དཔལ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་མཚོ་སྐྱེས་ཀྱི་ཊཱི་ཀ

༼ག༽

༄༅། །དཔལ་ཀྱེའི་རྡོ་རྗེའི་སྒྲུབ་ཐབས་མཚོ་སྐྱེས་ཀྱི་ཊཱི་ཀ་བཞུགས་སོ།།

༄༅། །ཨོཾ་སིདྡྷི་རསྟུ། དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་ལ་ཐུགས་རྗེ་བློ་གྲོས་གསལ་ལྡན་པ། །བླ་མ་ཆེ་དང་སྟོང་པ་སྙིང་རྗེ་ཡི། །གོ་འཕང་ཐོབ་བྱེད་ཐབས་ཀྱི་ཚུལ་ཆེན་པོ། །གང་གིས་མཛད་པ་དེ་ལ་ཐལ་སྦྱར་འདུད། །བློ་ཆེན་དང་ལྡན་བླ་མའི་ཞབས་པད་བསྟེན། །ལྷན་སྐྱེས་མངོན་དུ་མཛད་ཅིང་མངའ་བརྙེས་པ། །འགྲོ་ལ་བརྩེ་ཆེན་པདྨ་རྡོ་རྗེ་ཡིས། །ཀྱེ་ཡི་རྡོ་རྗེ་ལ་བརྟེན་བརྩེ་བས་མཛད། །འདི་དོན་གང་ཞིག་གཞན་དུ་འཆད་བྱེད་མོད། །བླ་མ་བླ་མར་ལྡན་པ་མཁས་པ་ལས། །ལེགས་པར་མནོས་ཏེ་རྟོགས་པ་གང་ཡིན་པ། །བདག་གཞན་ལ་ཕན་བྱ་ཕྱིར་གསལ་བར་དབྱེ། །སྒྲུབ་པའི་ཐབས་འདི་ལ་གསུམ་གྱིས་རྟོགས་པར་བྱ་སྟེ། ཀླད་དང༌། གཞུང་དང༌། མཇུག་གོ །དང་པོ་ལ་སྤྱིའི་དོན་དང༌། ཡན་ལག་གི་དོན་ཏོ། །དང་པོ་ལའང་ཡུལ་དང༌། གང་ཟག་དང༌། ཚུལ་དང༌། དགོས་པ་དང༌། ཐ་མ་ཚིག་གི་དོན་གྱིས་རྟོགས་པར་བྱ་བའམ། ཡང་ན་དགོས་པ་དང༌། བསྡུས་པ་དང༌། ཚིག་གི་དོན་གྱིས་རྟོགས་པར་བྱའོ། །དང་པོ་ལའང་ཡ་རབས་དག བྱ་བ་ཁྱད་པར་ཅན་དུ་གྱུར་པ་རྩོམ་པ་ན་འདོད་པའི་ཡུལ་ལ་ཕྱག་འཚལ་ནས་བརྩམས་པས། སློབ་དཔོན་ཡང་དེའི་ཚུལ་དང་མཚུངས་པར་བྱ་བའི་དགོས་པ་དང༌། དེས་གཞན་དག་གཞུང་ལ་འཇུག་པར་འགྱུར་བའི་དགོས་པ་དང༌། ཡང་ཕྱག་བཙལ་བས་བསོད་ནམས་ཀྱི་ཚོགས་སོགས་ལ། དེས་བསོད་ནམས་མ་ཡིན་པ་འགྲིབ་ལ། དེས་བར་དུ་གཅོད་པ་མི་འབྱུང་བས་རྩོམ་པ་མཐར་ཕྱིན་པར་འགྱུར་བའི་དགོས་པའོ། །བཤད་པར་དམ་བཅའ་བ་ནི། དམ་བཅའ་ཡལ་བར་མི་འདོར་བའོ། །བསྡུས་པའི་དོན་བཤད་ཅེས་བྱ་བ་ནི། བརྩམ་པར་ཁས་བླངས་པའོ། །དེའི་བསྒྲུབ་པའི་ཆོ་ག་བཤད་པ་ནི་བཤད་པའི་ངོ་བོའོ། །རྡོ་རྗེ་སློབ་དཔོན་ནི་རང་བཟོ་སྤངས་པའོ། །དེའང་སྔོན་དུ་བྱ་བ་ཅི་བྱས་ནས་ཞེ་ན། ཀྱེའི་རྡོ་རྗེ་ཞེས་སྨོས་ཏེ། ཡུལ་དེ་ནི་ཀྱེའི་རྡོ་རྗེ་འཁོར་དང་བཅས་པའོ། །གང་ཟག་ནི་རྩོམ་པ་པོ་དང༌། འཆད་པ་པོ་དང༌། ཉན་པ་པོ་སྟེ། དོན་གྱི་ཤུགས་ལས་ཤེས་པར་བྱའོ། །ཚུལ་ལམ་ཐབས་ནི། གུས་པས་ཏེ་གུས་པ་གསུམ་དང་ལྡན་པས་སོ། །ཚིག་དོན་ནམ་ཡན་ལག་གི་དོན་ལ་གཉིས་ཏེ། ཡན་ལག་གི་དོན་རྒྱུ་མཚན་དང་བཅས་པས་མཐར་ཐུག་པའི་དོན་དུ་བཤད་པ་དང༌། མན་ངག་གི་དོན་རྒྱུ་མཚན་མེད་པས་མངོན་པར་རྟོགས་པར་བཤད་པའོ། །དང་པོ་ནི་ཀྱེ་ཞེས་བྱ་བ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་འབོད་ཅིང་བསྐུལ་བས་ན་ཀྱེ་སྟེ། དཔེར་ན་གཉིད་ཀྱིས་ལོག་པ་ཀྱེ་ཞེས་འབོད་པ་བཞིན་ཏེ། ཧེས་ནི་སྙིང་རྗེ་ཆེན་པོ་ཞེས་གསུངས་སོ། །རྡོ་རྗེ་ནི་དམིགས་པ་མེད་པའི་ཤེས་རབ་སྟེ། ཤེས་རབ་སྟོང་པ་དེ་གང་གིས་ཀྱང་ཕྱེད་པ་དང༌། འབིགས་པར་དཀའ་བས་རྡོ་རྗེ་སྟེ། དཔེར་ན་འདུས་བྱས་ཀྱི་རྡོ་རྗེ་བཞིན་ཏེ། བཛྲ་ཤེས་རབ་བརྗོད་པར་བྱ། །ཞེས་སོ། །དེས་ན་དམིགས་པ་དང་བཅས་པའི་སྙིང་རྗེ་དང་ཤེས་རབ་ལམ་ཡིན་ཡང་དམིགས་པ་མེད་པའི་འབྲས་བུ་ཡིན་ཏེ། ཡིད་བཞིན་ནོར་ལྟར་མ་ལུས་པའི། །ཐམས་ཅད་དོན་མཛད་སྙིང་རྗེ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དཔལ་ནི་ཚོགས་གཉིས་ཀྱི་བདག་ཉིད་དམ་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ཏེ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཞེས་སོ། །དེ་ལྟ་བུའི་དོན་དང་ལྡན་པའི་གཟུགས་སྐུའི་རྣམ་པ་སྟོང་པས་ཕྱག་བཅུ་དྲུག་དང༌། སྙིང་རྗེའི་སྤྱན་དང་ཞལ་ལ་སོགས་པ་སྟེ། སྙིང་པོ་ཀྱེའི་རྡོ་རྗེ་ཞེས་བྱ་སྟེ། སྔར་གྱི་དོན་མཚོན་བྱེད་དང་བཅས་པའོ། །བདག་ཅེས་བྱ་བ་ནི་གང་ཟག་དང་ཆོས་ཀྱི་བདག་སྟེ། ཨཱདྨ་ཞེས་བྱའོ། །མེད་མ་ནི་དེ་གཉིས་ཀྱིས་སྟོང་པ་སྟེ། ནིར་ཞེས་བྱའོ། །དེ་ལྟ་བུའི་དོན་དང་ལྡན་པའི་ཞལ་གཅིག་མ། ཕྱག་གཉིས་མ། སྐུ་མདོག་ནག་མོ་སྟེ། དོན་དེའི་མཚོན་བྱེད་དེ་ཡུམ་མོ། །འང་ཞེས་བྱ་བས་ནི་འཁོར་ཡང་བསྡུའོ། །གུས་པས་ནི་ལུས་གུས་པས་ཡན་ལག་སྨད་ལྔ་ས་ལ་གཏུགས་པ། ངག་གུས་པ་བསྔགས་པ་བརྗོད་པ། སེམས་དང་བ་དང་བཅས་པས་ཕྱག་བཙལ་ཞེས་བྱ་བའོ། །གཉིས་པ་ལྟར་ན་སྒྲུབ་པའི་ཐབས་འདི་ནི། སྐུ་བཞི་ལམ་དུ་བྱེད་པའི་གྲུབ་ཐབས་ཡིན་པས་གནས་པ་རྣམ་པ་བཞིས་རྟོགས་པར་བྱ་སྟེ། གོང་བུ་ཆུ་དང་གཟུགས་སུ་གནས། །དེ་བཞིན་གཟུགས་ལས་འདས་པའོ། །ཞེས་འདོད་པ་ཡིན་ནོ། །དེའང་ཚིག་འདིས་བསྟན་ཏེ། དཔལ་ནི་གོང་བུའོ། །ཀྱེ་ནི་ཆུའོ། །རྡོ་རྗེ་ནི་གཟུགས་སོ། །བདག་མེད་མ་ནི་གཟུགས་ལས་འདས་པར་གནས་པའོ། །འང་ཞེས་བྱ་བས་སྔོན་དུ་འགྲོ་བ་དང་རྫོགས་པར་བྱེད་པ་ཡན་ལག་དང་བཅས་པ་བསྟན་ཏོ། །གུས་པར་ནི་སྐུ་བཞི་ལམ་དུ་བྱེད་པའི་སྒྲུབ་ཐབས་དེ་ལྟ་བུ་ཡིན་པར་ཤེས་པའམ་རིག་པའི་རྟོགས་པའི་ཚུལ་གྱིས་ཕྱག་བཙལ་ཏེ། རང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་གསུངས་པ་ལྟ་བུའོ། །ཕྱག་འཚལ་ནས་ཅི་བྱ་ན། བཤད་ཅེས་སྦྱར་རོ། །གང་བཤད་ན་སྒྲུབ་ཐབས་ཏེ། ཀྱེའི་རྡོ་རྗེ་ལྷ་དགུའམ་སྐུ་བཞི་ལམ་དུ་བྱེད་པ་དེའིའོ། །སྒྲུབ་ཐབས་ནི། འདིས་གྲུབ་པར་བྱེད་པས་ན་སྒྲུབ་ཐབས་སོ། །དེ་ལྟ་བུ་དེ་རང་དགར་རྟོགས་སམ་སྙམ་པ་ལ་མ་ཡིན་ཏེ། རྡོ་རྗེ་སློབ་དཔོན་བཀའ་དྲིན་ལས་ཏེ། དཔལ་རྡོ་རྗེ་སེམས་དཔའ་ལས་མངོན་སུམ་དུ་ཐོས་པའི་བི་ལ་ས་བཛྲ། དེ་ལས་ཐོས་པ་ཡན་ལག་མེད་པའི་རྡོ་རྗེ་ཆེན་པོའི་བཀའ་དྲིན་ལས་རྟོགས་ནས་བརྩམས་སོ། །དོན་དང་པོ་བསྟན་ཏོ།།  །།གཞུང་གི་དོན་ལ་གཉིས་ཏེ། རྟེན་གྱི་གང་ཟག་གི་དབང་དུ་བྱས་ཏེ། སྒྲུབ་པ་པོ་རྟེན་གྱི་གང་ཟག་གི་ཁྱད་པར་རྣམ་པར་གཞག་པ་དང༌། དེས་ལས་སུ་བྱ་བའི་དབང་དུ་བྱས་ཏེ། རྣལ་འབྱོར་བསྒོམ་པའི་རིམ་པ་བསྟན་པའོ། །དང་པོའང་དང་པོར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དང་པོ་ནི་ཐུན་བཞིའི་འོ། །རེ་ཞིག་ནི་གོ་རིམ་ལ་ལྟོས་པའོ། །རྣལ་འབྱོར་ནི་རིམ་པ་གཉིས་ལ་རྣལ་འབྱོར་དུ་འཇུག་པས་སོ། །དེས་ཇི་ལྟར་བྱ་སྙམ་ན་རང་གི་སྙིང་གར་ཞེས་སྦྱར་ཏེ། དེ་ལྟ་བུའི་རྣལ་འབྱོར་བྱའོ། །དེ་ལྟ་བུ་ཁྱད་པར་ཅན་གྱིས་སམ་གང་ཡང་རུང་བས་ཞེ་ན་ཁྱད་པར་ཅན་ཞིག་དགོས་སོ། །དེ་ཡང་ཁྱད་པར་དྲུག་སྟེ། སྔོན་དུ་འགྲོ་བ་དང༌། བསམ་པ་དང༌། གནས་དང༌། གྲོགས་དང༌། དམ་རྫས་དང༌། སྔོན་དུ་འགྲོ་བའོ། །དང་པོ་ལའང་ཁྱད་པར་ལྔ་དང་ལྡན་པ་སྟེ། དབང་ནོད་པའི་བསམ་པ་ནི་སེམས་ཅན་གྱི་དོན་ལ་བརྩོན་པའི་བློ་སྟེ། དེའང་སྔོན་དུ་སངས་རྒྱས་ཀྱི་བཀའ་ལ་ཡིད་ཆེས་པའི་དད་པ་དང༌། སངས་རྒྱས་ཀྱི་བསྟན་པ་ལ་དྭང་པའི་དད་པ་དང༌། འཁོར་བ་ལ་ཡིད་འབྱུང་སྟེ་མྱ་ངན་ལས་འདས་པ་ལ་འདོད་པའི་དད་པ་གསུམ་དང༌། དལ་འབྱོར་རྙེད་དཀའ་བ་དང༌། མི་རྟག་པར་ཤེས་པས་ངེས་པར་འཇུག་པ་དང༌། མྱུར་དུ་འཇུག་པར་བྱ་སྟེ། རང་གྲོལ་བར་འདོད་པ་ནི་ཐུན་མོང་གི་བསམ་པའོ། །དེའི་སྟེང་དུ་སེམས་ཅན་ཐམས་ཅད་གཉེན་བཤེས་སུ་ཤེས་པར་བྱ་སྟེ་ཐམས་ཅད་གྲོལ་བར་འདོད་པ་ནི། ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་དེ་ལྟ་བུ་དང་ལྡན་པ་ནི་བསམ་པ་ཁྱད་པར་ཅན་ནོ། །དེ་ལྟ་བུ་དེས་ཡུལ་གང་ལ་བླང་ན། རྗེ་བཙུན་བླ་མ་སྟེ། དེ་ལའང་གསུམ། སྐུའི་རྗེ་བཙུན་བླ་མས་ལུས་ལ་བུམ་པའི་དབང་བསྐུར་ནས་མན་ངག་ཏུ་བསྐྱེད་པའི་རིམ་པ་སྟོན་པ་དང༌། གསུང་གི་རྗེ་བཙུན་བླ་མས་ངག་ལ་གསང་དབང་བསྐུར་ནས་མན་ངག་རང་བྱིན་གྱིས་བརླབ་པ་སྟོན་པ་དང༌། ཐུགས་ཀྱི་རྗེ་བཙུན་བླ་མས་སེམས་ལ་ཤེས་རབ་ཡེ་ཤེས་དང་དབང་བཞི་པ་བསྐུར་ནས་མན་ངག་ཏུ་དཀྱིལ་འཁོར་འཁོར་ལོ་དང་བཞི་པའི་ལམ་སྟོན་པའོ། །ཡང་དག་པ་ནི་སྤྱིའི་དེ་ཉིད་བཅུ་དང༌། དེ་ཁོ་ནའི་དེ་ཉིད་བཅུ་དང༌། རྡོ་རྗེ་སློབ་དཔོན་གྱི་དེ་ཁོ་ན་ཉིད་བཅུ་ཤེས་པའོ། །སྔོན་དུ་བྱ་བ་གང་བྱས་ནས་བླང་ན་ཆོ་ག་ཇི་ལྟ་བ་བཞིན་གསོལ་བ་བཏབ་པ་ཞེས་སྨོས་ཏེ། དང་པོར་སློབ་དཔོན་གྱི་དྲུང་དུ་ཕྱིན་ཏེ་ཕྱག་དང་མཎྜལ་བྱས་ཏེ། ཁྱོད་ཞབས་པདྨ་སྤངས་ནས་ནི། །ཞེས་བྱ་བ་ལ་སོགས་པས་གསོལ་བ་གདབ་བོ། །སློབ་དཔོན་གྱིས་རིགས་ཀྱི་བུ་ཁྱོད་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཞེས་བྱ་བ་ལ་སོགས་པས་སྔར་ལམ་ལ་ཞུགས་སམ་དྲི། ཞུགས་ན་བསྙེན་པ་བྱ་བར་གསོལ་བ་གདབ། མ་ཞུགས་ན་སྐྱབས་འགྲོ་ནས་བརྩམས་ཏེ། སྡོམ་པ་བྱིན་ལ་བློ་འབྱོངས་པ་དང༌། བསྙེན་པ་བྱ་བར་གསོལ་བ་བཏབ་སྟེ་བསྙེན་པ་ལ་སོགས་པ་ཚུལ་བཞིན་དུ་བྱའོ། །དེའི་དཀྱིལ་འཁོར་གང་ལས་དབང་བླང་ན། །ཀྱེའི་རྡོ་རྗེ་ལས་གསུངས་པ་སྟེ། རྩ་བ་དང་བཤད་པའི་རྒྱུད་ལས་གསུངས་པའི་བསྐྱེད་པ་རྡུལ་ཚོན་གྱི་དཀྱིལ་འཁོར་ལས་བུམ་པ་དང༌། ལུས་དང༌། བྱང་ཆུབ་སེམས་ལས་གསང་བ་དང༌། ལུས་དང་བྷ་ག་ལས་ཤེས་རབ་ཡེ་ཤེས་དང༌། དོན་དམ་བྱང་ཆུབ་སེམས་ལས་བཞི་པའོ། །དེ་དག་ཀྱང་སཾ་པུ་ཊ་ལས། དཀྱིལ་འཁོར་ལུས་སུ་གསུངས་པ་སྟེ། །དཀྱིལ་འཁོར་བྷ་གར་བརྗོད་པ་ཉིད། །དཀྱིལ་འཁོར་བྱང་ཆུབ་སེམས་ཉིད་དེ། །དཀྱིལ་འཁོར་གསུམ་ནི་བརྟག་པར་བྱ། །ཞེས་སོ། །དབང་རང་གི་ངོ་བོ་གང་བླང་ན། རིམ་པ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི། དང་པོ་ཆུ་ཡི་དབང་གིས་དང༌། །གཉིས་པ་ཅོད་པན་དབང་གིས་དང༌། །རྡོ་རྗེའི་དབང་གིས་གསུམ་པ་སྟེ། །རང་གི་བདག་པོ་བཞི་པ་དང༌། །ལྔ་པ་མིང་གི་དབང་གིས་དང༌། །དྲུག་པ་རྫོགས་པའི་སངས་རྒྱས་དབང༌། །བདུན་པ་བུམ་པའི་དབང་གིས་དང༌། །ཞེས་གསུངས་སོ། །བཀའི་གནང་བ་ནི་དེའི་མཐའ་རྟེན་རྗེས་སུ་གནང་བའོ། །ཤིན་ཏུ་རྣམ་པར་དག་པ་ནི། དཀྱིལ་འཁོར་དང་ལྷའི་རྣམ་པར་དག་པ་དེ་ཁོ་ན་ཉིད་དེ་འདི་ནི་དབང་ཡོངས་སུ་རྫོགས་པའི་བྱ་བ་སྟེ། དབང་བསྐུར་ནས་ནི་དེ་ཉིད་བསྟན། །གཞན་དུ་ན་ནི་དངོས་གྲུབ་དག །ཤིན་ཏུ་རིང་བར་འགྱུར་རོ་ཞེས། །རྡོ་རྗེ་འཛིན་པ་ཉིད་ཀྱིས་གསུངས། །ཞེས་གསུངས་པས་སོ། །ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་ནི་མར་མེའི་རྩེ་མོ་ལྟ་བུའི་གདམས་ངག་ཐོབ་པའོ། །མཚན་མ་རྙེད་པ་ནི་སོ་ཤིང་དང༌། ནམ་མཁའི་ཁ་དོག་དང་མེ་ཏོག་ཕྲེང་བ་ལ་སོགས་པའི་དུས་སུ་ཐོབ་པའོ། །ཡང་ན་འདི་དག་གིས་དབང་བཞི་ཀ་རྫོགས་པར་བསྟན་ཏེ། དང་པོ་ཚིག་གཉིས་ནི་སྔ་མ་ལྟར་ཏེ། བུམ་དབང་མཐའ་རྟེན་དང་བཅས་པའོ། །རྣམ་པར་དག་པ་ནི། ངག་དག་པར་བྱེད་པ་གསང་བའི་དབང་ངོ༌། །ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་ནི། རང་བཞིན་ལྷན་སྐྱེས་ཡིན་ལ་དེ་ལྟ་བུའི་དོན་མཚོན་པར་བྱེད་པའི་ཡེ་ཤེས་དབང་གསུམ་པའི་དུས་སུ་འབྱུང་བས་ཤེས་རབ་ཡེ་ཤེས་སོ། །མཚན་མ་རྙེད་པ་ནི་མཚོན་པར་བྱེད་པའི་དོན་གྱིས་ན་མཚན་མ་སྟེ། ཚིག་ཙམ་གྱིས་མཚོན་པར་བྱེད་པས་དབང་བཞི་པའོ། །དེ་ལྟར་སྣོད་དུ་རུང་བ་ཁྱད་པར་ཅན་དུ་བྱས་པ་དེས། བྱེ་བྲག་ཏུ་དཔལ་ཀྱེའི་རྡོ་རྗེའི་ལམ་བསྒྲུབ་པར་འདོད་པ་ནི་བསམ་པ་ཁྱད་པར་ཅན་ནོ། །དུར་ཁྲོད་ལ་སོགས་པ་ནི་གནས་ཁྱད་པར་ཅན་དེ། གནས་འགའ་ཞིག་ཏུ་གནས་ན་ནད་གཞི་མི་སྐྱེ་ཁ་ཅིག་ཏུ་གདོན་གྱིས་བར་ཆད་མི་འབྱུང༌། ཁ་ཅིག་ཏུ་ཏིང་ངེ་འཛིན་སྐྱེ་བར་འགྱུར་བ་ནི། ཡིད་དུ་འོང་སྟེ་ཤིས་པའི་གནས་པའོ། །ཁྱད་པར་དུ་དུར་ཁྲོད་སྨོས་པ་ནི། ལས་དང་པོ་པས་བརྩོན་འགྲུས་མྱུར་དུ་བརྩམ་པར་འགྱུར་བ་དང༌། ཁྱད་པར་དུ་སྔགས་པའི་གནས་ཏེ། སྙིང་རྗེ་ཆེན་པོ་ཀྱེ་རྡོ་རྗེ། །ང་ནི་དུར་ཁྲོད་ཆུ་འགྲམ་དང༌། །ནགས་ཚལ་སྐྱེ་བོ་མེད་གྲོང་དུ། །བསྙེན་བཀུར་ཅན་ལ་དངོས་གྲུབ་སྟེར། །ཞེས་གསུངས་ཏེ། གནས་ཁྱད་པར་ཅན་ནོ། །རིག་མ་དང་བཅས་པ་ཞེས་བྱ་བ་ནི། གྲོགས་ཁྱད་པར་ཅན་དུ་གྱུར་པ་སྟེ། དེ་སྐད་དུ་ཡང་ཐབས་དང་ཤེས་རབ་མ་གཏོགས་པར་སངས་རྒྱས་ཉིད་མངོན་དུ་ཐོབ་པར་མི་འགྱུར་རོ། །དེའི་ཕྱིར་ཤེས་རབ་མས་དངོས་སུ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྦྱིན་པར་བྱེད་ལ་བཟང་མོ་སྤང་བར་མི་བྱ་སྟེ། ཕྱག་རྒྱ་རེ་རེ་དང་ལྡན་པ་འདི་མ་གཏོགས་པར་དངོས་གྲུབ་སྟེར་བར་མི་འགྱུར་རོ་ཞེས་པ་དང༌། གལ་ཏེ་པདྨ་འཛིན་པ་ལ་མངོན་དུ་ཉི་མ་རེ་རེའམ། ཟླ་བ་སོ་སོའམ། ལོ་ལ་རེག་པར་མི་བྱེད་ན་དམ་ཚིག་ཉམས་པར་འགྱུར་རོ་ཞེས་གསུང་བས་བསྟེན་པར་བྱའོ། །དེ་ཡང་དཀའ་ཐུབ་དང་བཅས་པའམ་བསྟན་པ་ལ་སྨོད་པས་འཇིགས་པའི་ཚེ་རང་གི་སེམས་འབའ་ཞིག་དེ་བསམས་པས་སེམས་ལ་ལྷག་པར་མོས་པས་མངོན་དུ་བྱའོ། །གནས་ཡོངས་སུ་དག་པ་དང་བཅས་པར་དངོས་ཀྱི་རིག་མ་བསྟེན་པ་དེའི་མཚན་ཉིད་ནི་ཤིན་ཏུ་བཞིན་བཟང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསྟེན་པའི་བསམ་པའང་ཐ་མལ་པའི་ཞེན་པ་དང་བཅས་པ་ནི་དངོས་དང་ཡེ་ཤེས་གང་ཡང་བསྟན་པར་མི་རུང་སྟེ། ཕོ་ཉ་རལ་གྲིའི་སོ་འདྲ་བས། །ཞེན་པར་གྱུར་ན་སྤང་བར་བྱ། །ཞེས་གསུངས་སོ། །དེ་བས་ན་ཐ་མལ་གྱི་ཞེན་པ་དང་བྲལ་བས་བསྟེན་པར་བྱའོ། །བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་བསྟེན་པ་ཞེས་བྱ་བས་ནི། དམ་ཚིག་ཁྱད་པར་ཅན་བསྟན་ཏེ། དེ་ལ་གཉིས་ཏེ། བཟའ་བ་དང༌། བསྲུང་བའོ། །དང་པོ་ནི་བདུད་རྩི་ལྔ་ཞེས་པས་བསྟན་ཏེ། ཀྱེ་ཡི་རྡོ་རྗེའི་དངོས་གྲུབ་ཕྱིར། །དེ་ལ་དམ་ཚིག་བཟའ་བྱ་བ། །ན་དང་ག་ཧ་དང་པོ་དང༌། །མཐའ་ཡི་ཤྭ་དང་དང་པོའི་ཤྭ། །བདུད་རྩི་ལྔ་ཡང་དེ་བཞིན་བཟའ། །ཞེས་པ་དང༌། གུར་ལས། དངོས་གྲུབ་ཐམས་ཅད་རབ་སྟེར་བ། །ཆོ་གས་རྡོ་རྗེ་བདུད་རྩི་མྱང༌། །ཞེས་གསུངས་སོ། །དེ་ཡང་སྤྱིར་དམ་ཚིག་ཏུ་བསྟེན་པ་དང་བཟའ་བར་བསྟེན་པ་ལས། བཟའ་བར་བསྟེན་པ་ནི་སྤྱོད་པའི་དུས་ཡིན་གྱི་ལས་དང་པོ་པས་མ་ཡིན་ཏེ། གལ་ཏེ་དེ་ཉིད་མེད་བཞིན་དུ། །ངོ་མཚར་ཆེ་བ་ལྟར་བྱེད་པ། །ཇི་སྲིད་ནམ་མཁའ་མི་འཇིག་པ། །ཤི་བའི་འོག་ཏུ་འཇིགས་པ་སྐྱེ། །ཞེས་གསུངས་པས་སོ། །དེ་བས་ན་འདི་ནི་དམ་ཚིག་ཏུ་བསྟེན་པ་ཡིན་ཏེ། ཆོ་ག་ཇི་ལྟ་བ་བཞིན་བྱིན་གྱིས་བརླབ་པ་ལ་སོགས་པ་བྱ་སྟེ། རིལ་བུ་བསྟེན་པ་ཡིན་ཏེ། དེའང་ཐུན་ནམ་ཞག་གམ་ཟླ་བའམ་ཐ་ན་ལོ་ལ་བསྟེན་པར་བྱ་སྟེ། བསྟེན་པའི་ཚུལ་འོག་ཏུ་འཆད་དོ། །བསྲུང་བའི་དམ་ཚིག་ནི་གཞན་ནས་འབྱུང་བ་བཞིན་ཏེ། རྒྱས་པར་མ་སྤྲོས་སོ། །མཆོད་པ་དང་གཏོར་མ་བྱ་བ་ནི། མཆོད་པ་ཕྱིའི་དགུ་ནང་གི་བརྒྱད་དེ། བཤམས་པ་དང་དབུལ་བའི་ཚུལ་ནི་ལས་དང་པོ་པའི་བྱ་བ་ལས་ཤེས་པར་ནུས་སོ། །གཏོར་མ་ལ་ཕྱི་ནང་གཉིས། ནང་གི་ཁ་ཟས་ཏེ་འོག་ཏུ་འཆད་དོ། །ཕྱི་མ་ལྷ་དང་འབྱུང་པོ་གཉིས་ལྷའི་ཕུད་ལས་བྱ་སྟེ་ཆུང་བ་གཡོན་དུ། འབྱུང་པོའི་དེའི་ལྷག་མ་ལས་ཆེ་བ་བྱས་ཏེ་གཡས་སུ་གཞག་གོ །འབུལ་བའི་ཚུལ་ནི་འོག་ནས་འཆད་དོ། །དོན་དང་པོའོ།།  །།ད་ནི་རང་གི་ཞེས་བྱ་བ་ལ་སོགས་པས་དེས་ལས་སུ་བྱ་བ་སྟོན་ཏོ། །དེ་ཡང་ཀྱེ་ཡི་རྡོ་རྗེ་ཡི། །མངོན་པར་རྟོགས་པ་རྣམ་གཉིས་ཏེ། །མཉམ་པར་གཞག་པའི་རྣལ་འབྱོར་དང༌། །མཉམ་པར་མ་བཞག་རྣལ་འབྱོར་རོ། །མཉམ་པར་བཞག་པའི་བསྐྱེད་རྫོགས་གཉིས། །མ་གཞག་ཉལ་དང་ལྡང་བཟླས་པ། །ཁྲུས་དང་ཁ་ཟས་གཏོར་མ་དང༌། །སྤྱོད་ལམ་རྗེས་ཆགས་རྣལ་འབྱོར་བརྒྱད། །དེ་ལ་ཉལ་བའི་རྣལ་འབྱོར་ནི། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །རང་བཞིན་ལྷན་ཅིག་སྐྱེས་པ་དང༌། །ལྷན་ཅིག་སྐྱེས་པའི་ལྷན་སྐྱེས་པའི། །རྣལ་འབྱོར་གང་ཡང་རུང་བ་ལ། །བློ་བཞག་རྣལ་འབྱོར་ཉལ་བར་བྱ། །འདི་ལྟར་བསྡུ་བྱ་གཞལ་ཡས་ཁང༌། །ལྷ་མོ་རྣམས་ལ་དེ་ཞལ་བརྒྱད། །ཡུམ་ཡང་ཡབ་ལ་བསྡུ་བ་དང༌། །ཡབ་ཀྱང་སྙིང་གའི་ཧཱུྃ་ལའོ། །ཧཱུྃ་ཡང་འོད་ཀྱི་གོང་གོང་པོར། །བྱས་ཏེ་མཐར་ནི་མར་མེ་ཡི། །རྩེ་ལྟར་མི་དམིགས་པར་བྱས་ལ། །དེ་ལ་བློ་བཞག་ཉལ་བར་བྱ། །གཉིས་པ་ལྷ་མོ་བསྡུ་བ་ཡི། །བར་མཚུངས་ཡབ་ཡུམ་ཙམ་གནས་ལ། །སྙོམས་པར་ཞུགས་པས་ཞུ་གྱུར་ནས། །ཐིག་ལེའི་རྣམ་པར་བློ་གཏད་ཉལ། །དེ་ལྟར་ཉལ་ན་ཐ་མལ་པའི། །རྣམ་རྟོག་གཉིས་ཀྱིས་མི་རྫི་དང༌། །ཆོས་སྐུའི་ངོ་བོ་ལྷན་ཅིག་སྐྱེས། །མྱུར་དུ་རྟོགས་པའི་དགོས་པའོ། །དེ་ལྟར་ཉལ་བའི་བྱེ་བྲག་གིས། །ལྡང་ལུགས་རྣམ་པ་གཉིས་ཡིན་ཏེ། །ཇི་ལྟར་ཆུ་ཀླུང་དྭངས་པ་ལས། །ཉ་དག་མྱུར་དུ་འཕར་བ་བཞིན། །དེ་བཞིན་སྟོང་པ་འོད་གསལ་ལས། །སྒྱུ་འཕྲུལ་དྲྭ་བ་འབྱུང་བ་དང༌། །ལྡང་བར་འདོད་པའི་དུས་ཀྱི་ཚེ། །རང་བཞིན་གནས་ནས་འོངས་པ་ཡི། །ལྷ་མོ་བཞི་ཡིས་གླུས་བསྐུལ་བས། །ཐིག་ལེ་ལས་ནི་ལྷག་པའི་ལྷར། །ལྡང་བའི་ཚུལ་ལུགས་གཉིས་པའོ། །དེ་ནས་མཉམ་པར་གཞག་པ་བསྒོམ། །ལྡང་བས་ལྷག་པའི་ལྷར་བསམས་ལ། །དགོས་པ་རྣམ་པ་གསུམ་གསུངས་ཏེ། །ཐ་མལ་རྣམ་རྟོག་བློ་ཟློག་དང༌། །བར་ཆད་བགེགས་ལས་བསྲུང་བ་དང༌། །ལྷ་ཡིས་ལྷ་ལ་ཚོགས་བསགས་ན། །ཚོགས་མྱུར་རྫོགས་པའི་དགོས་པའོ། །དེ་ནས་མཉམ་གཞག་བསྒོམ་གསུང་ཡང༌། །སྲོད་ཐུན་གྱི་དག་པ་རྗེས་སུ་དྲན་པ་ལ་སོགས་པ་བྱ་སྟེ་ལེགས་པར་ལྡང་བར་བྱའོ། །དེ་ནས་བསམ་གཏན་གྱི་ཡན་ལག་ཏུ་འགྱུར་ན། ཁྲུས་ཀྱི་རྣལ་འབྱོར་བྱ་སྟེ། རང་གི་ས་བོན་གྱི་འོད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། རིག་མ་དང་ལྷ་མོ་ལ་སོགས་པ་སྤྱན་དྲངས་ལ་ཡང་དག་པར་མཆོད་དེ། ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་དེ་དག་ཧེ་རུ་ཀའི་རྣམ་པར་གྱུར་ཏེ། རིན་པོ་ཆེ་ལས་བྱས་པའི་བུམ་པ་བདུད་རྩིས་གང་བས་དབང་བསྐུར་བྱང་ཆུབ་སེམས་དཔའ་རྣམས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད། རིག་མས་རྡོ་རྗེའི་གླུ་ལེན། ལྷ་མོས་མེ་ཏོག་སོགས་ཀྱི་ཆར་འབེབས་པར་བསམ་མོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་སྤྱི་བོ་ནས་ཞུགས་ཏེ། སྨིན་མཚམས་དང༌། མགྲིན་པ་དང༌། སྙིང་ག་དང༌། རྐང་མཐིལ་གྱི་བར་དུ་གང་སྟེ། རིམ་པ་བཞིན། སློབ་དཔོན་དང༌། གསང་དབང་དང༌། ཤེས་རབ་ཡེ་ཤེས་དང༌། བཞི་པའི་དབང་ཐོབ་པས་ལུས་དང་ངག་དང༌། སེམས་དང་མཐའ་དག་གི་དྲི་མ་རིམ་པ་བཞིན་དག་པར་བསམས་ཏེ། དངོས་སུ་རང་གིས་ཁྲུས་བྱའོ། །དེ་ལྟར་བྱས་པའི་དགོས་པ་ནི་བསམ་གཏན་གྱི་ཡན་ལག་ཏུ་འགྱུར་བ་དང༌། རྩ་བ་དང་ཡན་ལག་གི་ཉེས་པ་ཐམས་ཅད་འདག་པར་འགྱུར་རོ། །དེ་ནས་བསམ་གཏན་གྱི་ཁང་པར་ཞུགས་ཏེ་མཆོད་པ་ལ་སོགས་པ་ཐུན་མཚམས་ཀྱི་བྱ་བ་བྱས་ཏེ། ལས་དང་པོ་པའི་བྱ་བ་ལས་རྟོགས་པར་ནུས་པས་འདིར་མ་སྤྲོས་སོ། །དེ་ནས་རང་གི་སྟན་ལ་འདུག་སྟེ་མཉམ་པར་གཞག་པའི་རྣལ་འབྱོར་བསྒོམ་མོ། །དེ་ལྟར་བསྒོམ་པའི་གང་ཟག་ཀྱང༌། །སྔར་བསྟན་ཆོས་དྲུག་དང་ལྡན་ལ། །ཁྱད་པར་རྣམ་པ་བཞི་ཡིན་ཏེ། །རྫོགས་རིམ་བློ་གནས་རབ་དང་ནི། །བློ་གནས་འབྲིང་དང་ཐ་མ་དང༌། །ཐ་མའི་ཐ་མ་བཞི་རུ་གནས། །དེ་ལ་རབ་ཅེས་བྱ་བ་ནི། །བདེ་བ་ཐོབ་པའི་གང་ཟག་གོ །དེས་ནི་བསྐྱེད་པའི་རིམ་པ་ནི། །བྱིན་གྱིས་བརླབས་པ་ཙམ་བསྒོམས་ནས། །རྫོགས་པའི་རིམ་པ་ཆུ་བོ་ཡི། །རྒྱུན་ལྟར་དུ་ནི་བསྒོམ་པ་ཡིན། །འབྲིང་ནི་བདེ་བ་ཅུང་ཟད་ཙམ། །ཐོབ་པ་དེས་ནི་བསྐྱེད་པ་ཡི། །རིམ་པ་གཙོ་བོར་བསྒོམ་བྱ་ཞིང༌། །རྫོགས་རིམ་ཅུང་ཟད་བསྒོམ་པ་ཡིན། །འབྲིང་ནི་བདེ་བ་ཅུང་ཟད་ཙམ། །ཐོབ་པ་དེས་ནི་བསྐྱེད་པ་ཡི། །རིམ་དང་རྫོགས་པའི་རིམ་པ་གཉིས། །ཆ་མཉམ་ཙམ་དུ་བསྒོམ་པ་ཡིན། །ཐ་མ་བདེ་བ་མ་ཐོབ་པའི། །གང་ཟག་དེས་ནི་བསྐྱེད་པ་ཡི། །རིམ་པ་གཙོ་བོར་བསྒོམ་བྱ་ཞིང༌། །རྫོགས་རིམ་ཅུང་ཟད་ཙམ་བསྒོམ་ཡིན། །ཐ་མའི་ཐ་མ་ལས་དང་པོ། །འཆིང་བ་མཐའ་དག་དང་ལྡན་པ། །དེས་ནི་བསྐྱེད་རིམ་བསྒོམ་བྱ་ཞིང༌། །རྫོགས་རིམ་བྱིན་གྱིས་བརླབ་ཙམ་བསྒོམ། །དེ་དག་ཀྱང་འདི་ལྟར་ཡིན་ཏེ། །ལས་དང་པོ་པས་བསྐྱེད་རིམ་བསྒོམ་སྟེ། དེ་ལ་སེམས་འཛིན་པ་ལ་སོགས་པ་ཚུལ་ཇི་ལྟ་བ་བཞིན་བྱས་ནས་དེ་མཐར་ཕྱིན་ཏེ། རྫོགས་རིམ་ལ་སེམས་གནས་པར་འདོད་པ་ནི་ཐ་མར་འཕོས་པའོ། །དེས་ཚུལ་བཞིན་དུ་བསྒོམས་པས་རྟགས་ལྔ་མཐོང་བ་ནི། འབྲིང་དུ་འཕོས་པའོ། །དེས་ཚུལ་བཞིན་དུ་བསྒོམས་པས་རྟགས་ཁྱད་པར་ཅན་འབྱུང༌། བསྐྱེད་རིམ་བསྒོམ་པའི་འཕྲོ་ལ་རྫོགས་པར་རང་གི་ངང་གིས་འགྲོ་བ་ན། རབ་ཏུ་འཕོས་པའོ། །དེས་ཚུལ་བཞིན་དུ་བསྒོམས་པ་ལས་ལུས་ཀྱི་དཀྱིལ་འཁོར་མངོན་དུ་གྱུར་ཏེ། ས་དང་པོ་ཐོབ་པར་བྱེད་པ་ཡིན་ནོ། །དེ་བས་ན་འདིར་འཇིག་རྟེན་པའི་ལམ་གང་ཟག་བཞིས་བསྡུས་པའི་ཚུལ་སྐུ་བཞི་ལམ་དུ་བྱེད་པ་སྒྲུབ་པའི་ཐབས་ཀྱི་གཞུང་ཡིན་ནོ། །དེ་ལ་གཉིས་ཏེ། སྔོན་དུ་འགྲོ་བའི་ཚོགས་གཉིས་བསག་པ་དང༌། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་བསྒོམ་པའི་རིམ་པའོ། །ཚོགས་བསག་པ་ཡང༌། དེ་ལྟར་གང་ཟག་རྣམ་བཞི་ལས། །རབ་ཀྱིས་ཚོགས་སོག་མི་དགོས་ཏེ། །ཚོགས་བསགས་སྔར་ནས་བྱས་ཟིན་པས། །དེ་ཡི་དང་པོ་བློ་སྦྱངས་པས། །སྲུང་བའི་འཁོར་ལོ་ནས་བཟུང་སྟེ། །རྡོ་རྗེ་དཀྱིལ་འཁོར་བསྒོམ་པར་བྱ། །གཞུང་ནས་ཚོགས་བསག་བསྟན་པ་ནི། །འབྲིང་དང་ཐ་མའི་དབང་དུ་བྱས། །དེ་ལ་གཉིས་ཏེ། བསོད་ནམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་སོ། །དང་པོ་ལ་གསུམ། ཚོགས་བསག་པའི་ཞིང་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ། དེ་ལ་མཆོད་པ་དང༌། དེའི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་རྒྱུན་བཤགས་བྱ་བ་དང༌། ཚད་མེད་པ་བཞི་བསྒོམ་པའོ། །དང་པོ་ལ་གཉིས། སྤྱན་དྲང་བ་དང༌། མཆོད་པའོ། །དང་པོ་ནི་རང་གི་ཞེས་བྱ་བ་ལ་སོགས་པ་སྟེ། རང་གི་ལྡང་བའི་རྣལ་འབྱོར་གྱིས་ལྷར་ལངས་པའོ། །རེ་ཕ་ནི་སྒྲ་པ་རྣམས་ཀྱི་ལུགས་ཀྱིས་རྃ་མོ། ཁ་དོག་དམར་པོ་སྟེ། དེ་ལས་བྱུང་བའི་ཉི་མའི་སྟེང་དུ་ཧཱུྃ་ངོ༌། །དེ་ཡང་རྣམ་པ་ཧཱུྃ་གི་རྣམ་པ་ཡིན་ཡང༌། དོན་གཟུང་འཛིན་གཉིས་བྲལ་གྱི་ཡིད་ཙམ་སྟེ། ཧའི་སྒྲ་ལས། ཧ། གྲ་ཧ་ཀ་ནི་གཟུང་བའི་ཡུལ་ལོ། །ཧ། གྲ་ཧ་ཙ་ནི་འཛིན་པའི་སེམས་སོ། །ཞབས་སྐྱེད་ཨཱུ་ལ་རྐྱེན་ཤ་བྱིན་པས་ཤཱུ་ནྱ་ཏཱ་ནི་སྟོང་པའོ། །ཀླད་ཀོར་མ་སྟེ། མ། མ་ནོ་ཏ་ནི་ཡིད་ཅེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་དོན་ཅན་དུ་མོས་པ་བྱས་ལ། དེའི་འོད་ཟེར་གྱིས་ཚོགས་ཀྱི་ཞིང་སྤྱན་དྲང་བར་བྱའོ། །དེའང་སྤྱན་དྲང་ཞེས་འདོད་ཀྱང༌། རང་གི་ཉོན་མོངས་པས་བསྒྲིབས་པས་མ་མཐོང་བ་ཡིན་གྱི། དེ་བཞིན་གཤེགས་པ་ལ་བྱོན་པ་དང༌། བཞུད་པ་མི་མངའ་བ་ཡིན་པས། རང་གི་ཉོན་མོངས་པའི་སྒྲིབ་པ་བསལ་བའི་ཕྱིར། འོད་ཟེར་དེས་ནམ་མཁའ་གསལ་བར་བྱས་པས། དེར་ལྷའི་འཁོར་ལོ་གསལ་བར་བྱས་པ་ཙམ་ལ་སྤྱན་དྲང་ཞེས་བྱའོ། །རྡོ་རྗེ་སྐྱེ་བ་ནི་ཕྱག་མཚན་དེ་ལས་སྐྱེས་པས་སམ། ཡང་ན་རྡོ་རྗེ་སྟོང་པ་ཉིད་དེ་ཆོས་ཀྱི་དབྱིངས། སྐྱེ་མེད་དེ་ལས་སྐྱེ་བར་བསྟན་པས་སོ། །རིག་མ་ལ་འཁྱུད་ཅེས་བྱ་བ་ནི། ཕྱག་གཉིས་པ་ལ་རིག་མ་མེད་ཀྱང་ཁ་ཊྭཱྃ་ག་ཉིད་རིག་མའི་དོད་ཡིན་ནོ། །སྤྲོ་བ་དང་བསྡུ་བའི་སྐུ་ཅན་ནི། དེ་ལྟ་བུའི་སྐུ་ཅན་གྱིས་ནམ་མཁའ་གང་བར་བསམས་ཏེ། དེའང་སློབ་དཔོན་འདིའི་བཞེད་པས་བླ་མ་དང་ཐ་མི་དད་པའི་རྣམ་པས་སྤྱན་འདྲེན་པའི་ལུགས་ཡིན་ནོ། །དེ་ལྟར་སྤྱན་དྲངས་མཆོད་པ་ཡང༌། །འབྲིང་དང་ཐ་མ་རྣམ་གཉིས་ཀྱང༌། །མཆོད་ལུགས་མི་འདྲ་རྣམས་གཉིས་ཏེ། །དབང་པོ་འབྲིང་གི་མཆོད་པ་ནི། །མཆོད་པའི་ཞིང་གི་ལྷ་མོ་བརྒྱད། །རང་གི་རྟགས་མཚན་སྤངས་ནས་ནི། །བྱང་ཆུབ་སེམས་སོགས་བདུད་རྩི་ལྔ། །གསང་བའི་མཆོད་པ་བཅུད་ཀྱིས་ལེན། །ཅང་ཏེའུ་ཕྱི་མཆོད་དེ་ཁོ་ནའི། །མཆོད་པ་གཡུང་མོ་རྗེས་ཆགས་ཀྱི། །མཆོད་པ་དེ་ལྟར་གསུམ་གྱིས་ནི། །སྤྱན་དྲངས་ཉིད་ཀྱིས་སྤྱན་དྲངས་ལ། །མཆོད་པར་འདོད་པ་འབྲིང་ཡིན་ནོ། །དེ་དག་ཀྱང་དེའི་མདུན་དུ། །ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། བཅུད་ཀྱིས་ལེན་ནི་བསྐལ་པ་བཟང་པོ་ཞེས་བྱ་བ་ལ་སངས་རྒྱས་རྡོ་རྗེ་སེམས་དཔའ་དང་ཡུམ་རྡོ་རྗེ་སྙེམས་མ་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ལུས་ལ་རེག་ན་སྐྲ་དཀར་དང་གཉེར་མ་མི་འབྱུང་བས། འཐུངས་ན་ཚེ་ཉི་ཟླ་གནས་ཀྱི་བར་དུ་ཐུབ་པ་ཞིག་ཡིན་ནོ་ཞེས་གྲག་གོ །ལྷག་མ་ནི་གོ་སླའོ། །ཐ་མས་ཚོགས་བསག་ཡུལ་རྣམས་ནི། །རང་གི་རྟགས་ཀྱི་མཚན་འཛིན་ལ། །མཆོད་བྱེད་ལྷ་མོ་བརྒྱད་རྣམས་ནི། །མཆོད་པའི་རྫས་ནི་སྔ་མ་ཉིད། །འཛིན་པ་རང་གི་སྙིང་ག་ནས། །སྤྲོས་ལ་མཆོད་པ་གསུམ་གྱིས་མཆོད། །གཡུང་མོའི་མཆོད་པ་ནི། ལྷ་རྣམས་ཐམས་ཅད་ལ་འཁྱུད་པའི་ཚུལ་བྱ་བའམ། ཡང་ན་བདག་མེད་མ་ལ་ཐིམ་པས་ལྷ་ཐམས་ཅད་རྗེས་སུ་ཆགས་པས་མཉེས་པར་བསམ་པར་བྱའོ། །དེའི་གཞུང་ནི་གོང་དུ་བརྗོད་པ་སྤྲོ་བ་དང་བསྡུ་བའི་སྐུ་བསམ་མོ། །ཞེས་བྱ་བའི་རྗེས་ལ། རང་གི་སྙིང་གར་ཞེས་སྦྱར་བ་རྣམས་སོ། །ཐ་མའི་ཐ་མས་མཆོད་ཚུལ་ཡང་དེ་ཉིད་ཡིན་ནོ། །དེ་ལྟར་གང་ཟག་ཐ་དད་པས་མཆོད་ཚུལ་གཉིས་སུ་བཞེད་པའི་གཞུང་ནི་ལེགས་པར་སྦྱར་བ་ཡིན་གྱི། ཁ་ཅིག་ཚུལ་བཞིན་དུ་འཆད་པ་ལྟར་ན། ཚིག་སྔ་མ་དང་ཕྱི་མའང་མི་འགྲིག་ཅིང་ཟློས་པར་ཡང་འགྱུར་རོ། །ལྷག་མ་སྡིག་བཤགས་ལ་སོགས་པ་གང་ཟག་གསུམ་ཀ་འདྲ་བ་ཡིན། ཁ་ཅིག་ཐ་མའི་ཐ་མ་ནི། །སྤྲོས་དགའ་བདུན་བྱ་ཟེར་གསུང་མིན། །དེ་དག་ཀྱང་གཞུང་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་སུ་གནས་སོ། །དེ་ནས་སྡིག་པ་བཤགས་པ་ལ་བཤགས་པའི་དངོས་པོ་དང་བཤགས་པའི་ཚུལ་ལོ། །དང་པོ་ནི་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ། ཐོག་མ་མེད་པའི་འཁོར་བར་ནི་དུས་སོ། །རྒྱུ་ནི་ངན་པའི་རྣམ་པར་རྟོག་པ་སྟེ། གཟུང་བ་དང༌། འཛིན་པ་དང༌། བདག་དང་བདག་གི་བ་ལས་སྐྱེས་པའོ། །གང་ཟག་བདག་གོ །རང་གི་ངོ་བོ་ནི་སྡིག་པའི་ལས་ཏེ་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བ་སྟེ། དེ་རང་གིས་སྤྱད་པའམ། གཞན་བྱེད་དུ་བཅུག་པའོ། །དེ་དག་ཇི་ལྟར་བཤགས་ན། སྟོབས་བཞིའི་སྒོ་ནས་ཏེ། རྟེན་གྱི་སྟོབས་ནི་བཅོམ་ལྡན་འདས་ཏེ། ལྷ་དང་བླ་མ་ཐ་མི་དད་པའོ། །རྣམ་པར་སུན་འབྱིན་པ་ནི་བཤགས་པ་སྟེ། སྔར་བྱས་པའི་སྡིག་པ་དྲན་པར་བྱ་སྟེ། དེ་དག་གི་རྣམ་པར་སྨིན་པ་ནི་ངན་འགྲོ་ལས་མེད་ལ། དེ་དག་མ་སྤངས་པར་ནི་བདག་སྡུག་བསྔལ་ལས་གྲོལ་བར་མི་འགྱུར་ལ། དེ་དག་ནི་བདག་ལ་དཔག་ཏུ་མེད་པ་ཅིག་ཡོད་པས་ན་ཁུར་ཆེན་པོ་ཡོད་ཅེས་དྲན་པས་སྔར་གྱི་ལས་ལ་འགྱོད་པ་དྲག་པོ་བསྐྱེད་པར་བྱའོ། །གཉེན་པོ་ནི་མི་བགྱིད་པ་སྟེ། ད་ཕྱིས་སྲོག་གི་ཕྱིར་ཡང་སྤང་བར་འདོད་པའོ། །དེས་སྡིག་པ་འདག་པ་ལ་དགའ་བ་རང་གི་ངང་གིས་སྐྱེ་བ་ནི། སོར་ཆུད་པའི་སྟོབས་སོ། །དོན་ནི་འདི་ཡིན་ཏེ། སྔར་བྱས་པ་ལ་བརྗོད་པའི་དོན་དྲན་པར་བྱ་སྟེ། གཞུང་གི་ཚིག་ངག་ཏུ་བརྗོད་པའོ། །དགེ་བ་ལ་ཡི་རང་བ་ནི། དགེ་བ་གང་ལ་ཡང་ཕྲག་དོག་མེད་པར་ཡིད་ལ་བྱ་སྟེ། ངག་ཏུ་སོ་སོ་སྐྱེ་བོ་དང་འཕགས་པ་ཉན་ཐོས་དང༌། རང་རྒྱལ་བ་དང་བྱང་ཆུབ་སེམས་དཔའ་དང༌། རྫོགས་པའི་སངས་རྒྱས་ཀྱི་དགེ་བ་དེ་ཐམས་ཅད་ལ་ཡི་རང་བར་བགྱིའོ། །ཞེས་བརྗོད། བསྔོ་བ་ནི་དེ་ལྟ་བུའི་དགེ་བ་ཡང་བསྔོ་བ་དམན་ན་འབྲས་བུ་ཟད་མི་ཤེས་པ་ལ་མངའ་མི་བསྒྱུར་བས། སངས་རྒྱས་སུ་བསྔོ་ཞེས་བསམས་ལ། དགེ་བ་དེ་ཐམས་ཅད་ཅེས་པའི་རྗེས་ལ་གཞུང་གི་ཚིག་བརྗོད་དོ། །དེ་ནས་སྐྱབས་སུ་འགྲོ་བའི་ཡུལ་ནི་དཀོན་མཆོག་གསུམ་སྟེ། སངས་རྒྱས་ནི་ཁམས་གསུམ་ཀུན་གྱི་བདག་ཉིད་ནི་ཁྱད་པར་འཕགས་པས་སམ། ཆོས་ཀྱི་སྐུ་དེ་ཀུན་འགྲོའི་དབང་ཕྱུག་ཡིན་པས་སོ། །ལྷག་མའི་ཚིག་གི་དོན་ནི་རྟོགས་པར་སླ་སྟེ། ཡུལ་དེ་རྣམས་ལ་བདག་སངས་རྒྱས་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བར་བྱ་ཞེས་བསམས་ཏེ། ངག་ཏུ། བདག་ཆེ་གེ་མོ་ཞེས་བགྱི་བ་བླ་མ་དང་གཙོ་བོ་སངས་རྒྱས་དང༌། སྔགས་ལ་སོགས་པ་ཆོས་དང༌། འཁོར་དགེ་འདུན་ལ་ཀྱེའི་རྡོ་རྗེའི་གོ་འཕང་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ། །ཞེས་བརྗོད་དོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་དགོས་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་རྒྱུར་འགྱུར་བ་སྟེ། སེམས་ཅན་ཐམས་ཅད་མཆོག་ཐུན་མོང་གི་དངོས་གྲུབ་ལ་འགོད་པར་བྱེད་པ་ལ་སངས་རྒྱས་དགོས་ལ། དེའི་རྒྱུ་བྱང་ཆུབ་ཀྱི་སེམས་ཏེ། གསེར་འགྱུར་རྩི་ཡི་རྣམ་པའི་མཆོག་ལྟ་བུར། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུང༌། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་བྱང་ཆུབ་སེམས་བསྐྱེད་ནི། །སྡིག་པ་བཤགས་པ་ལ་སོགས་པ། །ཐམས་ཅད་འཁོར་གསུམ་ཡོངས་དག་པས། །ཟིན་པར་བྱས་པ་སྔོན་འགྲོ་ཡིན། །དེ་ནས་སྨོན་འཇུག་སེམས་བསྐྱེད་ཀྱི། །དམ་བཅའ་ཚིག་ཏུ་བརྗོད་པ་ནི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བདག་གིས་བརྟན་པོར་གཟུང༌། །ངག་ཏུ་ཚིགས་བཅད་དེ་བརྗོད་ཅིང༌། །དེ་ཡི་དོན་ཡང་དྲན་པར་བྱ། །དེ་ནས་ཚད་མེད་བཞི་བསྒོམ་པ། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །ཕ་རོལ་ཕྱིན་པའི་ཐེག་པ་དང༌། །མཚུངས་པར་ཐུན་མོང་བསྒོམ་པ་དང༌། །གསང་བ་བླ་ན་མེད་པ་ཡི། །གདམས་པས་ཚད་མེད་བསྒོམ་པའོ། །དང་པོ་གཞུང་ཚིག་ཐད་སོའི་དོན། །དྲན་བྱ་ཚིག་དོན་རྟོགས་པར་སླ། །ཡང་ན་རང་གི་ས་བོན་ལས། ལྷ་མོ་པུཀྐ་སཱིའམ་འོད་ཟེར་སྔོན་པོ་སྤྲོས་ནས། སེམས་ཅན་ཐམས་ཅད་བྱམས་པ་ཚད་མེད་པ་ལ་བཀོད་པར་བསམ། ཤ་བ་རཱིའམ་འོད་ཟེར་དཀར་པོ་སྤྲོས་པས་སྙིང་རྗེ་ཚད་མེད་པ་ལ་བཀོད་པར་བསམ། འོད་ཟེར་སྔོན་དམར་རམ་ཙཎྜཱ་ལཱི་སྤྲོས་པས་དགའ་བ་ཚད་མེད་པ་ལ་བཀོད་པར་བསམ། ཌོ་བི་ནཱིའམ་འོད་ཟེར་སྣ་ཚོགས་སྤྲོས་པས་བཏང་སྙོམས་ཚད་མེད་པ་ལ་བཀོད་པར་བསམ་པར་བྱའོ། །དེ་ལྟར་ཚོགས་བསགས་བྱས་པ་ལའང༌། །དགོས་པ་རྣམ་པ་གཉིས་གསུངས་ཏེ། །རྒྱུད་དག་པ་ཡི་དགོས་པ་དང༌། །སྔོན་གྱི་རྒྱལ་དང་མཚུངས་བྱའོ། །དེ་ལ་དགོས་པ་དང་པོ་ནི། དཔེར་ན་སྣོད་དུ་བཟའ་འདྲེན་པ། །དང་པོ་སྣོད་དག་བྱས་ནས་ནི། །དེ་ནས་སྣོད་དུ་བཟའ་འདྲེན་ལྟར། །དང་པོ་ཚོགས་བསགས་རྒྱུད་དག་པ། །སྣོད་ཀྱི་དྲི་མ་དག་བྱས་མཚུངས། །དེ་ནས་ཚོགས་རྗེས་ལྷར་བསྐྱེད་པ། །སྣོད་དུ་བཟའ་འདྲེན་ཇི་བཞིན་ནོ། །དགོས་པ་གཉིས་པའང་བཤད་བྱ་སྟེ། །རྒྱལ་བས་སྔོན་དུ་ཚོགས་བསགས་ཏེ། །དེ་རྗེས་སངས་རྒྱས་དེ་བཞིན་དུ། །མཆོད་སོགས་ཚོགས་བསགས་པ་དང་མཐུན། །དེ་ནས་ལྷ་ཡི་རྣམ་བསྐྱེད་པ། །མངོན་པར་རྫོགས་སངས་རྒྱས་དང་མཚུངས། །དེའང་དོན་ནི་འདི་ཡིན་ཏེ། །སྤྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས། བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པར་ཚོགས་བསགས་ནས། མཐར་མངོན་པར་བྱང་ཆུབ་པའི་ཚུལ་དེ་གསང་སྔགས་ཀྱི་ལུགས་ཀྱི་སྟན་ཐོག་གཅིག་དུ་བསྒོམ་པ་ཡིན་ཏེ། ཚོགས་བསགས་ནས། དེ་ནས་མངོན་པར་རྫོགས་པར་འཚང་རྒྱ་བའི་གནས་ལ་སོགས་པ་དང༌། དེར་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུས་སེམས་ཅན་གྱི་དོན་བྱེད་ལ། སླར་ཡང་དག་པའི་མཐའ་ཉིད་དུ་འཇུག་པ་ལ་སོགས་པ་སྟོན་ཏེ། དེ་ནས་གསང་སྔགས་འབྲས་བུ་ལམ་དུ་བྱེད་པ་ཞེས་བྱ་བར་འདོད་པའི་གཞུང་ངོ༌། །དེ་ནས་ཡེ་ཤེས་ཚོགས་བསག་ནི། །བཙན་ཐབས་སྟོང་པར་བསྒོམ་པ་སྟེ། །སྔས་བརྗོད་དེ་དོན་དྲན་པ་ལས། །བདག་སོགས་ཐམས་ཅད་སྟོང་པར་བསྒོམ། །སྤྱི་བཤིག་ནས་སྟོང་པར་བསྒོམ་པ་ནི། གཅིག་དང་དུ་བྲལ་ལ་སོགས་པས་རང་བཞིན་མེད་པར་བྱས་ནས་སྔགས་ཀྱིས་བརྟན་པར་བྱེད་པའོ། །བཙན་ཐབས་བསྒོམ་པ་ནི། སྔགས་བརྗོད་པ་ཙམ་གྱིས་སོ། །དེ་ཡང་གཉིས་ཏེ། སྣང་ལ་རང་བཞིན་མེད་པར་བསྒོམ་པ་དང༌། སྣང་མེད་དུ་བསྒོམ་པ་ལས་འདི་ནི་སྣང་བ་མེད་པར་བསྒོམ་པའི་ལུགས་སོ། །ཚིག་གི་དོན་ནི་རྟོགས་པར་སླའོ། །ཡེ་ཤེས་ཚོགས་བསག་དགོས་པ་ཡང༌། །རྣམ་པ་བཞི་རུ་ཤེས་བྱ་སྟེ། །ཀུན་ཏུ་བརྟགས་པའི་དྲི་མ་ལས། །དག་པར་བྱ་བའི་དགོས་པ་དང༌། །གཉིས་པ་ཐམས་ཅད་མཁྱེན་པ་ཡི། །ལྷ་ཡི་མྱུ་གུ་བསྐྱེད་པ་དང༌། །གསུམ་པ་བསོད་ནམས་ཚོགས་དང་ནི། །ཡེ་ཤེས་ཚོགས་སུ་འབྲེལ་ཕྱིར་དང༌། །བཞི་པ་ཆོས་ཀྱི་སྐུ་ལས་ནི། །གཟུགས་སྐུ་གྲུབ་པར་བྱ་ཕྱིར་རོ། །དེ་ལས་དང་པོ་བཤད་བྱ་སྟེ། །གང་ཟག་བདག་ལ་སོགས་པ་རྣམས། །ཡང་དག་མ་ཡིན་ཀུན་བརྟགས་པ། །སྟོང་པ་བསྒོམས་པས་དག་ཕྱིར་ཏེ། །དཔེར་ན་རིགས་ངན་ཁང་བསྲེགས་པས། །དག་འགྱུར་དེ་ཡང་ཁ་སྦྱོར་ལས། །དང་པོ་སྟོང་ཉིད་བསམས་པས་ནི། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །གཉིས་པ་ཡང་ནི་བཤད་བྱ་སྟེ། །ཐ་མལ་དངོས་པོ་རགས་པ་རྣམས། །ལན་ཅིག་སྟོང་པར་བསྒོམ་མིན་ན། །འདི་ལས་ལྷར་ནི་བསྐྱེད་མི་བཏུབ། །ལན་ཅིག་སྟོང་པར་བྱས་པ་ཡིས། །དེ་ནས་ལྷར་ནི་བསྐྱེད་བྱ་སྟེ། །དཔེར་ན་ཞིང་ལ་ས་བོན་འདེབས། །དང་པོ་རྡོ་སོགས་རགས་པ་རྣམས། །བསལ་ནས་ས་བོན་བཏབ་པ་ལས། །མྱུ་གུ་འབྱུང་བཞིན་དེ་སྐད་དུའང༌། །ལུས་སོགས་སྟོང་པའི་ཞིང་ས་ལ། །བློ་དང་ལྡན་པས་ས་བོན་གདབ། །གསུམ་པ་ཡང་ནི་བཤད་བྱ་སྟེ། །ཐབས་དང་བྲལ་བའི་ཤེས་རབ་དང༌། །ཤེས་རབ་བྲལ་བའི་ཐབས་དག་གིས། །འཆིང་ཞིང་གྲོལ་བར་མི་འགྱུར་ལ། །ཐབས་དང་ཤེས་རབ་ཟུང་འཇུག་པས། །གྲོལ་བར་བཤད་པས་བསོད་ནམས་ཚོགས། །ཐབས་ཡིན་ཡེ་ཤེས་ཚོགས་སྟོང་ཉིད། །ཤེས་རབ་ཟུང་དུ་འཇུག་པར་བྱ། །བཞི་པ་སྟོང་ཉིད་ཆོས་སྐུ་ལས། །འོག་གི་ལྷ་བསྐྱེད་གཟུགས་སྐུའོ། །དེ་འགྲུབ་ཕྱིར་ནི་སྟོང་པ་ཉིད། །ཆོས་ཀྱི་སྐུ་ཡི་ངོ་བོར་བསྒོམ།།  །།ད་ནི་རྣལ་འབྱོར་བསྒོམ་པའི་རིམ་པ་དངོས་ལ་གཉིས་ཏེ། ཕྱག་བཅུ་དྲུག་པའི་མངོན་རྟོགས་དང༌། །ཕྱག་གཉིས་པ་ལ་སོགས་པ་གཞན་དེས་བསྒྲེ་བའི་ཚུལ་ལོ། །དང་པོ་ལ་གཉིས། མཉམ་པར་གཞག་པ་དང༌། མཉམ་པ་ལས་ལངས་པའོ། །དང་པོ་ལ་གཉིས། རྟེན་བསྐྱེད་པ་དང༌། བརྟེན་པ་བསྐྱེད་པའོ། །དང་པོ་ལ་གཉིས། སྲུང་བའི་འཁོར་ལོ་དང༌། གཞལ་ཡས་ཁང་ངོ༌། །དང་པོ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་གོང་གི་ཚད་མེད་དམ། །བྱང་ཆུབ་སེམས་བསྒོམ་སྨོན་ལམ་ནི། །དྲན་དེ་སྟོང་ཉིད་ལས་གཟུགས་སྐུ། །སྒྱུ་འདྲར་ལངས་ལ་འགྲོ་དོན་བསམ། །དེ་ནས་རཾ་ལས་ཉི་མ་ཡིན། །དེ་སྟེང་ཧཱུྃ་ལས་སྣ་ཚོགས་པའི། །རྡོ་རྗེ་རྒྱ་གྲམ་རྩེ་གསུམ་བསྒོམ། །དེ་ནི་ཕྱོགས་སྣ་ཚོགས་སུ་བལྟས་པས་སམ། ཁ་དོག་སྣ་ཚོགས་སུ་འདུག་པས་སམ། ཕྲིན་ལས་སྣ་ཚོགས་བྱེད་པས་སྣ་ཚོགས་རྡོ་རྗེའོ། །དེའི་ལྟེ་བར་ཧཱུྃ་བསྒོམས་ལ། །ཕྱོགས་སྤྲོས་རྡོ་རྗེ་རྭ་བ་དང༌། །འོག་ཏུ་ས་གཞི་སྟེང་དུ་གུར། །བླ་རེ་མེ་རིའང་བསམ་པར་བྱ། །ཚིག་གི་དོན་ནི་རྟོགས་པར་སླའོ།།  །།གཉིས་པ་གཞལ་ཡས་ཁང་བསྐྱེད་པ་ལ་དོན་བཞི་སྟེ། གཞི་དང༌། རྒྱུ་དང༌། རྐྱེན་དང༌། གནས་ཐབས་སོ། །དང་པོ་དེ་ལྟར་སྲུང་འཁོར་གྱི། །དབུས་སུ་གཞི་ཡི་ཡན་ལག་ནི། །ཆོས་འབྱུང་དཀར་པོ་གདེངས་ཁ་ཅན། །ཁོང་སྟོང་ཡངས་པ་བསྒོམ་པར་བྱ། །དེ་ནས་རྒྱུ་ཡི་ཡན་ལག་ནི། །ས་བོན་བཞི་ལས་འབྱུང་བ་བཞི། །ཁ་དོག་དབྱིབས་དང་མཚན་མ་ཅན། །ས་ནས་མས་རིམ་བསྒོམ་པའོ། །གལ་ཏེ་གཞན་དུ་རླུང་ལ་སོགས། །རིམ་བཞིན་བསྒོམས་པས་འགལ་ཞེ་ན། །དགོངས་པ་གཉིས་ལ་དགོངས་པ་ཡིས། །དོན་གྱིས་འགལ་བ་ཡོད་མིན་ཏེ། །འདིར་ནི་བྱང་སེམས་དཀྱིལ་འཁོར་ལ། །དགོངས་ཏེ་ས་ནས་དེ་སྐད་དུའང༌། །རེག་པ་སྲ་བའི་ཆོས་ཀྱིས་ནི། །ས་ནི་དེ་ལས་སྐྱེ་བར་འགྱུར། །བྱང་སེམས་གཤེར་བའི་རྣམ་པ་ཡིས། །ཆུ་ཡི་ཁམས་ནི་འབྱུང་བར་འགྱུར། །བསྐྱོད་པ་ལས་ནི་དྲོད་སྐྱེ་སྟེ། །འགྲོ་བ་རླུང་དུ་རབ་ཏུ་གྲགས། །ཞེས་ནི་རྩ་བའི་རྒྱུད་ལས་ནི། །གསུངས་པས་ས་ནི་གཞི་ཡིན་ཏེ། །དེ་ལ་གཞན་རྣམས་བརྟེན་ཕྱིར་ཏེ། །འདི་ལའང་འགལ་བ་ཡོད་མིན་ལ། །གཞན་དུ་རླུང་སོགས་རིམ་པ་བཞིན། །བརྟེན་པའང་ལུས་ཀྱི་དཀྱིལ་འཁོར་ལ། །དགོངས་ནས་རྣམ་པར་བཞག་པ་སྟེ། །དེ་ཡང་ཀུན་དུ་ཁ་སྦྱོར་ལས། །རྐང་པའི་མཐིལ་དུ་རྩོམ་ཆེན་རླུང༌། །གཞུ་ཡི་དབྱིབས་སུ་རྣམ་པར་གནས། །སུམ་མདོ་ཡི་ནི་གནས་སུ་ནི། །དེ་བཞིན་གྲུ་གསུམ་འབར་བ་ཉིད། །ཟླུམ་པོའི་རྣམ་པའི་གཟུགས་ཀྱིས་ནི། །ཆུ་ནི་ལྟོ་བར་རྣམ་པར་གནས། །སྙིང་གར་ཡང་ནི་ས་ཉིད་དེ། །ཀུན་ནས་གྲུ་བཞི་པ་ཉིད་དོ། །དེ་ནས་རྐྱེན་གྱི་ཡན་ལག་ནི། །འབྱུང་བཞིར་རྣམ་ཤེས་ཞུགས་བསྒོམས་ཏེ། །འབྱུང་བཞིའི་དཀྱིལ་འཁོར་ཐམས་ཅད་ཀྱང༌། །རང་གི་སེམས་ཙམ་དུ་ཤེས་བྱ། །དེ་ལྟར་བསྒོམས་པའི་རྐྱེན་གྱིས་ནི། །ཐམས་ཅད་ཞུ་སྟེ་གཞལ་ཡས་ཁང༌། །བསྒོམས་ཏེ་རྩིག་པ་ལྔ་ལ་སོགས། །ཐམས་ཅད་གཞན་ནས་འབྱུང་བཞིན་ཡིན། །དེ་དབུས་པྃ་ལས་པདྨ་ནི། །འདབ་མ་བརྒྱད་པ་རྣམ་པར་བསྒོམ། །དེ་སྟེང་རྃ་ལས་ཉི་མ་ཡིན། །དེ་ཡི་སྟེང་དུ་བདུད་བཞིའི་གདན། །གཞན་ཡང་ཕྱོགས་མཚམས་བརྒྱད་པོར་ནི། །པད་ཉིའི་སྟེང་དུ་ཚངས་པ་སོགས། །གདན་བརྒྱད་བསྒོམ་པ་བདུད་བཞི་དང༌། །འབྱུང་བཞིའི་རྣམ་རྟོག་སྤངས་རྟོགས་ཡིན། །དེ་ལྟར་གོང་དུ་བསྟན་པ་བཞིན། །སྲུང་བའི་འཁོར་ལོ་ནས་བརྩམས་ཏེ། །གདན་བསྐྱེད་བར་དུ་བསྒོམ་པ་ནི། །གང་ཟག་བཞི་ཀ་མཚུངས་པར་གསུངས། །ཚིག་གི་དོན་ནི་རྟོགས་པར་སླའོ།།  །།ད་ནི་བརྟེན་པ་ལྷ་བསྒོམ་སྟེ། །ཧེ་རུ་ཀ་ནི་རྣམ་བཞི་ལས། །ཞལ་བརྒྱད་ཕྱག་ནི་བཅུ་དྲུག་པ། །བསྐྱེད་པའི་ཆོ་ག་འདི་ལྟ་སྟེ། །དེ་ཡང་བླ་མའི་བཀའ་སྨྲ་ཡིས། །གསང་སྔགས་འབྲས་བུ་ལམ་བྱའི་ཕྱིར། །གོང་བུ་ཆུ་དང་གཟུགས་སུ་གནས། །གཟུགས་ལས་འདས་པ་བཞིས་རྟོགས་བྱ། །དེ་ལས་དང་པོ་གོང་བུར་གནས། །རྒྱུ་ཡི་རྡོ་རྗེ་འཆང་བསྐྱེད་ནས། །བརྩམས་ཏེ་འཁོར་གྱི་ལྷ་མོ་ནི། །དབྱུང་བའི་བར་གྱིས་བསྟན་པ་སྟེ། །དེ་ཡང་རྣམ་པ་དེ་དག་གི །རྣམ་པར་སྣང་ཡང་ངོ་བོ་ནི། །ཆོས་ཀྱི་སྐུ་ཡི་རྟེན་གྱུར་པ། །ལོངས་སྤྱོད་རྫོགས་སྐུར་མོས་པ་བྱ། །ཅི་སྟེ་གོང་བུ་ཞེས་བྱ་ན། །མངལ་གྱི་སྐབས་ཀྱི་གོང་གོང་པོ། །ད་དུང་ཁ་མིག་རྣ་བ་སོགས། །ལེགས་པར་དོད་པ་མ་གྱུར་བཞིན། །དེ་ལྟར་མངོན་པར་རྟོགས་འདི་ཡང༌། །རྒྱུ་ཡི་རྡོ་རྗེ་འཆང་ལ་སོགས། །འབྲས་བུ་རྡོ་རྗེ་འཆང་བ་རུ། །མ་གྱུར་ཕྱིར་ན་གོང་བུར་མཚུངས། །དེ་ནས་ཡབ་ཡུམ་ཐབས་དང་ནི། །ཤེས་རབ་སྙོམས་པར་ཞུགས་པ་ལས། །རྗེས་ཆགས་མེས་ནི་ཡབ་ཡུམ་གྱི། །ཕུང་པོ་ཁམས་ལ་སོགས་པ་བཞུ། །བཞུ་བའི་ཕྱིར་ནི་ཆུར་གནས་པ། །ཞེས་བྱ་རྣམ་པ་དེ་ཡིན་ཡང༌། །ངོ་བོ་དབྱིངས་དང་ཡེ་ཤེས་ནི། །དབྱེར་མེད་ཆོས་སྐུར་མོས་བྱ་སྟེ། །དེ་དང་རྗེ་བཙུན་ཡབ་ཞུ་བ། །ཡེ་ཤེས་ཀྱི་ནི་ཆ་རུ་གསུངས། །ཡུམ་ཞུ་བ་ནི་དབྱིངས་ཆ་སྟེ། །འདྲེས་པར་གྱུར་པས་དབྱེར་མེད་འདོད། །གསུམ་པ་གཟུགས་སུ་གནས་པ་ནི། །ཞུ་བ་གླུས་བསྐུལ་ནས་བརྩམས་ཏེ། །དབང་བསྐུར་རྒྱས་གདབ་ལ་སོགས་པ། །ཡིན་པར་བླ་མ་མཁས་རྣམས་གསུངས། །དེ་ཡང་སྣང་བ་དེར་སྣང་ཡང༌། །ངོ་བོ་ཆོས་སྐུ་སྐྱེ་མེད་ལས། །འགྲོ་བའི་དོན་དུ་སྤྲུལ་སྐུ་ཡི། །རྣམ་པར་བྱུང་ཞེས་མོས་པ་བྱ། །གཞལ་ཡས་ལྷ་མོ་ལ་བསྡུས་ནས། །བཟུང་སྟེ་མར་མེའི་རྩེ་མོ་ལྟར། །མི་དམིགས་བར་དུ་བསྒོམ་པ་ནི། །གཟུགས་ལས་འདས་པར་གནས་ཞེས་བྱ། །དེ་ཡང་རྣམ་པ་དེར་སྣང་ཡང༌། །ངོ་བོ་སྤྲུལ་པའི་སྐུ་དེ་ཉིད། །དགོས་པ་མྱ་ངན་ལས་འདས་པ། །ཀུན་སྟོང་འོད་གསལ་ངོ་བོར་བསྒོམ། །འདི་ལྟར་འབྲས་བུ་སངས་རྒྱས་ལ། །ཆོས་བཞི་ཡོད་པར་རྗེས་འཇུག་པའི། །གང་ཟག་གིས་ཀྱང་གནས་པ་བཞིའི། །ཚུལ་དུ་བསྒོམ་པར་བྱ་ཞེས་གསུངས། །དེ་ལྟར་དེ་དག་རྣམས་ལ་ཡང༌། །གང་ཟག་དབང་པོ་རབ་སོགས་བཞིའི། །བསྒོམ་ཐབས་གནས་ཐབས་མི་འདྲ་བ། །བཞི་བཞི་བཅུ་གཉིས་བླ་མས་བཞེད། །དེ་ལས་གོང་བུར་གནས་པ་ལ་གསུམ། མངོན་པར་བྱང་ཆུབ་པ་ལ་ལྔའི་རིམ་པ་ལས། རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་དང༌། འཁོར་གྱི་ལྷ་མོ་དབྱུང་བར་བྱ་བའི་ཕྱིར་མཁའ་གསང་བྱིན་གྱིས་བརླབ་པ་དང༌། འཁོར་གྱི་ལྷ་མོ་དབྱུང་བའོ། །དང་པོ་རྒྱུ་ཡི་རྡོ་རྗེ་འཆང༌། །བསྐྱེད་ཐབས་མི་འདྲ་རྣམ་བཞི་སྟེ། །རྫོགས་རིམ་བློ་གནས་རབ་ཀྱིས་ནི། །སྔར་བསྒོམས་པ་ཡི་གདན་སྟེངས་སུ། །སྐད་ཅིག་ཙམ་གྱིས་རྫུས་སྐྱེས་སུ། །གཙོ་བོ་ཡབ་ཡུམ་བསྐྱེད་པར་བྱ། །འབྲིང་གིས་བདུད་བཞིའི་གདན་སྟེངས་སུ། །ས་བོན་ཨྃ་ཧཱུྃ་ཧཱུྃ་ལས་ཡབ། །ཨྃ་ལས་ཡུམ་བསམ་ཚུལ་དེ་ནི། །སྒོང་སྐྱེས་བློ་གནས་འབྲིང་གིས་སོ། །དེ་ལྟར་བསྒོམ་པའི་ཚུལ་གཉིས་ལ། །ལྷ་མོ་བརྒྱད་ཀྱི་གདན་སྟེངས་སུ། །ཉི་ཟླ་བསྒོམ་པ་མི་དགོས་ཏེ། །ས་བོན་ཐིག་ལེ་ལས་བསྐྱེད་དོ། །ཐ་མའི་དབང་དུ་བྱས་ན་ནི། །དབུས་ཀྱི་བདུད་བཞིའི་གདན་སྟེངས་སུ། །ཟླ་བ་ཉི་མ་ཁ་སྦྱོར་བསྒོམ། །ཕྱོགས་མཚམས་རྣམས་སུའང་དེ་བཞིན་ནོ། །དེ་ནས་དབུས་ཀྱི་ཉི་ཟླ་ཡི། །བར་དུ་ཨྃ་ཧཱུྃ་གཉིས་ལས་ནི། །ཕྱག་མཚན་གཉིས་སུ་གྱུར་པར་བསྒོམ། །དེ་ལའང་དེ་ཡི་ས་བོན་གཉིས། །དེ་ནས་དེ་དག་ཀུན་འདྲེས་ཏེ། །ཆུ་དང་འོ་མ་ཇི་བཞིན་དུ། །འདྲེས་པར་གྱུར་ལས་རྒྱུ་རྡོར་འཛིན། །ཡབ་ཡུམ་སྐུ་རྫོགས་པ་རུ་བྱ། །ཟླ་བ་མེ་ལོང་ཡེ་ཤེས་ཏེ། །བདུན་གྱི་བདུན་པ་མཉམ་ལྡན་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པ་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་ཉིད། །མཁས་པས་ཆོ་ག་བཞིན་གསུངས་པ། །རྣམ་པ་ལྔ་པོ་བསྒོམ་པ་ཉིད། །དེ་ཡང་ཟླ་བ་ལ་སོགས་པ། །རྣམ་པ་དེ་ལྟར་བསྒོམ་པ་ནི། །ལས་དང་པོས་ནི་བསྒོམ་སླ་ལ། །རྣམ་པ་ལམ་དུ་བྱས་པ་ཡིན། །ངོ་བོ་མེ་ལོང་སོགས་ཡིན་པས། །དེ་ལྟ་མེ་ལོང་ལྟ་བུ་སོགས། །ལམ་དུ་བྱས་པར་འགྱུར་ཡིན་པས། །འབྲས་བུ་ལམ་དུ་བྱས་པ་ཡིན། །དེ་དེ་ལ་ནི་དེ་དང་དེར་ཞེན་པས། །ཞེན་པ་ལམ་དུ་བྱས་ཡིན་དེར་མོས་པས། །མོས་པ་ལམ་དུ་བྱས་ཡིན་དེ་ཚོགས་སོག །སྒྲིབ་པ་བྱང་བས་བྱིན་བརླབས་ལམ་དུ་བྱེད། །དེ་ལ་དེར་ཞེན་ཞེན་པས་འཇུག །འབྲེལ་བ་ཡང་ནི་མི་བསླུ་བས། །ལན་ཅིག་མེ་ལོང་ལྟ་བུ་སོགས། །ཐོབ་པར་ཡང་ནི་འགྱུར་བ་ཡིན། །ཐ་མའི་ཐ་མས་བསྐྱེད་ལུགས་ནི། །ཉི་ཟླ་ས་བོན་ལ་ལྟོས་ཏེ། །ཨཱ་ལི་ཕྲག་གཉིས་མཚན་བཟང་པོ། །ཟླ་བ་མེ་ལོང་ཡེ་ཤེས་ཡིན། །ཀཱ་ལི་ཡོངས་རྫོགས་ཡང་མཐར་གནས། །ཌ་ཌྷ་དྲུག་བཅས་བཞི་བཅུ་པོ། །ཕྲག་གཉིས་མར་མེ་ལྟར་དམར་བ། །དཔེ་བྱད་ཉི་མ་མཉམ་པ་ཉིད། །ལྷག་མ་ཐ་མ་དང་མཚུངས་ཏེ། །ཚུལ་འདི་འོག་ནས་འཆད་འགྱུར་བ། །ཟོར་ཡང་ཕྱིར་ཡིན་འདིར་ཡང་སྦྱར། །གཞུང་དུ་ཐ་མ་འབའ་ཞིག་བསྟན། །གཞུང་གི་ཚིག་ནི་རྟོགས་པར་སླའོ། །ད་ནི་འཁོར་གྱི་ལྷ་མོ་རྣམས། །དབྱུང་བ་ཡང་ནི་བཤད་བྱ་སྟེ། །དེ་ཡང་འདུ་ཤེས་གསུམ་ཚུལ་དེ། །ཡབ་ཡུམ་བསྐྱེད་པ་ལྷ་འདུ་ཤེས། །ཡུམ་གྱི་ཐ་མལ་པདྨ་ནི། །སྐད་ཅིག་ཙམ་གྱིས་མི་དམིགས་པས། །ཨྃ་ལས་པདྨ་འདབ་བརྒྱད་པར། །བསམས་ལ་སྔགས་ཀྱི་བྱིན་གྱིས་བརླབ། །ཡབ་ཀྱི་ཐ་མལ་རྡོ་རྗེ་ནི། །སྟོང་པར་བསམས་ཏེ་ཧཱུྃ་རྡོ་རྗེ། །རྩེ་ལྔ་པར་བསྐྱེད་གསང་སྔགས་ཀྱི། །བྱིན་གྱིས་བརླབ་ཅིང་སྔགས་འདུ་ཤེས། །ཐ་མལ་རྗེས་ཆགས་མ་ཡིན་ཏེ། །ཡབ་ཡུམ་སྙོམས་པར་ཞུགས་པ་ལས། །འཁོར་གྱི་ལྷ་མོ་དབྱུང་ངོ་བར། །བསམ་པ་ཆོས་ཀྱི་འདུ་ཤེས་སོ། །དེ་ལྟར་འདུ་ཤེས་གསུམ་བསྒོམས་པའང༌། །ཐ་མལ་རྟག་པ་ཞི་བྱེད་དེ། །ལུས་དང་བྷ་ག་བསམ་པ་ཀུན། །མཆོག་ཏུ་གྱུར་པར་བྱས་པ་ཡིན། །དེ་ལྟའི་ཚུལ་གྱིས་སྙོམས་ཞུགས་པའི། །སྒྱུ་མའི་སྒྲ་ཡིས་བདེ་གཤེགས་ཀུན། །བསྐུལ་ཏེ་ཡབ་ཀྱི་ཞལ་དང་ཤངས། །ཐུགས་ཀ་ལ་སོགས་ཀུན་ནས་ཞུགས། །དེ་ནི་རྗེས་ཆགས་མེས་བཞུ་སྟེ། །སྐུ་ཡི་དབྱིབས་བརྒྱུད་རྡོ་རྗེ་ཡི། །ལམ་ནས་བྱུང་སྟེ་ཡུམ་གྱི་མཁར། །བྱང་ཆུབ་སེམས་དབབ་ཀུན་ལ་སྦྱར། །ཞེས་པའི་དོན་ནི། །ཕྱི་རོལ་གྱི་ཡང་ཞེས་བྱ་བ་ནི་ཕྱག་རྒྱ་བསྟེན་པའི་རྣལ་འབྱོར་པས་འདུ་ཤེས་གསུམ་དང་ལྡན་པར་བྱ་བ་འདིས་བསྟན་ཏེ། ཆོས་ཀྱི་འདུ་ཤེས་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱ་བར་འདོད་པ་སྟེ། འདི་ནི་ཁྱད་པར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ཚིག་གི་དོན་ནི་རྟོགས་པར་སླའོ། །དེ་ལྟར་འདུ་ཤེས་གསུམ་ལྡན་གྱིས། །འཁོར་གྱི་ལྷ་མོ་དབྱུང་བ་ཡང༌། །གང་ཟག་བཞི་ཡི་བྱེ་བྲག་གིས། །འབྱིན་ལུགས་རྣམ་པ་བཞིར་རྟོགས་བྱ། །དེ་ལ་རབ་ཀྱི་འབྱིན་ལུགས་ནི། །བྱང་སེམས་ཙམ་དུ་གནས་པ་ལ། །སྔར་གྱི་རྒྱུ་ཡི་རྡོ་རྗེ་འཆང༌། །བསྐྱེད་པའི་གོང་དུ་བསྒོམས་པ་ཡི། །གདན་ནི་བརྒྱད་པོའི་སྟེང་དག་ཏུ། །ཡུམ་གྱི་མཁའ་གསང་བྱང་སེམས་བརྒྱད། །སྤྲོས་ཏེ་བྱང་ཆུབ་སེམས་ཙམ་ལས། །ལྷ་མོའི་སྐུ་རུ་རྫོགས་པའོ། །འབྲིང་གི་སྔར་བསྟན་ཆོ་ག་མཚུངས། །ཐིག་ལེས་ལས་ནི་ཡུམ་གྱི་མཁར། །ཡིག་འབྲུ་བརྒྱད་བསམ་དེ་སྤྲོས་ལས། །ལྷར་བསྐྱེད་སྒོ་ང་ལས་བསྐྱེད་པའོ། །ཐ་མ་མངོན་བྱང་ལས་བསྐྱེད་དེ། །མངོན་བྱང་དང་པོ་རྣམ་གཉིས་ནི། །དང་པོར་རྒྱུ་ཡི་རྡོ་རྗེ་འཆང༌། །བསྐྱེད་པའི་སྐབས་སུ་བསྒོམས་པའོ། །དེ་ཡི་བར་དུ་བྷ་ག་ནས། །སོ་སོར་བརྒྱད་པོ་སྤྲོ་བར་བྱ། །དེ་ལས་ཕྱག་མཚན་བརྒྱད་དུ་བསྐྱེད། །དེ་རྣམས་རང་རང་ས་བོན་མཚན། །དེ་དག་སོ་སོར་འདྲེས་གྱུར་ནས། །དེ་ནས་ལྷ་མོ་བརྒྱད་པོ་ཡི། །སྐུ་རྫོགས་དྲོད་གཤེར་ལས་སྐྱེ་བའོ། །མངོན་བྱང་བསྒོམ་ཚུལ་གོང་དང་མཚུངས། །ཐ་མའི་ཐ་མ་ཉི་ཟླ་གཉིས། །ས་བོན་ལ་ལྟོས་བསྐྱེད་ཡིན་ལ། །གཞན་རྣམས་ཐ་མ་དང་འདྲ་སྟེ། །འདི་ཡང་དྲོད་གཤེར་སྐྱེ་ཞེས་བྱ། །གཞུང་གི་དོན་ནི་བཞི་སྟེ། ཐ་མའི་དོན་ལ་སྦྱར་ཏེ་མདོར་བསྟན་པ་དང༌། འབྲིང་ལ་སྦྱར་ཏེ་སྐུ་མདོག་ལ་སོགས་རྒྱས་པར་བཤད་པ་དང༌། རབ་ལ་སྦྱར་ཏེ་གཞུང་བསྡུ་བ་དང༌། ཐུན་མོང་བའི་མཚན་ཉིད་བསྟན་པའོ། །དང་པོ་ནི་དེའི་སྟེང་དུ་ཞེས་བྱ་བ་ལ་སོགས་པ་སྟེ། ཚིག་གི་དོན་ནི་རྟོགས་པར་སླའོ། །གཉིས་པ་ནི་དེ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་དག་ཐམས་ཅད་ཀྱང་ཕྱོགས་དང༌། ལྷ་མོ་དང་ས་བོན་དང༌། ཁ་དོག་དང༌། ཕྱག་མཚན་དང༌། གདན་དང༌། རྣམ་པར་དག་པ་སྟེ་བདུན་བདུན་གྱིས་རྟོགས་པར་བྱའོ། །དེའི་གདན་ནི་ཕྱོགས་བཞི་ཡེ་ཤེས་བཞིས་བདུད་བཞི་འཇོམས་པར་བྱེད་པའི་རྟགས་ཡིན་ལ། མཚམས་ཀྱི་བཞི་ཚད་མེད་པ་བཞིས་འབྱུང་བ་བཞིའི་རྣམ་རྟོག་འཇོམས་པར་བྱེད་པའི་རྟགས་ཡིན་ནོ། །འདིར་རྣམ་པར་དག་པ་ཞེས་བཤད་པ་དེ་ནི། རྣལ་འབྱོར་པ་རང་གི་གཟུགས་ལ་སོགས་པའི་རང་བཞིན་ཡིན་ནོ། །ཞེས་རྟོགས་པར་བྱའོ། །སྤྱིར་རྣམ་པར་དག་པའམ་རྟགས་ཞེས་བྱ་བ་ནི། དོན་དེ་ལྟ་བུའི་མཚོན་བྱེད་ཅེས་འདོད་པ་ཡིན་ནོ། །ཚིག་གི་དོན་ནི་རྟོགས་པར་སླའོ། །རབ་ཀྱི་ནི་འོག་ཏུ་སྦྱར་ཏེ། བྱང་ཆུབ་ཀྱི་སེམས་ལས་ཞེས་བྱ་བ་ཡིན་ནོ། །སྤྱིའི་མཚན་ཉིད་ནི། འདི་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱག་རྒྱ་ལྔ་ནི་ལྷ་མོ་ཐམས་ཅད་ཤེས་རབ་ཀྱི་རང་བཞིན་ཡིན་པས་ཐལ་བ་དང་ཚངས་སྐུད་མེད་པའོ། །ལྷག་མ་གོ་སླའོ། །དེ་ལྟར་གང་ཟག་ཐ་དད་ཀྱི་མངོན་པར་རྟོགས་པར་མི་སྦྱར་ན། གོང་དུ་ས་བོན་དང༌། ཕྱག་མཚན་དང༌། ཉི་ཟླ་ཡོངས་སུ་གྱུར་པ་ལས་བསྐྱེད་པར་འདོད་ལ། རྒྱས་པར་བཤད་པའི་སྐབས་སུ། གང་གི་རྣམ་པ་ལས་སྐྱེས་ཞེས་ས་བོན་ལས་བསྐྱེད་པར་འདོད་ལ། མཇུག་བསྡུ་བའི་ཚེ་བྱང་ཆུབ་ཀྱི་སེམས་ལས་འགྱུར་ཞེས་འཆད་པའི་གཞུང་འགྲིག་པར་མི་འགྱུར་བས་ཐ་དད་དུ་སྦྱར་བར་བྱའོ། །དེ་ལྟར་བསྟན་པ་རྣམས་ཀྱིས་ནི། །ཆོས་ཀྱི་སྐུ་ཡི་རྟེན་གྱུར་པ། །ལོངས་སྤྱོད་རྫོགས་སྐུའི་ངོ་བོ་སྟེ། །གོང་བུར་གནས་པ་ཞེས་བྱའོ།།  །།དེ་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པས། གནས་པ་གཉིས་པའང་བརྗོད་བྱ་སྟེ། །དེ་ནས་རྒྱུ་ཡི་རྡོ་རྗེ་འཆང༌། །ཡབ་ཡུམ་སྙོམས་པར་ཞུགས་པ་ཡི། །བདེ་བ་ཆེན་པོའི་མེ་ཡིས་ནི། །ཡབ་ཡུམ་གྱི་ནི་ཕུང་པོ་ཁམས། །ཇེ་ཞུ་ཇེ་ཞུ་ཐིག་ལེར་བསྒོམ། །ཡབ་ཞུ་ཡེ་ཤེས་ཡུམ་ཞུ་དབྱིངས། །དབྱེར་མེད་ཐིག་ལེའི་གདན་སྟེངས་སུའོ། །དེ་ནི་ལོངས་སྐུ་ལ་བརྟེན་པའི། །དབྱིངས་དང་ཡེ་ཤེས་དབྱེར་མེད་པའི། །ཆོས་སྐུའི་ངོ་བོ་ཞེས་བྱ་སྟེ། །ཆུ་རུ་གནས་པ་ཞེས་བྱའོ། །གཞུང་གི་དོན་ནི་རྟོགས་པར་སླའོ།།  །།ད་ནི་གཟུགས་སུ་གནས་པ་སྟོན་ཏོ། །དེ་ལ་ལྔ། ཞུ་བ་ལ་གླུས་བསྐུལ་བ་དང༌། དེ་ལས་འབྲས་བུ་རྡོ་རྗེ་འཆང་དུ་བཞེངས་པ་དང༌། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་དང༌། དབང་བསྐུར་བ་དང༌། གཞུང་བསྡུ་བའི་ཚུལ་གྱིས་ཞར་ལས་རྫོགས་པའི་རིམ་པ་ལ་བློ་གནས་པ་ཐ་མའི་ཐ་མའི་མངོན་རྟོགས་བསྟན་པའོ། །དང་པོ་གཙོ་བོ་ཐིག་ལེ་ལ། །བཞུགས་པ་ལྷ་མོ་བཞི་པོ་རྣམས། །མགོན་མེད་པར་ནི་གཙོ་བོ་དང༌། །ཕྲད་པར་འདོད་པ་གླུ་ཡིས་བསྐུལ། །ཅིའི་ཕྱིར་པུཀྐ་སཱི་ལ་སོགས་པ་ཁོ་ནས་གླུས་བསྐུལ་སྙམ་ན། དེ་དག་ནི་ཚད་མེད་པའི་ངོ་བོ་ཡིན་པས། དེ་ལ་གཙོ་བོ་གཟུགས་ཀྱི་སྐུ་མེད་ན་སེམས་ཅན་གྱི་དོན་བྱ་བར་མི་ནུས་པས། དེའི་ཕྱིར་གླུས་བསྐུལ་བ་ཡིན་ནོ། །རྡོ་རྗེའི་གླུ་ནི་སྤྱིར་དུ་མ་ཞིག་ཡོད་ཀྱང༌། འདིར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྣང་བར་གྱུར་པ་ལ་བྱའོ། །དེ་ལ་དང་པོ་པུཀྐ་སཱིས་ཐུགས་རྗེ་ཆེན་པོའི་སྒོ་ནས་བསྐུལ་བ་ནི། རྗེ་བཙུན་ཞེས་བྱ་བ་ལ་སོགས་པའོ། །ཤ་བ་རཱིས་གནད་ལ་བོར་བའི་ཚུལ་གྱིས་བསྐུལ་བ་ནི་ཁྱོད་མེད་ཅེས་པའོ། །ཙཎྜཱ་ལཱིས་སྔོན་གྱི་ཐུགས་དམ་རྗེས་སུ་དྲན་པའི་སྒོ་ནས་བསྐུལ་བ་ནི། དགའ་གཙོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ལྷ་མོ་གསུམ་གྱི་གླུས་བསྐུལ་བས། བཞེངས་སུ་མ་བཏུབ་པས་གསུམ་པོ་ཡིད་ཆད་པའི་ཚུལ་དུ་གནས་པ་ལ། གཡུང་མོས་ཐུགས་ཡོངས་སུ་མཁྱེན་པའི་ཚུལ་གྱིས་བསྐུལ་བ་ནི། བདག་གིས་ཞེས་བྱ་བ་ལ་སོགས་པའོ། །དེའང་འདི་ལྟར་རྒྱལ་བ་ལ་ནི་བཞེངས་སུ་གསོལ་བར་བསྐུལ་དགོས་པ་མ་ཡིན་ཏེ། ཉིན་མཚན་ལན་དྲུག་ཏུ་ཀུན་ལ་གཟིགས་པ་ཡིན་ལ། གླུས་བསྐུལ་བ་ལའང་བཞེངས་སུ་མི་བཏུབ་ཅེ་ན། དེ་ལ་ཡིད་ཆད་པ་ཡོད་པ་མ་ཡིན་ཀྱང༌། སངས་རྒྱས་ཀྱི་མཛད་པ་ནི་གདུལ་བྱའི་སྣང་བ་ཡིན་ལ། དེ་ཡང་འཇིག་རྟེན་ན་ཆེ་བར་གྲགས་པའི་སྤྱོད་པ་ལ་འཇིག་རྟེན་པ་དག་མཆོག་ཏུ་འཛིན་པས། གདུལ་བྱ་ལ་སངས་རྒྱས་ཀྱི་མཛད་པ་དེ་ལྟར་སྣང་བ་ཡིན་ནོ། །དེ་ལྟ་བུའི་ཚུལ་དེ་གསང་སྔགས་འབྲས་བུ་ལམ་དུ་བྱེད་པའི་ཚུལ་ལུགས་ཀྱིས་བསྒོམ་པར་འདོད་དོ། །དེ་ལས་འབྲས་བུ་རྡོ་རྗེ་འཆང་དུ་བཞེངས་པ་ནི། དེ་ལྟར་བསྐུལ་བའི་ཐིག་ལེ་ལས། །གཟུགས་ཀྱི་སྐུ་རུ་བཞེངས་པ་ལ། །དབང་པོ་རབ་འབྲིང་རྣམ་པ་བཞིའི། །བྱེ་བྲག་གིས་ནི་བཞེངས་ལུགས་བཞིའོ། །རབ་ཀྱིས་ཐིག་ལེ་ལས་བསྐྱེད་དོ། །ཐིག་ལེ་གཉིས་འགྱུར་ཡབ་དང་ཡུམ། །སྐྱེས་པ་རྫུས་སྐྱེས་འབྲིང་གིས་ནི། །ཐིག་ལེ་གཉིས་ལས་ཡི་གེ་གཉིས། །ཧཱུྃ་ཨྃ་ཡབ་དང་ཡུམ་བསྐྱེད་པ། །སྒོང་སྐྱེས་ཐ་མས་ཉི་ཟླ་ལ། །སོགས་པ་མངོན་བྱང་ལས་བསྐྱེད་པ། །དྲོད་གཤེར་སྐྱེས་པ་ཞེས་བྱའོ། །ཐ་མའི་ཐ་མས་ཉི་ཟླ་དག །ས་བོན་ལ་ལྟོས་བསྐྱེད་པ་སྟེ། །འདི་དག་རྒྱུ་ཡི་རྡོ་རྗེ་འཆང༌། །བསྐྱེད་པའི་སྐབས་སུ་རྒྱས་བསྟན་བཞིན། །གཞུང་གི་དོན་ལ་གཉིས། བཞེངས་པའི་ཚུལ་དང༌། གཅིག་པུ་བཞེངས་པའི་མཚན་ཉིད་དོ། །དང་པོ་ལ་བཞི་ལས། རབ་ཀྱི་ཚུལ་ནི་ཞེས། དེ་ཁོ་ན་ཉིད་ཀྱི་གླུ་རྣམས་ཀྱིས་བཅོམ་ལྡན་འདས་རབ་ཏུ་བསྐུལ་བས་རྨི་ལམ་རབ་ཏུ་སད་པ་ལྟར། ཐིག་ལེ་གཅིག་ལས་གཉིས་སུ་འགྱུར་ཏེ། གཅིག་ལས་ཡབ། གཅིག་ལས་ཡུམ་སྟེ། དཔལ་ཀྱེའི་རྡོ་རྗེ་བདག་མེད་མ་དང་སྙོམས་པར་ཞུགས་པ་ཞེས་སྦྱར་རོ། །འབྲིང་གིས་ནི་ཞེས་དེ་ཁོ་ན་ཉིད་ཀྱི་གླུ་རྣམས་ཀྱིས་བཅོམ་ལྡན་འདས་རབ་ཏུ་བསྐུལ་བས། བདུད་རྩི་བཅེར་བ་ལས་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་དབུས་སུ་ཧཱུྃ་གི་རྣམ་པ་ལས་ཡང་དག་པར་གྱུར་པ་དང༌། ཨྃ་གི་རྣམ་པ་ལས་བྱུང་བ་བདག་མེད་མ་དང་སྙོམས་པར་ཞུགས་པ་ཞེས་སྦྲེལ་ལོ། །ཐ་མའི་ནི་ཞེས་དེ་ཁོ་ན་ཉིད་ཀྱི་གླུ་རྣམས་ཀྱིས་བཅོམ་ལྡན་འདས་རབ་ཏུ་བསྐུལ་བས། བདུད་རྩི་བཅེར་བ་དེ་ལས་ཟླ་བའི་གཟུགས་སོ། །དེའི་སྟེང་དུ་ཉི་མ་བསྒོམས་པས་ཉི་མའི་དཀྱིལ་འཁོར་དང་བཅས་པ་ཞེས་གསུངས་པས། དེའི་སྟེང་དུ་ཉི་མའོ། །དེའི་བར་དུ་ས་བོན་གཉིས་ལས་ཡང་དག་པར་གྱུར་པའི་ཐོད་པ་དུམ་བུ་གསུམ་པ། སྣ་ཚོགས་རྡོ་རྗེས་མཚན་པ་དང་གྲི་གུག་སྔོ་ནག་སྟེ། དེ་གཉིས་ལ་ཡང་ཧཱུྃ་དང་ཨྃ་གིས་ས་བོན་གྱིས་མཚན་པ་སོ་སོར་རྟོག་པའོ། །དེ་ཐམས་ཅད་གཅིག་ཏུ་གྱུར་པ་བྱ་བ་ནན་ཏན་ནོ། །དེ་ལས་བཅོམ་ལྡན་འདས་དཔལ་ཀྱེའི་རྡོ་རྗེ་བདག་ཉིད་སྤྲུལ་ཏེ། བདག་མེད་མ་དང་སྙོམས་པར་ཞུགས་པ་ཞེས་བྱ་བ་ལ་སོགས་པ་སྦྲེལ་ཏོ། །ཐ་མའི་ཐ་མ་ནི། ཉི་ཟླ་ས་བོན་ལ་ལྟོས་པ་ཙམ་ལས་ཁྱད་པར་མེད་དོ། །ཚིག་དོན་ལ་ཀྱེའི་རྡོ་རྗེ་ནི་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་སྟེ། དོན་དེ་སྟོན་པར་བྱེད་པའི་རྣམ་པར་ཞལ་བརྒྱད། ཕྱག་བཅུ་དྲུག་པ། སྐུ་མདོག་ནག་པོ་སྟེ། དེའི་རྣམ་པར་དག་པ་ནི། ནག་པོ་ནི་བྱམས་པའི་ཐུགས་ལས་མི་འགྱུར་བ་ཡིན་ནོ། །དཀར་པོ་ནི་རང་བཞིན་གྱིས་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བའོ། །སེར་པོ་ནི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་རྒྱས་པའོ། །དམར་པོ་ནི་སེམས་ཅན་ལ་ཐུགས་རྗེས་རྗེས་སུ་ཆགས་པའོ། །ལྗང་གུའམ་སྣ་ཚོགས་ནི་ཕྲིན་ལས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་བྱེད་པའོ། །ཡང༌། གླང་པོ་ལ་སོགས་འཛིན་པ་ནི། །ནད་ནི་ཉེ་བར་ཞི་བའོ། །གློ་དང་དབུགས་དང་དེ་བཞིན་སྨྱོ། །ཁྲག་སྐྱུག་མཛེས་དང་བིརྫི་ཀ །མཆིན་པ་མཚེར་པའི་ནད་རྣམས་ནི། །གླང་པོ་ལ་སོགས་རིམ་ཤེས་བྱ། །ས་ནི་དང་པོ་ནོར་སྦྱིན་མཐའ། །ཕྱུག་པོ་ཐམས་ཅད་རབ་གྲུབ་པའོ། །ཞེས་སོ། །ཡང་ཕུང་པོ་དང་ཞེས་བྱ་བ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཕུང་པོའི་བདུད་བཅོམ་པའི་བརྡར་ཚངས་པ་ཞབས་ཀྱིས་མནན་པའོ། །དེ་བཞིན་མཉམ་པ་ཉིད་ཀྱིས་ཉོན་མོངས་པའི་བདུད་བཅོམ་པའི་བརྡར་ཉེ་དབང་ཞབས་ཀྱིས་མནན་པའོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་འཆི་བདག་གི་བདུད་བཅོམ་པའི་བརྡར་དྲག་པོ་མནན་པའོ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་ལྷའི་བུའི་བདུད་བཅོམ་པའི་བརྡར་ལྷའི་དབང་པོ་ཞབས་ཀྱིས་མནན་པ་སྟེ། དེ་དག་ཀྱང་མཉམ་པར་བརྩེགས་པའི་སྙིང་གར་ཞབས་གཡས་པ་གཉིས་ཀྱིས་མནན་པའོ། །རོལ་མོའི་ཚུལ་ནི་སྐྱིལ་ཀྲུང་ཕྱེད་པའོ། །དེའི་གཡས་བརྐྱང་བ་ནི། ཐུགས་རྗེས་སེམས་ཅན་ལ་ཁྱབ་པའོ། །གཡོན་བསྐུམ་པ་ནི། ཤེས་རབ་ཀྱིས་ཆོས་གང་ཡང་མི་འཛིན་པར་བཏང་བའོ། །ལྷག་མ་ནི་རྟོགས་པར་སླའོ། །བདག་ནི་གང་ཟག་དང་ཆོས་ཀྱི་བདག་གོ །ནིར་ནི་དེ་གཉིས་ཀྱིས་སྟོང་པའོ། །རྣམ་པ་ཞལ་གཅིག་ཕྱག་གཉིས་མ་ནག་མོའོ། །ཡང་རྣམ་དག་ནི། དངོས་དང་དངོས་མེད་རྣམ་རྟོག་གིས། །མགོ་བོ་པདྨའི་སྣོད་དུ་བརྗོད། །ང་རྒྱལ་ལ་སོགས་སྐྱོན་དྲུག་རྣམས། །གཅོད་ཕྱིར་གྲི་གུག་རྣམ་པར་འཛིན། །སྐྱེས་པའི་མགོ་སྐམ་ནི་ཐབས་དང་མི་འབྲལ་པའོ། །ཕྱག་རྒྱ་ལྔ་ལྔ་ནི་ལྷ་མོ་ཐམས་ཅད་ཤེས་རབ་ཀྱི་རང་བཞིན་ཡིན་པས་ཐལ་བ་དང༌། ཚངས་སྐུད་མེད་པའོ། །གཡོན་བརྐྱང་བ་ནི་ཤེས་རབ་ཀྱིས་གང་ཡང་མི་འཛིན་པར་བཏང་བའོ། །གཡས་བསྐུམ་པ་ནི། ཐུགས་རྗེ་ཆེན་པོས་སེམས་ཅན་རྗེས་སུ་སྡུད་པའོ། །ལྷག་མའི་ཚིག་ནི་རྟོགས་པར་སླ་བས་མ་ཕྱེའོ། །དེ་ལྟར་གོང་བུ་དང༌། ཆུ་དང༌། གཟུགས་སུ་གནས་པའི་ཆ་ཤས་ཀྱིས། དམ་ཚིག་སེམས་དཔའ་བསྐྱེད་པའོ། །ད་ནི་ཡེ་ཤེས་པ་གཞུག་པ་འཆད་དེ། དེ་ཡང་ཡེ་ཤེས་གཞུག་པ་ཡི། །སྔོན་དུ་སྣོད་བཅུད་སྦྱང་བྱ་སྟེ། །གཞན་དག་དམ་ཚིག་སེམས་དཔའ་ལ། །དགོད་པར་བྱ་བ་བསྒོམ་པར་བྱ། །དེ་ཡང་ལྷ་དགུའི་ཐུགས་ཀ་ཡི། །རང་རང་ས་བོན་ལས་འོད་སྤྲོས། །སྣོད་ཀྱི་འཇིག་རྟེན་ལ་རེག་པས། །གཞལ་ཡས་ཁང་བསམ་འོད་ཟེར་བསྡུ། །ཡང་ནི་ས་བོན་ལས་འོད་སྤྲོས། །བཅུད་ཀྱི་སེམས་ཅན་ལ་རེག་པས། །བཅུད་རྣམས་ལྷ་དགུར་གྱུར་པར་བསམ། །འོད་ཟེར་ས་བོན་རྣམས་ལ་བསྡུ། །དེ་ལྟར་གཉིས་ཀྱང་དེ་སྐད་དུ། །ཞེས་བྱ་བ་དང༌། རང་གི་སྙིང་གར་ཞེས་བྱ་བའི་གཞུང་རིམ་པ་བཞིན་ཏེ། ཚིག་རྟོགས་པར་སླའོ། །ད་ནི་ཡེ་ཤེས་འཁོར་ལོ་དངོས། །དགུག་གཞུག་བྱ་བའང་བརྗོད་བྱ་སྟེ། །གཙོ་བོའི་ཐུགས་ཀའི་ས་བོན་ལས། །འོད་སྤྲོས་ལྷ་དགུ་སྤྱན་དྲང་བྱ། །སླར་ཡང་ཐུགས་ཀའི་ས་བོན་ལས། །འོད་ཟེར་དེ་དག་ལ་རེག་པས། །ལྷ་དགུའི་དཀྱིལ་འཁོར་ཡོངས་རྫོགས་པར། །རབ་ཏུ་གསལ་བར་དམིགས་པར་བྱ། །སླར་ཡང་ཐུགས་ཀའི་ས་བོན་ལས། །སྤྲོས་པའི་ལྷ་མོ་བརྒྱད་རྣམས་ཀྱིས། །མཆོད་ཅིང་བརྒྱད་པོ་དེ་ཉིད་ཀྱིས། །བསྟོད་པར་བསམ་ཞིང་ངག་ཏུའང་བརྗོད། །དེ་ནས་དགུག་གཞུག་བྱ་དངོས་ཀྱང༌། །གང་ཟག་ཐ་མའི་དབང་བྱས་ཏེ། །སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན། །གསུམ་དང་ལྡན་པར་བྱ་བ་ཡིན། །དེ་ཡང་གཞུང་གི་ཆ་ཡང་བཀུག་སྟེ། ཞེས་བྱ་བ་ནི། ངག་ཏུ་ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཨོཾ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿཞེས་བརྗོད་པར་བྱའོ། །ལུས་ཀྱིས་ལྕགས་ཀྱུའི་ཕྱག་རྒྱ་བཅས། །ཏིང་འཛིན་གཽ་རཱི་ལྕགས་ཀྱུ་འཛིན། །སྤྲོས་ཏེ་ཡེ་ཤེས་དཀྱིལ་འཁོར་ལོ། །ཤར་གྱི་སྒོ་རུ་བཀུག་པར་བསམ། །རང་གི་དམ་ཚིག་གི་འཁོར་ལོ་ལ་གཞུག་ཅིང་ཞེས་བྱ་བ་ལ། ཨོཾ་བཛྲ་ཙཽ་རཱི་པྲ་བེ་ཤ་ཡ་ཧཱུྃ། ཞགས་པའི་ཕྱག་རྒྱ་བཅིངས་ནས་ནི། །ཏིང་འཛིན་ཙཽ་རཱི་ཞགས་པ་འཛིན། །སྤྲོས་ཏེ་རྟེན་དང་བརྟེན་པར་བཅས། །སོ་སོ་རང་རང་ལ་བཅུག་བསམ། །ཡང་བཅུག་ནས་གཅིག་ཏུ་བྱས་ལ་ཞེས་བྱ་བ་ལ། ཨོཾ་བཛྲ་བེ་ཏཱ་ལཱི་བནྡྷ་བྃ། ལྕགས་སྒྲོག་ཕྱག་རྒྱ་བཅིངས་ནས་ནི། །རོ་ལངས་མ་སེར་ལྕགས་སྒྲོག་བཅས། །སྤྲོས་ལ་དམ་ཚིག་དང་ཡེ་ཤེས། །གཅིག་པ་ཉིད་དུ་གྱུར་པར་བྱ། །ཡང་ལྷའི་ང་རྒྱལ་བྱའོ། །ཞེས་བྱ་བ་ལ། ཨོཾ་བཛྲ་གྷསྨ་རཱི་བ་ཤཾ་ཀུ་རུ་ཧོཿ ལུས་ཀྱིས་དྲིལ་བུའི་ཕྱག་རྒྱ་བཅིང༌། །ཏིང་འཛིན་གྷསྨ་རཱི་དྲིལ་བུ། །འཛིན་པ་སྤྲོས་ཏེ་དམ་ཚིག་པ། །ཡེ་ཤེས་ངོ་བོར་གྱུར་དགོས་བསམ། །དེ་ལྟར་དམ་ཚིག་འཁོར་ལོ་ལ། །ཡེ་ཤེས་བསྟིམ་པའི་དགོས་པ་ཡང༌། །འདི་ལྟར་ཁ་ཅིག་དམ་ཚིག་པ། །དམན་འཛིན་ཡེ་ཤེས་མཆོག་ཏུ་འཛིན། །དེ་ལྟར་འཛིན་པའི་གང་ཟག་གིས། །ཡེ་ཤེས་དགུག་གཞུག་མ་བྱས་ན། །དམ་ཚིག་འབའ་ཞིག་གཟུགས་བརྙན་ཙམ། །ལམ་དུ་བྱས་ཡིན་དེས་མི་འགྲུབ། །དེ་བས་དམ་ཚིག་འཁོར་ལོ་ལ། །ཡེ་ཤེས་བཅུག་པས་དེར་རྟོགས་པས། །འབྲས་བུ་འབྱིན་ཡིན་ཡང་དག་པར། །དེ་ལྟར་མེད་ཀྱང་དེར་དགོངས་གསུངས། །དེའི་ཕྱིར་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱ་བ་ལས་ཀྱང༌། ཡེ་ཤེས་འཁོར་ལོ་ཆེན་པོ་འབར། །དམ་ཚིག་འཁོར་ལོ་ལ་མཉམ་ཐིམ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ནི། །བསྒྲུབ་སྟེ་གཞན་དུ་ཡང་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ད་ནི་ཁ་ཅིག་བར་འདིར་ནི། །སྐུ་གསུང་ཐུགས་དང་སྐྱེ་མཆེད་དྲུག །བྱིན་གྱིས་བརླབ་བྱ་དེ་སྒྲུབ་པ། །ཉེར་སྒྲུབ་ཀྱི་ནི་རྗེས་ཞེས་ཟེར། །དེ་འདིར་མི་བྱ་འོག་ནས་སུ། །མདའ་གཅིག་གིས་ནི་ཤ་བ་གཉིས། །གསོད་པའི་ཚུལ་དུ་ལྷ་མོ་བརྒྱད། །བསྡུས་པའི་རྗེས་ལ་བྱ་བར་བཞེད། །དེས་ན་གཙོ་བོ་བྱིན་བརླབས་པས། །ལྷ་མོ་བརྒྱད་ཀྱིས་བྱིན་བརླབ་པར། །འགྱུར་བ་ཡིན་ཞེས་བླ་མ་ནི། །མཁས་པ་བརྒྱུད་པར་ལྡན་རྣམས་གསུང༌། དེ་ལྟར་ཡེ་ཤེས་གཞུག་བྱས་ནས། །ད་ནི་དབང་བསྐུར་རྒྱས་གདབ་བསྒོ། །དེ་ཡང་ཐུགས་ཀའི་ས་བོན་ལས། །འོད་སྤྲོས་ནམ་མཁའ་ཀུན་ཁྱབ་པས། །བདེ་བར་གཤེགས་པ་ལྔ་དག་དང༌། །བྱང་ཆུབ་སེམས་དཔའ་བརྒྱད་རིག་མ། །ལྔ་དང་གཟུགས་སོགས་ལྷ་མོ་དྲུག །ཁྲོ་བོ་བཅུ་རྣམས་སྤྱན་དྲང་བྱ། །སླར་ཡང་ཐུགས་ཀའི་ས་བོན་ལས། །ལྷ་མོ་བརྒྱད་ཀྱིས་ལེགས་མཆོད་ཅིང༌། །བསྟོད་དབྱངས་ཀྱིས་ཀྱང་བསྟོད་བྱས་ཏེ། །དབང་བསྐུར་ཕྱིར་དུ་གསོལ་བ་གདབ། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །བདག་ལ་དབང་བསྐུར་མཛད་དུ་གསོལ། །ཞེས་བྱ་བའམ། ཨ་བྷི་ཥིཉྩ་ཏུ་མཱཾ་སརྦཱ་ཏ་ཐཱ་ག་ཏ་ཞེས་བརྗོད་པར་བྱའོ། །དེ་ལྟར་གསོལ་བ་བཏབ་པ་ཡིས། །དེ་བཞིན་གཤེགས་རྣམས་ཧེ་རུ་ཀའི། །རྣམ་པར་གྱུར་ཏེ་བདུད་རྩི་ལྔས། །གང་བའི་རིན་ཆེན་བུམ་པས་བླུགས། །བྱང་ཆུབ་སེམས་རྣམས་བཀྲ་ཤིས་ཀྱི། །གླུ་དབྱངས་རིག་མས་རྡོ་རྗེའི་གླུ། །ལྷ་མོས་མེ་ཏོག་ལ་སོགས་ཆར། །འདེབས་ཤིང་ཁྲོ་བོས་བགེགས་སྐྲོད་བསམ། །དེ་ལྟར་བསམས་ཏེ་དབང་བསྐུར་བས། །སྤྱི་བོར་བྱང་ཆུབ་སེམས་ཀྱི་ཆུས། །ཡོངས་སུ་གང་བས་བུམ་པའི་དབང༌། །ཐོབ་པར་ཡང་ནི་མོས་པ་བྱ། །མགྲིན་པར་གསང་དབང་སྙིང་གར་ནི། །ཤེས་རབ་ཡེ་ཤེས་རྐང་མཐིལ་བར། །ཡོངས་གང་བཞི་པ་ཐོབ་པར་བསམ། །དེ་ཚེ་ལུས་ཀུན་གང་བ་ཡིས། །བདེ་ཆེན་སྐྱེས་པར་བསམ་བྱ་ཞིང༌། །ཆུ་ཡི་ལྷག་མ་ལུད་པ་ལས། །ཅོད་པན་རང་གི་ལྷག་པའི་ལྷ། །མངོན་པར་རྟོགས་པ་བརྗོད་ཟིན་ཏོ།།  །།དཀྱུས་མའི་དོན་འཆད་པ་ནི་དེའི་ཚེ་དབང་རང་གི་ངོ་བོ་གང་བླང་ཞེ་ན། སློབ་དཔོན་དང་ཞེས་བྱ་བ་ལ་སོགས་པ་སྦྱར་རོ། །དེས་དྲི་མ་གང་དག་པར་བྱེད་ཅེ་ན། དགོད་པ་ལ་སོགས་པའི་དྲི་མ་དག་པར་བྱེད་དོ། །ཅི་ཞིག་རྡོ་རྗེ་སློབ་དཔོན་གྱི་དབང་ལ་སོགས་པས་དགོད་པ་ལ་སོགས་པའི་དྲི་མ་དང་དག་པར་བྱེད་སྙམ་པ་ལ། འདི་ལྟར་དགོད་པ་ལ་སོགས་པའི་བདེ་བ་གནང་ཞིང༌། དེ་དང་དེ་དག་གི་དྲི་མ་དག་པར་བྱེད་པ་ནི། བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་བླ་ན་མེད་པ་སྟེ། རྒྱུད་སྡེ་བཞི་ཡིན་ལ། དེ་དང་དེ་དག་གི་དབང་གི་མཐར་ཐུག་པའམ། དེ་དག་གི་ཉམས་སུ་མྱོང་བ་ཙམ་ཞིག་རིམ་པ་བཞིན་སློབ་དཔོན་ལ་སོགས་པའི་དབང་གི་དུས་སུ་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་དབང་བསྐུར་བའི་དུས་དང༌། བྱང་ཆུབ་ཀྱི་སེམས་ལྕེ་ལ་བཞག་པའི་དུས། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་དང༌། བཞི་པ་རྣམས་ཀྱི་དུས་སུ་ཉམས་སུ་མྱོང་བ་སྐྱེས་པ་ཙམ་རྒྱུད་དེ་དང་དེའི་ཉམས་སུ་མྱོང་བའི་མཐར་ཐུག་ཡིན་པས་དག་པར་བྱེད་དོ། །དེའི་ཉམས་སུ་མྱོང་བ་དེ་ཇི་ཙམ་སྙམ་པ་ལ། དགའ་བ་དང་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་ཚད་ཙམ་མོ། །དེ་དག་དུས་ཇི་ཙམ་གྱིས་དུས་སུ་སྐྱེ་སྙམ་པ་ལ། རྣམ་པ་སྣ་ཚོགས་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དང་དེ་དག་གི་དུས་སུ་སྐྱེ་བའོ་ཞེས་སྦྱར་བར་བྱའོ། །ཡང་ན་དོན་ནི་དབང་འདི་དག་གིས་ཅི་ཞིག་རྟོགས་པར་བྱ་སྙམ་པ་ལ་དགའ་བ་དང་ཞེས་བྱ་བ་ལ་སོགས་པ་སྦྱར་རོ། །དེ་དག་གི་དུས་སུ་སྐྱེ་ཞིང་རྟོགས་པར་བྱ་སྙམ་པ་ལ། རྣམ་པ་སྣ་ཚོགས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅི་ཞིག་དབང་བཞིས་དགའ་བ་བཞི་ཇི་ལྟར་མཚོན་སྙམ་པ་ལ་དབང་བཞི་དང་གྲངས་ཀྱང་མཐུན་ལ་གོ་རིམ་ཀྱང་མཐུན་ཏེ། དགའ་བ་ལ་བརྟེན་ནས་མཆོག་དགའ། དེ་ལ་བརྟེན་ནས་དགའ་བྲལ། དེ་ལ་བརྟེན་ནས་ལྷན་སྐྱེས་སྐྱེ་ལ། ཡང་སློབ་དཔོན་ལ་བརྟེན་ནས་གསང་དབང༌། དེ་ལ་བརྟེན་ནས་ཤེས་རབ་ཡེ་ཤེས། དེ་ལ་བརྟེན་ནས་བཞི་པ་འབྱུང་ཞེས་འདོད་ལ། ཡང་དྲི་མ་འཁྲུད་པར་ཡང་ཆོས་མཐུན་ཏེ། དགོད་པ་ལ་སོགས་པའི་དྲི་མ་དག་པར་བྱེད་པ་ཆོས་མཐུན་ནོ། །གལ་ཏེ་དེ་དག་གིས་དགོད་པ་ལ་སོགས་པའི་དྲི་མ་ཅིའི་ཕྱིར་འདག་པར་བྱེད་སྙམ་པ་ལ། དབང་གིས་དག་པའི་ཚུལ་ནི་སྔར་བརྗོད་ཟིན་ལ། དགའ་བ་ལ་སོགས་པ་ཡང་དེ་དག་གི་ཉམས་སུ་མྱོང་བ་མཐར་ཐུག་པར་གྱུར་པ་ཡིན་པས་སོ་ཞེས་སྦྱར་རོ། །ཞེས་བླ་མ་དག་གསུང་ངོ༌། །ཚིག་གི་དོན་ནི་གོ་བར་ཟད་དོ། །དབང་བསྐུར་ནས་རང་གི་རིགས་ཀྱི་བདག་པོས་སྤྱི་བོར་མཚན་ཏོ། །ཞེས་བྱ་བ་ལ་སོགས་པ་ནི། གཙོ་བོ་ཡབ་ཡུམ་མི་བསྐྱོད་པས། །རྒྱས་བཏབ་ངོ་བོ་ཉིད་ཀྱི་རྒྱ། །གཽ་རཱི་པུཀྐ་སཱི་མི་བསྐྱོད། །ལུས་ལ་སེམས་ཀྱི་ཕྱག་རྒྱ་ཡིན། །ཙཽ་རཱི་དང་ནི་ཤ་བ་རཱི། །རྣམ་པར་སྣང་མཛད་སེམས་ལ་ལུས། །བེ་ཏཱ་ལཱི་དང་ཙཎྜཱ་ལཱི། །རིན་ཆེན་འབྱུང་ལྡན་ཕྱག་རྒྱ་ནི། །རྒྱུ་འདོད་ཆགས་ལ་འབྲས་བུ་ནི། །སེར་སྣ་ཡི་ནི་ཕྱག་རྒྱ་ཡིན། །གྷསྨ་རཱི་དང་ཌོ་བི་ནཱི། །འོད་དཔག་མེད་པའི་ཕྱག་རྒྱ་ནི། །འབྲས་བུ་ཕྲག་དོག་ལ་ནི་རྒྱུ། །འདོད་ཆགས་ཀྱི་ནི་ཕྱག་རྒྱ་ཡིན། །དེ་དག་ཕན་ཚུན་རྒྱབ་བསྣོལ་བར། །མེད་ན་དེ་ལྟར་མཛེས་མི་འགྱུར། །དེ་ལྟར་རྒྱས་བཏབ་མཐར་ཐུག་པར། །བསྒོམ་པ་ཆོས་སྐུ་སྐྱེ་མེད་ལས། །འགྲོ་བའི་དོན་དུ་སྤྲུལ་པའི་སྐུ། །གཟུགས་སུ་གནས་པ་ཞེས་བྱར་བསྒོམ། །ཡེ་ཤེས་ལྔ་ཡི་མངོན་རྟོགས་འདིར་གསུངས་སོ། །ད་ནི་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པས་གོང་དུ་བསྟན་པ་རྣམས་ཀྱི་མངོན་པར་རྟོགས་པ་གང་ཟག་དབང་པོ་ཐ་མའི་ཐ་མའི་མངོན་པར་རྟོགས་པ་འདི་ལྟར་ཡིན་ནོ། །ཞེས་ཟོར་ཡང་བར་བྱ་བའི་ཕྱིར་གཞུང་བསྡུ་བའི་ཚུལ་གྱིས་བསྟན་ཏོ། །དེ་ལ་ཨཱ་ལི་ཡོངས་སུ་གྱུར་པ་ཞེས་པ་ནི། ཨཱ་ལི་ཕྲག་གཉིས་སྐར་མའི་རྣམ་པ་ལྟ་བུ་གཡས་སྐོར་གཡོན་སྐོར་རམ་མགོ་སྤྲོད་གང་ཡང་རུང་བ་སྟེ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ་ཡོངས་སུ་གྱུར་པ་ལས་ཟླ་བ་སྟེ་ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ཡང་རྣམ་པ་ཟླ་བར་བསྒོམས་པས་བསྒོམ་སླ། རང་གི་ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་པས་མེ་ལོང་ལྟ་བུ་ལམ་དུ་བྱས་པར་འགྱུར་ཞེས་བྱ་བ་ལ་སོགས་པའི་ཚུལ་གོང་དུ་རྒྱས་པར་བསྟན་ཏེ། དེ་འདིར་ཡང་ཇི་ལྟ་བ་བཞིན་རྟོགས་པར་བྱའོ། །ཚིག་གི་དོན་ནི་རྟོགས་པར་ཟད་དོ།།  །།ད་ནི་གནས་པ་བཞི་པ་བསྟན་ཏེ། །དེ་ཡང་མངོན་པར་རྟོགས་པ་འདིར། །བསྐྱེད་པ་དང་ནི་རྫོགས་པའི་རིམ། །རེ་རེ་ལ་ཡང་འཇོག་ཚུལ་གསུམ། །གསུམ་ལའང་གསུམ་གསུམ་དགུར་འགྱུར་རོ། །དེ་ལས་བསྐྱེད་རིམ་བསྒོམ་པ་ལ། །གསུམ་ནི་ལྷ་དགུར་བསྒོམ་པ་དང༌། །ཡབ་ཡུམ་ཙམ་བསྒོམ་ཡབ་ཙམ་སྟེ། །རེ་རེ་ལ་ཡང་གསུམ་གསུམ་མོ། །དེ་ལ་ལས་དང་པོ་པས། དང་པོར་ལྷ་དགུ་ཙམ་གྱི་སྤྱི་ལ་དམིགས་ཏེ། ལོ་ལ་སོགས་པ་ཅི་རིགས་པར་སེམས་གནས་པར་བྱའོ། །དེ་ནས་ལྷའི་རྣམ་པ་ལ་སེམས་གཟུང་བར་བྱ་སྟེ། དེ་ལས་དང་པོ་ལྷ་དགུ་ལ། །བློ་གནས་འདོད་པའི་སྒྲུབ་པོས་ནི། །འཇུག་དང་གནས་དང་ལྡང་བ་ཡི། །རིམ་པ་གསུམ་དུ་བསྒོམ་པར་བྱ། །དང་པོ་བསོད་ནམས་ཚོགས་བསགས་ནས། །ཐ་མ་དབང་བསྐུར་རྒྱས་གདབ་བར། །འཇུག་རིམ་དེ་ནས་སེམས་འཇོག་པ། །གནས་པའོ་མན་ཆད་ལྡང་རིམ་ཡིན། །དེ་ལ་གནས་པའི་རིམ་པ་ལ། །འཇོག་དང་རྒྱུན་དུ་འཇོག་ལ་སོགས། །ཞི་གནས་སེམས་གནས་ཐབས་དགུ་ཡིས། །ལྷ་དགུ་གསལ་བའི་བར་བསྒོམ་བྱ། །དེ་ལ་དང་པོར་སྣ་ཚོགས་རྡོ་རྗེ་ལ་སོགས་པ་བྱེ་བྲག་ནས་སེམས་བཟུང་སྟེ། རིམ་གྱིས་ཇེ་ཆེར་འགྱུར་ཏེ་མཐར་ལྷ་དགུ་ཀ་ཡོངས་སུ་གསལ་བར་གྱུར་བར་བསྒོམ་པའི་བར་ནི་ལྷ་དགུ་ལ་སེམས་གནས་པར་བསྒོམ་པ་ཞེས་བྱ་བ་ཡིན་ནོ། །དེ་ལ་བློ་བརྟན་པར་གྱུར་ནས་རིམ་གྱིས་རྫོགས་པའི་རིམ་པ་ལ་འཇུག་པར་བྱ་བའི་ཕྱིར། དམིགས་པའི་ཡུལ་ཆུང་བ་ཆུང་བ་ལ་འཇུག་པར་བྱ་སྟེ། དེ་ལ་ཡབ་ཡུམ་ཙམ་བསྒོམ་འདོད། །ཐ་མ་ལྷ་མོ་བརྒྱད་ཞལ་བརྒྱད། །བསྡུ་བའི་བར་དུ་རྫོགས་བྱ་བ། །འཇུག་པའི་རིམ་པ་རྫོགས་པའོ། །དེ་ནས་རྩེ་གཅིག་ཡབ་ཡུམ་ལ། །གནས་ཐབས་དགུ་ཡིས་བསྒོམ་པ་ནི། །གནས་རིམ་ཡུམ་ཡང་བསྡུ་བ་སོགས། །ལྡང་བའི་རིམ་པ་ཞེས་བྱའོ། །གལ་ཏེ་ཡབ་ཙམ་བསྒོམ་འདོད་ན། །ཡུམ་ཡང་ཡབ་ལ་བསྡུ་བའི་བར། །འཇུག་པའི་རིམ་པ་གནས་པའི་རིམ། །ཡབ་ལ་རྩེ་གཅིག་སེམས་གནས་པའི། །ཐབས་ཀྱིས་བསྒོམ་པ་འཇུག་པའི་རིམ། །ཡབ་ཀྱང་སྙིང་གའི་ཧཱུྃ་ཉིད་ལ། །བསྡུ་བ་ཡན་ཆད་དེ་བར་དུ། །བསྐྱེད་པའི་རིམ་པ་གནས་པ་དགུའོ། །རྫོགས་པ་ཡི་ནི་རིམ་པ་ལའང༌། །ཧཱུྃ་ཙམ་གནས་དང་ནཱ་དར་གནས། །དེ་བཞིན་སྟོང་པ་ལ་གནས་ཏེ། །དགུ་ཡིན་འོག་ཏུ་ངེས་པར་བྱའོ། །དེ་ལ་ཡབ་ཡུམ་ཙམ་བསྒོམས་པས། །དཀྱིལ་འཁོར་རྣམ་པ་བསྡུ་བྱ་སྟེ། །རང་གི་སྙིང་གའི་ས་བོན་ལས། །འོད་སྤྲོས་སྣོད་བཅུད་རྣམས་ལ་ཕོག །དེ་དག་འོད་ཟེར་རྣམ་གྱུར་ཏེ། །སྲུང་བའི་འཁོར་ལོ་ལ་བསྡུ་བྱ། །དེ་བཞིན་དུར་ཁྲོད་བརྒྱད་ལ་བསྡུ། །དེ་ནས་གཞལ་ཡས་ཁང་ལའོ། །དེ་ནས་སླར་ཡང་འོད་དེ་ཡིས། །གཞལ་ཡས་ཁང་ལ་རེག་པས་དེ། །ལྷ་མོ་བརྒྱད་ལ་བསྡུ་བྱ་སྟེ། །གཞལ་ཡས་ཁང་ཡང་གཟུགས་དྲི་སོགས། །ཡུལ་བཞི་འབྱུང་བཞི་ངོ་བོ་སྟེ། །ལྷ་མོ་བརྒྱད་ཀྱང་ཡུལ་བཞི་དང༌། །འབྱུང་བཞིའི་ངོ་བོ་ཡིན་པའི་ཕྱིར། །ངོ་བོ་ཉིད་ལ་བསྡུར་ཤེས་བྱ། །སླར་ཡང་འོད་སྤྲོས་ལྷ་མོ་བརྒྱད། །ལ་རེག་དེ་ཡང་ཞལ་བརྒྱད་དུ། །བསྡུ་བྱ་དེ་དག་ཐབས་ཤེས་རབ། །སྙོམས་ཞུགས་བྱང་ཆུབ་སེམས་དབྱུང་ཕྱིར། །དེ་ནི་དེ་ཡང་ཤེས་རབ་ཀྱི། །རོ་གཅིག་པ་ལས་འབྱུང་བ་ཡི། །ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཞལ་བརྒྱད་དུ་རིམ་པས་གཞུག་ཅེས་བྱ་བ་ནི། །གཽ་རཱི་རྩ་བའི་ཞལ་ནག་པོ་ལའོ། །ཙཽ་རཱི་གཡས་ཞལ་བར་པ་ལའོ། །བེ་ཏཱ་ལཱི་སྟེང་གི་ཞལ་དུ་བའི་མདོག་ཅན་ལའོ། །གྷསྨ་རཱི་གཡོན་ཞལ་བར་པ་ལའོ། །པུཀྐ་སཱི་གཡོན་དམར་བ་ལའོ། །ཤ་བ་རཱི་གཡས་དཀར་བ་ལའོ། །ཙཎྜཱ་ལཱི་གཡས་པའི་ཞལ་ཕ་ཐ་ལ། ཌོཾ་བི་ནཱི་གཡོན་པའི་ཞལ་ཕ་ཐ་ལ་བསྡུ་བར་བྱའོ། །དེ་ལྟར་ཡབ་ཡུམ་ཙམ་དུ་བསྒོམ་པར་བྱའོ། །དེ་ལྟར་ཡབ་ཡུམ་ཙམ་གནས་ལ། །འཁོར་ལོ་བཞི་ཡི་རྒྱས་གདབ་སྟེ། །རྩ་འདབ་ལ་སོགས་ཇི་ལྟ་བཞིན། །དམིགས་ཏེ་ཡིག་འབྲུ་བཞི་ཡང་བསམ། །དེ་དག་ཕྱག་རྒྱ་བཞིར་བསམས་ཏེ། །ལས་དང་ཆོས་དང་ཕྱག་རྒྱ་ཆེ། །དམ་ཚིག་ཕྱག་རྒྱ་ཆེན་པོ་སྟེ། །ལྟེ་བ་ལ་སོགས་རིམ་བཞིན་ནོ། །དེ་ལ་བསྐྱེད་པ་གཙོར་བསྒོམས་པས། །དེ་ཙམ་ཉིད་ལས་མི་བྱ་གསུང༌། །གལ་ཏེ་རྫོགས་པ་གཙོར་བསྒོམས་པས། །གཅེར་བུ་ཙཎྜཱ་ལཱི་བསྒོམ་བྱ། །དེ་ལ་འདིའི་མངོན་པར་རྟོགས་པ་ནི། ལྟེ་བ་སྤྲུལ་པའི་འཁོར་ལོའི་ལྟེ་བ་ལ་ནང་སྐོར་འདབ་མ་བརྒྱད་ལ་ཨ་ཀ་ཙ་ཊ་པ་ཏ་ཡ་ཤ ཕྱི་སྐོར་དྲུག་ཅུ་རྩ་བཞི་ལ་ཨཱ་ལི་ཕྲག་གཉིས་གཡོན་སྐོར་དང༌། ཀཱ་ལི་ཧ་དང་ཀྵ་སྤངས་པ་གཡས་སྐོར་དུ་བསམ་མོ། །སྙིང་ག་ཆོས་ཀྱི་འཁོར་ལོའི་ལྟེ་བར་ཧཱུྃ། ཕྱོགས་བཞིར་བྷྲཱུྃ་ཨཱ་ཛྲཱིཾ་ཁྃ། མཚམས་བཞིར་ལྃ་མྃ་པྃ་ཏཱྃ་བཞི་བསམ་མོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་ལྟེ་བ་ལ་ཨོཾ། འདབ་མ་ལ་ཨཱ་ལི་ཕྲག་གཅིག་གཡོན་སྐོར་དུ་བསམ་པར་བྱའོ། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་ཟེའུ་འབྲུ་ལ་ཧྃ། འདབ་མ་ལ་ཨཱ་ལི་ཕྲག་གཉིས་བསམ་པར་བྱ་སྟེ། དེའང་ལྟེ་བ་སྙིང་ག་ཁ་སྦྱོར། མགྲིན་པ་སྤྱི་བོ་ཁ་སྦྱོར་དུ་བསམས་ཏེ། དེ་དག་སྔར་བརྗོད་པ་བཞིན་ཕྱག་རྒྱ་བཞིར་མོས་པ་བྱའོ། །གཞན་ཡང་རྩ་དབུས་སུ་ཨ་ཝ་དྷཱུ་ཏཱི་དང༌། གཡས་སུ་ར་ས་ནཱ་དང༌། གཡོན་དུ་ལ་ལ་ནཱ་གསུམ་ཡང་དམིགས་པར་བྱའོ། །ཡང་བཤད་སྒོར་རླུང༌། སུམ་མདོར་མེ་ཡང་གསལ་བར་བྱའོ། །དེ་ནས་བཤང་སྒོའི་རླུང་གིས་སུམ་མདོའི་མེ་སྦར། དེས་ལྟེ་བའི་ཨྃ་སྦར་ཏེ། དེ་ལས་མེ་ར་ས་ནཱ་ནས་ཞུགས་ཏེ། སྙིང་གའི་ཡི་གེ་འབྲུ་རྣམས་བསྲེག་པར་བྱའོ། །ཡང་མེ་དེས་མགྲིན་པའི་ཡིག་འབྲུ་བསྲེག་པར་བྱའོ། །ཡང་དེས་སྤྱི་བོའི་ཡིག་འབྲུ་ཡང་བསྲེག་པར་བྱ་སྟེ། དེ་ནས་རང་གི་སྣ་ནས་འོད་ཟེར་གྱི་ཚོགས་ནམ་མཁའ་ཁྱབ་པར་སྤྲོས་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཤངས་ཀྱི་བུ་ག་གཡོན་ནས་ཞུགས་ཏེ། དེ་དག་གི་འཁོར་ལོ་བཞི་བཞུ་བཏུལ་བྱས་ཏེ། དེ་དག་གི་ཐུགས་སྙིང་པོ་ཡང་དག་པའི་བདུད་རྩི་སྲིན་བུ་པད་པས་ཁྲག་འདྲེན་པ་བཞིན་བསྡུས་ཏེ། རང་གི་སྣ་གཡོན་ནས་ཞུགས་ནས་སྤྱི་བོ་དེ་ཉིད་ཀྱི་ནང་དུ་ཐིམ་པར་བྱའོ། །དེ་ནས་བདུད་རྩི་དེ་གཡོན་རྐྱང་མ་ནས་འོངས་ཏེ་མགྲིན་པར་ཡིག་འབྲུ་རྣམས་གསོས་བཏབ་སྟེ། ལྟེ་བའི་ཨྃ་གི་བར་དུ་དབབ་བོ། །དེས་རྡོ་སོལ་ལ་མེ་བྱུང་བ་བཞིན་ཨྃ་ཆེར་འབར་ཏེ། དབུ་མ་ཨ་ཝ་དྷཱུ་ཏཱི་ཁ་ཕྱེ་སྟེ། གློག་གི་ཟེར་མའི་ཚུལ་དུ་སོང་སྟེ། སྤྱི་བོའི་ཧྃ་ལ་ཕོག་པས། དེ་ལས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་བབ་སྟེ་མེ་འབར་བ་དང་རྩེ་སྤྲོད། སྙིང་ག་ཙམ་དུ་དམིགས་པ་བྱའོ། །བྱིང་བ་ཤས་ཆེ་ན་མགྲིན་པ་ཙམ་མོ། །རྒོད་ན་ནི་སྙིང་གའི་སྨད་དུ་དམིགས་པར་བྱའོ། །དེ་ལ་དམིགས་ཏེ་རླུང་ཁ་སྦྱར་བར་བྱའོ། །དེ་ལྟར་རིམ་གྱིས་གོམས་པར་བྱས་པས། དང་པོར་ལུས་ལ་དྲོད་འབྱུང་ངོ༌། །དེ་ནས་རིམ་གྱིས་བདེ་བ་འབྱུང་སྟེ་དུ་བ་ལ་སོགས་པའི་རྟགས་རྣམས་ཀྱང་འབྱུང་ངོ༌། །དེ་ནས་རིམ་གྱིས་རང་བྱུང་གི་ཡེ་ཤེས་མངོན་དུ་གྱུར་ཏེ། དེ་གོམས་པ་ལས་དོན་གྱི་ཡེ་ཤེས་ཀྱང་འབྱུང་བར་འགྱུར་རོ། །ལས་དང་པོ་པ་དམིགས་པ་བརྟན་པ་དག་ལ་ར་ས་ནཱ་ལ་མེ་སྦར་བས། ར་ས་ནཱ་དེ་མགྲིན་པའི་གནས་སུ་སུམ་སྐོར་དུ་གྱུར་པས་མེ་ལྡོག་པ་དང༌། དང་ག་འགག་པ་དང་མགྲིན་པ་སྐྲངས་པ་ལ་སོགས་པར་གྱུར་ན། དེ་ཉིད་དུ་ལ་དོར་བར་བྱའོ། །ཞེས་གསུང་ངོ༌། །དེ་དག་གི་ཚིག་ནི་རྟོགས་པར་སླའོ། །དེ་ནས་གོ་ཆ་དགོད་བྱ་སྟེ། །རང་གི་ལུས་ཀྱི་ཕྱག་རྒྱ་དྲུག །རྒྱལ་བ་དྲུག་གི་ངོ་བོ་རུ། །མོས་པ་ཙམ་དུ་བྱ་བ་ཡིན། །དེས་ནི་འཁོར་ལོ་ལ་སོགས་པ། །ཐ་མས་རྣམ་པར་རྟོགས་པ་ལ། །རྒྱས་འདེབས་ཕྱིར་ན་ཕྱག་རྒྱ་ཡིན། །བར་ཆད་བསྲུང་ཕྱིར་གོ་ཆའོ། །དེ་ནས་སྐྱེ་མཆེད་དྲུག་བྱིན་གྱིས་བརླབ་པར་བྱ་སྟེ། མིག་ལ་སོགས་པའི་སྐྱེ་མཆེད་ཐ་མལ་པ་རྣམས་སྟོང་པར་བསམས་ཏེ། དེར་པྃ་ལས་པདྨ་དང་རྃ་ལས་ཉི་མའི་སྟེང་དུ་རོ་རེ་བསམས་ཏེ། དེའི་སྟེང་དུ་རང་རང་གི་ཡི་གེ་དང་པོ་ལས་བསྐྱེད་དོ། །མོ་ཧ་བཛྲི་དང༌། དྭེ་ཥ་བཛྲི་དང༌། མ་ཙ་དྱ་བཛྲི་དང༌། རཱ་ག་བཛྲི་དང༌། ཨཱིརྵྱ་བཛྲི་དང༌། ནཻ་རཱདྨ་རྣམས་ཀྱི་དང་པོ་ལ་ཀླད་ཀོར་དང་བཅས་པ་སྟེ། མྃ་ངྃ་མྃ་རཱྃ་ཨཱིྃ་ནྃ་ཞེས་བྱ་བ་རྣམས་དཀར་པོ་དང༌། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། ནག་པོ་རྣམས་ཏེ། དེ་དག་གྱུར་པ་ལས་ལྷ་མོ་རྣམས་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག གཡོན་ཐོད་པ། གྲུ་མོར་ཁ་ཊྭཱྃ་ག་དང་བཅས་པ། གདན་སྔར་བསྟན་པ་ལ་བཞུགས་པ་སྟེ། ཁ་དོག་ནི་ས་བོན་གྱི་སྐབས་བཞིན་ནོ། །དེ་ལྟར་གོ་ཆ་བགོས་པ་ལ། །དགོས་པ་རྣམ་པ་གསུམ་གསུངས་ཏེ། །ཐ་མར་རྣམ་རྟོག་བློ་ཟློག་དང༌། །མངོན་པར་ཤེས་པ་ལྔ་འཆར་དང༌། །བར་ཆད་བགེགས་ལས་སྲུང་བ་སྟེ། །དེ་ལས་དང་པོ་རྣམ་པ་གཉིས། །གུར་གྱི་ལུང་ཡིན་ཐ་མ་ནི། །བླ་མ་དམ་པའི་གདམས་ངག་ཡིན། །འདིས་ནི་སྤྱོད་ལམ་གྱི་རྣལ་འབྱོར་བསྟན། །ཉམས་སུ་བླང་བ་འོག་ཏུ་གོ་བར་བྱའོ། །དེ་ནས་བར་འདིར་བཟླས་བྱ་སྟེ། །ཡུམ་མེད་ཕྱིར་ན་འོག་ཏུ་མིན། །དེ་བས་འོག་གི་རྫོགས་རིམ་ལ། །ནུས་ལྡན་བྱ་ཕྱིར་བཟླས་པར་བྱ། །བཟླས་པའི་མན་ངག་ནི་ཡུམ་གྱི་ཐུགས་ཀའི་ཨྃ་ལས་སྔགས་ཀྱི་ཕྲེང་བ་བྱུང་སྟེ། དེ་རང་གི་ཁར་ཞུགས་ཤིང་འཁོར་ཏེ། ཚུར་འཁོར་བ་འདིས་ནི་རླུང་བརྟན་པར་འགྱུར་རོ། །དེའི་ཁ་དོག་ནི་ལས་ཀྱིས་དབྱེ་བ་སྟེ། ཞི་བ་ལ་ཁ་དོག་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནག་པོར་བཟླ་བར་བྱའོ། །མི་དགའ་བའི་མཐར་ཐུག་པ་ནི། སྐྱོ་བ་དང་མི་འདོད་བཞིན་བཟླས་ན་རྡོ་རྗེ་སེམས་དཔའ་བརྙས་པར་འགྱུར་བས་ཇི་སྲིད་འདོད་པར་བཟླས་སོ། །དེ་ལྟར་བཟླས་པའི་དགོས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སྙིང་པོ་ནས་བསྐུལ་ཞིང༌། མཁའ་འགྲོ་མ་རྣམས་སྙན་གསན་འབེབས་པར་བྱེད་པ་སྟེ། རྡོ་རྗེ་གུར་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ནི་སྙན་གསན་འབེབས་པར་བྱེད། །དཔེར་ན་སྐྱེས་ཆེན་ལ་ལ་ཞིག །སྔགས་ཀྱི་ང་རོས་བོས་པ་ན། །ཐོས་པ་ཙམ་གྱིས་འོངས་གྱུར་པ། །དེ་ལྟར་སྐད་ཅིག་སངས་རྒྱས་གཤེགས། །འཇིག་རྟེན་ཁམས་ནི་སྟོང་ཕྲག་དང༌། །ནམ་མཁའི་ཁམས་ཀྱི་མཁའ་གྲོང་དུ། །ཕྱག་རྒྱ་ཆེན་པོ་བདེ་གནས་ཀྱི། །མཁའ་དང་མཉམ་པའི་སངས་རྒྱས་བཞུགས། །དེ་རྣམས་སྔགས་རིག་དྲུང་མི་གཤེགས། །སངས་རྒྱས་སྤྱན་གྱིས་རྣམ་པར་གཟིགས། །གང་གིས་སྔགས་ཀྱི་རིམ་ཐོབ་པ། །ཨེ་མ་དེ་ཡིས་བྱང་ཆུབ་ཐོབ། །ཅེས་གསུངས་སོ། །དེ་ལྟར་ཡབ་ཡུམ་ཙམ་བསྒོམས་ལ། ཇི་ལྟར་འདོད་པར་གནས་བྱས་ལ། །དེ་ལས་ལྡང་བའི་རྣལ་འབྱོར་ནི། །ཡུམ་བསྡུ་ལ་སོགས་རྣམས་ཡིན་ཏེ། །སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད། །ཕྱི་རྒྱུའི་དུས་སུ་སྣ་གཡས་ནས། །སྤྲོས་ལ་ཡུམ་ལ་ཕོག་པར་བསམ། །ནང་འཇུག་སྣ་བུག་གཡོན་ནས་སོ། །དེ་ལྟར་བསྒོམས་པས་བདག་མེད་མ། །ཇེ་ཞུ་ཇེ་ཞུ་ཐུགས་ཀ་ཡི། །ཟླ་ཉི་ཨྃ་བཅས་ལ་ཐིམ་བསམ། །དེ་ཡང་འོད་ཀྱི་གོང་བུ་བསམ། །དེ་ནི་འཇུག་པའི་རླུང་འགྲོགས་ཏེ། །སྣ་བུག་གཡོན་ནས་ཞུགས་གྱུར་ཏེ། །ཡབ་ཀྱི་ཐུགས་ཀའི་ཧཱུྃ་ཉིད་ལ། །ཐིམ་པར་ཡང་ནི་བསྒོམ་པ་ཡིན། །ཡབ་ཙམ་ལ་ནི་གནས་འདོད་པས། །དེ་དག་བར་ནི་ཞུགས་པའི་རིམ། །ཡབ་ལ་ཇི་ལྟར་འདོད་འདོད་ཀྱི། །བར་དུ་བསྒོམ་པ་གནས་རིམ་ཡིན། །དེ་ནས་ཡབ་ཀྱང་བསྡུ་བ་སོགས། །ལྡང་བའི་རིམ་པ་ཞེས་བྱ་སྟེ། །ཐུགས་ཀའི་ས་བོན་ལས་འོད་ཟེར། །ཕྱི་རྒྱུའི་དུས་སུ་སྣ་གཡས་ནས། །སྤྲོ་བྱ་དེ་ནི་རང་ལུས་ལ། །ཡོངས་སུ་གསལ་བར་བསམ་བྱ་ཞིང༌། །ནང་དུ་འཇུག་པའི་དུས་སུ་ནི། །སྣ་གཡོན་ནས་ནི་འཇུག་པར་བྱ། །དེ་ནི་ཨཱ་ལི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། མི་ཟབ་པར་བཤད་ན་སྤྲོ་བའི་དུས་སུ་ཀཱ་ལིའི་རྣམ་པ་དང༌། བསྡུ་བའི་དུས་སུ་ཨཱ་ལིའི་རྣམ་པས་བསྡུ་བར་བྱ། །ཞེས་པ་ཡིན་ལ། ཟབ་པར་བཤད་ན་ཀཱ་ལིའི་བརྡས་སྣ་གཡས་བསྟན་ཏེ། སྤྲོ་བའི་ལམ་ཡིན་ལ། ཨཱ་ལིའི་བརྡས་གཡོན་བསྟན་ཏེ། བསྡུ་བའི་ལམ་ཡིན་ནོ་ཞེས་དགོངས་སོ། །དེ་ལྟར་ཡང་དང་ཡང་བྱས་པས། །རང་ལུས་འོད་དུ་ཞུ་གྱུར་ཏེ། །སྙིང་གའི་ཉི་ཟླ་ཁ་སྦྱར་གྱི། །བར་གྱི་ཧཱུྃ་ལ་བསྡུ་བར་བྱ། །གཞུང་གི་ཚིག་དོན་ནི་རྟོགས་པར་སླའོ།།  །།དེ་ནས་རྫོགས་པའི་རིམ་པ་ལ་བློ་གནས་པར་འདོད་པས་གསུམ་ལས། ཧཱུྃ་ཙམ་ལ་གནས་པར་འདོད་པས་ནི། བསྐྱེད་པའི་རིམ་པ་དེ་རྣམས་འཇུག་པའི་རིམ་པ་ཡིན་ལ། ཧཱུྃ་ལ་སྔར་བརྗོད་པའི་སེམས་གནས་པའི་ཐབས་ཀྱིས་གནས་པ་ནི་གནས་པའི་རིམ་པའོ། །དེའང་བསྡུ་བ་མན་ཆད་ནི་ལྡང་བའི་རིམ་པ་ཞེས་འདོད་དོ། །དེ་ནས་ཧཱུྃ་ཙམ་གནས་པ་ལས། །རྒྱུད་ཀྱི་ཚིག་ནི་དྲན་བྱས་པ། །ཉི་ཟླ་གཉིས་ཀྱང་ཧཱུྃ་ཉིད་ལ། །རིམ་པ་བཞིན་དུ་ཐིམ་པར་བྱ། །དེ་ཡང་མས་ཡར་རིམ་བཞིན་དུ། །བསྡུས་ཏེ་འོད་ཀྱི་གོང་གོང་པོར། །གྱུར་ཏེ་དེ་ཡང་ཇེ་ཕྲ་ལས། །མར་མེའི་རྩེ་མོ་ལྟ་བུར་བསྒོམ། །དེ་ཙམ་ལ་སེམས་གནས་པར་འདོད་པས་ཀྱང་སྔར་བཞིན་རིམ་པ་གསུམ་སྦྱར་བར་བྱའོ། །དེ་ཡང་སྟོང་པར་བསྒོམས་པ་ནི། །བསྡུ་བའི་རིམ་པ་ཞེས་བྱ་སྟེ། །ནཱ་དའང་མི་དམིགས་པར་བྱ་སྟེ། །མི་དམིགས་ཙམ་དུའང་མི་འཛིན་ལ། །ཆོས་ཉིད་སྤྲོས་དང་བྲལ་བ་ལ། །ཤེས་པ་སྤྲོས་དང་བྲལ་བར་གཞག །དེ་ལྟར་ཇི་སྲིད་འདོད་པ་ཡི། །བར་དུ་བསྒོམ་པ་གནས་པའི་རིམ། །སྟོང་པ་ཉིད་ལས་ལྷར་ལྡང་བ། །ལྡང་བའི་རིམ་པ་ཞེས་བྱ་ཡིན། །དེ་ལྟར་བསྒོམ་པའི་རིམ་པའང་བསྐྱེད་པའི་རིམ་པ་གཙོར་བསྒོམས་ལ། རྫོགས་པའི་རིམ་པ་ལམ་བྱུང་བ་ཙམ་བསྒོམས་ལ། རྫོགས་པའི་རིམ་པ་གཙོར་བསྒོམས་པས་ཚུལ་ཇི་ལྟ་བ་བཞིན་བསྒོམ་པར་བྱ་སྟེ། དེ་ལས་ལྡང་བར་འདོད་ན། །ཆུ་ལས་ཉ་འཕར་ཇི་བཞིན་དུ། །སྟོང་པ་འོད་གསལ་ངང་ཉིད་ལས། །དཔལ་ལྡན་རྡོ་རྗེ་མགོན་པོ་ཡི། །སྐུ་རུ་ཡོངས་སུ་ལྡང་བར་བྱ། །དེ་ནས་འོག་ནས་འབྱུང་བ་ཡི། །དག་པ་རྗེས་སུ་དྲན་བྱ་ཞིང༌། །རྡོ་རྗེའི་གླུ་བླང་སྨོན་ལམ་ཡང༌། །རྒྱ་ཆེན་ཡོངས་སུ་དག་པ་གདབ། །ཐུན་མཚམས་སུ་ནི་གཏོར་མ་དང༌། །མཆོད་དང་བསྟོད་དང་ཁ་ཟས་དང༌། །སྤྱོད་ལམ་ལ་སོགས་མ་བཞག་པའི། །རྣལ་འབྱོར་ཚུལ་བཞིན་བསྟེན་པར་བྱ། །དེ་དག་གི་དོན་ནི་འདི་ཡིན་ཏེ། །སྟོང་པ་ཉིད་ཀྱི་ངང་ལས་ཏེ། །འོག་ནས་འབྱུང་བའི་དག་པ་རྗེས་སུ་དྲན་པ་དང༌། གཞན་ཡང་དཔལ་དགྱེས་པའི་རྡོ་རྗེའི་རྒྱུད་ལས་གསུངས་པ། གཟུགས་ཕུང་ལ་ནི་གཽ་རཱི་སྟེ། །ཚོར་བའི་ཕུང་པོ་ཙཽ་རཱི་ཡིན། །འདུ་ཤེས་ཕུང་པོ་རོ་ལངས་མ། །འདུ་བྱེད་ཕུང་པོ་གྷསྨ་རཱི། །རྣམ་ཤེས་ཕུང་པོའི་ཚུལ་གྱིས་ནི། །བདག་མེད་རྣལ་འབྱོར་མ་རབ་གྲགས། །ཞེས་བསྟན་པ་དང༌། སྔར་བསྟན་པའི་སྐྱེ་མཆེད་ཀྱི་དག་པ་དང༌། གཟུགས་ལ་གཽ་རཱི་ཡང་དག་བཤད། །སྒྲ་ཡི་ཆ་ལ་ཆོམ་རྐུན་མ། །སོ་སོའི་དྲི་ནི་རོ་ལངས་མ། །རོ་ཡི་ཚུལ་ནི་ཟ་ཕོད་མ། །རེག་བྱ་ས་སྤྱོད་མ་ཞེས་བརྗོད། །ཆོས་ཀྱི་དབྱིངས་ནི་མཁའ་སྤྱོད་མ། །ཞེས་བྱ་བ་དང༌། ས་ནི་དང་པོར་ནོར་སྦྱིན་མཐའ། །ཕྱུག་པོ་ཐམས་ཅད་རབ་གྲུབ་པའི། །གླང་པོ་ལ་སོགས་འཛིན་པ་ནི། །ནད་ནི་ཉེ་བར་ཞི་བ་སྟེ། །གློ་དང་དབུགས་དང་དེ་བཞིན་སྨྱོ། །ཁྲག་སྐྱུག་མཛེ་དང་བིརྫི་ཀ །མཆིན་པ་མཚེར་པའི་ནད་རྣམས་ནི། །གླང་པོ་ལ་སོགས་རབ་ཏུ་བརྗོད། །ཅེས་བྱ་བ་སྟེ། དོན་ནི་གང་དུ་བརྗོད་པའི་གང་རྣམ་པར་དག་པ་ཡིན་པ་དེ་དྲན་པར་བྱའོ། །དེ་ནས་རྡོ་རྗེའི་གླུ་དང་སྨོན་ལམ་གདབ་པ་ཡང་བྱ་སྟེ། དེས་ནི་ཐུན་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ནས་ཐུན་མཚམས་སུ་མཆོད་པ་དང་བསྟོད་པ་དང་གཏོར་མ་བྱ་སྟེ། མཆོད་པའི་ཚུལ་ནི་ལས་དང་པོ་པའི་བྱ་བ་ལས་ཤེས་པར་བྱའོ། །བསྟོད་པ་ནི་དངོས་པོ་ཀུན་གྱི་རང་བཞིན་མཆོག །ཅེས་བྱ་བ་ལ་སོགས་པ་ཤླཽ་ཀ་ཉི་ཤུའམ། ཡང་ན་མདོར་བསྡུ་པ། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཞེས་བྱ་བ་ལ་སོགས་པས་བསྟོད་པ་བྱའོ། །གཏོར་མ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ལ་དབུལ་བར་བྱའོ། །སྔོན་དུ་འགྲོ་བ་ཅན་ཞེས་བྱ་བ་ནི། ཐུན་གོང་མའི་མཇུག་ཡིན་ཀྱང་འོག་མའི་སྔོན་དུ་འགྲོ་བ་ཡིན་པས་སོ། །དེ་ལ་གཏོར་མའི་མངོན་པར་རྟོགས་པ་ནི་རྫས་ཀྱི་བྱ་བ་དང༌། མགྲོན་གྱི་བྱ་བ་དང༌། དེ་ལ་དབུལ་བའི་ཚུལ་ལོ། །དང་པོ་ནི་ལྷག་པའི་ལྷའི་གཏོར་མའི་ཕུད་ལས་བྱ་སྟེ་གཡོན་དུ་གཞག་གོ །འབྱུང་པོའི་གཏོར་མ་ནི་དེའི་ལྷག་མ་ལས་དེ་བས་ཆེར་བྱས་ཏེ་གཡས་ཕྱོགས་སུ་གཞག་གོ །དེ་ལ་ཆང་ལ་སོགས་པས་སྦྱངས་ཏེ། བདུད་རྩི་འཁྱིལ་པའི་སྔགས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཅེས་བཟླ་ཞིང་ཆང་ངམ་དྲིའི་ཆུས་གཏོར་ཏེ་བགེགས་བསལ་བར་བྱའོ། །དེ་ནས་ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བཟླས་པའམ། ཡང་ན་སྐད་ཅིག་མས་མོས་པ་ལས་བྱུང་བའི་མི་དམིགས་པར་བྱའོ། །དེའི་ངང་ལས་ཡྃ་ལས་རླུང་གི་དཀྱིལ་འཁོར་བ་དན་དང་ཡྃ་གིས་མཚན་པའོ། །དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རྃ་གྱིས་མཚན་པའོ། །དེའི་སྟེང་དུ་ཨཱཿལས་ཐོད་པ་རྒྱ་ཆེན་པོའོ། །དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེ་ནས་ཨཱ་ལི་བཅུ་དྲུག་གཡོན་སྐོར། ཀཱ་ལི་སུམ་ཅུ་རྩ་བཞི་གཡས་སྐོར་དུ་བྱའོ། །དེ་ཡི་ཤར་ནས་དབུས་ཀྱི་བར། །གོ་ཀུ་ད་ཧ་ན་རྣམས་ལས། །ག་ཤ་དང་པོ་མཐའ་ཡི་ཤྭ། །ཧ་ན་དང་པོ་ལྕགས་ཀྱུ་ལྔའོ། །དེ་དག་རེ་རེ་དག་ལ་ཡང༌། །བྷྲཱུྃ་ཨཱྃ་ཛྲཱིཾ་ཁྃ་ཧཱུྃ་རྣམས་ལས། །གཞི་མཉམ་ཟླ་བ་ཉི་མ་དང༌། །མཾ་ས་གླ་རྩི་རྣམས་བསམ་བྱ། །སླར་ཡང་ཤར་སོགས་རིམ་པ་བཞིན། །ཡི་གེ་ལྔ་ལས་ཡེ་ཤེས་ལྔས། །དེ་དག་བྱིན་གྱིས་རློབ་བྱེད་པ། །དཔལ་ལྡན་རྗེ་བཙུན་ཕྱག་ལེན་ཡིན། །དེ་དག་སྟེང་དུ་རིག་བྱེད་ཀྱི། །དང་པོ་དཀར་པོ་ཐུར་དུ་བལྟས། །དེ་སྟེང་རེ་ཕ་ལས་ཉི་མ། །ཧཱུྃ་ལས་རྡོ་རྗེ་དེས་མཚན་པའོ། །སྦུད་པས་སྦར་བས་རྫས་ཞུ་སྟེ། །དེ་ལས་སྟེང་དུ་སྤྲོས་པ་ལས། །ཨོཾ་དང་ཧཱུྃ་ལས་འཆི་མེད་རྒྱུན། །འཛག་ཅིང་ཧཱུྃ་ལས་འོད་སྤྲོ་བྱ། །དེ་ཡིས་བདེ་གཤེགས་ཡེ་ཤེས་ཀྱི། །ཆུ་རྒྱུན་བཀུག་སྟེ་སྐུ་རྡོ་རྗེའི། །རྣམ་པར་རྡོ་རྗེ་ཞུགས་གྱུར་ཏེ། །ལྗིད་ལྡན་དེ་དག་ལྷུང་བར་བྱ། །དེ་ནས་ཞུ་སྟེ་ཁ་དོག་དྲི། །རེག་བྱ་ཕུན་སུམ་ཚོགས་བྱས་ལ། །ཡི་གེ་གསུམ་བརྗོད་དེ་དག་གིས། །རྫས་སྦྱངས་པ་ཡི་ཏིང་འཛིན་ཏོ། །མགྲོན་གྱི་ཏིང་ངེ་འཛིན་ལ་ཚུལ་གཉིས་ལས་སོ་སོར་དབུལ་བ་ནི། མཁའ་དབྱིངས་པྃ་རྃ་པད་ཉིའི་སྟེང༌། །ཧཱུྃ་ལས་དཔལ་ལྡན་ལྷག་པའི་ལྷ། །དམིགས་ཏེ་ཡེ་ཤེས་གཞུག་པ་དང༌། །དབང་བསྐུར་བ་ཡང་ཇི་བཞིན་བྱ། །ལྕེ་ཧཱུྃ་རྡོ་རྗེ་ལས་འོད་ཟེར། །ལྡན་པས་མཉེས་བྱ་སྔགས་གསུམ་བརྗོད། །དེ་ནས་མཆོད་དང་བདུད་རྩི་མྱང༌། །བསྟོད་པ་གསོལ་གདབ་གཤེགས་སུ་གསོལ། །ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཞེས་བྱ་བའི་རྗེས་ལ་ཨི་དཾ་ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །ཆོས་འབྱུང་ནང་དུ་པྃ་དམར་ནག །དཀར་པོ་རྣམས་ལས་མས་རིམ་བཞིན། །པདྨ་སོ་སོའི་ཁ་དོག་ཅན། །བསྐྱེད་པ་ལྷ་ཡི་གདན་ཡིན་ནོ། །ཨོཾ་ཧཱུྃ་ཨཱཿནི་དཀར་དང་གནག །དམར་པོ་རྣམས་ལས་མས་རིམ་བཞིན། །ལྟེ་བར་སྐུ་དང་གསུང་ཐུགས་རྣམས། །སོ་སོའི་ཁ་དོག་རྒྱན་ཅན་བསྐྱེད། །སྟེང་དུ་ཨོཾ་བརྒྱད་ལས་ལྷ་ཆེན། །ཤར་ལ་སོགས་པ་རིམ་བཞིན་བསྐྱེད། །དབང་ཕྱུག་དབང་པོ་ཚངས་པ་དང༌། །ཁྱབ་འཇུག་རྣམས་ནི་ཕྱོགས་ཀྱི་ཡིན། །འདོད་པའི་དབང་ཕྱུག་ཚོགས་ཀྱི་བདག །བྷྲྀངྒི་རི་ཏི་ཀརྟི་ཀ །ཤར་ལྷོ་སོགས་ཏེ་ཐམས་ཅད་ཀྱང༌། །དཀར་པོ་རྡོ་རྗེ་དྲིལ་བུ་འཛིན། །བརྒྱ་བྱིན་གཤིན་རྗེ་ཆུ་ཡི་ལྷ། །ནོར་སྦྱིན་ཕྱོགས་བཞི་མཚམས་རྣམས་སུ། །མེ་དང་བདེན་བྲལ་རླུང་འབྱུང་པོ། །ཧཱུྃ་ལས་ནག་པོ་རྡོར་དྲིལ་འཛིན། །སྟོབས་རྒྱུ་དུང་སྐྱོང་མཐའ་ཡས་དང༌། །ནོར་རྒྱས་ཕྱོགས་ཀྱི་འཇོག་རིགས་ལྡན། །པདྨ་པད་ཆེན་ཨ་ལས་ཏེ། །མཚམས་ཡིན་དམར་པོ་རྡོར་དྲིལ་འཛིན། །ཐམས་ཅད་ཀྱང་ནི་རྒྱན་ཅན་ཏེ། །ཞལ་གཅིག་ཕྱག་གཉིས་རང་འདྲ་བའི། །འོད་རིག་མས་འཁྱུད་ཉི་ཤུ་བཞི། །སྙིང་གར་རང་རང་ས་བོན་ཅན། །མགྲོན་བསྐྱེད་པའོ། །དེ་ནས་ཡང་དེ་དག་གི་ས་བོན་གྱི་འོད་དང་བདག་གི་ས་བོན་གྱི་འོད་ཀྱིས་གཟུགས་དང་གཟུགས་མེད་པའི་ལྷ་རྣམས་བཀུག་སྟེ། ལྷ་ཆེན་པོ་བརྒྱད་ལ་གཞུག་གོ །འདོད་པའི་ཁམས་ཀྱི་ལྷ་དང་མི་ཕྱོགས་སྐྱོང་བརྒྱད་ལའོ། །ངན་སོང་གསུམ་དང་ལྷ་མ་ཡིན་ཀླུ་ཆེན་པོ་བརྒྱད་ལ་བསྡུས་ཏེ། མགྲོན་དགུག་པའོ། །ཡང་བདག་གི་ས་བོན་གྱི་འོད་ཀྱིས་སྐུ་རྡོ་རྗེ་བརྒྱད་དང༌། གསུང་རྡོ་རྗེ་བརྒྱད་དང༌། ཐུགས་རྡོ་རྗེ་བརྒྱད་སྤྱན་དྲངས་ཏེ། གོང་དུ་བརྗོད་པའི་ཡེ་ཤེས་པ་བཅུག་པའི་སྐབས་བཞིན་དུ་གཽ་རཱི་ལ་སོགས་པ་རྣམས་ཀྱིས་དགུག་པ་ལ་སོགས་པ་བྱ་སྟེ། ལྷ་ཆེན་བརྒྱད་ལ་སྐུ་རྡོ་རྗེ། ཀླུ་ཆེན་ལ་གསུང་རྡོ་རྗེའོ། །ཕྱོགས་སྐྱོང་ལ་ཐུགས་རྡོ་རྗེ། དེའི་རྗེས་ལ་གཞན་གྱི་ལུགས་ལྟར་སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་བྱས་ཀྱང་རུང་ངོ༌། །ཞེས་གསུང་ངོ༌། །མགྲོན་བྱིན་གྱིས་བརླབ་པའོ། །དེ་ནས་ཡང་རང་གི་ས་བོན་གྱི་འོད་ཀྱིས་དབང་བསྐུར་གྱི་ལྷ་སྤྱན་དྲང་བར་བྱ་སྟེ། མཆོད་པ་བྱས་ནས་དབང་བསྐུར་བར་གསོལ་བ་བཏབ་སྟེ། དབང་བསྐུར་བར་བསམ་པས་སྟེ། ཆོ་ག་ནི་གོང་གི་དབང་བསྐུར་བའི་སྐབས་བཞིན་ཏེ། འོན་ཀྱང་དབང་བཞིའི་ཚུལ་གྱིས་མི་བླང་བ་འདི་ནི་ཁྱད་པར་རོ། །དབུ་རྒྱན་ནི་ལྷ་ཆེན་བརྒྱད་ལ་སྐུ་རྡོ་རྗེ། ཀླུ་ཆེན་ལ་གསུང་རྡོ་རྗེ། ཕྱོགས་སྐྱོང་ལ་ཐུགས་རྡོ་རྗེ། དེ་ནས་མགྲོན་དེ་རྣམས་ཀྱི་ནི། །ལྕེ་ཧཱུྃ་རྡོ་རྗེ་ཧཱུྃ་དང་བཅས། །བྱིན་གྱིས་བརླབས་ལ་འོད་ཟེར་གྱིས། །གསོལ་བར་བསམས་ཏེ་གསང་སྔགས་བརྗོད། །རྡོ་རྗེའི་ཐལ་མོ་ཁ་ཕྱེ་སྟེ། །ཨོཾ་ཨིན་ད་ཞེས་བྱ་བ་ལ་སོགས་པ་བརྗོད་དེ། དང་པོ་ལ་སཔྤ་སྭཱ་ཧཱ་ཞེས་པའི་རྗེས་ལ་མཆོད་པ་ལྔ་བྱའོ། །འོག་མ་གཉིས་ཡོངས་སུ་རྫོགས་ནས་མཆོད་པ་ལྔ་དང༌། བདུད་རྩིའི་མཆོད་པ་དང༌། རྣལ་འབྱོར་མ་བརྒྱད་ཀྱི་མཆོད་པས་ཀྱང་མཆོད་དེ་རིགས་ལྔའི་བསྟོད་པ་བྱའོ། །བསྟོད་པ་ནི་ལས་དང་པོ་པའི་བྱ་བར་བཙལ་ལོ། །དེ་ནས་ཕྲིན་ལས་བཅོལ་ལོ། །སོ་སོར་འབུལ་བའི་ལུགས་སོ། །དུས་གཅིག་ཏུ་འབུལ་ན་དབུས་ཀྱི་ལྟེ་བའི་ཐུགས་རྡོ་རྗེའི་གནས་སུ་ཧཱུྃ་ལས་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་ཅིང་བྱིན་གྱིས་བརླབ་པའི་དུས་སུ་ཡང་ཡེ་ཤེས་པ་སྤྱན་དྲངས་ལ། དབུལ་བའི་སྔགས་ཀྱི་དུས་སུ་ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ས་པ་རི་ཝཱ་ར་ཀ་ཡ་ཝཱཀ་ཙིཏྟ་ཞེས་པའི་རྗེས་ལ་ཨིན་ད་ཞེས་བྱ་བ་ལ་སོགས་པ་བརྗོད་ལ། བསྟོད་པའི་དུས་སུ་ཡང་དཀྱིལ་འཁོར་གྱི་འཁོར་ལོ་ལ་བསྟོད་པའང་བྱ་བ་འདི་ནི་ཁྱད་པར་ཏེ་ལྷག་མ་ནི་སྔ་མ་བཞིན་ནོ། །ཕྲིན་ལས་བཅོལ་བ་ནི། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་བ་བརྒྱད་པོ་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི་ཚོགས་རྣམས་མ་ལུས་དང༌། །འབྱུང་པོའི་ཚོགས་རྣམས་མ་ལུས་དང༌། །ཡི་དྭགས་ཚོགས་རྣམས་མ་ལུས་དང༌། །ཤ་ཟའི་ཚོགས་རྣམས་མ་ལུས་དང༌། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང༌། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང༌། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང༌། །མ་མོའི་ཚོགས་རྣམས་མ་ལུས་དང༌། །དེ་ལ་སོགས་ཏེ་འབྱུང་པོའི་ཚོགས། །མ་ལུས་ཇི་སྙེད་ཡོད་པ་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་བསྟན་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་ཞི་བར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །བདེ་ལེགས་ཐམས་ཅད་གྲུབ་པ་དང༌། །ཡིད་ལ་འདོད་པ་ཀུན་གྲུབ་ཤོག །དེ་ནས་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐངས་པའམ་མ་བསྐངས་ཀྱང་རུང་སྟེ། གཤེགས་སུ་གསོལ་བར་བྱའོ། །དེ་ནས་འདས་པ་སྟེ། ཨོཾ་བཛྲ་མུཿཞེས་པས་ཡེ་ཤེས་པ་གཤེགས་སུ་གསོལ་ལ་དམ་ཚིག་པ་རང་ལ་བསྡུ་བར་བྱའོ། །དེ་ནས་གཏོར་མ་གནས་དབེན་པར་བསྐྱལ་ལོ། །དགོས་པ་ནི། སེམས་ཅན་རྣམས་ཀྱི་སྲོག་བསྲུང་ཕྱིར། །རྡོ་རྗེ་འཛིན་པས་གཏོར་མ་བསྟན་ཞེས་གསུངས་པ་ཡིན་ནོ། །སྔགས་ལ་དོན་བཞི་སྟེ། ཨོཾ་ཞེས་བྱ་བ་ནས་སྭཱ་ཧཱ་ཞེས་བྱ་བའི་བར་ནི་མགྲོན་གྱི་སྔགས་སོ། །ཨི་དཾ་ཞེས་བྱ་བ་ནས་པིཾ་ག་ཞེས་བྱ་བའི་བར་ནི། བཞེས་པར་གསོལ་བའི་སྔགས་སོ། །ཨཾ་བྷ་ཞེས་བྱ་བ་ནས་ག་ད་ཞེས་བྱ་བའི་བར་ནི། གསོལ་བ་གདབ་པའི་སྔགས་སོ། །ཨོཾ་ཨ་ཀཱ་རོ་ཞེས་བྱ་བ་ནས་སྭཱ་ཧཱ་ཞེས་བྱ་བའི་བར་ནི་བྱིན་གྱིས་བརླབ་པའི་སྔགས་སོ། །ཚིག་གི་དོན་རྟོགས་པར་སླའོ། །གཏོར་མའི་རྣལ་འབྱོར་རོ།།  །།ཁ་ཟས་ཀྱི་རྣལ་འབྱོར་ནི། ཁ་ཟས་བྱིན་གྱིས་བརླབ་པ་རྒྱས་པ་ནི་གཏོར་མ་བྱིན་གྱིས་བརླབས་པ་ལྟར་ཡིན་ལ། བསྡུས་པ་ནི་གཡོན་པའི་མཐེ་བོང་དང་སྲིན་ལག་རེག་སྟེ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་བདུད་རྩིར་གྱུར་པར་བསམ་མོ། །དེ་ནས་རང་གི་སྙིང་གར་སྐད་ཅིག་གིས་རྗེ་བཙུན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་ལྟེ་བར་འབྱུང་པོ་བརྒྱད་གསུམ་ཉི་ཤུ་རྩ་བཞི་གཙོ་བོ་ཡབ་ཡུམ་དང་བཅས་པ་དམིགས་ལ། སྙིང་གའི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ལ་སོ་སོར་བསྟིམ་པར་བྱའོ། །དེ་ནས་རང་གི་ལྕེ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པར་བྱིན་གྱིས་བརླབས་ལ་དེ་ལས་འོད་ཟེར་གྱི་སྦུ་གུ་བྱུང་སྟེ་ཟ་བར་བསམ་ཞིང་ཟོས་ཏེ་ལྷ་དང་འབྱུང་པོ་མཉེས་པར་བསམ་པར་བྱའོ། །དམིགས་པ་དེ་ལྟར་མི་ནུས་པ་དག་གིས་སྙིང་གར་ཉི་མ་ལ་ཧཱུྃ་གཟི་བརྗིད་འབར་བ་བསམས་ཏེ། དེ་ལྷ་ཐམས་ཅད་ཀྱི་ངོ་བོར་བསམས་ལ་ལྕེ་བྱིན་གྱིས་བརླབས་ཏེ་ཟོས་པས་ཧཱུྃ་དེ་གཟི་བརྗིད་འབར་བར་བསམ་པ་ནི་མདོར་བསྡུས་པའི་ལུགས་སོ། །དེ་ལྟར་ཟོས་པའི་དགོས་པ་ནི། དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པས་བསོད་ནམས་ཀྱི་ཚོགས་འཕེལ་ཞིང་གཞན་གྱི་ཡོན་ཡོངས་སུ་སྦྱོང་བ་དང༌། མྱུར་དུ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། སྙིང་གའི་ས་བོན་མེ་འབར་ལ། །དེ་ནི་ག་པུར་བཏུང་བར་བྱ། །བཏུང་བ་དེ་ཡི་རྣལ་འབྱོར་པ། །མྱུར་དུ་བདེ་བ་མྱོང་བར་འགྱུར། །ཞེས་གསུངས་སོ། །སྤྱོད་ལམ་གྱི་རྣལ་འབྱོར་ནི། ཐུན་མཚམས་སུ་གོང་དུ་བརྗོད་པ་བཞིན་སྐྱེ་མཆེད་དྲུག་བྱིན་གྱིས་བརླབ། ཡུལ་དྲུག་བྱིན་གྱིས་བརླབས་ལ་ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་ལོངས་སྤྱོད་དེ། ལངས་ཏེ་ལྷ་ཡི་གཟུགས་སུ་བཞག །ཅེས་གསུངས་སོ། །དེའི་དགོས་པ་ནི་ཐ་མལ་གྱི་རྣམ་པར་རྟོག་པ་ལས་བློ་ལྡོག་པ་དང༌། ལྷ་ལ་ལྷས་མཆོད་པ་བྱས་པས་ཚོགས་ཡོངས་སུ་རྫོགས་པར་འགྱུར་པ་དང༌། ཁྱད་པར་དུ་ཕུང་པོ་ལ་སྨོད་པའི་རྩ་བའི་ལྟུང་བ་མི་འབྱུང་བ་ཡིན་ནོ། །ཀུས་ནས་དཀྲིས་པ་ཤས་ཆེ་བའི་གང་ཟག་ཁ་ཅིག་གི་དབང་དུ་བྱས་ཏེ་རྗེས་སུ་ཆགས་པའི་རྣལ་འབྱོར་ནི་འདུ་ཤེས་གསུམ་གྱི་སྙོམས་པར་འཇུག་པ་སྟེ། གོང་དུ་ལྷ་མོ་དབྱུང་བའི་སྐབས་སུ་བསྟན་ཟིན་ཏོ། །དེའི་དགོས་པ་ནི། ཐ་མལ་གྱི་རྣམ་པར་རྟོག་པ་ལས་བློ་ལོག་པས་བཀའ་ཐུན་མོང་བའི་མི་ཚངས་པར་སྤྱོད་པའི་ཉེས་པ་ལས་མི་གོས་པ་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པའི་དགོས་པ་ཡོད་དོ། །མཉམ་པར་མ་བཞག་པའི་རྣལ་འབྱོར་ལྷག་མ་གཞན་ནི་གོང་དུ་བསྟན་ཟིན་ཏོ། །ཨོཾ་ཨཥྚ་ཞེས་བྱ་བ་ལ་སོགས་པས་བཟླས་པའི་སྔགས་བསྟན་ཏེ། བཟླས་པའི་རྣལ་འབྱོར་ནི་གོང་དུ་བསྟན་ལ། བཟླས་པའི་ཚུལ་ནི། སྒྲ་རིང་བ་དང་སྒྲ་བཟང་བ་ཞེས་བྱ་བ་ཡིན་ཏེ། རིང་སར་རིང་བ་དང༌། ཐུང་སར་ཐུང་བ་དང༌། དྲག་པོ་ལ་དྲག་པོ་དང༌། ཞན་པ་ལ་ཞན་པ་སྟེ། དེ་ལྟར་བྱས་ན་དམིགས་པ་ལ་ཁྱད་པར་མེད་པ་ལ་བྱིན་བརླབས་ཀྱི་ཁྱད་པར་འབྱུང་སྟེ། དེ་བཞིན་གཤེགས་པའི་གསང་སྔགས་ཀྱི་རྟེན་འབྲེལ་གྱི་ཆེ་བ་ཡིན་པའི་ཕྱིར་རོ། །སྔགས་ཀྱི་དོན་ནི་འདི་ཡིན་ཏེ། །ཞལ་བརྒྱད་རྣམས་ལ་དབུ་སྐྱེས་གྱེན་བསྒྲེང་སེར། །ཉི་ཤུ་བཞི་ཡི་སྤྱན་ཅན་བཅུ་དྲུག་ཕྱག །སྤྲིན་ལྟར་མདོག་གནག་ཐོད་ཕྲེང་དུ་མ་འཛིན། །ཁོང་ནས་འཁྲུག་ཐུགས་མཆེ་བ་ཟླ་ལྟར་གཙིགས། །མགོན་པོ་ཁྱོད་ཀྱི་སྐུ་ཡི་རྣམ་འཕྲུལ་གྱི། །གར་གྱིས་གདུག་པའི་ཚོགས་རྣམས་གསོད་མཛད་དང༌། །རབ་ཏུ་སྒྲོགས་དང་གདུང་བར་མཛད་པ་དང༌། །མཚོ་ཆེན་བདུན་སྐེམས་ཀླུ་བརྒྱད་འཆིང་མཛད་ཅིང༌། །དགྲ་ཚོགས་འཛིན་པས་གདུག་པའི་ཚོགས་འཇོམས་པ། །དབྱངས་ལུས་གར་དང་བཞད་པས་གདུག་པ་ཞི་མཛད་པ། །སྟོང་ཉིད་སྙིང་རྗེས་ཉོན་མོངས་ཚོགས་གཅོད་པའི། །མགོན་པོ་དེ་ཡི་སྐུ་ལ་དྭང་བས་བསྟོད། །གྲོང་ཁྱེར་དཀྲུགས་པ་ནི། སྔོན་དུ་བསྙེན་པ་འབུམ་ཕྲག་བཞི་སོང་བས། ལག་པ་གཡོན་པ་ལ་རྒྱ་སྐྱེགས་ཀྱིས་འཁོར་ལོ་རྩིབས་བརྒྱད་པ་བྲིས་ཏེ། རྩིབས་བརྒྱད་ལ་ཡི་གེ་བརྒྱད། མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་གཡས་སྐོར་དུ་ལྟེ་བ་ལ་ཨོཾ་ཆེ་གེ་མོ་དང་ཆེ་གེ་མོ་ནང་འཁྲུག་བྱུང་ཅིག ཅེས་བྲིས་ཏེ་ལག་པ་གཡས་པ་བཀབ་ལ་ཁ་བླངས་མ་ཤོར་བར་བཟླས་ཏེ། དམག་གམ་གྲོང་ཁྱེར་ལ་བསྟན་ན་ནང་འཁྲུག་འབྱུང་ངོ༌། །ཡང་ན་འདིས་ནི་གྲོང་ཁྱེར་དཀྲུགས་པ་ཞེས་བྱ་བ་ཡང་ཡིན་ནོ། །རྡོ་རྗེའི་གླུ་འདི་ནི་བརྡའི་སྐད་ཀྱིས་སྟོན་པ་ཡིན་ཏེ། དུས་ཁྱད་པར་ཅན་ལ་སོགས་པའི་དུས་སུ་ཇི་ལྟ་བ་བཞིན་བླངས་ན་བསོད་ནམས་ཀྱི་ཚོགས་ཆེར་འཕེལ་བ་ཡིན་ནོ། །ཚིག་གི་དོན་ནི་རྡོ་རྗེའི་ཚིག་དགོངས་པ་བསམ་གྱིས་མི་ཁྱབ་པར་འགྱུར་ཡང༌། ཀོལླ་ཞེས་བྱ་བ་ནི་ཀོལླ་གི་རཱི་སྟེ། གནས་ཀྱི་ཁྱད་པར་རོ། །མུམྨུ་ནི་ཞེས་བྱ་བ་ནི་ཞིང་ངོ༌། །བོལླ་དང་ཀཀྐོ་ལ་ནི་གསང་བའི་རྡོ་རྗེ་དང་ཆོས་འབྱུང་ངོ༌། །ཨི་རེ་ཊ་ཞེས་བྱ་བ་ནི་བོད་པའོ། །མདོར་ན་ཐབས་དང་ཤེས་རབ་འདུས་པའོ། །གྷ་ཎེ་ཞེས་བྱ་བ་ནི་ཚོགས་སམ་རྒྱུན་ནོ། །ཏྲི་བི་ཊ་ཞེས་བྱ་བ་ཅང་ཏེའུ་ཡིན་ནོ། །ཧོ་བཱ་ཛྫཱ་ཨི་ཞེས་བྱ་བ་ནི་བཏུང་བར་བྱའོ། །ཀཱ་རུ་ཎེ་ཀི་ཞེས་བྱ་བ་ནི་དེའི་དུས་སུ་སྙིང་རྗེས་བསྟེན་པར་བྱ་ཞེས་བྱ་བའོ། །ན་རོ་ལ་ཞེས་བྱ་བ་རྩོད་པ་མི་བྱ་བའོ། །ཏ་ཧིཾ་ནི་དུས་དེར་རོ། །བ་ལ་ཁཛྫ་ནི་ཤ་བཟའ་བར་བྱ་བའོ། །ག་ཌྷེཾ་ཞེས་བྱ་བ་ནི་ཆང་འབད་པས་བཏུང་བར་བྱ་བའོ། །ཧ་ལེ་ཞེས་བྱ་བ་ལ་སོགས་པ་ནི་གྲོགས་པོ་དག་སྐལ་བ་དང་ལྡན་པར་གྱུར་ན་ཡུལ་མཐའ་འཁོབ་པ་དག་ཀྱང་འོང་དུ་ཆུག་ཅིག་ཅེས་བྱ་བའི་དོན་ཏོ། །དུནྡུ་ར་ནི་སྐལ་མིན་འོང་དུ་མི་གཞུག་པའོ། །ཙ་ཨུ་ས་མ་ཞེས་བྱ་བ་ལ་སོགས་པས་བདུད་རྩི་ལྔས་དེའི་དུས་སུ་ལུས་ལ་བྱུག་པ་བྱ་བར་སྟོན་ཏེ། དེས་ནི་བར་ཆད་ཐམས་ཅད་ཞི་བར་བྱེད་པ་ཡིན་ནོ། །མ་ལ་ཞེས་བྱ་བ་ལ་སོགས་པ་གཞན་ཡང་དེའི་དུས་སུ་ཚོད་མ་མང་པོ་བཏུང་བར་བྱ་བ་སྟོན་ཏོ། །ཕྲེཾ་ཁ་ཎ་ཞེས་བྱ་བ་ལ་སོགས་པས་འོང་བ་དང་འགྲོ་བའི་བརྡ་དང་དག་པ་དང་མ་དག་པ་མི་བལྟ་བའི་ཚུལ་སྟོན་ཏོ། །ནི་རཾ་ཞེས་བྱ་བ་ལ་སོགས་པས་དེའི་དུས་སུ་རུས་པའི་རྒྱན་གདགས་པ་དང༌། མ་ལ་ཨ་ཛེ་ཞེས་བྱ་བ་ལ་སོགས་པ་དེའི་དུས་སུ་སྙོམས་འཇུག་བྱ་བ་དང་དེའི་ཡུལ་བསྟན་ཏོ། །དེ་ལྟར་ཞལ་བརྒྱད་ཕྱག་བཅུ་དྲུག་པའི་སྒྲུབ་པའི་ཐབས་ནི་བསྟན་ཟིན་ནས། དེ་ལྟར་ཞེས་བྱ་ལ་སོགས་པས། གསུམ་གྱི་སྒྲུབ་ཐབས་བརྗོད་པར་བྱ། །དེ་ཡང་ཡི་དམ་སྤྱན་དྲང་སོགས། །བསོད་ནམས་ཚོགས་བསག་ནས་བཟུང་སྟེ། །གཞལ་ཡས་ཁང་ནི་བསྐྱེད་པའི་བར། །སྔ་མ་བཞིན་དུ་བསྒོམ་པར་བྱ། །གདན་གྱི་ཁྱད་པར་མི་འདྲ་སྟེ། །འདིར་ནི་ཀུན་ལ་རོ་ཡི་གདན། །རྒྱུ་ཡི་རྡོ་རྗེ་འཆང་བསྐྱེད་ལ། །མངོན་བྱང་དང་པོ་གཉིས་པ་འདྲ། །གསུམ་པའི་མངོན་པར་བྱང་ཆུབ་ནི། །ཧེ་རུ་ཀ་ནི་གཉིས་པོ་ལས། །ཧཱུྃ་ཨཿལས་ནི་རྡོ་རྗེ་དྲིལ། །ཕྱག་གཉིས་ཧཱུྃ་ལས་རྡོ་རྗེ་སྟེ། །ཡུམ་མེད་ཕྱིར་ན་གྲི་གུག་མིན། །མངོན་བྱང་བཞི་པ་མཚུངས་པར་སྦྱར། །མངོན་བྱང་ལྔ་པས་སོ་སོ་ཡི། །སྐུ་རྫོགས་པ་ནི་གཞུང་བཞིན་ཡིན། །དེ་ནས་ཕྱག་གཉིས་པ་ལ་ནི། །མཁའ་གསང་བྱིན་གྱིས་བརླབ་པ་སོགས། །བྱས་ཏེ་ལྷ་མོ་དབྱུང་བ་ནི། །མི་འདོད་ཐུགས་ཀ་ནས་སྤྲོ་བྱ། །དེ་ཡི་ཕྱིར་ན་འོད་ཞུ་བ། །མི་འདོད་ཡུམ་མེད་ཕྱིར་ནའོ། །དེ་མེད་ཕྱིར་ན་ཞུ་བ་ལ། །གླུས་བསྐུལ་འབྲས་བུར་བཞེངས་པའང་མེད། །ཧེ་རུ་ཀ་ནི་རྣམ་གཉིས་ལ། །དེ་དག་ཐམས་ཅད་སྔར་དང་འདྲ། །ལྷག་མ་ཡེ་ཤེས་གཞུག་ལ་སོགས། །ཧེ་རུ་ཀ་ནི་བཞི་རྣམས་ལ། །ཁྱད་པར་ཡོད་པ་མ་ཡིན་ཞེས། །བླ་མ་མཁས་པའི་བརྒྱུད་པས་གསུངས། །འོན་ཀྱང་ལྷ་མོ་བརྒྱད་ཞལ་བརྒྱད། །བསྡུ་བ་མེད་ཕྱིར་འཁོར་གྱི་ལྷ། །ཐུགས་ཀའི་ཧཱུྃ་ལ་བསྡུ་བྱ་སྟེ། །རྫོགས་པའི་རིམ་པའང་མཚུངས་པར་སྦྱར། །ཧེ་རུ་ཀ་ནི་གསུམ་ལ་སོགས། །གང་ཟག་དབང་པོ་རབ་འབྲིང་བཞི། །བསྒོམ་ཐབས་རྣམ་པ་བཞིར་ཕྱེ་བ། །འདོད་དང་མི་སྦྱར་དྲིས་པས་གསུང༌། །དེ་དག་གིས་ནི་མཉམ་པར་བཞག་པའི་རྣལ་འབྱོར་གྱི་དོན་བསྟན་ཏེ། གཞུང་གི་ཚིག་གི་དོན་ནི་རྟོགས་པར་སླ་བས་མ་ཕྱེའོ། །དེ་ལྟར་མཉམ་པར་བཞག་པ་ལས་ལངས་ཏེ། དག་པ་རྗེས་སུ་དྲན་པ་དང་སྨོན་ལམ་ཡང་བྱ་སྟེ། དེའང༌། སྙིང་རྗེའི་སྤྱན་ནི་དམར་པོ་ལ། །བྱམས་པའི་ཐུགས་ལ་ཡན་ལག་གནག །ཅེས་བྱ་བ་དང༌། གུག་སྐྱེད་ཀྱིས་ནི་སངས་རྒྱས་ལྔ། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ནས་སྨོན་ལམ་གདབ་བོ། །གཞན་མཉམ་པར་མ་བཞག་པའི་རྣལ་འབྱོར་རྣམས་ཀྱི་བཟླས་པའི་རྣལ་འབྱོར་ལ། ཕྱག་གཉིས་པའི་བཟླས་པའི་རྣལ་འབྱོར་ནི། ལྟེ་བ་ནས་སྤྱི་གཙུག་ཏུ་འཁོར་བའམ། ཁ་ནས་སམ་སྙིང་ག་ནས་འཁོར་བའི་རྣལ་འབྱོར་གྱིས་བཟླས་པ་བྱའོ། །སྤྱོད་ལམ་གྱི་རྣལ་འབྱོར་ནི་གོང་དུ་བསྟན་པ་བཞིན་ནམ། ཡང་ན་ལྷའི་རྣལ་འབྱོར་གྱིས་གནས་པར་བྱའོ། །ཞེས་ཡུལ་དང་ཡུལ་ཅན་ཐམས་ཅད་རང་གི་ལྷག་པའི་ལྷར་དམིགས་པས་བྱའོ། །ལྷག་མ་ཉལ་བ་དང་ལྡང་བ་དང༌། ཐུན་མཚམས་ཀྱི་བྱ་བ་ཐམས་ཅད་གོང་དང་མཐུན་པར་སྤྱད་དོ་ཞེས་གསུང་ངོ༌། །དག་པ་རྗེས་སུ་དྲན་པ་གཞུང་ཇི་ལྟ་བ་བཞིན་ཕྱག་བཅུ་དྲུག་པའི་ཡིན་ཀྱང་གཞུང་ཟོར་ཡང་བར་བྱ་བའི་ཕྱིར་འོག་ཏུ་བསྟན་པ་ཡིན་ནོ། །དེ་ལྟར་ཐུགས་རྗེ་ནི་སེམས་ཅན་ལ་ཆགས་པ་ཡིན་ལ་དེ་ནི་རཱ་ག་ཏ་སྟེ། དམར་པོ་ཡིན་པས་སྤྱན་དམར་བ་སྟེ། དེས་དམིགས་པ་མེད་པའི་ཐུགས་རྗེ་མཚོན་ཏེ། འགྲོ་བ་ཐམས་ཅད་ལ་བུ་གཅིག་པའི་ཕ་ལྟར་བྱམས་པ་སྟེ། དེ་ནི་གང་གིས་ཀྱང་བསྒྱུར་བར་མི་ནུས་པ་ནི་ཡན་ལག་ནག་པོས་མཚན་ཏོ། །སྙིང་རྗེའི་ཆས་སེམས་ཅན་གྱི་དོན་མཛད་པ་བསྡུ་བའི་དངོས་པོ་བཞི་ནི་ཞབས་བཞིས་མཚོན་ཏེ། འདི་ལྟར་སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པའོ། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད་དོ། །ཕྱིའི་གཟུགས་སྟོང་པ་ཉིད་དུ་མཐོང་བ་དང༌། ནང་གཟུགས་སྟོང་པ་ཉིད་དུ་མཐོང་བ་དང༌། སྡུག་པ་དང་མི་སྡུག་པས་བྱས་པའི་ལྟ་བ་སྟོང་པ་ཉིད་དུ་མཐོང་བ་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟོང་པ་ཉིད་དུ་མཐོང་བ་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟོང་པ་ཉིད་དུ་མཐོང་བ་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་སྟོང་པ་ཉིད་དུ་མཐོང་བ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྟོང་པ་ཉིད་དུ་མཐོང་བ་དང༌། འདུ་ཤེས་དང་ཚོར་བ་འགོག་པ་སྟོང་པ་ཉིད་དུ་མཐོང་བའོ། །ཕྱག་ནི་སྟོང་པ་བཅུ་དྲུག་མཚོན་པར་བྱེད་པ་སྟེ། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དོ། །གུག་སྐྱེད་མནྟྲ་སྟེ་མ་མུ་དྲ་ནི་ཕྱག་རྒྱ་ལྔ་སྟེ། དེ་ནི་རྒྱལ་བ་ལྔའི་བདག་ཉིད་གོང་དུ་བསྟན་ཟིན་ཏོ། །གདུག་པ་འདུལ་ཕྱིར་ཁྲོ་བོ་ཉིད། །ཅེས་བྱ་བ་ནི། ནང་ཐུགས་རྗེའི་ཆགས་པས་ཕྱི་རོལ་དུ་ཁྲོ་བོའི་ཚུལ་ཏེ། བུ་གཅིག་པ་ཉེས་པ་བྱེད་པ་ལ་ཕ་ཁྲོ་བ་བཞིན་ནོ། །ཤ་ཡིས་པུཀྐ་སཱི་རུ་བྱ། །ཞེས་བྱ་བ་ལ་སོགས་པས་ནི་ཁམས་ཀྱི་དག་པ་སྟེ། དེའི་ངོ་བོ་ཉིད་ཡིན་ཞེས་བྱ་བའི་དོན་ཏོ། །པགས་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། དྲན་པ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་དང༌། ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །རུས་པ་བདེན་པ་བཞི་སྟེ། སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མོ། །དག་པ་དྲན་པའི་ཉམས་སུ་བླང་བའི་ཚུལ་ནི་གོང་དུ་བཤད་ཟིན་ཏོ། །སྨོན་ལམ་གདབ་པ་ནི། བརྩོན་འགྲུས་རབ་ཏུ་མི་འགྱུར་བ་དག་གིས་སྐྱེ་བ་གཞན་གྱི་སྨོན་ལམ་གདབ་སྟེ། རིགས་སུ་སྐྱེ་བ་ནི་གསང་སྔགས་སྤྱོད་པའི་རིགས་སོ། །དམ་ཚིག་ཅན་ནི། སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པ་སྟེ། །བཟའ་བསྲུང་གི་དམ་ཚིག་དང་ལྡན་པའོ། །སྨྱོ་མེད་ནི་དྲན་པ་མ་ཉམས་པ་དང་བླ་མ་ལ་གུས་པའོ། །རྡོ་རྗེ་དྲིལ་བུ་འཁྲོལ་བ་ནི་དངོས་སུ་དེ་ལྟ་བུ་འཛིན་པ་མི་འབྲལ་བའི་དམ་ཚིག་ཡིན་ལ། དོན་ནི་བརྗོད་བྱ་གཉིས་སུ་མེད་པའི་ཡེ་ཤེས་དང་དེ་རྗོད་པར་བྱེད་པའི་ཆོས་ཀྱི་ཕུང་པོ་རྣམས་སོ། །བཙུན་མའི་ཞུ་བདེའི་ཡེ་ཤེས་ཏེ་དེ་ལྟ་བུ་དང་ལྡན་པས་དོན་གྱི་ཡེ་ཤེས་རྟོགས་པར་ཤོག་ཅེས་བྱ་བའི་དོན་ཏོ།།  །།མཇུག་གི་དོན་ལ་གསུམ་ལས། རྣལ་འབྱོར་པ་མཆོག་ལ་བཟོད་པར་གསོལ་ཞིང་ཁེངས་བསྐྱུང་བ་ནི། བློ་ཆུང་ཞེས་པའི་ཚིགས་བཅད་གཅིག་གོ །བསྟན་བཅོས་རྩོམ་པ་ནི་རྒྱུད་དང་ལྡན་པར་སྟོན་པ་ནི། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ། དེའང་བཞི་ལས། གང་ཞིག་མངོན་པའི་ང་རྒྱལ་གྱི་དགྲས་མ་ཕམ་པ་ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པས། རྒྱུད་ཀྱི་དོན་ཇི་ལྟ་བ་བཞིན་རྟོགས་ནས་བརྩམ་ཞེས་བྱ་བའོ། །སེམས་ཅན་རྣམས་ལ་སྙིང་བརྩེ་བ་དང་ཞེས་བྱ་བ་ནི། ཤེས་རབ་དང་ལྡན་པས་ཀྱང་བསྙེན་བཀུར་གྱི་ཕྱིར་མ་ཡིན་ཏེ། བརྩེ་བ་ཡིན་ཏེ་རྒྱུ་གཉིས་པའོ། །བླ་མའི་ཞབས་ཀྱི་པདྨོར་གུས། །ཞེས་བྱ་བ་ནི། དེ་ལྟར་ཡིན་ཀྱང་གསང་སྔགས་ལ་བླ་མའི་གདམས་ངག་དགོས་པ་ལ་དེ་དང་ལྡན་པར་སྟོན་ཏོ། །རི་བོང་འཛིན་པའི་རིགས་ཀྱི་ཐིག་ལེ་ལ་དགའ་ཞེས་བྱ་བ་ནི། དྲོད་དང་ནུས་པ་ཐོབ་པར་བསྟན་ཏེ། རྒྱུ་བཞི་དང་ལྡན་པས་བརྩམས་པར་རིགས་ཞེས་བྱ་བའི་དོན་ཏོ། །གསུམ་པ་དགེ་བའི་རྩ་བ་སེམས་ཅན་ལ་བསྔོ་བ་ནི། བདག་གིས་ཞེས་བྱ་བ་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ། །བདུད་རྩི་ལྟ་བུའི་མངོན་རྟོགས་འདི། །བདག་ལྟ་བློ་དམན་ཡུལ་མིན་ཡང༌། །རྗེ་བཙུན་དམ་པའི་ཞལ་གྱི་ལུང༌། །བདུད་རྩི་འདྲ་ལ་བརྟེན་ནས་བྲིས། །ཞེས་བྱ་བ་ནི། རྣམ་བཤད་མདོར་བསྡུས་པ་མཛད་པས་སྒྲུབ་པའི་ཐབས་ཀྱི་ཆེ་བ་དང༌། ཁེངས་བསྐྱུང་བ་དང༌། བླ་མའི་གདམས་ངག་དང་ལྡན་པར་བསྟན་ཏོ། །འདིས་ནི་བདག་དང་གཞན་དག་དང༌། །ཅུང་ཟད་བདག་པས་དམན་པ་ཡང༌། །རྟོགས་པའི་རྐྱེན་ནི་བྱེད་འགྱུར་ཞིང༌། །དེས་ནི་བླ་མ་ལ་གུས་ཤོག །ཅེས་བྱ་བ་ནི་གཞན་གྱི་དོན་དུ་བརྩམས་པ་དང༌། དེས་དེ་རྟོགས་ནས་ལམ་ཁྱད་པར་ཅན་ལ་འཇུག་པར་གྱུར་ཅིག་པར་བསྟན་པའོ། །སྲིད་པའི་རྒྱ་མཚོ་སྐྱེ་ལ་སོགས་པའི་རྦ་ཀློང་འཁྲུག །ཆགས་དང་སྡང་སོགས་འཇིག་པའི་རླུང་ལྡན་ངན་འགྲོ་ཡི། །མི་བཟད་སྡུག་བསྔལ་ཆུ་སྲིན་ལ་སོགས་འཇིགས་པ་ཡི། །ཚོགས་ལས་སྐྱོབ་བྱེད་སྒྲུབ་ཐབས་གཟིངས་ཆེན་བརྟེན་བྱེད་ལྡན། །ཐེག་ཆེན་འདི་ལ་བརྟེན་ཏེ་དེད་དཔོན་བརྟུལ་ཞུགས་ལྡན། །བློ་ཆེན་མཁས་པ་རྒྱུད་ལྡན་དེ་ཡི་རྗེས་འབྲང་སྟེ། །རྫོགས་སངས་གོ་འཕང་སྐུ་གསུམ་སྐྱོན་རྣམས་ཀུན་འབྲལ་བ། །རིན་ཆེན་རྫས་འབར་ཡིད་འོང་ལྡན་པ་བླང་བར་གྱིས། །བདག་བློ་གཏི་མུག་མུན་བསྒྲིབས་ལ། །གང་གི་གསུང་གིས་མཆོག་གི་ལམ། །མ་ནོར་ཆ་ཙམ་སྣང་གྱུར་པ། །བླ་མ་དེ་ལ་དྭང་བས་འདུད། །སྐུ་བཞི་ལམ་བྱེད་སྒྲུབ་ཐབས་དབང་པོ་འདི། །རྣམ་པར་ཕྱེ་ལས་ངལ་བར་གྱུར་པ་ཡི། །བསོད་ནམས་དྲི་མེད་བདག་ལ་གང་སྐྱེས་དེས། །འགྲོ་བའི་མ་རིག་དཔྱིས་འབྱིན་བྱེད་པར་ཤོག །དཔལ་ཀྱེའི་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་རྣམ་པར་བཤད་པ་སློབ་དཔོན་ཤྲཱི་ཨཱ་ནནྡ་གརྦྷའི་ཞལ་སྔ་ནས་མཛད་པ་ལས། ཅུང་ཟད་མི་གསལ་བ་རྣམས་བླ་མ་དེ་ཉིད་ཀྱི་གསུང་ལ་བརྟེན་ཏེ། དགེ་བསྙེན་བསོད་ནམས་རྩེ་མོས་གསལ་བར་བྱས་པའོ། །རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*