། །ཕུང་པོ་བཞི་དང་འབྱུང་བ་བཞི། །ལྷ་མོ་བརྒྱད་དུ་འགྲུབ་པར་ཤོག །ཨོཾ་བཛྲ་གཽ་རཱི་ཨུ་ད་ཀ་ཨ་བྷི་ཥིཉྩ་ཞེས་བྱ་བ་ལ་སོགས་པ་བརྗོད་ཅིང་ཆུ་བླུགས་པས་ལུས་ཐམས་ཅད་གང་སྟེ། བདེ་བ་ཆེན་པོས་ཁྱབ་པར་དྲན་པར་བྱ་སྟེ། ཆུའི་ལྷག་མ་སྤྱི་བོར་ལུད་པས་མི་བསྐྱོད་པས་དབུར་བརྒྱན་པར་བསམས་ལ། དེ་བཞིན་གཤེགས་པ་ལྔས་དབུར་བརྒྱན་པར་བྱའོ། །དེ་ནས་ཇི་ལྟར་འདོད་པར་བྱའོ། །དེ་ནས་འདི་སྐད་བརྗོད་པར་བྱ་སྟེ། ཁྱོད་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རང་བཞིན་གྱིས་ལྷའི་འཁོར་ལོ་ཡིན་པ་ལ། རང་གི་མཚན་མ་དང་རྣམ་པར་རྟོག་པའི་སེམས་ཀྱིས་བསྒྲིབས་པས་མ་མཐོང་བ་ཡིན་ཏེ། སེམས་ཀྱི་རྡོ་རྗེ་ལས་བྱུང་བ། །སེམས་ཅན་སྣ་ཚོགས་རང་བཞིན་ཅན། །སེམས་ཅན་རང་གི་རྣམ་རྟོག་གི །དྲི་མས་སྐྱེ་བོ་ནག་པོར་བྱས། །ཞེས་བྱ་བ་ཡིན་པས་སེམས་བསྒྲིབས་སོ། །དེ་བས་ན་དབང་བསྐུར་བ་འདིས་ནི་རང་གི་ཕུང་པོའི་དྲི་མ་སྦྱངས་བ་ཡིན་པས་ཁྱོད་ཀྱི་རྣམ་པར་ཤེས་པ་བཅོམ་ལྡན་འདས་མི་བསྐྱོད་པར་བསྒོམས་ཤིག ཅེས་བྱས་ལ། མི་བསྐྱོད་པའི་རྣམ་པ་བསྒོམ་དུ་གཞུག་པའམ། ཡང་ན་རྡོ་རྗེ་སེམས་དཔའ་དེ་ཉིད་མི་བསྐྱོད་པར་མོས་པ་བྱེད་དུ་གཞུག་གོ །དེ་ནས་སློབ་མའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལྷར་མོས་པ་བྱས་ལ་དེ་ཁོ་ན་ཉིད་བསྟན་ཏེ། དེ་བས་ན་རང་གི་སེམས་རྣམ་པར་དག་པ་འདི་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་ཡིན་གྱི། དེ་ལས་གཞན་དུ་དཀྱིལ་འཁོར་བཙལ་དུ་མེད་དོ། །དེ་བས་ན། དཀྱིལ་འཁོར་ཞེས་ནི་གང་བཤད་པ། །ཡིད་ཀྱི་དཀྱིལ་འཁོར་དམ་པ་ཉིད། །གཞལ་མེད་ཁང་ནི་ཡེ་ཤེས་ཏེ། །སེམས་ཀྱིས་བརྩེགས་པ་བསྒྲེང་བའོ། །ཞེས་བྱ་བ་ལ་སོགས་པ་བརྗོད་དེ་དོན་བཤད་པར་བྱའོ། །དེ་ལྟར་ན་རང་གི་སེམས་ཡོངས་སུ་རྟོགས་པ་ནི་དཀྱིལ་འཁོར་ཡིན་ལ། སེམས་རྟོགས་པར་གྱུར་ན་དཀྱིལ་འཁོར་གྱི་ལྷ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། རིག་མ་དང༌། ལྷ་མོ་དང༌། ཁྲོ་བོ་དང་ཁྲོ་མོ་ཞེས་བྱ་བ་ལོགས་ནས་བཙལ་དུ་མེད་དོ། །རང་གི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། ཉོན་མོངས་པ་དང་སྒྲིབ་པ་ཟད་པར་གྱུར་པ་འདི་རྣམས་ཉིད་ལྷ་ཡིན་ནོ་ཞེས་བྱ་བའམ། དེ་ཁོ་ན་ཉིད་རྒྱས་པར་བཤད་པར་བྱའོ། །དེ་ལྟར་ཁྱོད་དེ་ཁོ་ན་ཉིད་རྟོགས་པས་སེམས་ཅན་གྱི་དོན་བྱེད་པ་ལ་དབང་བ་ཡིན་པས་ན། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་མངོན་པར་རྟོགས་པ་བསྐྱེད་ལ་རྗེས་སུ་གནང་བ་བྱའོ། །དེའི་དོན་ནི་འདི་ཡིན་ཏེ། ཁྱོད་དམ་ཚིག་གསུམ་དང་ལྡན་ཞིང་དེ་ཁོ་ན་ཉིད་ལ་གནས་པས་སློབ་མ་སྡུད་པས་སེམས་ཅན་གྱི་དོན་གྱིས་ཤིག དེའང་ཞེ་སྡང་ཅན་དང་ཉོན་མོངས་པ་ལྔས་གཟིར་བ་ལ་མཁའ་འགྲོ་ལྔའི་དམ་ཚིག་ལྔས་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་བྱ་བའི་མངོན་པར་རྟོགས་པ་བསྐྱེད་ལ། ཇི་ལྟ་ཇི་ལྟར་འདུལ་འགྱུར་པ། །དེ་ལྟ་དེ་ལྟར་སེམས་ཅན་དོན། །འདོད་ཆགས་ལ་སོགས་གཙང་བ་ཡིས། །སེམས་ཅན་རྣམས་ལ་ཉེ་བར་སྦྱོར། །ཞེས་བྱ་བ་དང༌། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ་ཆོས་ཀྱི་གནས་ཐམས་ཅད་དུ་རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། སྣ་ཚོགས་བཅུག་སྟེ་ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བར་བྱའོ། །སྤྲོས་པ་ལ་དགའ་ན་ལྷ་མཆོད་པའི་རྗེས་གནང་དང༌། ཐུར་མ་དང༌། མེ་ལོང་དང༌། མདའ་གཞུ་དང༌། མེ་ལོང་གཉིས་པ་དང༌། འཁོར་ལོ་དང༌། དུང་དང༌། གླེགས་བམ་དང༌། དྲིལ་བུ་ལ་སོགས་པའི་དབང་རྫས་སྦྱིན་པ་དང༌། གསང་བའི་ཡེ་ཤེས་ལ་བསླབ་པ་ལ་སོགས་པར་རྒྱས་པར་བྱས་ཀྱང་འགལ་བ་མེད་པས། ཆོ་ག་རྒྱས་པ་ལས་འབྱུང་བ་བཞིན་བྱའོ།།  །།དེ་ནས་སློབ་མ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དབང་དེ་དག་གིས་ནི་ཕྱིར་མི་ལྡོག་པའི་སློབ་དཔོན་གྱི་དབང་ཞེས་བྱ་བ་ཡིན་ཏེ། དེ་ཁོ་ན་ཉིད་ཐོབ་པའི་འདིས་ཐེག་པ་དམན་པར་མི་ལྡོག་པའི་ཕྱིར་རོ། །ཡང་བུམ་པའི་དབང་ཞེས་བྱ་སྟེ་ཐམས་ཅད་བུམ་པའི་བྱ་བ་འཇུག་པའི་ཕྱིར་དང་རྣམ་པར་རྒྱལ་བའི་བུམ་པས་དབང་བསྐུར་བས་ཆུའི་ཁམས་དང༌། རྣམ་པར་ཤེས་པའི་ཕུང་པོ་དག་པར་བྱ་བའི་ཕྱིར་རོ། །ཡང་སྐུའི་དབང་བསྐུར་བ་ཞེས་བྱ་སྟེ། རང་གི་སེམས་ཡོངས་སུ་དག་པས་ཐ་མལ་གྱི་སྣང་བ་མེད་དེ། ལྷའི་སྐུའི་སྣང་བར་གྱུར་པས་ལུས་རྣམ་པར་དག་པའི་སྣང་བར་གྱུར་པའི་ཕྱིར་རོ། །དབང་འདིའི་ངོ་བོ་ནི་མི་བསྐྱོད་པས་དབང་བསྐུར་བ་ཡིན་ལ། དྲི་མ་ནི་ལུས་ཀྱི་དྲི་མ་དག་པར་བྱས་སོ། །དཀྱིལ་འཁོར་ནི་ཕྱི་དབྱིབས་ཀྱི་དཀྱིལ་འཁོར་དུའོ། །ས་ནི་དང་པོ་ནས་དྲུག་པའི་བར་རོ། །དམ་ཚིག་ནི་རྩ་བ་དང་ཡན་ལག་གི་ཉི་ཤུ་རྩ་གཉིས་སོ། །འདིའི་བརྡ་ནི་ལྔ་བསྡུས་རྩེ་མོས་མནན་པའོ། །མན་ངག་ནི་བསྐྱེད་པའི་རིམ་པ་དབྱིབས་ཀྱི་ལམ་ཡིན་ནོ། །ཞེས་དོན་བདུན་གྱིས་རྟོགས་པ་བསྐྱེད་པར་བྱའོ། །དང་པོ་བུམ་པའི་དབང་བསྟན་པའོ།།  །།དེའི་རྗེས་ལ་གསང་བའི་དབང་བསྐུར་བར་བྱ་སྟེ། སློབ་མས་མཎྜལ་དང་ཡོན་ཕུལ་ལ། བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་དང༌། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །ཞེས་བྱ་བ་ལ་སོགས་པས་གསོལ་བ་བཏབ་ལ་ཕྱག་དབུལ་ལོ། །དེ་ནས་སློབ་དཔོན་གྱིས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་སློབ་མའི་གདོང་བཅིང་ངོ༌། །དེ་ནས་སློབ་དཔོན་གྱིས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བྱ། སློབ་མའང་དེ་ལྟར་བསྒོམ་དུ་གཞུག སློབ་དཔོན་གྱིས་ཡེ་ཤེས་ཀྱི་ཕྱག་རྒྱ་སྤྱན་མ་དང་སྙོམས་པར་འཇུག ལས་ཀྱི་རྡོ་རྗེས་ཨཱ་ལི་བཅུ་དྲུག་ཟློར་བཅུག་ལ། ཏིང་ངེ་འཛིན་གྱི་གསང་བའི་དབང་གི་རྫས་ཕེབས་པ་དང་ཨཱ་ལི་བརྗོད་པས་ལྷ་ངོས་བཟུང་ངོ༌། །དེ་ནས་སློབ་དཔོན་ཡབ་ཡུམ་གྱི་མཁའ་གསང་ནས་བྱང་ཆུབ་ཀྱི་སེམས་དུང་དང་ཀུནྡ་ལྟར་དཀར་བ་སློབ་མའི་ལྕེ་ལ་བཞག་པར་སློབ་དཔོན་དང་སློབ་མ་གཉིས་ཀས་བསྒོམས་ལ། སྔོན་དུ་བསྒྲུབས་པའི་བདུད་རྩི་རིལ་བུ་ཆང་ངམ་ཞོའམ་སྦྲང་ལ་སྦྱར་བ་ལྕེ་ལ་གཞག་ཅིང༌། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་ལ་དབང་བསྐུར་བཞིན། །བདག་གིས་གསང་བའི་དབང་གིས་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །ཞེས་བྱ་བ་དང༌། ཀྱེ་དཔལ་ཆེ་གེ་མོ་དཔེ་མེད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་མིང་གི་དབང་གིས་དབང་བསྐུར་བར་བྱའོ། །དེ་ལ་ཨ་དང་ཨཿལ་བབས་ན་ཞེ་སྡང་རིགས་ཀྱི་མིང་གདགས་སོ། །ཨཱ་དང་ཨཱུ་དང་ལཱྀ་དང་ཨཾ་རྣམས་ལ་བབས་ན་གཏི་མུག་གི་རིགས་ལས་དྲས་ཏེ་གདགས། ཨེ་དང་རྀ་དང་ཨི་རྣམས་ལ་བབས་ན་སེར་སྣའི་རིགས་ལས་དྲས་ཏེ་གདགས། ཨཱི་དང་རཱི་དང་ཨཻ་ཨཽ་རྣམས་ལ་བབས་ན་འདོད་ཆགས་ཀྱི་རིགས་ལས་དྲས་ཏེ་གདགས། ཨུ་དང་ལྀ་དང་ཨོ་རྣམས་ལ་བབས་ན་ཕྲག་དོག་གི་རིགས་ལས་དྲས་ཏེ་བཏགས་ལ། མིང་གི་དབང་བསྐུར་བའོ། །དེ་ནས་དེའི་དེ་ཁོ་ན་ཉིད་བརྗོད་པར་བྱ་སྟེ། འདི་ནི་དེ་ཉིད་བླ་ན་མེད། །གཉིས་མེད་ཡི་གེས་བརྗོད་མི་ནུས། །ཆོས་དབྱིངས་རྣམ་པ་ལྟ་བུ་ཡི། །དམ་པའི་བདེ་བ་ཡང་དག་མྱོང༌། །ཞེས་བརྗོད་དེ། རང་བཞིན་བརྒྱད་ཅུའི་རྣམ་རྟོག་འགགས་པར་བསྒོམ་པར་བྱའོ། །དེ་ནས་གདོང་གཡོགས་པ་དེ་ཕྱེ་ལ། སློབ་དཔོན་ཆོས་གོས་གྱོན་ལ་ལག་པ་གཡོན་པས་ཆོས་གོས་གྱི་སྣ་སེང་གེའི་རྣ་བ་ལྟ་བུར་བྱས་པ་བཟུང༌། གཡས་པས་དྲིལ་བུ་བཟུང་སྟེ། སྐྱེ་དང་རྒ་དང་འཆི་མི་འགྱུར། །འཇིགས་དང་མྱ་ངན་ནད་མི་འབྱུང༌། །བདེ་ཆེན་ཐེག་པ་འདི་ལ་ནི། །བུ་ཁྱོད་ང་ཡིས་ལུང་བསྟན་བྱ། །འདི་ལྟར་ང་ཡིས་ལུང་བསྟན་ཁྱོད། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་ལས་བསྒྲལ་ཏེ། །ཀྱེའི་རང་གི་ལྷག་པའི་ལྷ་ཡི་མིང༌། །དེ་བཞིན་གཤེགས་པ་ས་འོག་དང༌། །མི་ཡུལ་མཐོ་རིས་ཉིད་དུ་འགྲུབ། །ཅེས་བྱ་བས་ལུང་བསྟན་པར་བྱའོ། །དེ་ན་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་ལྟ་བུའི་དབང་བསྐུར་བ་འདི་ནི་གསང་བའི་དབང་བསྐུར་བ་ཞེས་བྱ་སྟེ། རྫས་གསང་བའི་ཕྱིར་དང༌། དཀྱིལ་འཁོར་གསང་བ་དང༌། མིང་གི་དབང་རབ་ཏུ་གསང་བའི་ཕྱིར་རོ། །ཡང་དབང་འདིའི་དཀྱིལ་འཁོར་ནི་སློབ་དཔོན་གྱི་ལུས་དང་བྷ་ག་དང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཞུགས་པའོ། །དབང་འདིའི་ངོ་བོ་ནི་བྱང་ཆུབ་ཀྱི་སེམས་ལ་བརྟེན་ཏེ་མིང་གི་དབང་བསྐུར་བས། རྣམ་པར་རྟོག་པ་རྣམས་དང་བྲལ་བ་རྣམ་པར་སྣང་མཛད་གྱི་དབང་ངོ༌། །དྲི་མ་ནི་ངག་གི་དྲི་མ་དག་པར་བྱས་སོ། །ས་ནི་མི་ཕྱེད་པར་ལུང་བསྟན་པས་ས་བརྒྱད་པ་ལ་དབང་བར་བྱས་སོ། །དམ་ཚིག་ནི་ཤ་ལྔ་བདུད་རྩི་ལྔ་བསྟེན་པ་ལ་དབང་བར་བྱས་སོ། །བརྡ་ནི་མཐེབ་སྲིན་ཨེ་ལ་རེག་བྱེད་གཅིག །ཅེས་བྱ་བ་འདི་ཡིན་ནོ། །མན་ངག་ནི་ཙཎྜཱ་ལཱི་སྔགས་ཀྱི་ལམ་ལ་དབང་ངོ༌། །དཔེ་ནི་ཞིང་ས་སྦྱངས་པ་ལ་ས་བོན་བཏབ་པ་དང་འདྲ་བ་ཡིན་ནོ། །ཞེས་བརྗོད་པར་བྱའོ། །གཉིས་པ་གསང་བའི་དབང་བསྐུར་བའོ། །དེ་ནས་ཡང་སློབ་མས་ཕྱག་བཙལ་ལ་མཎྜལ་དང་ཡོན་ཕུལ་ཏེ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཞེས་བྱ་བ་ལ་སོགས་པས་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་འདོད་ཆགས་རྣམ་པར་དག་པའི་བདག་ཉིད་འོད་དཔག་ཏུ་མེད་པའི་རྣལ་འབྱོར་དུ་བྱས་ལ། སློབ་མ་ངག་གི་དྲི་མ་དག་པས་འོད་དཔག་མེད་ཀྱི་རྣམ་པར་བལྟས་ལ་གདོང་གཡོགས་བཅིང་བར་བྱའོ། །དེ་ནས་སློབ་དཔོན་དང་སློབ་མ་གཉིས་ཀྱིས་གང་ཞིག་སེམས་ལ་མངོན་པར་འཚམ་པ། ཇི་སྐད་དུ་བཤད་པའི་མཚན་ཉིད་དང་ལྡན་པ་ལོ་བཅུ་དྲུག་ལོན་པའི་མིའི་བུ་མོ་མངོན་པར་བསམས་ལ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོར་མངོན་པར་བསམས་ལ། དེའི་ལག་པ་གཡས་པ་ཐབས་ཀྱི་གཡོན་པར་གཏད་པར་བསམས་ཏེ། ལྷ་མོ་མཐར་བྱེད་དགའ་སྟེར་མ། །སྣ་ཚོགས་གཟུགས་ཅན་བརྩེར་ལྡན་མ། །ཟུང་ཤིག་ཟུང་ཤིག་སེམས་དཔའ་ཆེ། །བཟུང་བར་བྱས་ནས་མཆོད་པར་གྱིས། །ཞེས་བྱ་བ་བརྗོད་པར་བྱའོ། །དེ་ནས་ཤེས་རབ་དེས་དམ་ཚིག་བསྲུང་ནུས་སམ་ཞེས་དྲི་བར་བསམས་ལ། བཤང་གཅི་དག་ནི་ཟ་བ་དང༌། །ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་བུ་སྤྲོའམ། །བུད་མེད་རྣམས་ལ་རྟག་གུས་ཤིང༌། །བྷ་གའི་པདྨར་འོ་བྱེད་པ། །བུ་ཁྱོད་ཅི་དགའ་སྤྲོ་གྱུར་ཏམ། །ཞེས་དྲི་བར་བྱའོ། །སློབ་མས་ཀྱང་དེ་ལྟ་བུ་ནུས་པར་དངོས་སུ་ལན་བྱ་སྟེ། བུ་ཁྱོད་ཅེས་པའི་གནས་སུ་བདག་ནི་ཞེས་བྱ་བ་དང༌། ཏམ་ཞེས་བྱ་བའི་གནས་སུ་སྤྲོ་གྱུར་ཏོ་ཞེས་བྱའོ། །དེ་ནས་སློབ་དཔོན་གྱིས་མན་ངག་བསྟན་པར་བྱ་སྟེ། ཀྱེ་བུ་ཇི་སྲིད་དུ་ཐ་མལ་གྱི་རྣམ་པར་རྟོག་པ་དང་བཅས་པ་དེ་སྲིད་དུ་འཆིང་བར་འགྱུར་རོ། །དེ་བས་ན་ཁོ་བོས་ཁྱོད་ལ་རྡོ་རྗེ་སློབ་དཔོན་གྱི་དབང་བྱིན་པས་ན་ཐམས་ཅད་ལྷའི་རྣལ་འབྱོར་དུ་བྱིན་གྱིས་བརླབས་སོ། །གསང་བའི་དབང་གིས་ནི་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་སྤངས་ཀྱིས། དེ་བས་ན་བདག་ནི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་རྣལ་འབྱོར་གྱིས་ལ། ཤེས་རབ་ནི་གོས་དཀར་མོའི་རྣལ་འབྱོར་གྱིས་ཤིག འདི་ནི་ལུས་བྱིན་གྱིས་བརླབས་པའོ། །དེ་ནས་བདག་གི་རྡོ་རྗེ་མི་དམིགས་པ་ལས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པར་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་ཞེས་སོགས་བརྗོད་ཅིང༌། ཆོས་འབྱུང་ནི་མི་དམིགས་པ་ལས་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨཱཿས་མཚན་པར་བསྐྱེད་ལ་ཨོཾ་པདྨ་ཞེས་སོགས་ཀྱི་བྱིན་གྱིས་རློབས་ཤིག གཉིས་ཀའི་སྤྱི་བོར་ནི་ཨོཾ་དཀར་པོ། མགྲིན་པར་ནི་ཨཱཿདམར་པོའོ། །སྙིང་གར་ནི་ཧཱུྃ་ནག་པོའོ། །ལྟེ་བར་ནི་སྭཱ་སེར་པོའོ། །བརླ་གཉིས་ལ་ཧཱ་ལྗང་གུ་སྟེ་དེ་དག་ནི་དེ་བཞིན་གཤེགས་པ་ལྔ་དང་ཡུམ་ལྔའི་བདག་ཉིད་དུ་བྱིན་གྱིས་རློབ་པར་བྱེད་པ་སྟེ། འདི་ནི་སྔགས་ཀྱི་འདུ་ཤེས་སོ། །དེ་ནས་སྙོམས་པར་ཞུགས་པ་ལ་བརྟེན་ཏེ། བདག་གིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དོན་རྟོགས་པར་བྱའོ། །ཞེས་པ་སེམས་ཀྱིས་བསམ་པར་བྱའི་ཀུན་ནས་དཀྲིས་པ་ལ་སོགས་པའི་སེམས་ཀྱིས་ནི་མ་ཡིན་ནོ། །འདི་ནི་ཆོས་ཀྱི་འདུ་ཤེས་སོ། །དེ་ལྟར་འདུ་ཤེས་གསུམ་གྱིས་ནི་ཐ་མལ་གྱི་རྣམ་པར་རྟོག་པ་ལས་གྲོལ་བར་བྱེད་པ་ཡིན་པས་ན་འཆིང་བར་མི་འགྱུར་རོ་ཞེས་རྟོགས་པ་བསྐྱེད་པར་བྱའོ། །དེ་ནས་ལྷ་མོ་དེ་མཉེས་པར་གྱུར་ནས་གཅེར་བུར་ཕྱུང་ནས་པདྨ་བལྟར་གཞུག་པར་བྱ་སྟེ། ཨེ་མ་ཧོ་ང་ཡི་པདྨ་འདི། །བདེ་བ་ཐམས་ཅད་ཀྱི་ནི་གནས། །གལ་ཏེ་ཆོ་ག་བཞིན་བསྟེན་ན། །སངས་རྒྱས་བསྙེན་པ་ལ་སོགས་པ། །བྱ་བ་པདྨར་ཇི་བཞིན་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་གསུང་བར་བསམ། དེ་ནས་བླ་མས་སྐད་ཅིག་མ་དང་དགའ་བའི་དབྱེ་བ་བསྟན་ཅིང་བསྒོམ་པར་བྱ་སྟེ། ཕྱག་རྒྱ་ནི་ལྷ་མོ་གོས་དཀར་མོ། ཐབ་ནི་འོད་དཔག་མེད། མཁའ་གསང་ནི་པདྨ་དང་རྡོ་རྗེ་གནས་ལྔར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དེའི་གཟུགས་ལ་ལྟ་བ་དང༌། སྒྲ་ལ་ཉན་པ་དང༌། དྲི་སྣོམ་པ་དང༌། མ་མཆུའི་སྦྲང་རྩི་ལ་སོགས་པའི་རོ་དང༌། ལུས་ཀྱི་གནས་ཅི་རིགས་པ་ལ་འཁྱུད་པའི་རེག་བྱ་དང༌། ཉམས་སུ་མྱང་བར་འདོད་པའི་ཆོས་ཏེ་དྲུག་ལ་སྤྱོད་པ་ནི། ལྷ་མོ་དྲུག་གི་རང་བཞིན་ཏེ་རྣམ་པར་མི་རྟོག་པ་དང༌། བདེ་བ་ཆེན་པོར་གྱུར་པའི་ཕྱིར་ས་དྲུག་མཐར་ཕྱིན་ཏེ་ཉམས་སུ་མྱོང་བ་དགའ་བའི་ཡེ་ཤེས་སོ། །རླུང་ལ་སོགས་པ་བླ་མའི་མན་ངག་བཞིན་བྱའོ། །དེ་ནས། རྡོ་རྗེ་པདྨ་མཉམ་སྦྱོར་བ། །རེག་པས་སྲ་བ་ས་ནི་འབྱུང༌། །བྱང་སེམས་གཤེར་བའི་རྣམ་པ་ལས། །ཆུ་ཡི་ཁམས་ནི་འབྱུང་བར་འགྱུར། །ལྷ་མོ་གཉིས་ནི་མཉམ་འབྱུང་བ། །བདེ་ཆེན་ཐབས་དང་སྟོབས་མཐར་ཕྱིན། །སྐད་ཅིག་མ་གཉིས་པ་ལ་མཆོག་ཏུ་དགའ་བའི་ཡེ་ཤེས་བསྐྱེད་པར་དྲན་པར་བྱའོ། །དེ་ནས་བསྐྱོད་པ་ལས་དྲོད་སྐྱེས་ཏེ་ཙཎྜཱ་ལཱིའི་རང་བཞིན་དེ་སྨོན་ལམ་གྱི་རང་བཞིན་ནོ། །སྐད་ཅིག་གསུམ་པ་ལ་དགའ་བྲལ་གྱི་དགའ་བའི་ཡེ་ཤེས་སོ། །རླུང་ལ་སོགས་པ་མན་ངག་བཞིན་བྱའོ། །དེ་ནས་དལ་བར་རྒྱུ་བའི་རླུང་གིས། རྩ་གནས་སྟོང་ཕྲག་བརྒྱད་ཅུ་ནས་རྩའི་གཙོ་མོ་སོ་གཉིས་སུ་བསྡུས། དེ་རྩ་གསུམ་དུ་བསྡུས། དེ་དབང་གི་གནས་སུ་ཐབས་དང་ཤེས་རབ་ཀྱི་ཐིག་ལེ་དཀར་དམར་གཉིས་ཀ་བབས་པ་ན་འགྲོ་བས་རླུང་སྒྲོལ་མའི་རང་བཞིན་ཏེ་ས་བཅུ་པའོ། །དེ་ནས་ནི་ཐབས་དང་ཤེས་རབ་གཉིས་དང༌། རྡོ་རྗེ་དང་པདྨ་གཉིས་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་གཉིས་དང༌། ཐིག་ལེ་ཉི་ཟླ་ཁ་སྦྱོར་དུ་གྱུར་པ་དང༌། བྱང་ཆུབ་ཀྱི་སེམས་རླུང་གིས་འདྲེན་པའི་སྟོབས་ཀྱིས་བཟུང་ལ་བདེ་བ་མི་རྟོག་པས་བརྒྱན་པར་འགྱུར་བར་བྱའོ། །དེ་ལྟ་བུའི་དུས་སུ་དོན་དམ་པའི་དཀྱིལ་འཁོར་དང༌། ལྷ་དང༌། ཕྱག་རྒྱ་དང༌། དེ་ཁོ་ནའི་དབང་དང༌། སྔགས་ཀྱི་བཟླས་པ་དང༌། སྦྱིན་སྲེག་ལ་སོགས་པའི་ངེས་པ་བསྐྱེད་པར་བྱའོ། །རླུང་མན་ངག་ལས་ཤེས་པར་བྱའོ། །སྐད་ཅིག་བཞི་པ་ལ་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་བསྐྱེད་པར་བྱའོ། །ཞེས་རྟོགས་པ་བསྐྱེད་པར་བྱའོ། །ཇི་སྐད་དུ། ཕ་རོལ་ཕྱིན་བཅུ་རྫོགས་པ་དང༌། །སྟོབས་རྣམས་དང་ནི་དབང་རྣམས་དང༌། །ས་བཅུ་པོ་ནི་རྣམས་འདས་པ། །རྡོ་རྗེའི་མཚན་མར་དེ་འགྱུར་རོ། །ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཏིང་ངེ་འཛིན་དེ་ཐོབ་པ་དང༌། གདོང་གཡོགས་ཕྱེ་ལ་དབུགས་དབྱུང་བར་བྱ་སྟེ། མཆོག་ཏུ་གསང་བ་དམ་པ་ཡི། །ཞེས་བྱ་བ་ལ་སོགས་པ་བརྗོད་ལ་དེའི་དོན་བཤད་པར་བྱའོ། །དེའི་དོན་ནི་འདི་ཡིན་ཏེ། འབྲས་བུར་དབུགས་དབྱུང་བ་དང༌། ལམ་དུ་དབུགས་དབྱུང་བའོ། །དང་པོའི་དོན་ནི་ཁྱོད། །མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་དང་རབ་ཞུགས་པས། །སྡིག་པ་ཀུན་ལས་ངེས་གྲོལ་བར། །ཁྱེད་རྣམས་དེ་རིང་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །སླར་ཡང་འཆི་བར་འགྱུར་མ་ཡིན། །མི་ཚུགས་པ་དང་མི་འཆི་བས། །ཅིས་ཀྱང་མ་འཇིགས་རོལ་པར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་དུཿཁ་ལས་ཁྱོད་འདས། །སྲིད་པ་ཀུན་དུ་གྲུབ་པའི་ཕྱིར། །སྟོན་པའི་མཆོག་ཏུ་གྱུར་པ་ཡིན། །ཞེས་བྱ་བ་སྤྱིར་རྡོ་རྗེ་འཆང་གི་དཀྱིལ་འཁོར་ཐམས་ཅད་ཀྱང་ཡིན་མོད་ཀྱི། འདིར་གསང་བ་ཆོས་ཀྱི་དཀྱིལ་འཁོར་འདིར་ཞུགས་པ་དང་མཐོང་ཕྱིན་ཆད་སྡིག་པ་ཐམས་ཅད་ལས་ངེས་པར་གྲོལ་ཏེ། སླར་འོག་ཏུ་མི་འགྲོ་ཞིང་སྲིད་པ་ཤིན་ཏུ་དག་པས་ན་སྟོན་པའི་མཆོག་ཏུ་གྱུར་པ་ཡིན་ནོ། །ཞེས་བྱ་བ་ཡིན་ནོ། །ལམ་དུ་དབུགས་དབྱུང་བ་ནི་དེ་ལྟར་ཁྱོད་དེ་ལྟ་བུའི་སྐལ་བ་དང་ལྡན་པ་ཡིན་མོད་ཀྱང་ཁྱོད་ཀྱིས་དམ་ཚིག་དང་སྡོམ་པ་འདི་རྣམས་སྲུངས་ཤིག