དཔལ་ཀྱཻ་རྡོ་རྗེའི་དཀྱིལ་ཆོག་ནས་གླིང་མ།

༼ག༽

༄༅། །དཔལ་ཀྱེའི་རྡོ་རྗེའི་དཀྱིལ་ཆོག་ནས་གླིང་མ་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །བླ་མ་གོང་མ་ནས་དབང་གི་བརྒྱུད་པ་དང་ལྡན་པ། དེ་ཁོ་ན་ཉིད་བཅུ་ཤེས་པ། དམ་ཚིག་དང་སྡོམ་པ་ལ་གནས་པ། སྙིང་རྗེ་ཆེན་པོ་དང་ལྡན་པ་ལ། སློབ་མ་རྒྱུད་འཇམ་ཞིང་ངག་སྙན་པར་སྨྲ་བ། བྱམས་པ་ལ་སོགས་པ་ཚད་མེད་པ་བཞི་དང་ལྡན་པ། ཐོས་བསམ་དང་ཀློག་པ་ལ་མངོན་པར་བརྩོན་པ། བསྐྱེད་རྫོགས་ཀྱི་དོན་ལ་དད་པ། ཕ་རོལ་ཏུ་ཕྱིན་པའི་བསྟན་བཅོས་ལ་སོགས་པས་བློ་སྦྱངས་པ། བླ་མ་ལ་གུས་ཤིང་གཏོང་སེམས་ཆེ་བའི་སློབ་མས་ཡང་དང་ཡང་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་གནང་བ་བྱིན་པ་དང༌། བསྙེན་པའི་ཡོ་བྱད་དབུལ་བར་བྱའོ། །དེ་ནས་བླ་མས་བསྙེན་པ་བྱ་སྟེ། བུམ་པ་ལ་བརྟེན་ན་ལེགས་པར་བཀྲུ། བདུད་རྩི་འཁྱིལ་པའི་སྔགས་བརྗོད་ཅིང་ཁ་དང་ཞབས་སུ་གུ་གུལ་གྱིས་བདུག ཡུངས་ཀར་གྱི་བརྡེག་པས་བགེགས་བསལ། སྨན་ལྔ། རིན་ཆེན་ལྔ། འབྲུ་ལྔ་གཞུག དྲི་ཞིམ་པོའི་ཆུ་བླུགས་ལ་སྟེང་དུ་མཆོད་ཡོན་སྣོད་ཀ་པ་ལ་ལ་སོགས་པ་དྲི་ཞིམ་པོའི་ཆུས་བཀང་བའི་སྟེང་དུ་རྡོ་རྗེ་གཟུངས་ཐག་དང་བཅས་པ་བཞག་སྟེ། མཎྜལ་ལ་སོགས་པའི་སྟེང་དུ་བཞུགས་སུ་གསོལ་ལོ། །དེ་ནས་ཡན་ལག་དྲུག་གམ་བཞིའི་ཏིང་ངེ་འཛིན་སྔོན་དུ་འགྲོ་བས་བུམ་པ་སྟོང་པར་བསྒོམས་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་བུམ་པ་མཆོག་ཏུ་གྱུར་པར་བསམ་པར་བྱའོ། །དེའི་ནང་དུ་རིན་པོ་ཆེ་ལྔ་ཡོངས་སུ་གྱུར་པ་ལས་ཨཱ་ལི་བཅུ་དྲུག་ཉིས་འགྱུར་ལ་མཚན་དུ་མོས། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ལ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས། སྨན་ལྔ་ཡོངས་སུ་གྱུར་པ་ལས་ཀཱ་ལི་བརྒྱད་ཅུ་ལ་དཔེ་བྱད་དུ་མོས། དེ་ནས་ཉི་མའི་དཀྱིལ་འཁོར་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མོས། འབྲུ་ལྔ་ཡོངས་སུ་གྱུར་པ་ལས་ཧཱུྃ་སྔོན་པོ་དེ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས་སོ་སོར་ཀུན་དུ་རྟོགས་པའི་ཡེ་ཤེས་སུ་མོས། དེ་རྣམས་ཞུ་ནས་ཕྲུགས་ཀྱིས་འདྲེས་པ་ལས་བྱ་བ་གྲུབ་པའི་ཡེ་ཤེས་སུ་མོས། དེ་ལ་ཐུགས་རྡོ་རྗེ་མི་བསྐྱོད་པ་སྐུ་རྫོགས་པ་དང་དུས་གཅིག་ཏུ་སྟེང་གི་རྡོ་རྗེའི་ལྟེ་བ་ལ་བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་ཡབ་ཡུམ་ཙམ་མམ་ལྷ་དགུ་རྫོགས་པར་བསྒོམས་ཏེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་མོས། དེ་ནས་གསལ་གདབ་སྟེ་ཐུགས་རྡོ་རྗེ་མི་བསྐྱོད་པ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ་སྤྱན་གསུམ་པ་མཆེ་བ་གཙིགས་པ་སྐྲ་སེར་པོ་གྱེན་དུ་བརྫེས་པ་ཞབས་གཡས་བརྐྱང་གཡོན་བསྐུམ་པས་ཉི་མ་ལ་བཞུགས་པ། ཡུམ་མཱ་མ་ཀཱི་སྐུ་མདོག་ཡབ་དང་མཚུངས་པ། གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པའི་ཚུལ་དུ་མཛད་པ། ཞབས་གཡོན་བརྐྱང་གཡས་བསྐུམ་པས་བཅོམ་ལྡན་འདས་དང་སྙོམས་པར་ཞུགས་པ། གཉི་གའང་རུས་པའི་རྒྱན་ཆ་དང་ལྡན་པ་བསྒོམ་པར་བྱའོ། །དམ་ཚིག་སེམས་དཔའ་བསྐྱེད་པ་སྟེ་བསྙེན་པའོ། །དེ་ནས་བདག་ཉིད་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་རྗེ་བཙུན་ལྷ་དགུ་མི་བསྐྱོད་པ་དང་བཅས་པ་སྤྱན་དྲངས་ལ་དགུག་གཞུག་ཇི་ལྟ་བ་བཞིན་བྱ་སྟེ་ཉེ་བར་སྒྲུབ་པའོ། །དེ་ནས་གཉིས་ཀ་ལ་སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སྟེ་སྒྲུབ་པའོ། །དབང་བསྐུར་ཏེ་ལྷ་དགུ་ལ་རང་རང་གི་དབུ་རྒྱན་དང༌། མི་བསྐྱོད་པ་ལ་མི་བསྐྱོད་པ་ཞི་བས་རྒྱས་གདབ་སྟེ་སྒྲུབ་པ་ཆེན་པོའོ། །དེ་ནས་ཕྱི་དང་བདུད་རྩི་དང་ལྷ་མོ་བརྒྱད་ཀྱིས་མཆོད་ལ་དེ་ཝ་པི་ཙུ་དང༌། འཁོར་གྱི་ཨོཾ་ཨཱཿགཽ་རཱི་ཧཱུྃ་ཕཊ་ཅེས་པ་ལ་སོགས་པའི་བཟླས་པ་བྱ་སྟེ་ལྷ་དབང་དུ་བྱ་བ་ཡིན་པས་སྔགས་ཕྲེང་དམར་པོ་ལས་འོད་ཟེར་དམར་པོ་འཕྲོ་བ་ལས་འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས་བུམ་པའི་རྡོ་རྗེའི་ལྟེ་བའི་ལྷ་ལ་ཕོག་པས་བ་སྤུའི་བུ་ག་ནས་ཡེ་ཤེས་ཀྱི་བདུད་རྩི་འཛག་པ་ལ་དམིགས་སོ། །རྒྱས་པའི་ལས་ཀྱང་ཡིན་པས་སྔགས་ཕྲེང་སེར་པོ་ལ་དམིགས་པའང་ཅུང་ཟད་བྱའོ། །དེ་ནས་གཏོར་མ་བཏང་ལ་དཀྱིལ་འཁོར་བསྡུས་ཏེ་སྤྱོད་ལམ་བྱའོ། །ཕྱིན་ཆད་བདག་བསྐྱེད་ཇི་ལྟ་བ་བཞིན་སྔོན་དུ་འགྲོ་བས་བུམ་པའི་ལྷ་ཡན་ལག་བཞིས་བསྐྱེད་མི་དགོས་ཏེ་སྔར་བསྐྱེད་པ་ཉིད་གསལ་བཏབ་སྟེ་པཱུ་ཛ་ཅི་རིགས་པས་མཆོད། དེ་ནས་སྔར་བཞིན་བཟླས་པ་བྱའོ། །བསྙེན་པ་ཐོན་པ་དང་རྡོ་རྗེའི་ལྟེ་བའི་ལྷ་འོད་དུ་ཞུ་ནས་མཆོད་ཡོན་གྱི་སྣོད་དུ་སོང་བས་ལུད་ནས་བུམ་པར་སོང་བར་བསམས་ཏེ་དངོས་སུ་ཡང་བླུགས་པས་དེས་རྐྱེན་བྱས་ནས་མི་བསྐྱོད་པ་ཡང་འོད་དུ་ཞུ་སྟེ་མི་བསྐྱོད་པའི་རང་བཞིན་གྱི་ཆུར་བསམ་པར་བྱའོ། །བུམ་པ་མི་འཆའ་ན་བདག་ཉིད་ཀྱི་དཀྱིལ་འཁོར་སྔགས་ཀྱི་འོད་ཟེར་གྱིས་ཁྱབ་པ་ལ་དམིགས་སོ། །དེ་ལྟ་བུའི་ཚུལ་གྱིས་རབ་མཚན་མའི་བསྙེན་པ་སྟེ། དེ་ལ་ཡང་ལྷ་ལས་དངོས་སུ་གནང་བ་ཐོབ་པ་རབ་བུམ་པ་ནམ་མཁའ་ལ་འཇོག་ནུས་པ་འབྲིང༌། རྨི་ལམ་དུ་གནང་བ་ཐོབ་པ་ཐ་མའོ། །འབྲིང་དུས་ཀྱི་བསྙེན་པ་སྟེ་ཟླ་བ་དྲུག་གོ །ཐ་མ་གྲངས་ཀྱི་བསྙེན་པ། དཀྱིལ་འཁོར་བདག་པོས་བཟླས་པ་འབུམ། །དཀྱིལ་འཁོར་ཅན་གྱིས་དེ་བཞིན་ཁྲི། །ཞེས་གསུངས་པ་སྟེ། ལས་དང་པོ་པའི་སློབ་དཔོན་གྱིས་ནི་ཐ་མ་འདི་ལ་བརྟེན་པར་བྱ་བ་ཡིན་ནོ།།  །།སའི་ཆོ་ག་ནི་སྦྱང་གཟུང་གཉིས་སུ་བསྡུས་པ་ལས། དང་པོ་བསླང་བ་ལ་སོགས་པ་སྔོན་དུ་སོང་ནས་སྦྱང་བ་སྟེ། མཚན་ཉིད་དང་ལྡན་པའི་གནས་སུ་བདུད་རྩི་འཁྱིལ་པའི་སྔགས་བརྗོད་ཅིང་དྲི་ཞིམ་པོའི་ཆུས་བསང་གཏོར་བྱ། མེ་ཏོག་སྣ་ཚོགས་པ་ཡང་བཀྲམ་ལ་འདིར་བྱའོ་ཞེས་བློས་གཟུང༌། དེ་ནས་མཆོད་ཡོན་ལ་སོགས་པ་ཕྱིའི་མཆོད་པ་གཞན་ཇི་ལྟ་བ་བཞིན་དུ་བཤམ། ཞལ་ཟས་ཀྱི་དོད་དུ་གཏོར་མ་དཀར་པོ་ཡང་བཤམ་པར་བྱའོ། །དེ་ནས་བླ་མས་ཡན་ལག་བཞིའམ་དྲུག་གི་རྣལ་འབྱོར་བསྒོམ། བཟླས་པ་བྱ། དཀྱིལ་འཁོར་བསྡུས་ཏེ་ཕྱག་གཉིས་པའི་ང་རྒྱལ་དུ་བྱས་པས་མཎྜལ་གྱི་སྟེང་དུ་དྲིའི་ཐིག་ལེ་གཅིག་གི་སྟེང་དུ་མེ་ཏོག་གི་ཚོམ་བུ་བཀོད་ལ་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པའི་སྲིན་ལག་གི་རྩ་བར་ཧྃ་བསྒོམས་ལ་ས་གནོན་གྱི་ཕྱག་རྒྱས་སྲིན་ལག་ཚོམ་བུའི་རྩར་བརྡབ་ཅིང་ཧྃ་བརྗོད་པར་བྱའོ། །དེ་སའི་ལྷ་མོ་སའི་ནང་ནས་རྐེད་པ་ཡན་ཆད་འཐོན་ཏེ་མདོག་སེར་མོ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཛེས་པ་ཕྱག་ན་རིན་པོ་ཆེའི་བུམ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་ཐུགས་ཀར་བཟུང་བ་བདག་གིས་ཅི་བགྱི་ཞེས་བཀའ་ནོད་པར་བསམ་མོ། །དེ་ནས་མཆོད་པ་བྱིན་གྱིས་བརླབས་ཏེ་པྲྀ་ཐི་ཝཱི་དེ་ཝཱི་ཨརྒྷཾ་གྱིས་མཆོད་ཡོན་ཕྱག་ཏུ་ཕུལ་བར་བསམས་ཏེ་བཟེད་ཞལ་དུ་དབུལ། པྲྀ་ཐི་ཝཱི་དེ་ཝཱི་ནི་རི་ཧཱུྃ་ཁྃ་གིས་ཞབས་བསིལ། པྲྀ་ཐི་ཝཱི་དེ་ཝི་ནི་བི་ཏི་ཨཱཿཧཱུྃ་གིས་ཞལ་བསིལ། པྲྀ་ཐི་ཝཱི་དེ་ཝཱི་པུཥྤེ་ཧཱུྃ་ལ་སོགས་པ་བཞི། ཞལ་ཟས་སུ་གཏོར་མ། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབས་ལ། པྲྀ་ཐི་ཝཱི་དེ་ཝཱི་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཏ། ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་པས་དབུལ་ཞིང་མེ་ཏོག་ཚོམ་བུའི་དྲུང་དུ་གཞག་གོ །དེ་ནས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་རྡོ་རྗེ་དྲིལ་བུ་འཛིན་པས་ལན་གསུམ་དུ་གསོལ་བ་བཏབ་པ་དང༌། ཁྱོད་བསྙེན་པ་རྫོགས་པའི་སློབ་དཔོན་ཡིན་གྱི་དཀྱིལ་འཁོར་བྲིས་ཤིག་ཟེར་ནས་ས་དེ་ཉིད་དུ་ཐིམ་པར་བསམ་མོ། །ས་བསླང་བའི་རིམ་པའོ། །དེ་ནས་ས་ཕྱོགས་དེར་བདུད་རྩི་འཁྱིལ་བའི་སྔགས་བརྗོད་ཅིང་དྲི་ཞིམ་པོའི་ཆུས་བསང་གཏོར་བྱས་ལ་དངོས་གྲུབ་རབ་འབྲིང་གསུམ་གྱི་དོན་དུ་སྙིང་གའམ་ལྟེ་བའམ་པུས་མོ་ནུབ་ཙམ་བརྐོ་བར་བྱ་སྟེ། དེ་ཡང་ལྟོ་འཕྱེ་ནི་དགུན་ཟླ་གསུམ་མགོ་བོ་ལྷོར། དཔྱིད་ཟླ་གསུམ་ནུབ། དབྱར་ཟླ་གསུམ་བྱང༌། སྟོན་ཟླ་གསུམ་ཤར་དུ་བསྟན་ནས་གཡོན་འོག་ཏུ་བཅུག་སྟེ་ཉལ་བས་ལྟོ་བའི་ཕྱོགས་ཀྱི་སྨད་ཀྱི་ཕྱོགས་ནས་སོ། །དེ་ན་རྡོ་བ་དང༌། མགལ་དུམ་དང༌། སོལ་བ་དང༌། རུས་པ་དང༌། གྱོ་མོ་གསེག་མ་ལ་སོགས་པའི་རོ་མེད་པར་བྱས་ལ། ས་བཟང་པོ་སྣུམ་པ་དང་བཅས་པ་གཞན་ནས་ཀྱང་བླངས་ལ་དྲི་ཞིམ་པོའི་ཆུ་ཧཱུྃ་ལས་དྲི་ཞིམ་པོའི་མཆོག་ཏུ་གྱུར་པར་བསྐྱེད་ཅིང་དེ་ཉིད་བཟླས་པས་བསྲེས་ཤིང་སྦགས་ལ་བུམ་པའི་ནང་དུ་རིན་པོ་ཆེ་སྣ་ཚོགས་བཅུག་པས་གཏེར་དུ་བཅུག་སྟེ་དག་པར་བྱའོ། །དེ་ཡང་དབུས་མཐོ་བ་ལྷོ་དང་ནུབ་མི་དམའ་བ། བྱང་དང་ཤར་ཅུང་ཟད་གཞོལ་བ་བཅག་ཅིང་བརྡུངས་ལ་དྲི་ཞིམ་པོ་དང་བདུད་རྩི་ཅུང་ཟད་བསྲེས་པས་སྐྱང་ནུལ་བྱ་ཞིང་མེ་ཏོག་སིལ་མ་དགྲམ་པར་བྱ་སྟེ་ལས་སམ་བྱ་བས་སྦྱང་བའོ། །དེ་ནས་ས་དེའི་དབུས་སུ་པྃ་ལས་པདྨ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་རྩེ་མོ་གསུམ་པ་ཅན་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་པས་ས་ཕྱོགས་ཐམས་ཅད་རྡོ་རྗེའི་རང་བཞིན་གྱི་སར་བྱ་ཞིང་ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད། ཡང་འོད་ཟེར་འཕྲོས་པས་ལོགས་དང༌། སྟེང་དུ་ཡང་རྡོ་རྗེའི་རྭ་བ་དང་གུར་དང་བླ་རེ་སྐད་ཅིག་གིས་བསམས་ལ་ཨོཾ་བཛྲཱི་བྷ་བ་བཛྲ་བནྡྷ་ཧཱུྃ། ཞེས་བརྗོད་པས་ཐམས་ཅད་འོད་དང་ལྡན་པར་བསམས་ལ། ཏོན་དེ་ཝཱི་ཤཱཀྱ་བུདྷ་སིང་ཧ་བཛྲ་ཀྲོ་དྷཱ་དྷི་ནཱན། རཏྣ་དཱ་རི་ད་ཏྲི་ཨཱཏྨ་ཀོ྅་ཧཾ་མཎྜ་ལཾ་ལི་ཁི་ཏ། ཞེས་བརྗོད་པར་བྱའོ། །ཏིང་ངེ་འཛིན་གྱིས་སྦྱངས་པའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་སྟན་བཟང་པོ་ལ་འདུག་སྟེ་ས་ཆོག་ཉིན་གཅིག་ལ་རྫོགས་ན་ས་བསླང་བའི་དུས་སུ་ལྷའི་རྣལ་འབྱོར་བསྒོམས་པས་འདིར་ལྷའི་རྣལ་འབྱོར་གསལ་བཏབ་པ་ཙམ་གྱིས་ཆོག་ལ། ཉིན་ཞག་གཞན་ལ་བྱེད་ན་འདི་ཉིད་དུ་རྒྱན་གདགས་ཤིང་ཆས་སུ་འཇུག་པ་དང༌། ཡན་ལག་དྲུག་གམ་བཞིའི་རྣལ་འབྱོར་རྫོགས་ཏེ་བསྡུས་ལ་ལྷའི་ང་རྒྱལ་དང་ལྡན་པས་གནས་པར་བྱའོ། །དེ་ནས་ཕྱོགས་བཞི་ནས་གཽ་རཱི་ལ་སོགས་པ་བཞིའི་ཏིང་ངེ་འཛིན་དང་ལྡན་པ། རྡོ་རྗེ་དང་དྲིལ་བུ་འཛིན་པས་མཆོད་པ་ལྔས་མཆོད་དེ། དེ་ནས་བསྟོད་ཐུང་གིས་བསྟོད་དོ། །དེ་ནས་གཽ་རཱིའི་ང་རྒྱལ་དང་ལྡན་པས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཙཽ་རཱིའི་ཏིང་ངེ་འཛིན་དང་ལྡན་པས། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །བེ་ཏཱ་ལཱིའི་ཏིང་ངེ་འཛིན་དང་ལྡན་པས། །ཞི་བའི་ཆོས་མཆོག་ལས་བྱུང་བ། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་མཛད། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །གྷསྨ་རཱིའི་ང་རྒྱལ་དང་ལྡན་པས། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་གསོལ་བ་བཏབ་པ་དང༌། ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས་བཞེངས་ཏེ། རྐང་པའི་མཐིལ་གཉིས་སུ་སྣ་ཚོགས་རྡོ་རྗེ་རེ་རེ་བསམ། མིག་གཡས་སུ་མ་ལས་ཉི་མའི་དཀྱིལ་འཁོར། གཡོན་དུ་ཊ་ལས་ཟླ་བའི་དཀྱིལ་འཁོར་བསམས་ཏེ་གཡས་ནས་གཡོན་དུ་བསྒྱུར་བས་ཉི་མ་ལས་འོད་ཟེར་མེ་ལྟ་བུ་བྱུང་བས་བགེགས་ཐམས་ཅད་བསྲེགས་ནས་ཚར་གཅད། གཡོན་ནས་གཡས་སུ་བསྒྱུར་ཟླ་བ་ལས་འོད་ཟེར་བསིལ་བ་བདུད་རྩི་ལྟ་བུ་འཕྲོས་པས་གསོས་ཏེ་རྗེས་སུ་བཟུང་ལ་གཡས་ཀྱིས་རྡོ་རྗེ་གསོར་ཞིང་གཡོན་པས་དྲིལ་བུ་གསིལ་ཏེ་མཐར་འཁྱུད་པའི་ཚུལ་དུ་བྱས་ལ་ཁ་ཊྭཱཾ་ག་ཡང་གྲུ་མོར་བཟུང་ལ། སའི་ཕྱོགས་འདིར་སེམས་ཅན་གྱི་དོན་རྩོམ་གྱིས། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། འབྱུང་པོ་དང༌། ཤ་ཟ་མོ་དང་སྲིན་མོ་ལ་སོགས་པ་གང་དག་གནས་པའི་སའི་བདག་པོ་མྱུར་དུ་སོང་ཤིག འདི་ལྟར་དཔལ་ཧེ་རུ་ཀའི་བཀའ་ཐོས་ནས་མྱུར་དུ་དེངས་ཤིག གང་དག་མི་འགྲོ་བ་དེ་ལ་ངའི་ཡེ་ཤེས་ཀྱི་རྡོ་རྗེ་དང༌། ཁ་ཊྭཱཾ་ག་འདིས་སྤྱི་བོ་རྣམ་པ་བརྒྱར་འགས་པར་འགྱུར་རོ། །ཞེས་ལན་གསུམ་བརྗོད་ལ་བགེགས་བསྐྲད་པར་བྱའོ། །དབང་ལྡན་གྱི་མཚམས་ནས་བརྩམས་ནས་ཧཱུྃ་བརྗོད་ཅིང་ཞི་བའི་འགྲོས་ཀྱིས་ལན་གསུམ་བསྐོར་ཞིང་རྐང་པའི་འོག་གི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་བསྐལ་པའི་མེ་ལྟ་བུའི་འོད་ཟེར་བྱུང་བས་བགེགས་རྣམས་བསྲེགས་ཤིང་ཕན་ཚུན་འབྱེར་བ་དང་རྐང་རྗེས་ཀྱང་སྣ་ཚོགས་རྡོ་རྗེའི་རྣམ་པར་ལམ་ལམ་བྱུང་བར་བསམ་མོ། །དེ་ནས་ཤར་དུ་གཡས་བརྐྱང་གཡོན་བརྐྱང༌། ལྷོར་ཟླུམ་པོ་དང་ས་ག་གཉིས། ནུབ་ཏུ་མཉམ་པ་དང་རུས་སྦལ་གཉིས། བྱང་དུ་རྩེ་གཅིག་པ་དང་སྣ་ཚོགས་རྡོ་རྗེ་གཉིས་ཏེ་རྐང་སྟབས་བརྒྱད་མཚམས་རྣམས་སུ་འགྱིང་བ་དང་བསྡིགས་པ་རྣམས་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སའི་ཆ་དེར་སྲུང་བའི་འཁོར་ལོ་སྔར་བཞིན་བསྒོམ་པར་བྱའོ། །ས་བཟུང་བའོ། །དཀྱིལ་འཁོར་གྱི་ཁང་པ་རྙིང་པའམ་ཐོག་གི་སྟེང་ངམ་བྲག་གི་སྟེང་དུ་ནི་སའི་ཆོ་ག་མི་དགོས་སོ།།  །།ནུབ་གཉིས་པའི་ཆོ་ག་སྟ་གོན་གྱི་ཆོ་ག་ལ་སྔོན་དུ་འཚོགས་ཆས་བྱ་བ་ནི་དཀྱིལ་འཁོར་གྱི་གནས་ཁང་ཕྱག་དར་ལེགས་པར་བྱས་པའི་རྣམ་པ་ལྔ་དང་དྲི་ཞིམ་པོས་སྐྱང་ནུལ་བྱས་ལ་མེ་ཏོག་སིལ་མ་ཅུང་ཟད་གཏོར། བླ་རེ་ལ་སོགས་པ་བྲེ། རྟེན་དགྲམ་ལྷ་སྟ་གོན་ལ་མཁོ་བའི་ཡོ་བྱད་སྐྱང་ནུལ་བྱེད་པའི་དྲི་ཞིམ་པོའི་ཆུ་བདུད་རྩི་དང་ཅུང་ཟད་སྦྱར་བ་དང༌། ཐིག་ལེ་བྱེད་པའི་དྲིའི་ལྡེ་གུ་དང་ཚོམ་བུའི་རྒྱུའི་མེ་ཏོག་དང༌། ཆུ་གསུམ་སྔོན་དུ་འགྲོ་བའི་མཆོད་པ་བརྒྱད་པོ་རེ་རེ་ཡང་དགུ་དགུ་ལས་མི་ཉུང་བར་ཁོར་ཡུག་ཏུ་བཤམ་པ་དང༌། ན་བཟའ་ཟུང་དུ་གྱུར་པ་ལྷ་གྲངས་དང་མཐུན་པ་ཐི་གུ་ལ་སོགས་པའི་གདང་ལ་བཀལ་བ་དང༌། ནང་གི་མཆོད་པ་དང་འཇིག་རྟེན་ལས་འདས་པའི་གཏོར་མ་དགུའམ་ཡང་ན་གཅིག་དང༌། འཇིག་རྟེན་པའི་གཏོར་མ་ཆེན་པོ་གཅིག་དང༌། སའི་ལྷ་མོ་ལ་འབུལ་བའི་གཏོར་མ་གཅིག་བཤམ་པ་དང་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་ཕོ་མོ་ཚིམ་པར་བྱེད་པའི་ཚོགས་ཀྱི་ཡོ་བྱད་བཤམ་པར་བྱའོ། །སློབ་མ་སྟ་གོན་ལ་མཁོ་བ་ལ། སོ་ཤིང་སོར་བཅུ་གཉིས་པ་རློན་པ་རྩེ་མོ་ལ་མེ་ཏོག་དང་བཅས་པ་སློབ་མའི་གྲངས་དང་མཐུན་པ་དང་སྲུང་སྐུད་དམར་པོ་རྐྱང་པས་ལུས་ཚད་ཙམ་ལྡང་བ་དང་སྐྱོར་ཆུའི་དྲི་དང་ཀུ་ཤ་ཆུན་པོ་ཆེ་ཆུང་གཉིས་གཉིས་དང་ཞལ་ཟས་མ་གཏོགས་པའི་མཆོད་པ་བཞི་ལ་མར་མེའི་ཏིང་ལོ་གྲངས་དང་མཐུན་པར་བཤམ་མོ། །བུམ་པ་སྟ་གོན་ལ་མཁོ་བ་ལ་བུམ་པ་བཅུ་ལེགས་པར་བཀྲུ་ཞིང་རྫ་ཡིན་ན་ཀྱ་ཞལ་བྱུག རང་རང་གི་མཚན་མ་དགོད། མགུལ་ཆིངས་དབུལ། གུ་གུལ་གྱི་ཁ་ནས་བདུག ཞབས་ནས་ཡུངས་ཀར་གྱིས་བརྡེག ཡང་ཞབས་ནས་བདུག ཁ་ནས་བརྡེག་ཅིང༌། བདུད་རྩི་འཁྱིལ་པའི་སྔགས་བཟླས་ལ་བགེགས་བསལ། ཤེ་ཏ་པྲི་ཧ་ཏི། ཨ་པ་ར་ཛི་ཏ། དཎྜ་ཨུཏྤ་ལ། ཀཎྜ་ཀ་རི། ཧ་ས་དེ་བ་སྟེ་སྨན་ལྔ་དང༌། འབྲས་སོ་བ་དང༌། སྲིན་མ་ཤ་དང༌། ནས་དང༌། གྲོ་དང༌། ཏིལ་ཏེ་འབྲུ་ལྔ་དང༌། གསེར་རམ་ཤེལ་དང༌། དངུལ་དང༌། མུ་ཏིག་དང༌། དུང་ངམ་མུ་མེན་དང༌། བྱི་རུ་སྟེ་རིན་པོ་ཆེ་ལྔ་དང༌། བུ་རམ་དང༌། ཤ་ཀ་ར་ལ་སོགས་པ་ཟས་བཟང་པོ་རྣམས་ཀྱང་བཅུག་ལ་བདུད་རྩི་རིལ་བུ་སྦྱངས་པ་ཡང་ཅུང་ཟད་བླུགས། དྲི་ཆུ་བཟང་པོ་བླུགས་ལ་འོ་མ་ཅན་གྱི་ཤིང་འབྲས་བུ་དང་ལོ་མ་དང་ལྡན་པའི་ཁ་རྒྱན་ཕུལ་ལ་དཀྱིལ་འཁོར་གྱི་སའི་བྱང་ཕྱོགས་ཀྱི་མཐར་གདན་ལ་རིམ་པ་བཞིན་དུ་ལས་ཐམས་ཅད་པའི་བུམ་པས་ཐ་མ་བྱས་ལ་དགོད་པར་བྱའོ། །ཐིག་སྐུད་དཀྱིལ་འཁོར་གྱི་ཉིས་འགྱུར་གྱི་ཚད་ཁ་དོག་ལྔར་བསྒྱུར། ཐམས་ཅད་བསྒྲིལ་ན་སྦོམས་སུ་སྒོའི་ཉི་ཤུ་ཆའི་ཚད་དུ་ལེགས་པར་གྲུ་བུ་སོ་སོར་བསྡོགས་པ་དང༌། ཚོན་རྣམས་ཀྱང་འདི་ཉིད་ནས་སྟ་གོན་བྱའོ། །དེ་ནས་སྲོད་ཐུན་གྱི་དང་པོ་ལ་དམ་ཚིག་དང་ལྡན་པའི་རྣལ་འབྱོར་ཕོ་མོ་ཅི་རིགས་པ་སྤྱན་དྲང༌། མཎྜལ་དང་མེ་ཏོག་ཕུལ་ལ་ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ། ཐམས་ཅད་ཀྱིས་ཡི་གེ་བརྒྱ་པས་དམ་ཚིག་བཤགས་པ་སྔོན་དུ་འགྲོ་བས་ཡན་ལག་བཞི་རྫོགས་པར་བསྒོམས་ལ་དཀྱིལ་འཁོར་བསྡུས་ཏེ་ཕྱག་གཉིས་པའི་ང་རྒྱལ་དུ་བྱ། དཀྱིལ་འཁོར་གྱི་སའི་ཆ་དེར་དྲིའི་ཐིག་ལེ་དང༌། མེ་ཏོག་གི་ཚོམ་བུ་གཅིག་བྱ། དེར་སའི་ལྷ་མོ་དགུག་པ་ལ་སོགས་པ་སྔར་བཞིན་བྱ་བའམ། ཡང་ན་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྃ་ལས་བསྐྱེད། བདག་ཉིད་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་ས་འོག་རིམ་པ་བདུན་ནས་སྤྱན་དྲངས་ལ་ཛཿཧཱུྃ་བྃ་ཧོཿས་དགུག་གཞུག་བྱ། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡང་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་བསྐུར་གྱི་ལྷ་སྤྱན་དྲངས་ཏེ། ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱིས། །འདི་ལ་དབང་བསྐུར་སྩལ་དུ་གསོལ། །ཞེས་གསོལ་བ་གདབ། དབང་བསྐུར་བའི་མཐར་རིན་འབྱུང་གིས་དབུར་བརྒྱན། སྔར་བཞིན་མཆོད་པ་ལྔས་ཀྱང་མཆོད། ཚིགས་བཅད་གཉིས་ཀྱིས་གསོལ་བ་གདབ་པ་དང༌། མདུན་གྱི་ནམ་མཁའ་ལ་གཤེགས་ཏེ་དཔང་པོའི་ཚུལ་དུ་བཞུགས་པར་བསམ་མོ། །སའི་ལྷ་མོ་སྟ་གོན་དུ་གནས་པའོ།།  །།དེ་ནས་མེ་ཏོག་གི་ཚོམ་བུ་དེ་བསལ་མེ་ཏོག་སིལ་མ་རྣམས་ཀྱང་ཕྱགས་ལ་ཕོ་བྲང་གི་ཚད་ཚུན་ཆད་དྲིས་བྱུག་ཅིང་མེ་ཏོག་གིས་ཅུང་ཟད་གཏོར་ལ། དེར་གཞལ་ཡས་ཁང་སྐད་ཅིག་གིས་བསྐྱེད་ཅིང་གསལ་གདབ། གཙོ་བོའི་གནས་སུ་དྲིའི་ཐིག་ལེ་གྲུ་བཞིའི་སྟེང་དུ་མེ་ཏོག་གི་ཚོམ་བུ་དགོད། ལྷའི་གནས་སུ་ཟླུམ་པོའི་སྟེང་དུ་བཀོད་ལ་པདྨར་བསམ། དེ་རྣམས་ཀྱི་སྟེང་དུ་ཨོཾ་དགུ་ལས་ཉི་མའི་དཀྱིལ་འཁོར་དགུ། དེ་རྣམས་ཀྱི་སྟེང་དུ་རང་རང་གི་ས་བོན་ཧཱུྃ་ལ་སོགས་པ་བརྗོད་ཅིང་སོ་སོའི་ས་བོན་ཙམ་ལས་སོ་སོ་བསྐྱེད་ཅིང་གསལ་གདབ། བདག་ཉིད་ཀྱི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་འོག་མིན་ནས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ་མཆོད་ཡོན་ལ་སོགས་པ་ཕྱིའི་པཱུ་ཛ་དང་བདག་ཉིད་ཀྱི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་བརྒྱད་ཀྱིས་མཆོད། གཽ་རཱི་ལྕགས་ཀྱུ་ཐོགས་པ་ལ་སོགས་པ་སྤྲོས་ལ་ཏིང་ངེ་འཛིན་དང་སྔགས་དང་ཕྱག་རྒྱ་དང་བཅས་པས་དགུག་གཞུག་བཅིང༌། དབང་དུ་བྱ། གཙོ་བོའི་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར་རང་རང་གི་དབུ་རྒྱན་སྒོམ། པཱུ་ཛ་རྣམས་བྱིན་གྱིས་བརླབས་ལ་རང་རང་གི་སྔགས་དང་ཕྱག་རྒྱ་དང་བཅས་པས་མཆོད་ཡོན་ལ་སོགས་པ་ཕྱག་ལ་སོགས་པར་ཕུལ་བར་བསམས་ཏེ་བཟེད་ཞལ་དུ་དབུལ། མེ་ཏོག་ལྷ་གནས་རྣམས་སུ་དབུལ། སྤོས་དང་མར་མེ་དང་ཞལ་ཟས་གསུམ་ཡང་ལྷ་གནས་ལ་ཉེ་བར་དབུལ་ལོ། །ན་བཟའ་བདུད་རྩིས་བསངས་ཏེ་བརྒྱངས་ལ་ལྷའི་རས་པཉྩ་ལི་ཀ་ལྟ་བུ་མཆོག་ཏུ་གྱུར་པར་བསམས་ཏེ། ཡང་ཞིང་སྲབ་ལ་ལྷ་ཡི་གོས། །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་བཛྲ་ཝསྟྲ་ཨཱཿཧཱུྃ། ཞེས་བརྗོད་ལ་ན་བཟའ་ཟུང་དུ་སྦྱར་བ་ཐམས་ཅད་ལ་ཕུལ་བར་བསམ། དེ་ནས་བདུད་རྩི་བྱིན་གྱིས་བརླབས་ཏེ་ཕུལ་བར་བསམས་ཏེ། ལྷ་རང་རང་གི་སྔགས་བརྗོད་པ་དང་སྲིན་ལག་གིས་གཏོར། ལྷ་མོ་བརྒྱད་ཀྱིས་མཆོད། དྲིལ་བུའི་སྒྲ་དང་བཅས་པས། སྲིད་པ་རང་བཞིན་གྱིས་དག་ཕྱིར། །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་རྣམས། །དམ་པའི་སྲིད་པ་བྱེད་པར་ཤོག །ཅེས་བརྗོད། བསྟོད་པ་ཐུང་ངུ་དང་རིང་པོ་རྣམས་ཀྱིས་བསྟོད། གཏོར་མ་བྱིན་གྱིས་བརླབས་ཏེ་འདས་པའི་གཏོར་མ་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་དབུལ་ཞིང༌། འཇིག་རྟེན་པའི་གཏོར་མ་འབྱུང་པོ་ལ་གཏོང་བའི་ཆོ་གས་དབུལ་བའམ། ཡང་ན་འདས་པའི་གཏོར་མ་ལྷ་དང་འབྱུང་པོ་ཐུན་མོང་གི་ཚུལ་གྱིས་ཕུལ་ཀྱང་རུང་ངོ༌། །དེ་ནས་ཚོགས་བྱིན་གྱིས་བརླབས་ཏེ་ཕུད་ཕུལ་ལ་ཇི་ལྟ་བ་བཞིན་ལོངས་སྤྱད་པ་དང་ཤ་ཆེན་པོའི་བདུག་སྤོས་ཐོགས་ཏེ་རྡོ་རྗེ་དང་དྲིལ་བུ་འཛིན་པས། གཉིས་མེད་ཡེ་ཤེས་ལས་བྱུང་བ། །ཁྱབ་བདག་དངོས་ཀུན་བདག་ཉིད་ཅན། །སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ། །བདག་མེད་མ་དང་ཡང་དག་ལྡན། །ཕྱོགས་དང་མཚམས་ཀྱི་མཁའ་འགྲོ་དང༌། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་ལ་ནི་ཕན་པ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་པ། །ནང་པར་དཀྱིལ་འཁོར་བྲི་བར་བགྱིད། །རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་སྟ་གོན་གྱི་ལྷ་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་ལྷག་མ་བསྡུ། དམ་ཚིག་ཆགས་ཉམས་བཤགས། བཀྲ་ཤིས་ཚིགས་བཅད་བརྗོད། སྨོན་ལམ་གདབ། ལྷག་མ་སྒོ་དྲུང་དུ་བསྐྱལ། འཇིག་རྟེན་པའི་གཏོར་མ་བུད་དཀྲོལ་དང་བཅས་པས་གཤེགས་སུ་གསོལ། ལྷ་རྣམས་ནི་དཀྱིལ་འཁོར་དེ་ཉིད་ལ་བཞུགས་སུ་གསོལ་བའོ། །ལྷ་སྟ་གོན་ལ་གནས་པའོ།།  །།སློབ་མ་སྟ་གོན་ལ་གནས་པ་དོན་བཅུ་ཐམ་པས་བསྡུས་པ་ཡིན་ཏེ། སློབ་མས་ཁྲུས་བྱས་ཤིང་མཎྜལ་ཕུལ། ཐལ་མོ་སྟོང་པ་མ་ཡིན་པས་མེ་ཏོག་ཐལ་མོའི་བར་དུ་བཟུང་བ་སྔོན་དུ་འགྲོ་བས་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་བསྐྱེད་དུ་གཞུག་པ་ནི། གསང་སྔགས་ཐེག་པའི་སྐལ་ལྡན་ཞིང༌། །སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདོད་པས་དེ་ལས་གཞན། །བདག་གཞན་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོ་ལྡན་པ་དག །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། །འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་པའི་དོན་བཤད་ཅིང་ལན་གསུམ་བརྗོད་པར་བྱའོ། །རེ་ཞིག་སྣོད་དུ་རུང་བར་བྱ་བའི་ཕྱིར་ནང་གི་དབང་བསྐུར་བ་ནི། བདག་ཉིད་ཡབ་ཡུམ་གྱི་ང་རྒྱལ་གྱིས་སློབ་མ་རྣམས་རིམ་གྱིས་ཁ་ནས་བཅུག རྗེས་ཆགས་ཀྱི་མེས་སྙིང་གའི་ཐད་ཀར་བཞུ། ཡུམ་གྱི་མཁར་ཕབ་པ་དང་སྐུ་རྡོ་རྗེ་རྣམ་སྣང་འབའ་ཞིག་ཏུ་བསམ། ཡང་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས། སྙིང་གར་ཞུ་བས་སྤྱི་བོ་ནས་མར་དབང་བསྐུར་ཏེ། བཛྲ་ཨ་བྷི་ཥིཉྩ་ཞེས་བརྗོད་པས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གྱུར་པར་བསམས་ལ་སྦྱོར་མཚམས་ནས་ཕྱུང་སྟེ་རིམ་པ་བཞིན་དགོད་དོ། །ཁྱད་པར་ཅན་གྱི་དོན་ཞུ་བ་ནི། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ། །ཞེས་ལན་གསུམ་རྗེས་སུ་བཟླས་པས་སོ། །རྡོ་རྗེ་ཐེག་པའི་ལམ་ལ་སྤྲོ་བ་བསྐྱེད་པ་ནི། བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་པའི་ཆོ་ག་འདི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བ་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ལན་གསུམ་གྱིས་སོ། །ནང་གི་སེམས་བསྐྱེད་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་ཞུགས་པའི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་དང་རྣམ་སྣང་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཆེ་གེ་དུས་འདི་ནས་བཟུང་སྟེ། །ཇི་སྲིད་བདག་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །བདག་གིས་སྡོམ་པ་ལེགས་པར་གཟུང༌། །ཞེས་ལན་གསུམ་རྗེས་སུ་བཟླས་པས་སྤྱི་ཙམ་དུ་བསྟན་པ། བདག་གིས་སྡིག་པ་བགྱིས་པ་དང༌། །བགྱིད་དུ་སྩལ་དང་ཡི་རང་བ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །དེ་དག་ཐམས་ཅད་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །བསྒོམ་དང་བཟླས་བརྗོད་བསོད་ནམས་ཚོགས། །དེ་ལ་བདག་ནི་ཡི་རང་ངོ༌། །སེམས་བསྐྱེད་མངོན་པར་སངས་རྒྱས་དང༌། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །བྱང་ཆུབ་སེམས་དཔའི་ཚོགས་སྤྱོད་པ། །དེ་དག་ལ་ནི་སྐྱབས་སུ་མཆི། །སངས་རྒྱས་འབྱུང་བ་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར། །འདི་ཉིད་དུ་ནི་སེམས་བསྐྱེད་དོ། །མགོན་པོ་བདག་ལ་དགོངས་སུ་གསོལ། །མ་ལུས་བཞུགས་ཤིང་སངས་རྒྱས་རྣམས། །དུས་འདི་ཉིད་ནས་སངས་རྒྱས་བར། །བླ་མེད་བདག་ལ་གཟིགས་སུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་སྡོམ་པ་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །དམ་ཚིག་ཡིད་དུ་འོང་བ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་ཉིད་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ཡི། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །དེ་བཞིན་བརྟན་པོར་གཟུང་བར་བགྱི། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་མི་རིང་སངས་རྒྱས་མྱུར་བསྒྲུབས་ནས། །སེམས་ཅན་འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །བླ་མེད་བྱང་ཆུབ་ཉིད་དུ་བསྒྲལ་བར་བགྱི། །ཞེས་ལན་གསུམ་རྗེས་སུ་བཟླས་སོ། །དེ་ལྟར་སེམས་བསྐྱེད་པ་དང་བླ་མས་སློབ་མ་ཕྱག་གཉིས་པར་བསྒོམས་པའི་དཔྲལ་བར་ཨོཾ་ལས་འཁོར་ལོ། མགྲིན་པར་ཨཱཿལས་པདྨ། སྙིང་གར་ཧཱུྃ་ལས་རྡོ་རྗེ། དེ་གསུམ་གྱི་ལྟེ་བ་ལ་ཡི་གེ་གསུམ་བླ་མ་དང་སློབ་མ་གཉིས་ཀས་བསྒོམ་ཞིང༌། བླ་མས་རྡོ་རྗེ་དང་བཅས་པའི་ལག་པས་བདུད་རྩིའམ་དྲིའི་ཐིག་ལེ་བྱ་ཞིང་འབྲུ་གསུམ་བརྗོད་དོ། །དེ་ནས་ལྷར་དམིགས་ཏེ། རང་རང་གི་སྔགས་དང་བཅས་པས་མེ་ཏོག་མགོ་ལ། བདུག་སྤོས་ཤངས་ལ། ཏིང་ལོའི་མར་མེ་མདུན་དུ། དྲི་ཐུགས་ཀར་སྦྱིན་ནོ། །དངོས་གྲུབ་རབ་འབྲིང་བརྟག་པའི་དོན་དུ་སོ་ཤིང་སྦྱིན་པ་ནི་བའི་རྣམ་ལྔས་བྱུགས་པའི་མཎྜལ་རྒྱར་ཁྲུ་དོ་དང་མཐུག་པའི་ཀོ་བ་ཙམ་གྱི་སྟེང་དུ་མེ་ཏོག་ཚོམ་བུ་གཅིག་བཀོད་ལ་ཁ་ཤར་ཕྱོགས་སུ་བལྟས་ཏེ། ཨོཾ་ཨཱཿཧཱུྃ་བརྗོད་ཅིང་བདུད་རྩིས་བསང་གཏོར་བྱས་པའི་སོ་ཤིང་གཏད་ལ་གསེར་རམ་དངུལ་ལས་བྱས་པར་མོས་ཤིང་སོ་བྲུད་པས་སྡིག་པ་ཐམས་ཅད་སྐྱུགས་པར་བསམས་ལ། ཐལ་མོ་གཉིས་ཀྱི་བར་དུ་བཅུག་ལ་ལྟོས་པ་མེད་པར་དོར་ཏེ། དེ་ཚེ་བདག་ལ་ལྟ་བ་དང༌། །རྩེ་མོ་གྱེན་དུ་འགྲེང་གྱུར་ན། །དེ་ཡིས་དངོས་གྲུབ་མཆོག་ཅེས་བཤད། །དེ་བཞིན་གཞན་དུ་ཁ་བལྟས་ན། །དེ་བཞིན་དངོས་གྲུབ་འབྲིང་དུ་བཤད། །མཚམས་དང་བྱང་དུ་ཁ་བལྟས་ན། །འཇིག་རྟེན་པ་ཡི་དངོས་གྲུབ་ཐོབ། །སོ་ཤིང་དོར་བས་རྒྱ་ཞིག་ལ། །གལ་ཏེ་ཐུར་དུ་ཁ་བལྟས་ན། །དེ་ནི་ངེས་པར་ས་འོག་གི །དངོས་གྲུབ་དེ་ལ་ཐེ་ཚོམ་མེད། །ཅེས་གཞུང་ལས་འབྱུང་བའི་ཚུལ་གྱིས་མཚན་མ་བཤད་དོ།།  །།ཁ་དག་པར་བྱ་བའི་ཕྱིར་སྐྱོར་ཆུ་བླུད་པ་ནི་དྲིའི་ཆུ་ལག་པ་གཡས་པར་བླུག་ཅིང་འཐུང་དུ་གཞུག་སྟེ། ཨོཾ་ཧྲཱི་བི་ཤུདྡྷ་སརྦ་དྷརྨཱཿསརྦ་པཱ་པཾ་ནིཤྩ་སྱ་ཤོ་དྷ་ཡ་སརྦ་བི་ཀལྤཱ་ཨ་པ་ནཱ་ཡ་ཧཱུྃ་ཞེས་བརྗོད་དེ་སྡིག་པ་ཐམས་ཅད་བཀྲུས་ཤིང་དག་པར་བསམ་མོ། །རྨི་ལམ་གསལ་བ་ལ་སོགས་པ་རེ་ཞིག་དག་བྱེད་དུ་ཀུ་ཤ་སྦྱིན་པ་ནི་འབྲུ་གསུམ་བརྗོད་ཅིང་བདུད་རྩིས་བསངས་ཏེ། རྨ་བྱའི་མགྲིན་པ་ལྟ་བུ་མཆོག་ཏུ་གྱུར་པར་མོས་ལ་ཆུང་ངུ་ལ་དྷཱིཿབཟླས་ལ་གཡོན་དུ་སྔས་སུ་སྦྱིན། ཆེ་ཤོས་ལ་ཧ་བཟླས་ལ་གཡས་སུ་སྟན་དུ་སྦྱིན། བར་ཆད་མི་འབྱུང་བར་བྱ་བའི་དོན་དུ་སྲུང་སྐུད་གདགས་པ་ནི། སྐུད་པ་དམར་པོ་རྐྱང་པ་ལུས་ཚད་ཙམ་ལ་སུམ་སྒྲིལ་བྱས་པ་མི་དམིགས་ཏེ། སྟོང་པའི་ངང་ལས་ཧཱུྃ་ལས་དམ་ཚིག་གི་སྐུད་པ་ཇི་ལྟ་བ་བཞིན་བསྐྱེད། བདག་ཉིད་ཀྱི་ཐུགས་ཀའི་ས་བོན་ལས་འོད་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུད་པ་དྲངས་ལ་གཉིས་སུ་མེད་པར་བསྟིམ། ཧཱུྃ་བཟླས་ཤིང་མདུད་པ་གསུམ་མམ་བདུན་བོར་ལ་མདུད་པ་ལ་ཧཱུྃ་དུ་མོས། བཅོམ་ལྡན་འདས་ཀྱི་སྙིང་པོའི་སྔགས་བཟླས་ལ་དཔུང་པ་གཡོན་པར་བཅིངས་ཏེ། སྲུང་སྐུད་ནས་བཟུང་ལ་ཡི་གེ་བརྒྱ་པ་ཚར་གཅིག་བཟླས་སོ། །ཆོས་ཟབ་མོ་བཤད་དེ་སྤྲོ་བ་བསྐྱེད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ན་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མར་ནི། །སྔོན་དུ་སྡིག་པ་བྱས་པ་གང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་ཞིག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་དྲི་མེད་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཞིག་རྒྱལ་བ་སྲས་བཅས་པའི། །བདག་ཉིད་ཆེན་པོ་ཐམས་ཅད་ཀྱི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པར། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པ་ཉིད་དུ་གྲོལ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བ། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་བརྗོད་ལ་དེའི་དོན་བཤད་དོ། །དེ་ནས་ཀུ་ཤའི་སྟན་དང་སྔས་ལ་སེང་གེའི་ཉལ་སྟབས་ཀྱིས་བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་ལ་གུས་པའི་ཡིད་ཀྱིས་འཇིག་རྟེན་གྱི་རྣམ་རྟོག་སྤངས་ཏེ་ཉོལ་ཅིག་ཅེས་བསྒོ་བར་བྱའོ།།  །།དེ་ནས་བུམ་པ་སྐད་ཅིག་གིས་སྟོང་པར་བསྒོམས་པའི་ངང་ལས་ཁཾ་ངམ་བྷྲཱུྃ་གཅིག་གམ་བཅུ་ཐམ་པ་ཡོངས་སུ་གྱུར་པ་ལས་བུམ་པ་བཅུ་མཚན་ཉིད་དང་ལྡན་པ་དྭངས་ཤིང་ཐོགས་པ་མེད་པ་མཆོག་ཏུ་གྱུར་པ་ཡིད་དུ་འོང་བར་བསྐྱེད། དེ་རྣམས་ཀྱི་ནང་དུ་པྃ་ལས་པདྨའི་སྟེང་དུ་ཨྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་རང་གི་ས་བོན་ལས་ལྷ་དགུ་བསྐྱེད། ལས་ཐམས་ཅད་པའི་བུམ་པར་བདུད་རྩི་འཁྱིལ་པ་སྐུ་མདོག་ནག་པོ། གཡས་རྡོ་རྗེ་གདེངས་པ། གཡོན་ཐུགས་ཀ་ན་སྡིགས་མཛུབ་ཞབས་གཡོན་བརྐྱང་པས་བཞུགས་པ་བསྐྱེད། བདག་ཉིད་ཀྱི་ཐུགས་ཀའི་འོད་ཟེར་གྱིས་ལྷ་དགུ་དང་བདུད་རྩི་འཁྱིལ་པ་སྤྱན་དྲངས་ལ་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་དགུག་གཞུག་ཇི་ལྟ་བ་བཞིན་བྱ། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར། རིགས་ཀྱི་བདག་པོའི་རྒྱས་གདབ་པ་བདུད་རྩི་འཁྱིལ་པ་ལ་མི་བསྐྱོད་པས་སོ། །དེ་ནས་ཕྱིའི་མཆོད་པ་དང༌། བདུད་རྩིའི་མཆོད་པ་དང་ལྷ་མོ་བརྒྱད་ཀྱི་མཆོད་པས་མཆོད། བསྟོད་ཐུང་གིས་བསྟོད་ལ། རྡོ་རྗེ་དང་བཅས་པའི་ཀ་པཱ་ལའི་བདུད་རྩི་རིམ་པ་བཞིན་བཞག་ཅིང་རྡོ་རྗེ་ལྟེ་བའི་གཟུངས་ཐག་ནས་བཟུང་ལ་བདག་ཉིད་ཀྱི་འཁོར་བའི་བཟླས་པ་ལས་སྔགས་ཕྲེང་རྡོ་རྗེའི་གཟུགས་ཐག་ལ་འཁྲིལ་ནས་ལྷ་ལ་ཕོག་པས་བ་སྤུའི་ཁུང་བུ་ནས་བདུད་རྩི་འཛག་པར་བསམས་ལ། བསྙེན་པའི་དུས་སུ་བཟླས་པའི་སྔགས་དེ་རྣམས་ཉིད་དང༌། ལས་ཐམས་ཅད་པ་ལ་བདུད་རྩི་འཁྱིལ་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་པའི་མཐར་བདུད་རྩི་ཐིགས་པ་རེ་བླུགས་པས་ལྷ་རྣམས་འོད་དུ་ཞུ་བར་བསམ་མོ། །བུམ་པ་སྟ་གོན་ནོ།།  །།དེ་ནས་འཇིག་རྟེན་ལས་འདས་པའི་གཏོར་མ་གཤེགས་ཏེ། བདག་ཉིད་བསྲུངས་ལ་ཉལ་བའི་རྣལ་འབྱོར་གྱི་ཚུལ་གྱིས་ཉལ། ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལངས་ཏེ། ལྷའི་རྣལ་འབྱོར་རྫོགས་པར་བསྒོམ་པ་དང་བཟླས་པ་བྱ་སྟེ་དཀྱིལ་འཁོར་བསྡུས་ལ་རྨི་ལམ་དྲི་བར་བྱའོ། །བཟང་ན་སྤྲོ་བ་བསྐྱེད་ཅིང་ངན་ན་བའི་རྣམ་ལྔ་བླུད། དྲག་པོའི་སྤྱིན་སྲེག་གམ་མ་གྲུབ་ན་རྩ་བའི་སྔགས་བརྗོད། ཡུངས་ཀར་གྱིས་བརྡེགས་པས་བགེགས་བཟློག་པར་བྱའོ། །དཀྱིལ་འཁོར་ཞག་གི་ཉིན་པར་གྱི་བྱ་བ་ལ་གསུམ་ལས། དང་པོ་ཐིག་གི་ཆོ་ག་ནི། ཕྱག་གཉིས་པའི་ང་རྒྱལ་དང་ལྡན་པས་སྟ་གོན་གྱི་ལྷ་བློས་ནམ་མཁའ་ལ་བཏེག་ལ་བུམ་པ་རྣམས་དབེན་པའི་གནས་སུ་གདན་ལ་བཀོད་དེ་ན་བཟའ་གསོལ་ལ་མི་མངོན་པར་བྱའོ། །མཆོད་པ་རྙིང་པ་ཐམས་ཅད་གཤེགས་སུ་གསོལ། ཕྱག་དར་བྱ། བའི་རྣམ་པ་ལྔ་དང་དྲི་ཞིམ་པོས་སྐྱང་ནུལ་བྱ་ཞིང༌། མེ་ཏོག་སིལ་མ་ཅུང་ཟད་གཏོར། རྡུལ་ཚོན་ལ་སོ་སོའི་ཡིག་འབྲུ་བཀོད་པའི་སྟེང་དུ་ཐིག་སྐུད་བསྡོགས་པ་སོ་སོར་བཞག་ལ་དབུས་ནག་པོར་བཞག་པའི་ཚུལ་གྱིས་ཕྱོགས་ཕྱོགས་སུ་དགོད། ཕྱི་མཆོད་དང་བདུད་རྩིའི་མཆོད་པ་ཡང་བཤམ་མོ། །དེ་ནས་ཐིག་ཚོན་སྐད་ཅིག་གིས་སྟོང་པར་བསྒོམས་པའི་ངང་ལས་ས་བོན་ལྔ་ལས་རིགས་ལྔར་བསྐྱེད། མ་དང་ཊ་ལས་ཉི་ཟླར་བསམས་པའི་མིག་གི་རྫི་མ་གཡོ་བའི་ཕྱག་རྒྱ་དང་བདག་ཉིད་ཀྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་པའི་རིགས་ལྔ་སྤྱན་དྲངས་ལ་བསྟིམ། ཕྱི་དང་བདུད་རྩི་དང་ལྷ་མོ་བརྒྱད་ཀྱིས་མཆོད་ལ། འོད་དུ་ཞུ་བ་ལས་ངོ་བོ་རིགས་ལྔ་ཡིན་པའི་ཐིག་སྐུད་ཚོན་གྱི་རྣམ་པར་གྱུར་པར་བསམ། དེ་ནས་ལས་ཀྱི་རྡོ་རྗེ་གཽ་རཱིའི་ང་རྒྱལ་དང་ལྡན་པའི་ལག་ཏུ་སྔོན་པོ་ནས་རིམ་པ་བཞིན་དུ་བརྐྱང་ཞིང་གཉི་གས་ཛཿབརྗོད། བཅོམ་ལྡན་འདས་ཀྱི་སྙིང་པོའི་སྔགས་བརྗོད་ཅིང་བསྒྲིལ་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ་ཞེས་པ་བརྒྱ་རྩ་བརྒྱད་བཟླས། ཐིག་སྐུད་ཀྱི་དང་པོར་ཨོཾ། མཐར་ཨཱཿ དབུས་སུ་ཧཱུྃ་བཀོད། སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས་ལ་རྡོ་རྗེ་ལ་དཀྲིས་ཏེ་ཚོན་དབུས་མའི་སྟེང་དུ་བཞག ཚོན་ལ་ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ་བརྒྱ་རྩ་བརྒྱད་དུ་བཟླས་ལ་ཁ་དོག་མཆོག་ཏུ་གྱུར་ཅིང༌། འོད་དང་ལྡན་པར་བསམ། ཐེག་ཚོན་གཉིས་ཀ་རིགས་ལྔའི་རང་བཞིན་དུ་མོས་ནས། མཆོད་པས་མཆོད་ལ། ཚོན་གནས་དབེན་པར་གཞག་གོ །དེ་ནས་བླ་མ་ཆུ་བདག་ཏུ་འདུག་སྟེ་གཽ་རཱིའི་ང་རྒྱལ་དང་ལྡན་པའི་སློབ་མ་བརྒྱ་བྱིན་དུ་འདུག་པའི་ལག་ཏུ་གཉིས་ཀས་ཛ་གསུམ་གསུམ་བརྗོད་ཞིང་བརྐྱང་ལ་ལྟེ་བའི་ཐད་ཀར་ཁུ་ཚུར་གཡོན་པས་བཟུང་སྟེ་སྟེང་དུ་ནམ་མཁར་ཐིག་གདབ་སྟེ། ཐིག་སྐུད་ཀྱི་སྒྲས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སེམས་ཅན་གྱི་དོན་མཛད་པའི་དུས་ལ་བབ་པ་ཡིན་ཞེས་བསྐུལ་བས་བྱོན་པར་བསམ་མོ། །དེ་བཞིན་དུ་གཡས་སྐོར་གྱིས་གུ་རུ་གཤིན་རྗེའི་ཕྱོགས་སུ་འདུག་ལ། ཤིཥྱ་གནོད་སྦྱིན་དུ་འདུག་ལ་ཚངས་ཐིག་གཉིས་པ་གདབ། གུ་རུ་བྱིན་ཟར་འདུག་ལ། ཤིཥྱ་དབང་ལྡན་དུ་འདུག་ལ་ཤར་གདབ། གུ་རུ་རླུང་གི་ཕྱོགས་སུ་འདུག་ལ། ཤིཥྱ་བདེན་བྲལ་དུ་འདུག་ལ་ནུབ་གདབ། གུ་རུ་དེ་ཉིད་དུ་འདུག་ལ། ཤིཥྱ་དབང་ལྡན་དུ་འདུག་ལ་བྱང་གདབ། གུ་རུ་བྱིན་ཟར་འདུག་ལ་ཤིཥྱ་བདེན་བྲལ་དུ་འདུག་ལ་ལྷོ་གདབ་པར་བྱའོ། །ཡང་གུ་རུ་དེ་ཉིད་དུ་གནས་ཏེ། ཤིཥྱ་རླུང་མཚམས་སུ་འདུག་ལ་མཚམས་ཐིག་དང་པོ་གདབ། གུ་རུ་བདེན་བྲལ་དུ་གནས་ཏེ། ཤིཥྱ་དབང་ལྡན་དུ་འདུག་ལ་ཟུར་ཐིག་གཉིས་པ་གདབ་བོ། །དེ་ལྟར་རྩ་བའི་ཐེག་ཆེན་བརྒྱད་ཡེ་ཤེས་ཀྱི་ཐིག་གི་བྱིན་གྱིས་བརླབས་ཏེ་ལས་ཀྱི་ཐིག་གིས་ཆ་བགོ་བ་ནི། སྐུད་པ་དཀར་པོ་སུམ་སྒྲིལ་བ་གཅིག་གིས་ཐིག་བསྐོར་བ་ལ་སོགས་པ་སྔར་དང་མཐུན་པས་རྡོ་རྒྱུས་ལ་སོགས་པས་ཆ་རྣམས་ལེགས་པར་ཕྱེ་ལ། དབང་ལྡན་གྱི་མཚམས་ནས་བརྩམས་ཏེ་ཕྱི་རོལ་དུ་ཆ་ཕྲན་རེ་རེ་རིམ་པ་གཉིས་སུ་བསྐོར། ནང་དུ་ཡང་གདན་གྱི་པདྨ་རན་པར་བསྐོར་བར་བྱའོ། །དེ་ནས་བླ་མས་དཀྱིལ་འཁོར་གྱི་དབུས་སུ་འདུག་པའམ་འདུག་པར་མོས། མིག་གཉིས་ཉི་མའི་དཀྱིལ་འཁོར་བསམས་ལ་སྨིན་མ་བཙུམས་པའི་ཁྲོ་གཉེར་གྱི་མིག་གྱེན་ལ་བཟློག་ལ་ལྟ་ཞིང་ཧི་ཧི་ཞེས་བརྗོད་པས་སྒོ་རྣམས་ཕྱེ་བར་བསམ། བཛྲ་བེ་ག་ཞེས་བརྗོད་པས་ཡེ་ཤེས་ཀྱི་ཐིག་ནམ་མཁའ་ལ་བཏེག་སྟེ་ཕྱིར་འཐོན་ལ་ཡེ་ཤེས་ཀྱི་སྐུད་པ་ལ་མཆོད་པས་མཆོད་དེ། སྭཿཨརྠཉྩཻ་ཝ་པ་ར་ཨརྠཉྩ། སཱ་དྷི་ཏྭཾ་གཙྪཿཞེས་བརྗོད་པས་ཐིག་སྐུད་ཀྱི་ཡེ་ཤེས་པ་གཤེགས་སུ་གསོལ་ལོ། །ཐིག་གི་ཆོ་གའོ། །དེ་ནས་ཡང་ཨོཾ་བཛྲ་བེ་ག་ཞེས་བརྗོད་པས་ཡེ་ཤེས་ཀྱི་ཐིག་ནམ་མཁར་བཏེག་ལ། ནང་དུ་ཞུགས་ལ། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་སྒྲོལ་བྱེད་པ། །དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཉིད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་གྲོལ་བས། །ཚོན་གྱི་ལས་ནི་ཡང་དག་བརྩམས། །ཞེས་བརྗོད་ཅིང་གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་གྱི། མཚམས་ནས་ཤར་ཕྱོགས་སུ་སོར་ཞིའི་ཚད་ཙམ་ནག་པོ་དང་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུའི་རིམ་པས་བྲིས་ལ། རིགས་ལྔར་མོས་ལ། མཆོད་པས་མཆོད་ཅིང་ཀ་པཱ་ལས་བཀབ་སྟེ་རྡོ་རྗེས་མནན་ལ་གཞག་གོ །དེ་ནས་ལས་ཀྱི་རྡོ་རྗེ་ལ་སོགས་པ་ཚོན་གྱི་ལས་ལ་མཁས་པས་བྲིས་ཏེ། སྙིང་པོའི་སའི་ཆའི་ཁ་དོག་སྔོན་པོ། ཕྱོགས་ཀྱི་ཆའི་ཁ་དོག་ནི། གཽ་རཱི་ལ་སོགས་པ་བཞི་དང་བསྟུན་པའམ་ཡང་ན་ཤར་དཀར་བ་ལ་སོགས་པའོ། །མཚན་མ་ནི་དབུས་སུ་པདྨ་དང་ཉི་མ་ལ་བདུད་བཞི་བརྩེགས་པའི་སྟེང་དུ་ཐོད་པ་དུམ་བུ་གསུམ་པ་དཀར་པོ་དཔྲལ་བའི་ངོས་སུ་སྣ་ཚོགས་རྡོ་རྗེས་མཚན་པ་དང་ཟངས་ཀྱི་གྲི་སྔོན་པོའོ། །ལྷ་མོའི་གནས་རྣམས་སུ་རང་རང་གི་རྩ་བའི་ཕྱག་མཚན་སྐུ་མདོག་དང་མཐུན་པ་རང་རང་གི་གདན་ལ་བཀོད་དེ། ཐམས་ཅད་ཀྱང་རང་རང་གི་སྙིང་པོ་བརྗོད་ཅིང་བྱ་བའོ། །དེ་ནས་བུམ་པ་གཞན་རྣམས་ནས་ཆུ་ཐིགས་རེ་རྣམ་རྒྱལ་དུ་བསྡུས་ལ་བུམ་པ་རྣམས་ལག་ཏུ་བཟུང་ལ། སྤོས་ཀྱིས་སྣ་དྲངས་ཏེ་རོལ་མོ་སྣ་ཚོགས་དང་བཅས་པས་ཡི་གེ་བརྒྱ་པ་བརྗོད་ཅིང་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ལ་རང་རང་གི་གནས་སུ་བཀོད་ཅིང་ལས་ཐམས་ཅད་པ་བྱང་ཤར་མཚམས་སུ་དགོད་དོ། །ཕྱིའི་མཆོད་པ་དང་ན་བཟའ་དང་བདུད་རྩི་རྣམས་ཀྱང་སྟ་གོན་གྱི་དུས་ལས་ལྷག་པ་ཁོར་ཡུག་ཏུ་བཤམ་པར་བྱའོ། །གཏོར་མ་དང་ཚོགས་ཀྱི་ཡོ་བྱད་ཀྱང་ཇི་ལྟ་བ་བཞིན་དུ་བཤམ་པར་བྱའོ། །དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པ་ཐམས་ཅད་ཀྱང་གོས་ཁ་དོག་སྣ་ཚོགས་ལ་སོགས་པས་ཀླུབས་ཤིང་མཛེས་པར་བྱའོ། །འཇུག་ཅིང་དབང་བསྐུར་བའི་རྫས་དང་ཡོ་བྱད་ཐམས་ཅད་ཀྱང་འཚོག་ཆས་བྱའོ། །བུམ་པ་དབུལ་ཞིང་རྒྱན་དང་མཆོད་པ་བཤམ་པའོ། །སྲོད་ཐུན་གྱི་དང་པོ་ལ་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་ནི། དམ་ཚིག་དང་ལྡན་པའི་རྣལ་འབྱོར་ཕོ་མོ་འབྱོར་པ་དང་སྦྱར་ལ་སྤྱན་དྲང་ཞིང་གྲལ་ལ་དགོད། མཎྜལ་དང་མེ་ཏོག་སྔོན་དུ་འགྲོ་བས་ལྷའི་རྣལ་འབྱོར་ལ་གསོལ་བ་གདབ། ཡི་གེ་བརྒྱ་པས་དམ་ཚིག་བཤགས་པ་སྔོན་དུ་འགྲོ་བས་ཚོགས་གཉིས་བསག་པ་ཇི་ལྟ་བ་བཞིན་བསྒོམ། སྲུང་བའི་འཁོར་ལོ་བསྒོམ་པ་ནས་རྡུལ་ཚོན་གྱི་སྲུང་འཁོར་དང་ཐ་མི་དད་ཅིང་ཡན་ལག་བཞིས་གཞལ་ཡས་ཁང་བསྐྱེད་པའང་རྡུལ་ཚོན་དང་ཐ་མི་དད་དུ་མོས། མངོན་བྱང་ལྔས་གཙོ་བོ་བསྐྱེད་པ་དབུས་ཀྱི་མཚན་མ་དང་ཐ་མི་དད་དུ་བྱ་ཞིང་གསལ་གདབ། མཁའ་གསང་བྱིན་གྱིས་བརླབ། སྙོམས་པར་ཞུགས་པའི་སྟོབས་ཀྱིས་དཀྱིལ་འཁོར་བསྒྲུབ་པ་སྟེ་འདུ་ཤེས་གསུམ་དང་ལྡན་པས་སྙོམས་པར་ཞུགས་པའི་སྒྲས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྣ་གཡོན་ནས་ཞུགས། རྗེས་ཆགས་ཀྱི་མེས་སྙིང་གའི་ཐད་ཀར་ཞུ། སྐུའི་དབྱིབས་བརྒྱུད། རྡོ་རྗེ་ལམ་ནས་ཡུམ་གྱི་མཁར་ཐིག་ལེའི་གཟུགས་ཀྱིས་ཕབ་པ་ལས་ལྷ་དགུ་གཞལ་ཡས་ཁང་གདན་དང་བཅས་པ་རྫོགས་པར་བསྐྱེད། དེ་ལྟར་གཙོ་བོ་ཡབ་ཡུམ་ལས་ཡབ་ཡུམ་དཔག་ཏུ་མེད་པར་གྱུར་ཏེ་སྤྲོས་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཞེ་སྡང་དང་རྣམ་པར་ཤེས་པའི་ཕུང་པོ་སྦྱངས་ནས་ཆོས་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས། རྣམ་པ་ཡབ་ཡུམ་འབའ་ཞིག་ཏུ་གྱུར་ནས་དོན་བྱེད་པ་དང་བྱས་པ་གཉིས་ཀ་ཚུར་འདུས་ཏེ་བདག་ཉིད་ལ་བསྟིམ། གཽ་རཱི་དཔག་ཏུ་མེད་པར་གྱུར་ཏེ་སྤྲོས་པས། སེམས་ཅན་ཐམས་ཅད་ཀྱི་གཟུགས་ཀྱི་ཕུང་པོ་དང༌། ཉོན་མོངས་པ་གཏི་མུག་སྦྱངས་ནས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རྟོགས་པ་རྒྱུད་ལ་སྐྱེས། རྣམ་པ་གཽ་རཱི་འབའ་ཞིག་ཏུ་གྱུར་ཏེ་གཉིས་ཀ་ཚུར་འདུས་ནས་གཽ་རཱིའི་མཚན་མ་ལ་ཐིམ་པས་གཽ་རཱི་གཅིག་ཏུ་གྱུར་ཏེ། རྣམ་པ་གསལ་གདབ་པ་ལ་སོགས་པའོ། །མཚམས་ཀྱི་བཞི་ལ་པུཀྐ་སཱི་ལས་པུཀྐ་སཱི་དཔག་ཏུ་མེད་པར་གྱུར་ཏེ་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་འབྱུང་བ་སའི་རྟོག་པ་སྦྱངས་ནས་བྱམས་པ་ཚད་མེད་པ་རྒྱུད་ལ་བསྐྱེད་ནས་པུཀྐ་སཱིའི་རྣམ་པར་གྱུར་ནས་གཉིས་ཀ་འདུས་ཏེ། པུཀྐ་སིའི་མཚན་མ་ལ་ཐིམ་པས་པུཀྐ་སཱི་གཅིག་ཏུ་གྱུར་པ་ལ་སོགས་པ་སྦྱར་རོ། །གཞལ་ཡས་ཁང་ཡང་སྤྲོས་ཏེ་གཞལ་ཡས་ཁང་དེ་ཉིད་ལ་ཐིམ་པས་གཞལ་ཡས་ཁང་ཉིད་ཀྱང་སྣོད་ཀྱི་འཇིག་རྟེན་དང་རོ་གཅིག་ཏུ་གྱུར་པར་བསྒོམ་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་སྟ་གོན་གྱི་དུས་སུ་ནམ་མཁའ་ལ་བཏེག་ནས་ཡོད་པ་དེ་ཉིད་ལ་ལྷ་མོ་བརྒྱད་ཀྱིས་མཆོད། བསྟོད་པ་ཐུང་ངུས་བསྟོད། རྩ་བའི་སྔགས་བརྗོད་པས་བགེགས་བསྐྲད་ལ་གཽ་རཱི་ལ་སོགས་པའི་ཏིང་ངེ་འཛིན་དང་སྔགས་དང་ཕྱག་རྒྱས་དགུག་གཞུག་བཅིང་དབང་དུ་བྱས་ལ་ཡི་གེ་བརྒྱ་པས་བརྟན་པར་བྱ། གཙོ་བོ་ལ་སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར་རིགས་ཀྱི་བདག་པོའི་རྒྱས་གདབ་བོ། །དེ་ནས་གཙོ་བོ་ལས་བདག་ཉིད་ཕྱག་གཉིས་པའི་རྣམ་པར་བྱེ་ལ། མཆོད་པ་བྱིན་གྱིས་བརླབ་པ་ནས་འཇིག་རྟེན་པའི་གཏོར་མ་གཤེགས་སུ་གསོལ་བའི་བར་སྟ་གོན་གྱི་སྐབས་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །སློབ་དཔོན་དང་སློབ་མ་འཇུག་པའི་ལས་ལ། སློབ་དཔོན་བདག་ཉིད་འཇུག་པ་ནི་ཡོལ་བའི་ཕྱི་རོལ་གྱི་བྱ་བ་དང༌། ཕྱི་རོལ་ནས་ནང་དུ་འཇུག་པའི་ཆོ་ག་རྣམས་ཀྱི་དོད་ནི་གཙོ་བོ་ལས་གཙོ་བོ་གཅིག་ཆད་པས་བྱ་སྟེ། གཙོ་བོ་ཉིད་ལ་ཐིམ་པར་བསམ། གཞན་བླ་མས་བརྗོད་པ་རྣམས་ནི་གཙོ་བོས་བརྗོད་པར་བསམ་ཞིང་དངོས་སུ་རང་གིས་བརྗོད་པའི་ཚུལ་གྱིས་འཇུག་པ་དང༌། སློབ་མ་ལ་ཇི་ཙམ་བསྐུར་ཚད་ཀྱི་དབང་བླང་བར་བྱ་སྟེ། ཆུའི་དབང་གི་དུས་སུ་བུམ་པའི་ཆུས་ཁྲུས་བྱས་ན་ཡང་ལེགས་ལ་དབང་རྫས་གཞན་ནི་དངོས་སུ་མི་དགོས་སོ། །སློབ་མ་འཇུག་པ་ནི་སློབ་མས་ཁྲུས་བྱ་བ་དཀྱིལ་འཁོར་དུ་འཇུག་པའི་ཡོན་ཕུལ་བ་དང༌། བླ་མས་བདེན་པའི་སྟོབས་བརྗོད་དེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །དེ་བཞིན་དེ་ཉིད་ངེས་པར་འབྱུང༌། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །དྲི་མེད་ཐམས་ཅད་མཐོང་བར་ཤོག །ཅེས་པ་ལན་གསུམ་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་སྣང་ལ་རང་བཞིན་མེད་པ་གཟུགས་བརྙན་ལྟ་བུ་མཐོང་བར་ཤོག་ཅིག་པའོ། །དེ་ནས་གཉིས་ཀས་སློབ་མ་སྐུ་རྡོ་རྗེ་རྣམ་སྣང་དུ་དྲན་ལ། ཨོཾ་ཨ་ཁཾ་བཱི་ར་ཧཱུྃ་ཞེས་བརྗོད་པས་གདོང་གཡོགས་བཅིང༌། མེ་ཏོག་གི་ཕྲེང་བ་གཏད། བདུད་རྩི་འཁྱིལ་པའི་སྔགས་བརྗོད་ཅིང་ལས་ཐམས་ཅད་པའི་བུམ་པའི་ཆུས་བསང་གཏོར་བྱ། ཁྱོད་སུ་ཡིན་ཅི་ལ་དགའ་ཞེས་དྲི། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །ཞེས་ལན་བྱ། དེས་བུ་ཁྱོད་ཅི་བྱ་ཞེས་དྲི། སངས་རྒྱས་མཆོག་གི་དམ་ཚིག་གོ །ཞེས་ལན་བྱ། དེ་ནས་སློབ་མ་ཧེ་རུ་ཀ་ཕྱག་གཉིས་པར་བསྒོམས་པའི་སྙིང་གར་ཟླ་བའི་སྟེང་དུ་རང་གི་སེམས་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་དེ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་རྣམ་པར་གཉིས་ཀས་བསམ་ཞིང་རྡོ་རྗེ་སྙིང་གར་བཟུང་སྟེ། ཨོཾ་བཛྲ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། སུ་ར་ཏི་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བརྗོད་ལ་རང་གི་སེམས་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་རྟོགས་པར་གྱིས་ཤིག་ཅེས་བྱ་བ་ཡིན་ནོ་ཞེས་བརྡ་སྤྲད་དོ། །དེ་ནས་དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཆོག་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་སྟེ་མ་དད་པ་རྣམས་ལའང་མ་ཡིན་ནོ། །ཞེས་བརྗོད་པ་དང་ལག་པ་གཡས་པ་རྡོ་རྗེ་ནས་འཛིན་དུ་བཅུག་སྟེ་ཧཱུྃ་ཛཿཧཱུྃ་ཞེས་པས་ཡོལ་བའི་ནང་དུ་དྲངས་ལ་དཀྱིལ་འཁོར་གྱི་ཤར་གྱི་སྒོ་ནས་གཙོ་བོའི་མདུན་དུ་བཞག་པར་གཉིས་ཀས་མོས་པ་བྱའོ། །ཕྱིའི་འཇུག་པའོ།།  །།ནང་དུ་འཇུག་པ་ནི། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །གཙོ་བོ་ལྷ་མོར་བཅས་པ་ཡི། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་པར་གསོལ། །དོན་དམ་སྨྲ་བའི་སེང་གེ་རྣལ་འབྱོར་ཞེས་བྱ་བ། །ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉེས་བརྒྱ་སྐྱེད་རྩ་ཉོན་མོངས་ཆོམས་མཛོད་ལ། །རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་བདག་ལ་གྲུབ་པར་མཛོད། །ཅེས་པ་ལན་གསུམ་གྱིས་སློབ་མས་བླ་མ་ལ་གསོལ་བ་གདབ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་པ་ལན་གསུམ་གྱིས་བླ་མས་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་གདབ། དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕྱག་བྱ་སྟེ། ཐལ་མོ་དཔྲལ་བར་སྦྱར་ལ་ཨོཾ་ན་མ་སྟེ་ཧཱུྃ་ཞེས་བརྗོད་ལ་ཡིད་ཀྱིས་ཕྱག་འཚལ་བར་མོས་ཏེ་སྐུའི་ཕྱག་གོ །ཁའི་ཐད་ཀར་སྦྱར་ལ་ན་མཱ་མི་ཧཱུྃ་ཞེས་བརྗོད་ལ་ཕྱག་འཚལ་བར་མོས་ཏེ་གསུང་གི་ཕྱག་གོ །སྙིང་གར་སྦྱར་ལ་ན་མོ་ན་མ་ཧཱུྃ་ཞེས་བརྗོད་ལ་ཕྱག་འཚལ་བར་མོས་ཏེ་ཐུགས་ཀྱི་ཕྱག་གོ །དེ་ནས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་ཡིད་འོང༌། །སྡོམ་པ་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །བློ་ཆེན་ཁྱོད་ཀྱིས་གཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་གྲགས་སོ། །སློབ་དཔོན་ཁྱོད་ཀྱིས་གཟུང་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །རིན་ཆེན་རིགས་ལ་རྟག་ཏུ་ནི། །ཉིན་རེ་བཞིན་ནི་ལན་དྲུག་ཏུ། །ཆོས་དང་ཟང་ཟིང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང༌། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བ་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཞེས་ལན་གསུམ་བསྒྲགས་ལ། སློབ་མས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་གསུམ་གྱིས་ཁས་བླངས་ཏེ་སྟ་གོན་གྱི་སྐབས་སུ་ཕོག་པའི་དམ་ཚིག་དང་སྡོམ་པ་དྲན་དུ་གཞུག་པའོ། །དེ་ནས་སློབ་མ་རེ་རེ་ནས་སྤྱི་བོར་རྡོ་རྗེ་བཞག་སྟེ། དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། གང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་ཅི་སྨོས་ཀྱི། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ་དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་བརྗོད་པས་ཕན་ཡོན་གྱི་སྒོ་ནས་དམ་ལ་གཞག ཡང་སྤྱི་བོར་རྡོ་རྗེ་བཞག་ཅིང༌། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པ་ནི། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བརྗོད་པས་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་གཞག ཀཱ་པཱ་ལའི་ནང་དུ་བདུད་རྩི་ཡིག་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ལ། ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋཿཋཿཋཿ ཞེས་བརྗོད་ལ་འཐུང་དུ་བཅུག་སྟེ་གཉིས་ཀའི་སྒོ་ནས་དམ་ལ་གཞག་པའོ། །ཡང་རྡོ་རྗེ་མགོར་བཞག་ལ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱིས། གང་འདི་བྱོས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པའི་ལས་མ་བྱེད་ཅིག བྱས་ན་ཁྱོད་མི་བདེ་བ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཞེས་པས་བླ་མའི་བཀའ་མཉན་པའི་སྒོ་ནས་དམ་ལ་གཞག་པའོ། །དེ་ནས་ཡེ་ཤེས་དབབ་པ་ནི། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ཤིག དཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛོད་ཅིག་ཅེས་ལན་གསུམ་གསོལ་བ་བཏབ་པ་དང༌། སློབ་མ་རྣམས་ལ་བདུད་རྩི་བླུད་ལ། གུ་གུལ་གྱི་དུད་པ་གཏུལ་ཞིང་གཉིས་ཀས་སློབ་མའི་སྙིང་གར་ལྃ་ལས་བྱུང་བའི་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་ཟུར་བཞིར་རྡོ་རྗེ་ཕྱེད་པས་མཚན་པའི་དབུས་སུ་ཧཱུྃ། མགྲིན་པར་བྃ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པའི་དབུས་སུ་ཨ། སྤྱི་བོར་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་བ་དན་གྱིས་མཚན་པའི་དབུས་སུ་ཧ། རྐང་པའི་མཐིལ་གྱི་འོག་ཏུ་རླུང་དང་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོའི་སྟེང་དུ་ཡི་གེ་ཛྷཻཾ་བསྒོམས་ཏེ་རླུང་གཡོས་ཏེ་ཛྷཻཾ་ལས་མེ་འབར་བས་ཆུ་དང་སའི་དཀྱིལ་འཁོར་དྲོས་ཤིང་རླངས་པ་འཕྱུར་བ་དང༌། འོག་གི་རླུང་གིས་འདེགས་ཤིང་སྟེང་གི་རླུང་གིས་གནོན་པར་ཡང་བསྒོམས་ལ་རྩ་སྔགས་ལ་སོགས་པ་བསྙེན་པ་གང་ལ་བྱས་པའི་སྔགས་ཀྱི་མཐར་ཨཱ་ཝེ་ཤ་ཡ་སྟྭཾ་བྷ་ཡ། ར་ར་ར་ར། ཙ་ལ་ཡ་ཙ་ལ་ཡ་ཧཱུྃ་ཨ་ཧ་ཛྷཻཾ་ཞེས་བཟླས་ཤིང་དྲིལ་བུའི་སྒྲ་རེས་འཇོག་ཏུ་གསིལ། གཉིས་ཀས་རང་རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དཔའ་བོ་དང་རྣལ་འབྱོར་མ་གཙོ་བོ་ལྷ་མོ་དང་བཅས་པའི་རྣམ་པ་དཔག་ཏུ་མེད་པ་བཀུག་ནས་སློབ་མའི་བ་སྤུའི་ཁུང་བུ་ནས་སྙིང་གའི་ཧཱུྃ་ལ་གཞུག་གོ །དེས་སྐུ་བབས་པ་འཕར་བ་ལ་སོགས་པ། གསུང་བབས་པ་དགོད་པ་ལ་སོགས་པ། ཐུགས་བབས་པ་ཆོད་པ་དང་བསྐལ་པ་ལ་སོགས་པ་ཡེ་ཤེས་བབས་པས་མི་རྟོག་པ་སྐྱེ་བའོ། །མི་རྟོག་པ་སྐྱེས་ན་ནི་རང་བཞིན་ལྷན་ཅིག་སྐྱེས་པ་ངོ་བོ་ཉིད་ཀྱིས་གནས་པ་དང༌། དྲི་མ་མ་ལུས་པ་སྤངས་པ་ཆོས་ཀྱི་སྐུ་དང་ཡང་རྗེས་སུ་མཐུན་པ་ཡིན་ནོ་ཞེས་བརྡ་སྤྲད་དེ། དེའི་སྤྱི་བོར་རྡོ་རྗེ་རྒྱ་གྲམ་གྱི་ཚུལ་དུ་འཇོག་ཅིང་ཏིཥྛ་བཛྲ་ཞེས་བརྗོད་པས་བརྟན་པར་བྱ། དེ་ནས་དཀྱིལ་འཁོར་གྱི་དྲུང་དུ་ཁ་དོག་བརྟག་ཅིང་ཕྲིན་ལས་བཞི་གང་འགྲུབ་པ་བསྟན། པྲ་ཏཱིཙྪ་བཛྲ་ཧོ་ཞེས་བརྗོད་པས་མེ་ཏོག་དོར་དུ་གཞུག སྐུའི་སྟོད་ངོས་ལ་ལྷུང་ན་མཆོག་གི་དངོས་གྲུབ། དབུས་སུ་ལྷུང་ན་འབྲིང༌། སྨད་དུ་ལྷུང་ན་ཐ་མ། སྐུ་ལས་རིང་དུ་སོང་ན་རིང་ཞིང་མི་འགྲུབ་པར་བསྟན། ཕྱི་རོལ་དུ་ལྷུང་ན་ལན་གཉིས་གསུམ་ཡང་བསྐྱར་ཏེ་དོར་དུ་གཞུག་གོ །མེ་ཏོག་ལྷུང་བ་བླངས་ཏེ། པྲ་ཏི་གྲྀཧྞ་སྭ་མི་མཾ་ས་ཏྭ་མ་ཧཱ་བ་ལ་ཞེས་བླ་མས་བརྗོད་དེ་སྤྱི་བོར་སྦྱིན། མིག་གཉིས་སུ་ཨོཾ་རེ་རེ་བསམས་ལ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་གྱུར་པ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཏྲ་ལཾ་ཧྲཱིཿཞེས་བརྗོད་ལ་གདོང་གཡོགས་ཕྱེ་སྟེ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱའི་བྱིན་གྱིས་བརླབས། །འགྲོ་བའི་ཕུན་སུམ་ཚོགས་ཀུན་དང༌། །དངོས་གྲུབ་ཀུན་ཁྱོད་མངོན་དུ་གྱུར། །དམ་ཚིག་ཐམས་ཅད་བསྐྱང་པ་དང༌། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །ཞེས་བརྗོད་པས་སྤྱིར་བསྟན་ལ་གང་ལ་མེ་ཏོག་ཕོག་པ་དེ་ཉིད་ཁྱད་པར་དུ་བསྟན་ཏོ། །དེ་ནས་ལྷ་གཞན་ཡང་ཐུན་མོང་དུ་མིང་དང་སྐུ་མདོག་ཕྱག་མཚན་གྱི་སྒོ་ནས་གཙོ་བོ་དང་གཡུང་མོའི་བར་དུ་རིམ་པ་བཞིན་བསྟན་ཏོ། །དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྟན་པ་ནི། གཞལ་ཡས་ཁང་གྲུ་བཞི་པར་བྱུང་བ་ནི་ཚད་མེད་པ་བཞི་རྣམ་པར་དག་པའི་རང་བཞིན་ནོ། །སྒོ་བཞི་ནི་དྲན་པ་ཉེ་བར་གཞག་པ་བཞི་རྣམ་པར་དག་པའི་རང་བཞིན་ནོ། །རྟ་བབས་བཞི་ནི་ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པའི་རང་བཞིན་ཡིན་ནོ། །དྲྭ་བ་ནི་ཉོན་མོངས་པ་ཆེན་པོ་རྣམ་པར་དག་པའི་རང་བཞིན་ཡིན་ནོ། །དྲྭ་བ་ཕྱེད་པ་ནི་ཉེ་བའི་ཉོན་མོངས་པ་ཆུང་ངུ་རྣམ་པར་དག་པའོ། །ཀ་བ་བརྒྱད་ནི་འཕགས་པའི་ལམ་ཡན་ལག་བརྒྱད་རྣམ་པར་དག་པའོ། །དརྞ་པ་ཏི་ལ་སོགས་པའི་རྒྱན་རྣམས་ནི་ཚུལ་ཁྲིམས་རྣམ་པར་དག་པའི་མཚན་ཉིད་དོ། །འདོད་པའི་ཡོན་ཏན་ལྔ་ནི་གཟུགས་སྒྲ་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་ནོ། །རྡོ་རྗེ་རྭ་བ་ནི་ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས་སོ། །མེ་འོད་ནི་ཕྱིན་ཅི་ལོག་གི་བགེགས་ལ་སོགས་པས་མི་ཚུགས་པའི་རྟགས་སོ། །བུམ་པ་བརྒྱད་ནི་ཆེ་བའི་ཡོན་ཏན་གྱིས་བརྒྱན་ཞིང་ཐུགས་རྗེ་ཆེན་པོའི་རོས་ཡོངས་སུ་དག་པའི་རྟགས་སོ། །ལྷའི་དེ་ཁོ་ན་ཉིད་བཅོམ་ལྡན་འདས་ཀྱེའི་རྡོ་རྗེའི་རྣམ་པར་ཤེས་པའི་ཕུང་པོ་དང་ཞེ་སྡང་རྣམ་པར་དག་པའི་རང་བཞིན་ནོ། །གཽ་རཱི་ནི་ཞེ་སྡང་དང་གཟུགས་རྣམ་པར་དག་པའི་རང་བཞིན་ནོ། །ཆོམ་རྐུན་མ་ནི་གཏི་མུག་དང་སྒྲ་རྣམ་པར་དག་པའི་རང་བཞིན་ནོ། །རོ་ལངས་མ་ནི་ང་རྒྱལ་དང་དྲི་རྣམ་པར་དག་པའི་རང་བཞིན་ནོ། །གྷསྨ་རཱི་ནི་འདོད་ཆགས་དང་རོ་རྣམ་པར་དག་པའི་རང་བཞིན་ནོ། །པུཀྐ་སཱི་ནི་ཞེ་སྡང་དང་ས་རྣམ་པར་དག་པའི་རང་བཞིན་ནོ། །རི་ཁྲོད་མ་ནི་གཏི་མུག་དང་ཆུ་རྣམ་པར་དག་པའི་རང་བཞིན་ནོ། །གཏུམ་མོ་ནི་ང་རྒྱལ་དང་མེ་རྣམ་པར་དག་པའི་རང་བཞིན་ནོ། །གཡུང་མོ་ནི་འདོད་ཆགས་དང་རླུང་རྣམ་པར་དག་པའི་རང་བཞིན་ནོ། །བདག་མེད་རྣལ་འབྱོར་མ་ནི་ཡབ་དང་མཐུན།།  །།དེ་ལྟར་སྦྱོར་བའི་ཆོ་ག་བསྟན་ནས་དངོས་གཞི་དབང་བསྐུར་བ་ནི་མཎྜལ་དང་མཆོད་ཡོན་སྔོན་དུ་འགྲོ་བས། ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་ཕྱིར་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་གཙོ། །དེ་བཞིན་བདག་ལ་དེ་སྩོལ་ཅིག །ཅེས་པ་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་བླ་མ་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས་བདུད་རྩི་འཁྱིལ་པའི་སྔགས་བརྗོད་ཅིང་ཡུངས་ཀར་གྱིས་བརྡེག གུ་གུལ་གྱིས་བདུག་པ་བྱ། བདུད་རྩི་གཏོར་བས་བགེགས་བསྐྲད། རྡོ་རྗེ་རྭ་བ་ལ་སོགས་པའི་སྲུང་བའི་འཁོར་ལོ་ཡང་བསྒོམ། རྣམ་པར་རྒྱལ་བའི་བུམ་པ་བཟུང་ལ་རོལ་མོ་དང་བཅས་པས། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་དུ་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པ་ཡིན། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པ་ཡིན། །རྒྱལ་བ་སྲས་བཅས་བསོད་ནམས་མཐུ་དག་དང༌། །ལྷ་རྣམས་ཀུན་གྱིས་ལེགས་པར་གསུངས་པ་དང༌། །གསང་སྔགས་རིག་སྔགས་རྣམས་ཀྱི་མཐུ་སྟོབས་དང༌། །བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གིས། །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང༌། །རྒྱུད་ནི་ཉི་ཟླ་བཞིན་དུ་དག་པ་དང༌། །སྙན་པ་ནམ་མཁའ་བཞིན་དུ་ཁྱབ་པ་སྟེ། །གསུམ་པོ་འདིས་ཀྱང་དེང་འདིར་བདེ་ལེགས་ཤོག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང༌། །མི་མཐུན་གནོད་པའི་ཚོགས་རྣམས་སྤངས་པ་དང༌། །འདོད་པ་གྲུབ་ཅིང་ཕུན་སུམ་ཚོགས་གྱུར་པ། །བཞི་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང༌། །ཚེ་རིང་བ་དང་ལོངས་སྤྱོད་འཕེལ་བ་དང༌། །ཐེག་པ་མཆོག་གིས་ངེས་པར་འབྱུང་འགྱུར་བ། །ལྔ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཛ་ཡ་ཛ་ཡ། སིདྡྷི་སིདྡྷི། རྒྱལ་བར་གྱུར་ཅིག རྒྱལ་བར་གྱུར་ཅིག ཞེས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། དེ་ནས་ཨོཾ་པྲ་ཏཱིཙྪ་བཛྲ་ཧོ་ཞེས་བརྗོད་ལ་མེ་ཏོག་གི་ཕྲེང་བ་མེ་ཏོག་ཕོག་པའི་ལྷ་དེ་ཉིད་ལ་དབུལ། མེ་ཏོག་ལྷུང་བ་བླངས་ལ་མགོ་ལ་བཅིང་ཞིང༌། ཨོཾ་དྷརྨ་ཀུནྡ་ཨ་བྷི་ཥིཉྩ་ཞེས་བརྗོད་དོ། །དེ་ནས་བདག་དང་སློབ་མ་དང་བུམ་པའི་ནང་གསུམ་ཀ་སྐད་ཅིག་གིས་སྟོང་པར་བསྒོམས་པའི་ངང་ལས། ཧཱུྃ་ལས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ལས་མི་བསྐྱོད་པ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་གཡས་བརྒྱད་རྡོ་རྗེ། གཡོན་བརྒྱད་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་མཱ་མ་ཀཱི་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ་བསྐྱེད་ཅིང་གསལ་གདབ། སློབ་མ་རང་སྐད་ཅིག་གིས་བསྐྱེད་དེ་བླ་མའི་ངག་གི་རྗེས་སུ་ཞུགས་ཏེ་གསལ་གདབ། ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱི་གསུམ་ཀ་ལ་ཡེ་ཤེས་དགུག་གཞུག་བྱ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་བསྐུར་གྱི་ལྷ་རིགས་ལྔ་ལ་སོགས་པ་སྤྱན་དྲངས་ཏེ། ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་པས་གསོལ་བ་གདབ་པ་དང༌། ཁྲོ་བོའི་གཟུགས་སུ་གྱུར་ཏེ་ཨོཾ་བཛྲ་ཨ་བྷི་ཥིཉྩ་མི་སྟྭཾ་ཞེས་གསུངས་ནས་བདག་དང་བུམ་པའི་ལྷ་གཉིས་ཀ་ལ་དབང་བསྐུར་བས་ཚངས་པའི་སྒོ་ནས་ལུས་ཐམས་ཅད་ཁེངས་པས་ཟག་པ་མེད་པའི་བདེ་བས་གང་བས་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན་པར་བསམས་ལ། མཆོད་པ་ལྔས་མཆོད། ཨོཾ་ཨཱཿཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ཅི་རིགས་པ་བཟླས། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་དངོས་མེད་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པ་དམ་པ་བྱེད་པར་འགྱུར། །ཞེས་བརྗོད་ལ། དེ་ནས་བུམ་པའི་ནང་གི་མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ཞུགས་པ་ཞུ་བར་གྱུར་པར་བསམས་ལ་ལག་ཏུ་བཟུང་སྟེ། སློབ་མའི་སྤྱི་བོར་གཏུགས་ལ་སྔགས་སྔ་མ་ཉིད་བརྗོད་ཅིང་སྤྱི་བོ་ནས་ཀྱང་བླུག་གོ །ཏིང་ངེ་འཛིན་གྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བུམ་པ་བྱང་ཆུབ་སེམས་ཀྱིས་གང་བས་དབང་བསྐུར་བས་ལུས་མཐའ་དག་ཁེངས་ཏེ། ཟག་པ་མེད་པའི་བདེ་བ་ཆེན་པོས་ཀྱང་ཁེངས་ཏེ་ལུད་པ་ལས་མི་བསྐྱོད་པ་ཞི་བས་དབུར་བརྒྱན་པ་གཉིས་ཀས་བསམ་མོ། །དེས་ནི་རྣམ་པར་ཤེས་པའི་ཕུང་པོ་དང་ཞེ་སྡང་གནས་གྱུར་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང༌། མི་བསྐྱོད་པའི་ངོ་བོ་ཉིད་དུ་གྱུར་པར་གཉིས་ཀས་མོས་ལ་མི་བསྐྱོད་པ་ལ་མཆོད་པ་རྣམ་པ་ལྔས་མཆོད། མི་བསྐྱོད་པ་ཆུའི་དབང་ངོ༌། །དེ་ནས་བདག་དང་ཅོད་པན་དང་སློབ་མ་གསུམ་མི་དམིགས་པ་ལས་ཨཱྃ་ལས་རིན་པོ་ཆེ་ཨཱྃ་གིས་མཚན་པ། དེ་ལས་རིན་འབྱུང་ཡབ་ཡུམ་སོ་སོར་བསྐྱེད། སློབ་མས་རང་སྐད་ཅིག་གིས་བསྐྱེད། བླ་མའི་མན་ངག་གི་རྗེས་སུ་འབྲངས་ལ་གསལ་གདབ་སྟེ། རྩ་ཞལ་སེར། གཡས་སྔོ། གཡོན་དཀར། ཞལ་ལྷག་མ་ནག་པ། ཕྱག་མཚན། ཀ་རནྡ་དང་འཁོར་ལོ་ངག་ངུར་པ། །ལུག་དང་ཙ་ཀོ་ར་དང་ནི། །བྱེ་ཁྲ་ཧོར་མོ་འོལ་བ་དང༌། །ཀུ་ར་ཉི་མའི་གཡས་ནའོ། །སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང༌། །རིག་ལྡན་པདྨ་པད་བཟང་ཅན། །འཇོག་པོ་ནོར་རྒྱས་མཐའ་ཡས་ནི། །རིན་ཆེན་རྒྱལ་པོའི་གཡོན་པ་ནའོ། །པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་བདུད་བཞི་བརྩེགས་པའི་སྟེང་ན་གཡས་གཉིས་བརྐྱང༌། གཡོན་གཉིས་བསྐུམ་པའི་གར་སྟབས་ཀྱིས་བཞུགས་པ། ཐོད་རློན་ལྔ་བཅུའི་དོ་ཤལ་དང༌། ཡུམ་སྒྲོལ་མ་སྐུ་མདོག་ཡབ་དང་མཚུངས་ལ། ཐོད་པ་དང་གྲི་གུག་འཛིན་པས་ཡབ་ལ་འཁྱུད་པ། ཐོད་སྐམ་གྱི་དོ་ཤལ་རུས་པའི་རྒྱན་ཆ་ལྔ་དང་ལྡན་པའོ། །ཐུགས་ཀའི་ཨྃ་གི་འོད་ཟེར་གྱིས་གསུམ་ཀ་ལ་ཡེ་ཤེས་པ་གཞུག སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཨཱཾ་གི་འོད་ཟེར་གྱིས་དབང་གི་ལྷ་སྤྱན་དྲངས་ཏེ། གསོལ་བ་བཏབ་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པས་འོག་ནས་འབྱུང་བའི་ཚིགས་བཅད་དང་སྔགས་ཀྱིས་རིན་པོ་ཆེའི་ཅོད་པན་རིན་འབྱུང་དུ་བསྐྱེད་པ་ལ་བཅིངས་པས། ཟག་པ་མེད་པའི་བདེ་བ་ཆེན་པོ་མངོན་དུ་བྱས་ཤིང༌། སྤྱི་བོར་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་བསམས་ལ་མཆོད་པ་ལྔས་མཆོད། ཨོཾ་ཨཱཿཨཱཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཅི་རིགས་པར་བཟླས། རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །ལ་སོགས་པས་བསྟོད། སྲིད་པ་ངོ་བོ་ཉིད་ཀྱིས་དག །ལ་སོགས་པ་བརྗོད་པ་དང་ཅོད་པན་རིན་འབྱུང་ཡབ་ཡུམ་དུ་བསྐྱེད་པ་དེ་སྙོམས་པར་ཞུགས་པས་ཞུ་བ་ལས་ཅོད་པན་དུ་གྱུར་པ་དེ་ལག་ཏུ་བཟུང་ལ། ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་བསྔགས་པའོ། །རིན་ཆེན་དག་གི་དབུ་རྒྱན་དང༌། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲཱ་ཝ་ར་ཏ་ཀ་བཛྲཱ་རལླི་ཧོ། །ཞེས་པ་དང༌། ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ་ཞེས་བརྗོད་ལ་སློབ་མའི་མགོ་ལ་བཅིང༌། ཏིང་ངེ་འཛིན་གྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པས་རིན་པོ་ཆེའི་ཅོད་པན་གྱི་དབང་བསྐུར་བས། ཟག་པ་མེད་པའི་བདེ་བ་ཆེན་པོ་མངོན་དུ་བྱས་པ་དང་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་གཉིས་ཀས་བསམ། སེར་སྣ་དང་ཚོར་བའི་ཕུང་པོ་གནས་གྱུར་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་རིན་འབྱུང་གི་ངོ་བོ་ཉིད་དུ་གྱུར་པར་བསམས་ལ། མཆོད་པ་ལྔས་མཆོད་དོ། །རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་ངོ༌། །བླ་མ་རྡོ་རྗེ་སློབ་མ་གསུམ་མི་དམིགས་པ་ལས་ཛྲཱིཾ་ལས་པདྨ་ཛྲཱིཾ་གིས་མཚན་པ་ལས་སྣང་བ་མཐའ་ཡས་ཡབ་ཡུམ་དུ་བསྐྱེད། སློབ་མ་རང་སྐད་ཅིག་གིས་བསྐྱེད་ལ། བླ་མའི་རྗེས་སུ་གསལ་གདབ་སྟེ། སྐུ་མདོག་དམར་པོ། ཞལ་གཡས་ནག