མངོན་རྟོགས་ཚིག་གི་བུམ་པ།

༼ཁ༽

༄༅། །མངོན་རྟོགས་ཚིག་གི་བུམ་པ་བཞུགས།།

༄༅། །བླ་མ་རྗེ་བཙུན་སྒྱི་ཆུ་བའི། །ཞབས་གཉིས་ཆུ་སྐྱེས་ལ་བཏུད་དེ། །དཔལ་ལྡན་ཀྱེ་ཡི་རྡོ་རྗེ་ཡི། །སྒྲུབ་ཐབས་མངོན་རྟོགས་བྲི་བར་བགྱི། །དེ་ལ་མངོན་རྟོགས་རྣམ་གཉིས་ཏེ། །མཉམ་པར་བཞག་པའི་རྣལ་འབྱོར་དང༌། །མཉམ་པར་མ་བཞག་རྣལ་འབྱོར་རོ། །མཉམ་བཞག་བསྐྱེད་རྫོགས་རྣམ་གཉིས་དང༌། །མ་བཞག་རྣམ་པ་བརྒྱད་ཡིན་ཏེ། །ཉལ་དང་ལྡང་དང་བཟླས་པ་དང༌། །ཁྲུས་དང་ཁ་ཟས་གཏོར་མ་དང༌། །སྤྱོད་ལམ་རྗེས་ཆགས་རྣལ་འབྱོར་བརྒྱད། །དེ་ལ་ཉལ་བའི་རྣལ་འབྱོར་ནི། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །རང་བཞིན་ལྷན་ཅིག་སྐྱེས་པ་དང༌། །ལྷན་ཅིག་སྐྱེས་པའི་ལྷན་སྐྱེས་པའོ། །རྣལ་འབྱོར་གང་ཡང་རུང་བ་ལ། །བློ་བཞག་རྣལ་འབྱོར་ཉལ་བར་བྱ། །དང་པོ་གཞལ་ཡས་ཁང་དང་ནི། །ལྷ་མོ་རྣམས་ཀྱང་ཞལ་བརྒྱད་བསྡུ། །ཡུམ་ཀྱང་ཡབ་ལ་བསྡུ་བ་དང༌། །ཡབ་ཀྱང་སྙིང་གའི་ཧཱུྃ་ལ་བསྡུ། །ཧཱུྃ་ཡང་འོད་ཀྱི་གོང་གོང་པོར། །བྱས་ཏེ་མཐར་ནི་མར་མེ་ཡི། །རྩེ་ལྟར་མི་དམིགས་པར་བསྒོམས་པ། །དེ་ལ་བློ་བཞག་ཉལ་བར་བྱ། །གཉིས་པའི་དབང་དུ་བྱས་ནས་ནི། །ལྷ་མོ་བརྒྱད་བསྡུའི་བར་དུ་འདྲ། །ཡབ་ཡུམ་ཙམ་དུ་གནས་པ་ལས། །སྙོམས་པར་ཞུགས་པས་ཞུ་གྱུར་ནས། །ཐིག་ལེའི་རྣམ་པར་བློ་གཏད་ཉལ། །ཉལ་བ་དག་ལ་དགོས་པ་གཉིས། །ཐ་མལ་པ་ཡི་རྣམ་རྟོག་གི །གཉིད་ཀྱི་ཟིལ་གྱིས་མི་ནོན་དང༌། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །མྱུར་དུ་རྟོགས་པའི་དགོས་པའོ། །དེ་ལྟར་ཉལ་བའི་བྱེ་བྲག་གིས། །ལྡང་ལུགས་རྣམ་པ་གཉིས་ཡིན་ཏེ། །ཆུ་ལས་ཉ་འཕར་ཇི་བཞིན་དང༌། །ཐོ་རངས་ཀྱི་ནི་དུས་དག་ཏུ། །རང་བཞིན་གནས་ནས་འོངས་པ་ཡི། །ལྷ་མོ་བཞི་ཡི་གླུས་བསྐུལ་ནས། །ཐིག་ལེ་ལས་ནི་ལྷག་པའི་ལྷར། །དམིགས་པ་དེ་ནས་མཉམ་བཞག་བསྒོམ། །ལྡང་བ་ཡི་ནི་རྣལ་འབྱོར་གྱིས། །རང་གི་ལྷག་པའི་ལྷར་བསྒོམས་ལ། །དགོས་པ་རྣམ་པ་གསུམ་གསུངས་ཏེ། །ཐ་མལ་རྣམ་རྟོག་བློ་ལྡོག་དང༌། །བར་ཆད་བགེགས་ལས་བསྲུང་བ་དང༌། །ལྷ་ཡིས་ལྷ་ལ་ཚོགས་བསགས་ནས། །ཚོགས་མྱུར་རྫོགས་པའི་དགོས་པའོ། །བཟླས་པའི་རྣལ་འབྱོར་བྱ་བ་ནི། །ཡབ་ཡུམ་གཉིས་ཀྱི་འདོ་ལའི་ཟབ། །ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ། །མཁའ་ནས་མཁའ་རུ་འགྲོ་བའི་ཚུལ། །ཕྲིན་ལས་བཞི་ཡི་ཁ་དོག་སྦྱར། །བཟླས་པ་བྱས་པའི་དགོས་པ་ནི། །ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ལ། །སྙན་གསན་འབེབས་པའི་དགོས་པའོ། །ཁྲུས་ཀྱི་རྣལ་འབྱོར་བསྟན་པ་ནི། །ནམ་མཁའི་ལྷ་རྣམས་སྤྱན་དྲངས་ལ། །ལྷ་མོ་བརྒྱད་ཀྱིས་མཆོད་བྱས་ཏེ། །དབང་བསྐུར་ཞུ་བའི་གསོལ་བ་གདབ། །ལྷ་ཡིས་དབང་རྣམས་བསྐུར་བར་བསམ། །དེ་ཡི་དགོས་པ་བསྟན་པ་ནི། །རྩ་བ་ཡན་ལག་དམ་ཚིག་གི །ཉེས་པ་ཐམས་ཅད་འདག་པར་འགྱུར། །གཏོར་མའི་རྣལ་འབྱོར་བསྟན་པ་ནི། །མཆོད་རྫས་གཏོར་མ་བཤམས་བྱས་ལ། །བྱིན་གྱིས་བརླབས་ལ་དབུལ་བར་བྱ། །དེ་ལ་དགོས་པ་རྣམ་གཉིས་ཏེ། །བསྐྱེད་རྫོགས་ཏིང་འཛིན་བསྒོམ་པ་ལ། །བར་ཆད་ཞི་བར་བྱ་བ་དང༌། །ལས་བཞི་འགྲུབ་པའི་དགོས་པའོ། །ཁ་ཟས་དག་གི་རྣལ་འབྱོར་ནི། །རང་ཉིད་ལྷ་ཡི་ང་རྒྱལ་གྱིས། །གཡོན་པའི་མཐེབ་སྲིན་ཟས་ལ་རེག །ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ལ། །སྙིང་གར་ལྷ་ཡི་འཁོར་ལོ་བསམ། །ལྟེ་བར་འབྱུང་པོ་ཉི་ཤུ་བཞི། །བསམས་ལ་མཆོད་འབུལ་ལོགས་སྤྱད་དོ། །དེ་ལ་དགོས་པ་གཉིས་ཡོད་དེ། །རྩ་ལྟུང་བཅུ་གསུམ་མི་འབྱུང་དང༌། །ཚོགས་འཁོར་དེ་དང་མཉམ་པ་ཡི། །བསོད་ནམས་མྱུར་རྫོགས་འཐོབ་པའོ། །སྤྱོད་ལམ་དུས་ཀྱི་རྣལ་འབྱོར་ནི། །སྣོད་བཅུད་ཐམས་ཅད་ལྷ་རུ་བསམ། །ལྷ་ལ་ལྷ་ཐིམ་ཚུལ་དུ་སྤྱད། །དེ་ལ་དགོས་པ་རྣམ་གཉིས་ཏེ། །ཐ་མལ་པ་ཡི་བློ་ལྡོག་དང༌། །རྩ་ལྟུང་བརྒྱད་པ་མི་འབྱུང་བའོ། །རྗེས་སུ་ཆགས་པའི་རྣལ་འབྱོར་ནི། །རྣམ་གཡེང་སྤོང་དང་ལྟ་བ་གསོ། །གཉིས་ཀ་འདུ་ཤེས་གསུམ་ལྡན་བྱ། །ཐིག་ལེ་བཟུང་ཞིང་བསྟེན་པ་སྟེ། །རྒྱས་པར་འོག་ཏུ་ཤེས་པར་བྱ། །དེ་ལ་དགོས་པ་གཉིས་ཡོད་དེ། །བདེ་གཤེགས་བཀའ་ལས་འདའ་བ་ཡི། །མི་ཚངས་སྤྱོད་པའི་ཉེས་པ་ཡིས། །མི་གོས་པ་ཡི་དགོས་པ་དང༌། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །མྱུར་དུ་རྟོགས་པའི་དགོས་པའོ། །དེ་ལྟར་མཉམ་པར་མ་བཞག་པའི། །རྣལ་འབྱོར་རྣམ་པ་བརྒྱད་ཡིན་ནོ། །མཉམ་པར་བཞག་པའི་རྣལ་འབྱོར་ནི། །བསྐྱེད་རྫོགས་གཉིས་པོ་འོག་ཏུ་ཤེས། །དེ་དག་རྣལ་འབྱོར་བཅུར་འདུས་གསུངས། །དེ་ལྟར་བསྒོམ་པའི་གང་ཟག་ཀྱང༌། །རྣམ་པ་བཞིར་ནི་གནས་པར་གསུངས། །རྫོགས་རིམ་བློ་གནས་རབ་དང་ནི། །བློ་གནས་འབྲིང་དང་ཐ་མ་དང༌། །ཐ་མའི་ཐ་མ་བཞི་རུ་གནས། །དེ་ལ་རབ་ཅེས་བྱ་བ་ནི། །བདེ་བ་ཐོབ་པའི་གང་ཟག་སྟེ། །བསྐྱེད་རིམ་བྱིན་གྱིས་བརླབ་པ་ཙམ། །བསྒོམས་ནས་རྫོགས་པའི་རིམ་པ་ལ། །ཆུ་བོའི་རྒྱུན་ལྟར་བསྒོམ་པ་ཡིན། །འབྲིང་ནི་བདེ་བ་ཅུང་ཟད་ཙམ། །ཐོབ་པའི་གང་ཟག་བསྐྱེད་རྫོགས་གཉིས། །ཆ་མཉམ་ཙམ་དུ་བསྒོམ་པ་ཡིན། །ཐ་མ་བདེ་བ་མ་ཐོབ་པའི། །གང་ཟག་དེ་ནི་བསྐྱེད་པའི་རིམ། །གཙོ་བོར་བསྒོམ་ཞིང་རྫོགས་པ་ཞར། །ཐ་མའི་ཐ་མ་བསྐྱེད་རིམ་བསྒོམ། །དེ་ལྟར་གང་ཟག་རྣམ་བཞི་ལས། །རབ་ཀྱིས་ཚོགས་ནི་མི་སོགས་ཏེ། །ཚོགས་བསག་སྔར་ནི་བྱས་ཟིན་པས། །སྲུང་བའི་འཁོར་ལོ་ནས་བཟུང་བསྒོམ། །གཞུང་ལས་ཚོགས་བསག་བསྟན་པ་ནི། །འབྲིང་དང་ཐ་མའི་དབང་དུ་བྱས། །འབྲིང་དང་ཐ་མ་རྣམ་གཉིས་ཀྱང༌། །མཆོད་ལུགས་མི་འདྲ་རྣམ་གཉིས་ཏེ། །དབང་པོ་འབྲིང་གི་མཆོད་པ་ནི། །མཆོད་པའི་ཞིང་གི་ལྷ་མོ་བརྒྱད། །རང་རྟགས་ཕྱག་མཚན་མ་ཐོགས་པར། །བྱང་ཆུབ་སེམས་སོགས་བདུད་རྩི་ལྔ། །གསང་བ་ཡི