འདི་རྣམས་དང་ལྡན་ན་ཁྱོད་འདི་ལྟ་བུར་ངེས་པ་ཁོ་ནར་འགྱུར་ཞིང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་ནུས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། དམ་ཚིག་སྡོམ་པ་གྲུབ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །མཆོག་ཏུ་བརྟན་པའི་བཀའ་ཡིན་ནོ། །ཞེས་བྱ་བ་བརྗོད་དེ་དེའི་དོན་བཤད་པར་བྱའོ། །དེའི་དོན་ནི་དམ་ཚིག་སྡོམ་པ་གྲུབ་པ་ཞེས་བྱ་བ་ནི་བྱ་བ་དང་བྱ་བ་མ་ཡིན་པའི་འབྲས་བུ་ངེས་པར་འབྱིན་པ་འདིའོ། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །ཞེས་བྱ་བ་ནི་སྐད་ཅིག་ཀྱང་ཉམས་པ་མེད་པའི་ཡིད་ཀྱིས་སོ། །དེ་ལྟ་བུ་དེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དུས་གཅིག་ཏུ་གསུངས་པས་ན་མཆོག་ཏུ་མི་འགྱུར་བའི་བཀའ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དག་ཉིད་གང་ཡིན་སྙམ་ན། སློབ་དཔོན་སྨད་པར་མི་བྱ་ཞིང༌། །ཞེས་བྱ་བ་ལ་སོགས་པ་བརྗོད་དེ་དེའི་དོན་བཤད་པར་བྱའོ། །ཀྱེ་བུ་བཅུ་བཞི་པོ་འདི་དག་ནི་རྩ་བའི་ལྟུང་བ་ཡིན་ཏེ། སློབ་དཔོན་སྨད་པར་མི་བྱ་ཞིང༌། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །རྡོ་རྗེ་སྤུན་ལ་སྨོད་པ་རུ། །ནམ་ཡང་སྨྲ་བར་མི་བྱའོ། །སེམས་ཅན་རྣམས་ལ་བྱམས་སྤང་མིན། །སྐལ་མེད་དེ་ཉིད་གཏམ་མི་བྱ། །སྐལ་ལྡན་སེམས་ཅན་སྤང་མི་བྱ། །བདག་གི་ལུས་ལ་ངེས་མི་སྨད། །དམ་པའི་ཆོས་ལ་ཚད་མི་གཟུང༌། །གཞན་གྱི་ཆོས་ལ་བརྙས་མི་བྱ། །བྱང་ཆུབ་སྙིང་པོའི་མཐར་ཐུག་པར། །དཀོན་མཆོག་གསུམ་ནི་སྤང་མི་བྱ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །རྡོ་རྗེ་དྲིལ་བུ་གཟུང་བར་བྱ། །གཙུག་ཏོར་རྟག་ཏུ་གཟུང་བར་བྱ། །རྟག་ཏུ་སྦྱིན་སྲེག་དགང་བར་བྱ། །རྟག་ཏུ་བདེ་གཤེགས་རབ་གནས་བྱ། །འབྱུང་པོ་ཆེ་ལ་གཏོར་མ་སྦྱིན། །ཞེས་བརྗོད་ལ་དེའི་དོན་ནི་དབང་བསྐུར་བ་དང༌། རྒྱུད་འཆད་པ་དང་མན་ངག་སྟེར་བའི་བླ་མ་འདི་ནི། སངས་རྒྱས་རྡོ་རྗེ་འཆང་ཞེས་བྱ་བ་ཡིན་ཏེ། འདི་ལ་བརྙས་པའི་སེམས་སྐྱེས་པར་གྱུར་ན། རྩ་བའི་ལྟུང་བ་དང་པོའོ། །བདེ་བར་གཤེགས་པའི་བཀའ་ཐུན་མོང་བ་སྲོག་གཅོད་པ་ལ་སོགས་པ་ཕས་ཕམ་པ་བཞི་དང༌། བྱང་ཆུབ་སེམས་དཔའི་ཕས་ཕམ་པ་ལྟ་བུའི་ཆོས་བཞི་པོ་སྟེ་བརྒྱད་པོ་འདི་དག་ནི་ཐུན་མོང་པའོ། །དེ་བས་ན་ཁྱོད་ཀྱིས་འདི་དག་ལ་བག་མེད་པས་འདའ་བར་མ་བྱེད་ཅིག བྱས་ན་རྩ་བའི་ལྟུང་བ་གཉིས་པའོ།།  །།སྔགས་ཀྱི་ཐེག་པ་ལ་ཞུགས་པ་ནི་རྡོ་རྗེ་སྤུན་ཡིན་ཏེ་འདི་རྣམས་ཉོན་མོངས་པ་དང་འཐབ་མོའི་སེམས་ཀྱིས་ཀུན་ནས་བསླངས་ཏེ་རྩོད་པར་མ་བྱེད་ཅིག རྩ་བའི་ལྟུང་བ་གསུམ་པའོ།།  །།སེམས་ཅན་སུ་ཞིག་གང་ཅི་ཡང་རུང་བ་ལ་འདི་མི་བདེ་བ་ཁོ་ནར་གྱུར་ཅིག ཅེས་ངེས་པ་ཉིད་དུ་དམ་མ་འཆའ་ཞིག རྩ་བའི་ལྟུང་བ་བཞི་པའོ།།  །།ཀྱེ་མ་བདག་ལྟ་བུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ག་ལ་འགྲུབ་ཀྱི། བདག་ནི་ཉན་ཐོས་སམ་རང་རྒྱལ་ལམ་འཇིག་རྟེན་པ་མཐུ་ཆེན་པོ་དག་ཏུ་བྱའོ། །སེམས་ཅན་འདི་དག་ནི་གདུལ་བར་དཀའ་བའོ། །འདི་རྣམས་དང་མི་འཕྲད་པར་གྱུར་ཅིག ཅེས་འདི་ལྟ་བུའི་སེམས་སྐྱེད་པར་མ་བྱེད་ཅིག རྩ་བའི་ལྟུང་བ་ལྔ་པར་འགྱུར་རོ།།  །།གྲུབ་པའི་མཐའ་ཞེས་བྱ་བ་ནི་རང་གི་ལམ་དང་འབྲས་བུའི་ཆོས་སྟོན་པ་སྟེ། དེའི་རྣམ་པར་དབྱེ་བ་བསམ་གྱིས་མི་ཁྱབ་པ་འདི་དག་ལམ་མ་ཡིན་པའོ། །ཤེས་རབ་འཆའ་པ་ཅན་ནོ་ཞེས་ངེས་པ་ཁོ་ནར་དམ་མི་བཅའ་སྟེ། སྐལ་བ་དང་འཚམ་པར་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱིས་གསུངས་སོ། །དེ་བས་ན་སྨོད་པར་གྱུར་ན་རྩ་བའི་ལྟུང་བ་དྲུག་པར་འགྱུར་རོ། །སེམས་ཅན་བློ་གྲོས་ཆུང་ངུ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་ལ་འཕྱ་ཞིང་འཐིང་སླད་བྱེད་པའི་སྐྱེ་བོ་སྐལ་བ་མེད་པ་ཡོངས་སུ་མ་སྨིན་པ་རྣམས་ལ། ཀྱེ་དཀྱིལ་འཁོར་ཆེན་པོ་ནི་འདི་ལྟ་བུའོ། །ཡེ་ཤེས་དབབ་པ་ཞེས་བྱ་བ་འདི་ལྟ་བུའོ། །དབང་བསྐུར་བ་ནི་འདི་ལྟ་བུའོ། །ཕྱག་རྒྱ་ནི་འདི་ལྟ་བུ་ཞེས་བྱ་བ་ལ་སོགས་པའི་གཏམ་དང་རྡོ་རྗེ་ལ་སོགས་པ་ཙམ་ཡང་བསྟན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་རབ་ཏུ་འཕྱ་བར་འགྱུར་བས་ན་དེ་དག་ངན་འགྲོར་འགྲོ་བར་འགྱུར་རོ། །རྒྱུ་དེས་ཁྱོད་ཀྱང་ངན་འགྲོར་འགྲོ་བར་འགྱུར་ཏེ་འདི་ནི་རྩ་བའི་ལྟུང་བ་བདུན་པའོ། །རང་གི་ལུས་འདི་ནི་དེ་བཞིན་གཤེགས་པའོ་ཞེས་བྱ་བར་བསྟན་ཟིན་ན། དེ་བཞིན་གཤེགས་པ་ལ་ནི་བརྙས་པའི་མཐོ་འཚམ་པར་མི་བྱ་སྟེ་རྩ་ལྟུང་བརྒྱད་པའོ།།  །།ཀྱེ་སེམས་ཅན་ཐམས་ཅད་ནི་སངས་རྒྱས་ཀྱི་སྐུའོ། །ཤ་ལྔ་བདུད་རྩི་ལྔ་ནི་སངས་རྒྱས་ལྔའོ་ཞེས་བྱ་བ་འདི་ལ་སོམ་ཉི་མ་བྱེད་ཅིག ཅིའི་ཕྱིར་ཞེ་ན། ཆོས་འགའ་ཙམ་ལ་ཡང་མ་དག་པར་གྱུར་ན་མངོན་པར་བྱང་ཆུབ་པར་མི་འགྱུར་བ་ཞིག་ན། དེ་བས་ན་སོམ་ཉི་མི་བྱའོ། །བྱས་ན་ལྟུང་བ་དགུ་པའོ།།  །།སེམས་ཅན་གདུག་པ་ཅན་ཞེས་བྱ་བ་ནི། བླ་མ་དང་བསྟན་པ་ལ་གནོད་པ་བྱེད་པའི་སྡིག་པ་ཅན་དེ། དེ་དག་ལ་རྗེས་སུ་བརྩེ་བའི་སེམས་ཀྱིས་ཚར་གཅད་པ་ཡིན་གྱི། ཀྱེ་འདི་དག་བདག་གི་བློ་དང་མཐུན་པའོ། །བདག་གི་མཛའ་བཤེས་སོ་ཞེས་མཐུན་པར་མི་བྱ་སྟེ་བྱས་ན་ལྟུང་བ་བཅུ་པའོ།།  །།ཀྱེ་མ་ཆོས་ཐམས་ཅད་ནི་སྟོང་པ་ཉིད་དོ། །བརྗོད་པ་དང་བྲལ་བའོ། །ཚིག་དང་བྲལ་བའོ་ཞེས་པར་དེའི་མཐར་མི་བརྟག་སྟེ། ཤིན་ཏུ་སྟོང་པར་ཞེན་རྣམས་ཀྱི། །ཡོད་མིན་བརྟུལ་ཞུགས་འཛིན་རྣམས་ཀྱི། །དོན་དུ་སངས་རྒྱས་གཏི་མུག་སྤྱོད། །རྡོ་རྗེ་རྫོགས་པའི་སངས་རྒྱས་འགྱུར། །ཞེས་གསུངས་པའི་ཕྱིར་ཏེ། དེའི་དོན་མཐར་བརྡར་བརྟགས་པ་ནི་ལྟུང་བ་བཅུ་གཅིག་པའོ།།  །།སེམས་ཅན་དད་པ་ཆེན་པོ་དང་ལྡན་པ་དག་ངེས་པར་ཤེས་ནས་དེ་དག་ལ་ཀྱེ་ཁྱོད་ཀྱིས་བླ་ན་མེད་པའི་ཆོས་གྲུབ་པར་མི་ནུས་སོ། །ཁོ་བོས་ཀྱང་ཁྱོད་ལ་ཅི་ཞིག་བྱ་ཞེས་དེའི་སེམས་སུན་ཕྱུང་བར་བྱས་ན། རྩ་ལྟུང་བཅུ་གཉིས་པའོ།།  །།ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་དུས་སམ་དེ་མ་ཡིན་ཀྱང་རུང་སྟེ། དམ་ཚིག་གི་རྫས་བསྟེན་པའི་སྐལ་བ་དང་ལྡན་པར་གྱུར་ནས་འདི་དག་ནི་མི་གཙང་བ་ཡིན་ནོ། །བདག་ནི་གཙང་སྦྲ་ཅན་ནོ། །འདི་དག་ནི་ཚང་ཚིང་མི་ཟད་པ་ཡིན་ནོ། །བདག་ནི་དཀའ་ཐུབ་ལ་གནས་པའོ་ཞེས་སྨོད་ཅིང་དེ་བསྟེན་པར་མི་བྱེད་ན་ལྟུང་བ་བཅུ་གསུམ་པའོ།།  །།བུད་མེད་ཐམས་ཅད་ནི་རྟགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། བསམ་གྱིས་མི་ཁྱབ་པའི་སྒྱུ་མ་དང་ལྡན་ཞིང་གཉིས་སུ་མེད་པའི་ཏིང་ངེ་འཛིན་བསྐྱེད་པ་ལ་བརྩོན་པ་དང༌། མཁའ་འགྲོའི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་ཏེ། རང་གི་ངོ་བོ་ཡོངས་བསྒྱུར་བ། །བུད་མེད་ཀུན་གྱི་སྒྱུ་མས་འགྲུབ། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་གསུངས་པའི་ཕྱིར་བུད་མེད་ལ་ཀྱེ་འདི་དག་ནི་དམན་པའོ། །ཚང་ཚིང་མི་ཟད་པའོ། །དེ་དག་དང་ཕྲད་པར་ཡང་མི་བྱ་ན་ཆོས་ཀྱི་གཏམ་ལ་སོགས་པ་ལྟ་ཅི་སྨོས་ཞེས་སྨད་པའི་སེམས་སུ་མི་བྱའོ། །བྱས་ན་རྩ་ལྟུང་བཅུ་བཞི་པར་འགྱུར་རོ།།  །།ལྟུང་བ་དེ་དག་ཀྱང་ང་རྒྱལ་ལ་སོགས་པ་ཉོན་མོངས་པ་རབ་ཏུ་དྲག་པོ་རྣམས་ཀྱིས་བྱུང་བར་གྱུར་ན་ཁྱོད་དམ་ཚིག་ཉམས་པ་ཡིན་ཏེ། དཔལ་དུས་ཀྱི་འཁོར་ལོ་ལས། ང་རྒྱལ་གཡོ་སྒྱུའི་དབང་གིས་ནི། །རྩ་བའི་ལྟུང་བ་བྱུང་གྱུར་ན། །སླར་ལ་དཀྱིལ་འཁོར་འདི་རུ་ནི། །དག་པའི་རྒྱུ་རུ་འཇུག་པར་བྱ། །རྒན་པོའི་མིང་ནི་གཞོན་པ་ཉིད། །ཅེས་སོ། །ཉོན་མོངས་པ་འབྲིང་དང་ཡན་ལག་མ་ཚང་བ་རྣམས་ཇི་ལྟར་ནུས་པས་བཤགས་པར་གྱིས་ཤིག་དང་ཁྱེད་ལེགས་པར་འགྱུར་རོ། །དེ་ལས་གཞན་ཡང་བསླབ་པར་བྱ་བ་ནི་འདི་ཡིན་ཏེ། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ནི་སྟོན་པ་དང༌། ལམ་དང་གྲོགས་སུ་ཁྱོད་ཀྱིས་གཟུང་བར་བྱའོ། །བཟའ་བ་དང་བསྲུང་བའི་དམ་ཚིག་འདི་ལ་བསླབ་པར་བྱའོ། །དོན་གྱི་རྡོ་རྗེ་དང༌། དྲིལ་བུ་དང༌། བརྡའི་རྡོ་རྗེ་དང་དྲིལ་བུ་འདི་ཁྱོད་ཀྱིས་གཟུང་བར་བྱའོ། །བླ་མ་དང་དེ་བཞིན་གཤེགས་པའི་དབུ་རྒྱན་འདི་ནི་རྟག་ཏུ་གཟུང་བར་བྱའོ། །ཕྱི་དང་ནང་གི་སྦྱིན་སྲེག་ནི་དུས་རྒྱུན་དུ་བྱའོ། །ཕྱིའི་དཀྱིལ་འཁོར་དང༌། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་འདི་ནི་ཇི་ལྟར་ནུས་པར་བཞེངས་པར་བྱའོ། །ཕྱི་དང་ནང་གི་བདག་ཉིད་ཀྱི་རབ་ཏུ་གནས་པར་བྱའོ། །ཕྱི་དང་གནང་གི་འབྱུང་པོ་ལ་གཏོར་མ་སྦྱིན་པར་བྱའོ། །བླ་མ་དང་རྒན་རབས་ལ་ཕྱག་བྱའོ། །ཕྱི་དང་ནང་གི་བདག་ཉིད་ཅན་གྱི་བཟླས་པ་བྱའོ། །བསམ་གཏན་གྱི་ཐུན་བཞི་ལ་སོགས་པ་དང་མི་འབྲལ་བར་བྱའོ། །རྟག་ཏུ་སློབ་མ་བསྡུ་ཞིང་བཤད་པར་བྱའོ། །རྟག་ཏུ་སེམས་ཅན་ཐམས་ཅད་བསྐྱང་བར་བྱའོ། །རྟག་ཏུ་སངས་རྒྱས་ལ་མཆོད་པ་ཕྱི་ནང་གི་བདག་ཉིད་ཅན་བྱའོ། །ཕོངས་པའི་སེམས་ཅན་རྗེས་སུ་གཟུང་བར་བྱ་བའི་ཕྱིར་འཕགས་པ་གནོད་གནས་ལ་ཆུ་དབུལ་བར་བྱའོ། །ཞི་རྒྱས་ལ་སོགས་པའི་ལས་རྣམས་རྗེས་སུ་སྤྱད་པར་བྱའོ། །བྱེ་མའི་མཆོད་རྟེན་ལ་སོགས་པ་མཆོད་རྟེན་གྱི་ལས་རྣམས་རྗེས་སུ་སྤྱད་པར་བྱའོ། །ཞེས་བྱ་བ་རྡོ་རྗེ་གུར་ལས་འབྱུང་བ་འདི་དག་ནི། ལས་དང་པོ་པའི་སྤྱོད་པ་བཅུ་བདུན་ཡིན་ནོ། །དེ་ལ་གཞན་ཡང་རྒྱུད་སྡེ་རྣམས་ལས་གསུངས་པའི་སྤྱད་པ་གང་ཡིན་པ་རྗེས་