གཡོན་དཀར་པོ། ལྷག་མ་ཐམས་ཅད་ནག་པོ། ཕྱག་མཚན། དོམ་དང་བྱ་རྒོད་དེ་བཞིན་བསེ། །སྨྱུག་གླང་དང་ནི་སྟག་དང་ནི། །སྤྲེ་དང་སྣ་འཐུང་བ་ལང་ཚེ། །རྡོ་རྗེ་ཆོས་ཀྱི་གཡས་ནའོ། །ཁྭ་འུག་བྱ་དཀར་སེང་གེ་དང༌། །མཚོར་གནས་དེ་བཞིན་ར་དང་ནི། །རི་དྭགས་ཕག་དང་ཡང་དག་ལྡན། །གཡས་མིན་པར་ནི་རྟག་ཏུ་གནས། །ཡུམ་གོས་དཀར་མོ་ཡབ་དང་མཚུངས་པའོ། །མཚན་ཉིད་གཞན་ཐམས་ཅད་སྔ་མ་དང་མཐུན་ནོ། །དེ་ནས་ཐུགས་ཀའི་ཛྲཱིཾ་ཡིག་གི་འོད་ཟེར་གྱིས་གསུམ་ཀ་ལ་ཡེ་ཤེས་པ་དགུག་གཞུག་བྱ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཛྲཱིཾ་གི་འོད་ཟེར་གྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ལ་གསོལ་བ་བཏབ་པས། དེ་དག་གིས་རྡོ་རྗེ་རྩེ་དགུ་པ་བདག་དང་རྡོ་རྗེ་འོད་དཔག་མེད་དུ་བསྐྱེད་པའི་གཡས་སུ་གཏད་པས་ཟག་པ་མེད་པའི་བདེ་བ་ཆེན་པོ་མངོན་དུ་བྱས་ཏེ། འོད་དཔག་མེད་དབུ་རྒྱན་དུ་བསམས་ལ། མཆོད་པ་ལྔས་མཆོད། ཨོཾ་ཨཱཿཛྲཱིཾ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་ཅི་རིགས་སུ་བཟླས། རྡོ་རྗེ་དཔག་མེད་རྒྱལ་པོ་ལ་སོགས་པས་བསྟོད། སྲིད་པ་ངོ་བོ་ཉིད་ཀྱིས་དག་པ་ལ་སོགས་པ་བརྗོད་པ་དང༌། འོད་དཔག་མེད་ཡབ་ཡུམ་དུ་བསྐྱེད་པ་སྙོམས་པར་ཞུགས་པས་ཞུ་བ་ལས་རྡོ་རྗེར་གྱུར་པར་བསམས་ལ། དེ་བཟུང་སྟེ། ཏིང་ངེ་འཛིན་གྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པས་རྡོ་རྗེ་རྩེ་དགུ་པ་གཡས་སུ་གཏད་པར་གཉིས་ཀས་བསམ་ཞིང༌། སངས་རྒྱས་རྡོ་རྗེའི་དབང་གིས་ནི། །དེ་རིང་ཁྱོད་ལ་དབང་བསྐུར་འགྱུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །བཟང་གྲུབ་ཕྱིར་ནི་རྡོ་རྗེ་བཟུང༌། །ཞེས་པ་དང༌། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་བརྗོད་ལ་སྦྱིན་ཏེ་ཟག་པ་མེད་པའི་བདེ་བ་ཆེན་པོ་མངོན་དུ་བྱས་ནས། སྤྱི་བོར་འོད་དཔག་མེད་ཀྱིས་མཚན་པ་གཉིས་ཀས་བསྒོམ། འདོད་ཆགས་དང་འདུ་ཤེས་ཀྱི་ཕུང་པོ་གནས་གྱུར་ཏེ། སོ་སོར་རྟོག་པའི་ཡེ་ཤེས་དང་འོད་དཔག་མེད་ཀྱི་ངོ་བོར་གྱུར་པ་ཡིན་ནོ་ཞེས་བརྗོད་ལ། འོད་དཔག་མེད་དུ་དམིགས་ལ་མཆོད་དེ། འོད་དཔག་ཏུ་མེད་པ་རྡོ་རྗེའི་དབང་ངོ༌། །དེ་ནས་བདག་དང་དྲིལ་བུ་སློབ་མ་རྣམས་མི་དམིགས་པ་ལས། ཁྃ་ལས་རལ་གྲི་ཁྃ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་དོན་གྲུབ་ཡབ་ཡུམ་དུ་བསྐྱེད། སློབ་མས་རང་སྐད་ཅིག་གིས་བསྐྱེད་ལ། བླ་མའི་ངག་གི་རྗེས་སུ་འབྲངས་ལ་གསལ་གདབ་སྟེ། སྐུ་མདོག་ལྗང་གུ་ཞལ་གཡས་ནག་པོ། གཡོན་དཀར། གཞན་རྣམས་ནག་པོ། ཕྱག་མཚན། གཟའ་ལྷག་ཕུར་བུ་མཇུག་རིངས་དང༌། །སྒྲ་གཅན་མིག་དམར་བ་པ་སངས། །སྤེན་པ་ཁྱབ་འཇུག་རྟ་རྒྱལ་གྱི། །གཡས་པ་ཉིད་དུ་རབ་ཏུ་གྲགས། །དབང་པོ་ཚངས་པ་དེ་བཞིན་དྲག །འདོད་ལྷ་དེ་བཞིན་ཐོད་པ་ཅན། །གཅེར་བུ་དང་ནི་ཐག་ཟངས་རིས། །སྟོབས་ལྡན་ཞེས་བྱ་གཡོན་པ་ནའོ། །ཡུམ་སྒྲོལ་མ་སྐུ་མདོག་ཡབ་དང་མཚུངས་པས་འཁྱུད་པ། མཚན་ཉིད་གཞན་ཐམས་ཅད་སྔ་མ་དང་མཐུན་པར་བསྒོམ། ཐུགས་ཀའི་ཁྃ་ཡིག་གི་འོད་ཟེར་གྱིས་གསུམ་ཀ་ལ་ཡེ་ཤེས་པ་དགུག་གཞུག་བྱ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཁྃ་ཡིག་གི་འོད་ཟེར་གྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཏེ་གསོལ་བ་བཏབ་པས། དེ་དག་གིས་བདག་དང་དབང་རྫས་ཀྱི་གཡོན་དུ་དྲིལ་བུ་གཏད་པས་བདེ་བ་ཆེན་པོ་མངོན་དུ་བྱས་ཤིང་དོན་ཡོད་གྲུབ་པས་དབུར་བརྒྱན། དེ་ལ་མཆོད་པ་ལྔས་མཆོད། ཨོཾ་ཨཱཿཁཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ཅི་རིགས་པ་བཟླས། དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །ལ་སོགས་པས་བསྟོད། སྲིད་པ་ངོ་བོ་ཉིད་ཀྱིས་དག་པ་ལ་སོགས་པ་དང༌། དྲིལ་བུ་དོན་གྲུབ་ཏུ་བསྐྱེད་ལ། ཡབ་ཡུམ་སྙོམས་པར་ཞུགས་པས་ཞུ་སྟེ། དྲིལ་བུར་གྱུར་པ་ལག་ཏུ་བཟུང༌། ཕྱོགས་བཅུའི་དེ་བཞིན་གཤེགས་པས་དྲིལ་བུ་གཡོན་པར་གཏད་པར་གཉིས་ཀས་བསམ་ཞིང༌། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་དངོས་མེད་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པ་དམ་པ་བྱེད་པར་འགྱུར། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟཾ། ཞེས་བརྗོད་ལ་གཡོན་དུ་གཏད་དེ་འཁྱུད་པའི་ཚུལ་དུ་འཛིན་དུ་གཞུག དེས་ཟག་པ་མེད་པའི་བདེ་བ་མངོན་དུ་བྱས་ནས། སྤྱི་བོར་དོན་གྲུབ་གྱིས་མཚན་པར་བསྒོམ། ཕྲག་དོག་དང་འདུ་ཤེས་ཀྱི་ཕུང་པོ་གནས་གྱུར་ཏེ། བྱ་བ་གྲུབ་པའི་ཡེ་ཤེས་དང་དོན་གྲུབ་ཀྱི་ངོ་བོ་ཉིད་དུ་གྱུར་པ་ཡིན་ནོ་ཞེས་བསྟན་ཅིང་མོས་ལ་མཆོད་པ་ལྔས་མཆོད་དོ། །དོན་ཡོད་གྲུབ་པ་དྲིལ་བུའི་དབང་ངོ༌། །དེ་ནས་བདག་དང་སློབ་མ་རྣམས་མི་དམིགས་པ་ལས་བྷྲཱུྃ་ལས་འཁོར་ལོ་བྷྲཱུྃ་གྱིས་མཚན་པ་ལས་རྣམ་སྣང་ཡབ་ཡུམ་དུ་བསྐྱེད། སློབ་མས་རང་སྐད་ཅིག་གིས་བསྐྱེད་དེ་བླ་མའི་ངག་གི་རྗེས་སུ་གསལ་གདབ་བོ། །དེ་ཡང་སྐུ་མདོག་དཀར་པོ་ཞལ་གཡས་ནག་གཡོན་དཀར་གཞན་ཐམས་ཅད་ནག་པོ། ཕྱག་མཚན་ནི། རྨ་བྱ་མ་ཧེ་ཆུ་སྲིན་དང༌། །ཉ་ཡི་རྒྱལ་མོ་རུས་སྦལ་དང༌། །འོག་གི་ཀླུ་དང་ངང་པ་དང༌། །རི་བོང་ཕན་པའི་གཡས་པ་ན། །སྦལ་པ་ཐུ་བུ་སྤྲིན་ཤུགས་ཀྱི། །ཁ་ཆུ་མིག་སྨན་མཚུངས་བྱི་བ། །གཡག་དང་དྲི་ལྡན་དེ་བཞིན་བཞེད། །གཡོན་པའི་ཐོད་པ་བརྒྱད་ནའོ། །ཡུམ་སྤྱན་མ་སྐུ་མདོག་དཀར་མོས་འཁྱུད་པ་མཚན་ཉིད་གཞན་སྔར་དང་མཐུན་པ་གསལ་གདབ། སྙིང་གའི་བྷྲཱུྃ་གྱི་འོད་ཟེར་གྱིས་གསུམ་ཀ་ལ་ཡེ་ཤེས་པ་དགུག་གཞུག་བྱ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། བྷྲཱུྃ་ཡིག་གི་འོད་ཟེར་གྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྤྱན་དྲངས་ཏེ་གསོལ་བ་བཏབ་པས། རང་གི་གསང་མཚན་གྱི་བདག་གི་མིང་ལ་དབང་བསྐུར་བས་ཟག་པ་མེད་པའི་བདེ་བ་མངོན་དུ་བྱས་ཤིང༌། སྤྱི་བོར་རྣམ་སྣང་གིས་མཚན་པར་བསྒོམ་མོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་ལ་མིང་གི་དབང་བསྐུར་བར་བསམ་ཞིང༌། རྡོ་རྗེ་དང་དྲིལ་བུ་བསྣོལ་མར་བཞག་སྟེ། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥྀཉྩ་མི་བཛྲ་ཨ་བྷི་ཥིཉྩ་མི་བཛྲ་ཨ་བྷི་ཥེ་ཀ་ཏ་ཞེས་པའི་མཐར་མེ་ཏོག་གང་ལ་ཕོག་པའི་ཀྱེ་དཔལ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ་ཞེས་ལྷ་གང་ལ་མེ་ཏོག་ཕོག་པའི་རིགས་ལྔའི་མིང་གི་རྣམ་གྲངས་ཀྱིས་མིང་གདགས་ཤིང༌། བུད་མེད་རིགས་ལྔའི་ཡུམ་གྱི་མཚན་གྱི་རྣམ་གྲངས་ཀྱིས་མིང་གདགས་སོ། །མིང་གི་དབང་བསྐུར་བས་ཟག་པ་མེད་པའི་བདེ་བ་ཆེན་པོ་མངོན་དུ་བྱས་པ་དང༌། རྣམ་སྣང་གིས་དབུར་བརྒྱན་པར་བསམ་མོ། །དེ་ནས་གཏི་མུག་དང་གཟུགས་ཀྱི་ཕུང་པོ་གནས་གྱུར་ནས། མེ་ལོང་ལྟ་བུའི་ཡེ་ཤེས་དང་རྣམ་སྣང་གི་ངོ་བོ་ཉིད་དུ་གྱུར་པ་གཉིས་ཀས་མོས་ལ། མཆོད་པ་ལྔས་མཆོད་དོ། །རྣམ་པར་སྣང་མཛད་མིང་གི་དབང་ངོ༌། །དེ་ནས་འཁོར་གསུམ་ཡོངས་སུ་དག་པ་བཞི་སྟེ། འཁོར་གསུམ་ནི་བླ་མ་དང་སློབ་མ་དབང་རྫས་གསུམ་ཡིན་ལ། ཡོངས་དག་བཞི་ནི་བསྙེན་སྒྲུབ་ཡན་ལག་བཞིས་དག་པ་སྟེ། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་དགོངས་པ་ཡིན་ནོ། །དེ་ནས་སློབ་མ་མི་བསྐྱོད་པའི་ང་རྒྱལ་འཛིན་དུ་བཅུག་ལ། རྡོ་རྗེ་མི་དམིགས་ཏེ་སྟོང་པ་ལས་ཧཱུྃ་ལས་རྡོ་རྗེར་བསྐྱེད་པ་ལག་ཏུ་བཟུང་ལ། འདི་ནི་སངས་རྒྱས་ཐམས་ཅད་ཉིད། །ཧེ་རུ་ཀ་དཔལ་ཕྱག་ན་བསྣམས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །ཅེས་བརྗོད་ལ་སློབ་མའི་སྙིང་གར་འཛིན་དུ་བཅུག་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ། དྷཱ་ར་ཡཱ་མི་ཧཱུྃ་ཧ་ཧ་ཧ་ཧ་ཧོ་ཧི། ཞེས་བརྗོད་ལ་མི་བསྐྱོད་པའི་སྐུ་གསུང་ཐུགས་རྡོ་རྗེ་དང་མ་བྲལ་བར་གྱིས་ཤིག་པའི་བརྡ་ཡིན་ནོ་ཞེས་བརྡ་སྤྲད་དོ། །ཐུན་མོང་གི་བརྟུལ་ཞུགས་སོ། །དེ་ནས་ཡང་ཧེ་རུ་ཀའི་ང་རྒྱལ་འཛིན་དུ་བཅུག་ལ། ཀ་པཱ་ལ་མི་དམིགས་པ་ལས་ཀ་པཱ་ལ་ཉིད་དུ་བསྐྱེད་ལ་སྙིང་གར་འཛིན་དུ་བཅུག་ལ། ཟག་པ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་སྐྱོང་བའི་མཚོན་བྱེད་དུ་བསྟན། ཁ་ཊྭཱྃ་ག་གྲུ་མོར་འཛིན་དུ་བཅུག་སྟེ། ཚངས་པའི་སྐུད་པ་གཉིས་སེ་རལ་ཁར་བཅིངས་ལ། སེམས་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་དེ་ཡང་ཐབས་ཤེས་རབ་གཉིས་མེད་ཡིན་པའི་མཚོན་བྱེད་དུ་བསྟན། གཡས་སུ་ཨྃ་ལས་སྐྱེས་པའི་གྲི་གུག་དང་ཌཱ་མ་རུ་བྱིན་ལ། ཆོས་ཐམས་ཅད་སྟོང་པ་ཉིད་སྟོན་པའི་ཆོས་ཀྱི་སྒྲའི་མཚོན་བྱེད་དང༌། ང་རྒྱལ་ལ་སོགས་པའི་སྐྱོན་དྲུག་གཅོད་པའི་མཚོན་བྱེད་ཡིན་ནོ་ཞེས་བརྡ་སྤྲད་ལ། ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ག །རྣལ་འབྱོར་མ་ནི་ཌཱ་མ་རུ། །རྡོ་རྗེ་ཁ་ཊྭཱྃ་རྡོ་རྗེར་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཤིང༌། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །གྲི་གུག་དང་ནི་ཀ་པཱ་ལ། །དཔའ་བོ་ཆེན་པོས་བླང་བར་གྱིས། །ཞེས་བརྗོད་དེ་དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་རྡོ་རྗེ་དང་མི་འབྲལ་བར་གྱིས་ཤིག་པའི་བརྡ་ཡིན་ནོ་ཞེས་བྱ་སྟེ། ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་སོ། །བརྟུལ་ཞུགས་གཉིས་པོ་འདི་ནི་བུམ་དབང་བཅུ་གཅིག་གི་ནང་དུ་མི་བགྲང་ངོ༌། །དེ་ནས་མཎྜལ་ཕུལ་ལ། དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་བགྱིད། །ཅེས་ལན་གསུམ་གྱིས་གསོལ་བ་གདབ། རིམ་པ་བཞིན་དུ་རེ་རེ་ནས་སེང་གེའི་ཁྲིའི་སྟེང་དུ་པདྨའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞག་ལ། ཐམས་ཅད་ཀྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སྔོན་དུ་འགྲོ་བས་ཧཱུྃ་ལས་བསྐྱེད་པའི་རྡོ་རྗེ་རྩེ་དགུ་པ་བླ་མས་བཟུང་ལ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །རྡོ་རྗེ་སྙིང་པོའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་སྟྭཾ། དྷཱ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧི་ཧཱུྃ་ཞེས་བརྗོད་པས་གཡས་པར་གཏད་དེ་སྙིང་གར་འཛིན་དུ་བཅུག་ལ། ཧཱུྃ་སེམས་དཔའ་ཐོག་མ་མཐའ་མེད་པ། །རྡོ་རྗེ་སེམས་དཔའ་དགའ་ཆེན་པོ། །ཀུན་དུ་བཟང་པོ་ཀུན་གྱི་བདག །རྡོ་རྗེ་སྙེམས་མའི་བདག་པོའི་བདག །ཅེས་བརྗོད་པ་དང༌། ཨོཾ་མ་ཧཱ་བཛྲ་ཧཱུྃ་ཞེས་བརྗོད་དེ། སྨིན་མཚམས་ལས་མི་འདའ་བར་ལན་གསུམ་གསོར་ལ། སྙིང་གར་འཛིན་དུ་བཅུག་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་བརྗོད་བྱ། རང་གི་སེམས་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་པའི་མཚོན་བྱེད་དུ་བསྟན། དེ་ནི་ཐུགས་ཀྱི་དམ་ཚིག་གོ །ཨཱྃ་ལས་བསྐྱེད་པའི་དྲིལ་བུ་གཡོན་དུ་བཟུང་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །རྒྱལ་བས་བྱང་ཆུབ་མཆོག་བརྗོད་པ། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །ཞེས་བརྗོད་པས་གཡོན་དུ་གཏད་དེ། སྲིད་པ་ངོ་བོ་ཉིད་ལ་སོགས་པའི་མཐར་ཨོཾ་བཛྲ་གྷཎྜེ་ཨཿཞེས་བརྗོད་ལ་དཀྲོལ་དུ་གཞུག དེ་ནས་སྟེང་འོག་ཏུ་བསྣོལ་ཏེ་འཁྱུད་པའི་ཚུལ་དུ་བྱས་ལ། སེམས་ཉིད་གཉིས་སུ་མེད་པའི་རྗོད་བྱེད་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་མཚོན་བྱེད་དུ་བསྟན། གསུང་གི་དམ་ཚིག་གོ །བདག་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དང་དྲིལ་བུ་འཛིན་པས། ཡུམ་རྡོ་རྗེ་སྙེམས་མ་ལོ་བཅུ་དྲུག་མ་ལྟ་བུ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་བསྒོམ་པ་སྐུའི་དམ་ཚིག་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་པ་སྟེ་དམ་ཚིག་གསུམ་སྦྱིན་པ། རྡོ་རྗེ་རབ་གནས་རྡོ་རྗེ་ཉིད། །ཆེ་དང་དྲིལ་བུ་ཆེན་པོ་ཟུང༌། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །ཞེས་བརྗོད་པ་དང༌། དེ་རིང་དཀྱིལ་འཁོར་སློབ་དཔོན་གྱུར། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀྱིས་ཀྱང་མཐུན་པར་བྱེད། །དཀྱིལ་འཁོར་ཆོ་ག་བཞིན་དུ་ནི། །ཁྱོད་ཀྱིས་ནན་ཏན་བསྐྱེད་ལ་བྲིས། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པས། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །ཞེས་སློབ་དཔོན་གྱི་རྗེས་སུ་གནང་བ་བྱིན་ཏེ། ཉོན་མོངས་པ་དང་ཕུང་པོ་ཐམས་ཅད་དག་པས་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ངོ་བོ་རྣམ་པ་རྡོ་རྗེ་སེམས་དཔར་གྱུར་པར་བསམ་མོ། །རྡོ་རྗེ་སློབ་དཔོན་གྱི་དབང་ངོ༌། །དེ་བརྟན་པར་བྱེད་པའི་བུམ་པའི་དབང་ནི་སྙིང་གའི་ཧཱུྃ་ལས་འོད་སྤྲོས་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྤྱན་དྲངས་ལ་དེ་རྣམས་ཀྱིས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་བ་གསུམ་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཞེས་གསུངས་པས་དེ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བས་དབང་བསྐུར་བས། ལས་དང་ཉོན་མོངས་པ་ཐམས་ཅད་དག་ནས་བདེ་བ་ཆེན་པོ་མངོན་དུ་གྱུར་པར་བསམ་ཞིང༌། དངོས་སུ་རང་གིས་བརྗོད་ཅིང་བུམ་པའི་ཆུས་དབང་བསྐུར་བའི་མཐར་མི་བསྐྱོད་པའི་དབུ་རྒྱན་དུ་བསམ། དེས་ལུས་ཀྱི་དྲི་མ་དག་པའི་རྟགས་ལུས་རྟག་ཏུ་རྣམ་སྣང་དུ་གྱུར་པར་དྲན་པར་བྱའོ། །དེ་ནས་བུམ་དབང་གི་མཐའ་རྟེན་རྗེས་སུ་གནང་བའི་དབང་ལ་བཞི་ལས། ལྷ་མཆོད་པའི་རྗེས་སུ་གནང་བ་ནི། བླ་མས། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །རྣལ་འབྱོར་མ་དང་དཔའ་ཚོགས་དང༌། །ཤེས་རབ་ཐབས་ཀྱི་སྙེམས་ཅན་གྱིས། །གར་མཆོད་བདེ་བའི་དགའ་སྟོན་གྱིས། །ཞེས་བརྗོད་ལ་ཐམས་ཅད་ཀྱིས་པད་ཀོར་གྱི་གར་སྔོན་དུ་འགྲོ་བས་སྒེག་པའི་ཕྱག་རྒྱ་བྱས་ལ། དཀྱིལ་འཁོར་གྱི་དྲིན་ལན་བསབ་པའི་ཚུལ་གྱིས་མཆོད་པ་ཡིན་ལ། ཕྱིས་གར་གྱི་མཆོད་པའི་རྗེས་སུ་གནང་བ་ཐོབ་པ་ཡིན་ནོ། །དེ་བཞིན་དུ། སྒེག་དང་བཅས་པས་ཕྲེང་བ་འཕང༌། །སངས་རྒྱས་ཀུན་སོགས་རྣལ་འབྱོར་མ། །དེ་ནི་འབྲལ་བར་མི་འགྱུར་ཏེ། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ཞེས་བརྗོད་པ་དང༌། ཐམས་ཅད་ཀྱིས་མེ་ཏོག་ཕྲེང་བས་མཆོད་དོ། །ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །ཁྱོད་ཀྱིས་གླུ་ནི་བླང་བར་བྱ། །དེ་ནས་རྣལ་འབྱོར་མ་དེ་དང༌། །མྱུར་དུ་བདེ་བ་མྱོང་བར་འགྱུར། །ཞེས་བརྗོད་པ་དང་ཐམས་ཅད་ཀྱིས་གླུའི་མཆོད་པ་བྱའོ། །ཁྱོད་ཀྱིས་རྒྱལ་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་དང༌། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོས། །ཞེས་བརྗོད་ལ་དྲིའི་སྣོད་གཏད་དེ། འགྲིམ་དུ་བཅུག་ལ་མཆོད་དེ། རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་འགྱུར། །ཞེས་བརྗོད་ལ་སྤོས་འགྲིམ་དུ་བཅུག་སྟེ་མཆོད། ཆོས་ཀྱི་མེ་ནི་ལེགས་སྦར་བ། །པདྨ་གར་དབང་རང་ཉིད་དེ། །སེམས་ཅན་མ་རིག་མདོངས་བྱས་པ། །ཡེ་ཤེས་སྒྲོན་མེས་སྣང་བར་གྱིས། །ཞེས་བརྗོད་ལ་མར་མེ་འགྲིམ་དུ་བཅུག་ལ་མཆོད་དོ། །སེམས་ཅན་གྱི་དོན་བྱ་བའི་རྗེས་སུ་གནང་བ། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཏྲ་ལཾ་ཧྲཱིཿཞེས་བརྗོད་ལ་གསེར་གྱི་ཐུར་མས་མིག་འབྱེད་པའི་ཚུལ་དུ་བྱའོ། །ཡང༌། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུད་དང་ལས་ལས་ཀུན་དུ་བྱུང༌། །ངོ་བོ་མེད་ཅིང་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་རྣལ་འབྱོར་མ་སྲས་སྐྱེ། །ཞེས་བརྗོད་ལ་མེ་ལོང་འགྲིམ་དུ་བཅུག་སྟེ། ཆོས་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པར་ཤེས་པར་གྱིས་ལ་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་བསྟན་ཏོ། །ཁྱད་པར་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེས་གནང་ནི། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ཏུ་ཐམས་ཅད་དུ། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཞེས་བརྗོད་ལ་འཁོར་ལོ་འགྲིམ་དུ་བཅུག་སྟེ་རྐང་པའི་བར་དུ་གཞུག་གོ །ཡང༌། ཁྱོད་ཀྱི་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་ནི། །ཆོས་ཀྱིས་དུང་ནི་བླ་མེད་པ། །དྲི་མེད་ཀུན་དུ་གང་བར་གྱིས། །ཞེས་པས་དུང་བྱིན་ལ་རིམ་པ་བཞིན་དུ་འབུད་དོ། །དངོས་གྲུབ་སྒྲུབ་པའི་རྗེས་སུ་གནང་བ་ནི། ཞི་དང་རྒྱས་དང་དབང་དང་དགུ། །སྡང་བར་བྱ་དང་གནོད་སོགས་དང༌། །གསོད་དང་བསྐྲད་པ་ཐམས་ཅད་དེ། །ལས་དེ་རྣམས་ནི་འགྲུབ་པར་གྱིས། །རལ་གྲི་མིག་སྨན་ས་འོག་དང༌། །མཆིལ་ལྷྭམ་དེ་བཞིན་རིལ་བུ་སྟེ། །རྣལ་འབྱོར་མ་ཡིས་དངོས་གྲུབ་སྒྲུབ། །དེ་ནི་ཅི་དགའ་བསྒྲུབ་པར་གྱིས། །ཞེས་བརྗོད་པ་དང་སློབ་མས་རྗེས་སུ་བཟླས་ཏེ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་གསུམ་གྱིས་ཁས་བླང་བར་བྱའོ། །ལུང་བསྟན་པ་ཆོས་གོས་སྣམ་སྦྱར་གོན་ཏེ་གཡོན་པས་ཟུར་གཉིས་རྟའི་རྣ་བ་ལྟར་བྱས་ཏེ་བཟུང་ལ། གཡས་པས་མི་འཇིགས་པའི་ཕྱག་རྒྱ་དང་བཅས་པས་བསྟན་པའི་བདག་པོའི་ཚུལ་དུ་བྱས་ལ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་མགྲིན་གཅིག་ཏུ་ལུང་སྟོན་པར་བསམས་ཏེ། འདི་ལྟར་ང་ཡིས་ལུང་བསྟན་ཏེ། །ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཤྲཱི་ཧེ་རུ་ཀ་ནཱ་མ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭ་བྷུརྦྷུ་ཝ་སྭཿཞེས་པའི་མཐར་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ། །ཞེས་གསང་མཚན་དང་མཐུན་པར་ལུང་བསྟན་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་མགྲིན་གཅིག་ལུང་སྟོན་པར་འགྱུར་རོ་ཞེས་ངེས་པའི་ཤེས་པ་བསྐྱེད་དོ། །དེ་ལྟར་ལུང་བསྟན་པ་ལ་དགའ་བ་སྐྱེ་བས་གཟེངས་བསྟོད་པ་སྟེ། ལུང་བསྟན་ཅིང་གཟེངས་བསྟོད་པ་ཞེས་བྱའོ། །དབུགས་དབྱུང་བ་ནི། ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །རྒྱལ་བའི་བདག་པོ་བསྟན་པ་དང༌། །དེ་ནི་བདུད་ལས་རྣམ་རྒྱལ་ཞིང༌། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །དེ་ནི་སངས་རྒྱས་ཉིད་ཐོབ་པར། །ཁྱེད་རྣམས་ཐེ་ཚོམ་མེད་པ་ཡིན། །དབང་ནི་བསྐུར་བ་ཙམ་གྱིས་ནི། །སློབ་མ་ཡོན་ཏན་བདག་པོར་འགྱུར། །སློབ་དཔོན་ཉིད་ཀྱི་བདེ་བ་ཡིས། །བརྟན་གཡོ་ཀུན་གྱི་དམ་ཚིག་ཡིན། །ཅེས་བརྗོད་དེ་དེའི་དོན་ཡང་བཤད་དོ། །དེ་ལྟར་ན་སྲིད་པའི་སྡུག་བསྔལ་ལས་གྲོལ་བར་འགྱུར་རོ། །ཞེས་པ་དབུགས་དབྱུང་བ་ཡིན་ལ་དེ་ལ་དགའ་བ་སྐྱེ་བས་གཟེངས་བསྟོད་པ་སྟེ་དབུགས་དབྱུང་ཞིང་གཟེངས་བསྟོད་པའོ། །དེ་ལྟར་ན་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་ནས་བུམ་པའི་དབང་བཅུ་གཅིག་ཐོབ་པས་ལུས་ཀྱི་དྲི་མ་དག རྩ་བ་བཅུ་བཞི་ཡན་ལག་བརྒྱད་དང་བཅས་པ་བསྲུང་བ་ལ་དབང༌། རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་ནས་ཐེག་པ་དམན་པར་མི་ལྡོག་པའི་ཆ་ནས་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པ་ཞེས་བྱའོ། །ཞེས་བརྡ་སྤྲད་དོ། །མཇུག་གི་ཆོ་ག་སློབ་མས་རྗེས་སུ་མཐུན་པའི་ཡོན་ཕུལ། བླ་མས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་དང་བསྟོད་པ་བྱ་སྟེ། ཆོ་ག་ལྷག་པ་དང་མ་ཚང་བ་བཟོད་པར་གསོལ་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་གཤེགས་པར་མཛད་དུ་གསོལ། །ཞེས་པ་དང༌། ཡི་གེ་བརྒྱ་པའི་མཐར། ཨོཾ་བཛྲ་མུཿབརྗོད་པས། ཡེ་ཤེས་ཀྱི་འཁོར་ལོ་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། དམ་ཚིག་གི་དཀྱིལ་འཁོར་བདག་ཉིད་ཀྱི་དབུགས་ཀྱིས་སྙིང་གའི་ཧཱུྃ་ལ་བསྡུ། འཇིག་རྟེན་ལས་འདས་པའི་གཏོར་མ་གཤེགས། བུམ་པ་དང་མཆོད་པ་བསྡུ། ཧཱུྃ་བརྗོད་ཅིང་བྱང་ཤར་གྱི་མཚམས་ནས་རྡུལ་ཚོན་བསྡུས་ཏེ། རིན་པོ་ཆེའི་སྣོད་དུ་བླུགས་ལ། མཆོད་པ་དང་རོལ་མོའི་སྒྲ་དང་བཅས་པས་དམན་མ་ཆུ་བོར་དོར་བའི་བའི་རྣམ་ལྔ་དང་དྲི་ཞིམ་པོས་ཐིག་རྗེས་མི་མངོན་པར་སྐྱང་ནུལ་བྱ། བུམ་པ་རྣམས་བཀྲུ། མེ་ཏོག་སིལ་མ་གཏོར་ལ་ཤུལ་དུ་ཕྱིའི་མཆོད་པ་ཅི་རིགས་པར་བཤམ། རྫས་ཀྱི་ལྷག་མ་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོ་ཆེན་པོ་བསྐོར། གླུ་གར་དང༌། རོལ་མོ་སྣ་ཚོགས་པས་ཀྱང་ཚིམ་པར་བྱའོ། །དཀྱིལ་འཁོར་གྱི་ལས་ཀྱི་རིམ་པ་བླ་མའི་ཕྱག་བཞེས་ཇི་ལྟ་བར་རྣལ་འབྱོར་པ་བསོད་ནམས་རྩེ་མོས་བཀོད་པའོ། །རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*