་ནི་མཆོད་པས་མཆོད། །བཅུད་ཀྱིས་ལེན་དང་ཅང་ཏེའུ་བརྡུང༌། །ཕྱི་ཡི་མཆོད་པ་དེ་ཁོ་ནའི། །མཆོད་པ་གཡུང་མོས་སྐུ་ལ་འཁྱུད། །དེ་ལྟར་རྣམ་པ་གསུམ་གྱིས་ནི། །སྤྱན་དྲངས་ཉིད་ཀྱིས་སྤྱན་དྲངས་ལ། །མཆོད་པར་འདོད་པ་འབྲིང་ཡིན་ནོ། །ཐ་མས་ཚོགས་བསག་ཡུལ་རྣམས་ནི། །རང་རྟགས་ཀྱི་ནི་མཚན་མ་འཛིན། །མཆོད་བྱེད་ལྷ་མོ་བརྒྱད་རྣམས་ནི། །མཆོད་པའི་རྫས་ཐོགས་སྙིང་ག་ནས། །སྤྲོས་ལ་མཆོད་པ་གསུམ་གྱིས་མཆོད། །ལྷག་མ་སྡིག་བཤགས་ལ་སོགས་པའི། །སེམས་བསྐྱེད་བར་དུ་རྣམ་པ་ལྔ། །གང་ཟག་གསུམ་ཀ་འདྲ་བར་གསུངས། །སྡིག་བཤགས་ལ་སོགས་གཞུང་ན་གསལ། །དེ་ལ་བྱང་ཆུབ་སེམས་བསྐྱེད་ནི། །སྡིག་པ་བཤགས་པ་ལ་སོགས་པ། །ཐམས་ཅད་འཁོར་གསུམ་ཡོངས་དག་པར། །ཟིན་པར་བྱས་པ་སྔོན་འགྲོ་ཡིན། །དེ་ནས་སྨོན་འཇུག་སེམས་བསྐྱེད་དེ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །ངག་ཏུ་ཚིག་ཏུ་དེ་བརྗོད་ཅིང༌། །དེ་ཡི་དོན་ཡང་དྲན་པར་བྱ། །དེ་ནས་ཚད་མེད་བཞི་བསྒོམ་ཡང༌། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །ས་དང་ཕ་རོལ་ཕྱིན་པ་ཡི། །ཐེག་པ་ཐུན་མོང་བསྒོམ་པ་དང༌། །གསང་སྔགས་བླ་ན་མེད་པ་ཡི། །གདམས་པ་ཚད་མེད་བསྒོམ་པའོ། །དེ་ལྟར་ཚོགས་བསགས་བྱེད་པ་ཡང༌། །དགོས་པ་རྣམ་པ་གཉིས་གསུངས་ཏེ། །རྒྱུད་དག་པ་ཡི་དགོས་པ་དང༌། །སྔོན་གྱི་རྒྱལ་བ་ཤཱཀ་ཐུབ་བཞིན། །དང་པོ་ཚོགས་བསག་དེ་རྗེས་ལ། །སངས་རྒྱས་བཞིན་དུ་བྱ་ཕྱིར་རོ། །དེ་ལ་དགོས་པ་དང་པོ་ནི། །དཔེར་ན་སྣོད་དུ་བཟའ་འདྲེན་པ། །དང་པོ་སྣོད་དག་བྱས་ནས་ནི། །དེ་ནས་སྣོད་དུ་ཟས་འདྲེན་ལྟར། །དང་པོ་ཚོགས་བསག་རྒྱུད་དག་པ། །སྣོད་ཀྱི་དྲི་མ་དག་བྱས་འདྲ། །དེ་ནས་ཚོགས་རྗེས་ལྷ་བསྐྱེད་ནི། །སྣོད་དུ་བཟའ་འདྲེན་ཇི་བཞིན་ནོ། །དེ་ནས་དགོས་པ་གཉིས་པ་ནི། །སྔོན་དུས་རྒྱལ་བས་ཚོགས་བསགས་བཞིན། །མཆོད་སོགས་ཚོགས་སོགས