སུ་མཐུན་པར་སྤྱོད་པ་སྤྱད་པར་བྱའོ། །འདི་དག་ནི་ལས་དང་པོ་པའི་སྤྱོད་པའོ། །དེ་ལས་གཞན་པ་རྣམས་ཀྱི་བྱ་བ་དང་བྱ་བ་མ་ཡིན་པ་ནི་མདོར་བསྡུ་ན། གཉིས་སུ་མེད་པའི་ཡེ་ཤེས་ལ་སོགས་པར་གྱུར་པ་དེ་ལས་འགལ་བའི་སྤྱོད་པ་མཐའ་དག་དང༌། སེམས་ཅན་གྱི་དོན་དང་རྗེས་སུ་མི་མཐུན་པ་རྣམས་ནི་སྤོང་ཞིང་དེ་དང་རྗེས་སུ་མཐུན་པ་རྣམས་ནི་ཉམས་སུ་ལེན་པ་ཡིན་ནོ། །རྒྱས་པར་བྱ་ན་ཚད་མེད་ཀྱི་རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་རྣམས་མཉན་པར་བྱའོ། །དེ་དང་རྗེས་སུ་མཐུན་པར་ཤེས་པར་འགྱུར་རོ། །དེ་དག་ནི་དབུགས་དབྱུང་བ་རྒྱས་པར་བྱ་བ་ཡིན་ནོ། །ཞེས་བརྗོད་པར་བྱའོ། །དབུགས་དབྱུང་བའོ། །དེ་ནས་སླར་ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་ལྟ་བུའི་དབང་བསྐུར་བ་འདི་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བྱ་བ་ཡིན་ཏེ། ཤེས་རབ་དྲིལ་བུའི་རང་བཞིན་གྱི་ཕྱག་རྒྱ་མོ་ལ་བརྟེན་ཏེ། ཡེ་ཤེས་རྡོ་རྗེ་རང་བཞིན་གྱི་ཐབས་ལ་རྟོགས་པ་སྐྱེ་བའི་ཕྱིར་རོ། །དཀྱིལ་འཁོར་ནི་བདག་དང་ཕྱག་རྒྱའི་གསང་བ་ཆོས་ཀྱི་གསུམ། དེ་ལས་ཀྱང་ཀུན་རྫོབ་བྱང་སེམས་ཀྱི་དཀྱིལ་འཁོར་དུ་ཞུགས་སོ། །དབང་གི་ངོ་བོ་ནི་ལྷན་སྐྱེས་ཀྱི་ཡེ་ཤེས་སོ་སོར་རྟོག་པའི་ཕྱིར་འོད་དཔག་མེད་དང་དོན་ཡོད་གྲུབ་པའི་དབང་ངམ། གཉིས་མེད་རྡོ་རྗེ་དང་དྲིལ་བུའི་བདག་ཉིད་ལས་མངོན་དུ་གྱུར་པས་རྡོ་རྗེ་འཆང་ཆེན་པོ་ལྷན་ཅིག་སྐྱེས་པའི་དབང་ངོ༌། །དྲི་མ་ནི་སེམས་ཀྱི་དྲི་མ་དག་པར་བྱས་སོ། །ས་ནི་བཅུ་གཅིག་པ་ལ་དབང་བར་བྱས་སོ། །དམ་ཚིག་ནི་བདེ་བ་ཉམས་སུ་མྱོང་བ་བཟའ་བའི་དམ་ཚིག བྱང་ཆུབ་ཀྱི་སེམས་མི་ཉམས་པར་བསྲུང་བའི་དམ་ཚིག ཕྱག་རྒྱ་ལ་མི་སྨད་ཅིང་མི་འབྲལ་བའི་དམ་ཚིག ཅེས་བྱ་བ་འདི་ལ་དབང་བར་བྱས་སོ། །བརྡ་ནི་བྱང་ཆུབ་མཆོག་གི་ཕྱག་རྒྱ་འདི་ཡིན་ནོ། །མན་ངག་ནི་དབང་ཆོས་ཀྱི་བདག་ཉིད་ཐམས་ཅད་ལ་དབང་བར་གྱུར་ཏོ། །དཔེ་ཞིང་ས་སྦྱངས་པ་ལ་ས་བོན་བཏབ་པ་ལ་རྐྱེན་ཆུ་ལུད་ཀྱིས་བརླན་པར་བྱས་པ་དང་འདྲ་བ་ཡིན་ནོ། །ཞེས་བརྗོད་པར་བྱའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །དེ་མ་ཐག་ཏུ་སློབ་མ་ལུས་བཏུད་དེ་ཕྱག་འཚལ་ལ་མཎྜལ་ཕུལ་ཏེ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཞེས་བྱ་བ་ལ་སོགས་པས་གསོལ་བ་གདབ་པར་བྱའོ། །དེ་ནས་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་ལ། ཤེས་རབ་ཡེ་ཤེས་ཀྱིས་སེམས་ཀྱི་དྲི་མ་དག་པས། ཆོས་ཀྱི་སྐུ་མངོན་དུ་གྱུར་པའི་བརྡར་སློབ་དཔོན་དང་སློབ་མ་གཉིས་ཀས་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་བྱའོ། །དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་སྙིང་པོའི་མཁའ་དང་མཚུངས། །རྡུལ་བྲལ་ཐར་སྟེར་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །ཞེས་བྱ་སྟེ། ཀྱེ་ཁྱོད་ཀྱི་ཐབས་དང་ཤེས་རབ་རྡོ་རྗེ་དང་དྲིལ་བུའི་རང་བཞིན་ལས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མྱོང་བ་དེ་ཇི་ལྟ་བུ་ཡིན། དེ་ནི་ཡོད་པ་དང༌། མེད་པ་དང༌། གཉིས་ཀ་མ་ཡིན་པའི་མཐའ་ཐམས་ཅད་ལས་གྲོལ་བ། བརྗོད་པར་མི་ནུས་པ། སྣང་བ་དང་སྟོང་པ་གཉིས་སུ་མེད་པ། བདེ་བ་དང་སྟོང་པ་གཉིས་སུ་མེད་པ། གསལ་བ་དང་སྟོང་པ་གཉིས་སུ་མེད་པ། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་བདག་ཉིད་དེ། དེ་ནི་ཟབ་ཅིང་རྟོགས་པར་དཀའ་བས་ན་ཕྲ་བའོ། །མི་ཕྱེད་པས་ན་རྡོ་རྗེའོ། །ཐམས་ཅད་འབྱུང་བས་ན་སྙིང་པོའོ། །གང་དུའང་མ་གྲུབ་པས་ན་ནམ་མཁའོ། །མི་རྟོག་པས་ན་རྡུལ་བྲལ་ལོ། །དེ་མྱ་ངན་ལས་འདས་པའི་ཐར་སྟེར་རོ། །རྟོག་པ་ཞི་བས་ན་ཞི་བའོ། །དེ་ལྟ་བུ་དེ་ངས་ཁྱོད་ལ་བརྗོད་པས། ཁྱོད་ཀྱིས་ཇི་ལྟ་བ་བཞིན་རྟོགས་ཀྱིས་ཁྱོད་རང་གིས་རང་ཉིད་ལ་བསྐྱེད་པར་བྱའོ། །དེ་ལྟ་བུའི་དོན་དེ་མངོན་དུ་གྱུར་ན་ཆོས་ཀྱི་སྐུ་ནི་དེ་ཉིད་ཡིན་གྱིས། ལམ་གཞན་དུ་བཙལ་བས་ཅི་ཞིག་བྱ། སངས་རྒྱས་གཞན་ནས་འབྱུང་བ་མ་ཡིན་ནོ། །ཞེས་ངེས་པ་བསྐྱེད་ལ། དེ་ཁོ་ན་ཉིད་ལ་བློ་གཞག་པར་བྱའོ། །དེ་ནས་གདོང་ཕྱེ་ལ་འདི་སྐད་ཅེས་གཟེངས་བསྟོད་པར་བྱ་སྟེ། དེ་བས་ན་དེ་ཁོ་ཉིད་རྟོགས་པར་འགྱུར་གྱིས་སྲིད་ཞི་མཉམ་པའི་ལམ་གྱི་དམ་པ་རྟོགས་ན། དེ་ལྟ་བུ་མ་རྟོགས་པ་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་ལ། རང་ཉིད་འདམ་ལས་འཐོན་པ་དེས་གཞན་འདམ་ལས་འདོན་པ་ལ་སྤྲོ་བར་གྱིས་ཤིག ཅེས་གཟེངས་བསྟོད་པ་ཁྱད་པར་ཅན་བྱའོ། །དེ་ནས་ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དབང་ནི་དམ་ཚིག་ཉིད་རིན་པོ་ཆེ་བཞི་པའི་དབང་བསྐུར་བའོ། །དེ་ཅིའི་ཕྱིར་ཞེ་ན། ཚིག་ཙམ་གྱིས་རབ་ཏུ་གྲུབ་པར་ངེས་པར་ཤེས་པ་བསྐྱེད་པའི་ཕྱིར་རོ། །དཀྱིལ་འཁོར་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ་ཞུགས་སོ། །དབང་འདིའི་ངོ་བོ་ནི་རྡོ་རྗེ་ཡེ་ཤེས་ལ་ངེས་པ་བསྐྱེད་པའི་ཕྱིར་རྡོ་རྗེ་འཆང་ཆེན་པོར་དབང་བསྐུར་བའོ། །སྒྲིབ་པ་ནི་ལུས་ངག་ཡིད་ཐམས་ཅད་ཀྱི་དྲི་མ་དག་པར་བྱས་སོ། །ས་ནི་བཅུ་གསུམ་པའོ། །དམ་ཚིག་ནི་བདེ་སྟོང་བདེ་ཆེན། བདེ་སྟོང་ནི་བཟའ་བའི་དམ་ཚིག་ཡིན་ལ། དགོངས་ཏེ་གསུངས་པའི་དམ་ཚིག་ནི་བསྲུང་བའོ། །དེའང་བཞི་སྟེ། མཚན་མ་དང་རྣམ་པར་རྟོག་པའི་སྲོག་བཅད་པ་དང༌། འཇིག་རྟེན་བསྒྲལ་བ་ཞེས་བྱ་བ་བརྫུན་གྱི་ཚིག་དང༌། བཙུན་མོའི་ཁུ་བ་མ་བྱིན་བླངས་པ་དང༌། སྙིང་ག་ནས་སྤྲུལ་པ་རང་ལས་གཞན་ལྟ་བུའི་བྱུང་བའི་ཕྱག་རྒྱ་མོ་བསྟེན་པའོ། །གཞན་ཡང་རྟག་ཏུ་ཆོས་སྐུ་ལས་མི་ཡེངས་པ་དང༌། ལུས་དང་སེམས་སྡུག་བསྔལ་བར་མི་བྱ་བ་དང༌། དབང་བཞི་པ་སྟོན་པའི་བླ་མ་ལ་མི་བརྙས་ཤིང་མཆོད་པའོ། །དེ་ལས་གཞན་པའི་དམ་ཚིག་ནི་བླ་མས་འཆད་པར་འགྱུར་རོ། །བརྡ་ནི་མཛུབ་མོས་ནམ་མཁའ་མཚོན་པའོ། །མན་ངག་ནི་མཐར་ཐུག་གི་དོན་ཐམས་ཅད་ཡིན་ནོ། །དཔེ་ནི་འབྲས་བུ་ཡོངས་སུ་སྨིན་པ་དང་འདྲ་བ་ཡིན་ནོ། །དེ་དག་གིས་ནི་ཚིག་ཉིད་རིན་པོ་ཆེ་བཞི་པའི་དབང་བསྟན་ཏོ། །དེ་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཀྱེ་བུ་ཁྱོད་ཀྱིས་ཐུན་མོང་མ་ཡིན་པའི་དབང་བཞི་གདམས་ངག་དང་བཅས་པ་རྗེས་སུ་གདམས་པ་དང་བཅས་པ་ཐོབ་པ་ཡིན་ནོ། །དེ་བས་ན་དགའ་བ་བསྐྱེད་ལ། རང་གི་ལུས་དང་ལོངས་སྤྱོད་ཐམས་ཅད་ཁོ་བོ་ལ་བློས་ཕུལ་ལ། ཁོ་བོའི་རྐང་པ་གཉིས་ལ་ཕྱག་འཚོལ་ཅིག་ཅེས་བསྒོའོ། །དེང་ནས་བརྩམས་ཏེ་བདག་བྲན་དུ། །ཞེས་བྱ་བ་ལ་སོགས་པ་བརྗོད་དུ་གཞུག་པར་བྱའོ། །སློབ་མའང་སྤྲོ་བ་དང་ལྡན་པས་བླ་མ་ལ་རྗེས་སུ་མཐུན་པར་བསྙེན་བཀུར་བར་བྱའོ། །སློབ་མ་སྨིན་པར་བྱེད་པའི་ཆོ་གའོ།།  །།དེ་ནས་དཀྱིལ་འཁོར་ལས་ཕྱིར་བྱུང་ལ། ཕྱིའི་སྦྱིན་སྲེག་གི་ཆོ་གས་ལྷག་ཆད་ཁ་བསྐང་བར་བྱ། ནང་དུ་ཞུགས་ལ་མཆོད་པ་དང་བསྟོད་པ་བྱ་སྟེ། བཟོད་པར་གསོལ་ལ། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་བྱ་བས་གཤེགས་སུ་གསོལ་ལོ། །དམ་ཚིག་པ་བདག་ལ་བསྡུ། ཨོཾ་གི་ལི་གི་ལི་ཧཱུྃ་ཛཿསྭཱ་ཧཱ་ཞེས་བྱ་བས་རྡུལ་ཚོན་བསྡུས་ལ་མཆོད་པ་དང་བཅས་པས་ཆུ་བོར་དོར་བར་བྱའོ། །སླར་ས་གཞི་དྲིས་ཉེ་བར་བྱུགས་ལ་ཕྱོགས་སྐྱོང་བ་རྣམས་ལ་གཏོར་མ་གཏང༌། སློབ་མའི་ཡོ་བྱད་ཀྱི་འབྱོར་པ་དང་འཚམ་པར་ཚོགས་ཀྱི་འཁོར་ལོ་དང་དགའ་སྟོན་བྱའོ། །མཇུག་ཏུ་བྱ་བའི་ཆོ་གའོ།།   །།དེ་ནས་རིམ་གྱིས་དམ་ཚིག་དང་སྒྲུབ་པའི་ཐབས་དང་རྒྱུད་ལ་སོགས་པ་རྒྱས་པར་སློབ་ཏུ་གཞུག་པར་བྱའོ། །རྡོ་རྗེ་འཆང་ཆེན་རྗེ་བཙུན་མཐུ་ཅན་ཌོམྦིའི་གཞུང༌། །དཔལ་ལྡན་ཤཱཀྱ་མ་དྲོས་པ་ལས་རྒྱལ་པོ་དང༌། །སྙིང་པོ་རིག་པ་སྣང་བའི་མཐའ་ཅན་བླ་མ་ཡི། །རྒྱུད་བཞི་འབབ་པའི་བླ་མ་མཚོ་ཆེན་དེ་ལ་འདུད། །བློ་ཆེན་ལྡན་པ་ཁྱོད་ཉིད་རྡོ་རྗེ་འཆང༌། །བློ་དམན་རྣམས་ལ་བརྒྱུད་པ་མཆོག་འཛིན་པ། །ཁྱོད་ལས་ཐོབ་པ་ཌོམྦིའི་གཞུང་ལུགས་འདི། །བླ་མེད་རྒྱུད་རྒྱལ་ཀུན་གྱི་དགོངས་དོན་ཡིན། །གླང་ཆེན་རྙེད་ནས་རྗེས་ཚོལ་བཞིན། །བརྫུན་གྱི་བརྒྱུད་པ་དང་བྲལ་བའི། །ལམ་འདི་རྙེད་ནས་ལམ་གཞན་ནས། །ཚོལ་བའི་སྐྱེ་བོ་འདི་རེ་བླུན། །ཌོམྦིའི་གཞུང་ལུགས་སྨིན་བྱེད་ལམ། །བླ་མས་མཛད་པའི་ལུགས་ཇི་བཞིན། །དགེ་སློང་སེང་གེ་རྒྱལ་མཚན་གྱིས། །བསྐུལ་ནས་བསོད་ནམས་རྩེ་མོས་བྲིས། །འདི་ལས་དགེ་བ་གང་ཐོབ་དེས་འགྲོ་ཀུན། །དོན་ཆེན་སྟོན་པའི་སྐྱོན་མེད་གཞུང་འདི་རུ། །ཞུགས་ནས་སོམ་ཉི་ཀུན་བྲལ་རབ་མྱུར་བར། །རྡོ་རྗེ་འཆང་ཆེན་གོ་འཕང་ཐོབ་པར་ཤོག །དཔལ་ཀྱེའི་རྡོ་རྗེའི་སློབ་མ་སྨིན་པར་བྱེད་པའི་ལམ་ལག་ལེན་གྱི་ཁྲིགས་ཙམ་དགེ་བསྙེན་བསོད་ནམས་རྩེ་མོས་བྲིས་པའོ། །རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*