་དེ་ཡི་དོད། །ལྷ་བསྐྱེད་མངོན་པར་སངས་རྒྱས་འདོད། །དེ་ལྟར་དགོས་པ་རྣམ་གཉིས་གསུངས། །དེ་ནས་ཡེ་ཤེས་ཚོགས་བསག་ནི། །བཙན་ཐབས་སྟོང་པར་བསྒོམ་པ་སྟེ། །རྟགས་ནི་ཡིད་ལ་དྲན་སྟོབས་ཀྱིས། །བདག་སོགས་སྣང་བ་ཐམས་ཅད་ནི། །མི་དམིགས་ཅང་མེད་སྟོང་པར་བསྒོམ། །ཡེ་ཤེས་ཚོགས་བསག་དགོས་པ་ཡང༌། །རྣམ་པ་བཞི་རུ་ཤེས་བྱ་སྟེ། །ཀུན་ཏུ་བརྟགས་པའི་དྲི་མ་ལས། །དག་པར་བྱ་བའི་དགོས་པ་དང༌། །གཉིས་པ་ཐམས་ཅད་མཁྱེན་པ་ཡི། །ལྷ་ཡི་མྱུ་གུ་བསྐྱེད་པའོ། །གསུམ་པ་བསོད་ནམས་ཚོགས་དང་ནི། །ཡེ་ཤེས་ཚོགས་ནི་འབྲེལ་བྱའི་ཕྱིར། །བཞི་པ་ཆོས་ཀྱི་སྐུ་ལས་ནི། །གཟུགས་སྐུ་འགྲུབ་པར་བྱ་ཕྱིར་རོ། །དེ་ལ་དང་པོ་བཤད་བྱ་སྟེ། །གང་ཟག་བདག་སོགས་བཏགས་པ་རྣམས། །སྟོང་པར་བསྒོམས་པས་དག་བྱེད་དེ། །དེ་ཡང་སཾ་པུ་ཊ་ལས་ནི། །དང་པོར་སྟོང་ཉིད་བསམ་པས་ནི། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །གཉིས་པའི་དབང་དུ་བྱས་ན་ནི། །ཐ་མལ་དངོས་པོ་རགས་པ་རྣམས། །ལན་ཅིག་སྟོང་པར་མ་བྱས་ན། །འདི་ལས་ལྷར་ནི་བསྐྱེད་མི་བཏུབ། །ལན་ཅིག་སྟོང་པར་བྱས་པ་ཡིས། །འདི་ལས་ལྷར་ནི་བསྐྱེད་བྱ་སྟེ། །རིགས་ངན་ཁང་པ་མེས་སྦྱངས་འདྲ། །དཔེར་ན་ཞིང་ལ་ས་བོན་འདེབས། །དང་པོར་རྡོ་སོགས་རགས་པ་རྣམས། །བསལ་ནས་ས་བོན་བཏབ་པ་ལས། །མྱུ་གུ་སྔོན་པོ་འབྱུང་བཞིན་ནོ། །དེ་ཡང་སཾ་པུ་ཊ་ལས་ནི། །ལུས་སོགས་སྟོང་པའི་ཞིང་ས་ལ། །བློ་དང་ལྡན་པས་ས་བོན་གདབ། །གསུམ་པ་ཡང་ནི་བཤད་བྱ་སྟེ། །ཐབས་དང་བྲལ་བའི་ཤེས་རབ་དང༌། །ཤེས་རབ་བྲལ་བའི་ཐབས་དག་གིས། །འཆིང་གི་གྲོལ་བར་མི་འགྱུར་ལ། །ཐབས་དང་ཤེས་རབ་ཟུང་འཇུག་པས། །གྲོལ་བར་བཤད་པ་སྟོང་པ་ཉིད། །སྔར་གྱི་ཚོགས་བསག་ཟུང་འཇུག་བྱ། །བཞི་པ་སྟོང་ཉིད་ཆོས་སྐུ་སྟེ། །འོག་གི་ལྷ་བསྐྱེད་གཟུགས་སྐུའོ། །དེ་གྲུབ་ཕྱིར་ན་སྟོང་པ་ཉིད། །ཆོས་ཀྱི་སྐུ་ཡི་ངོ་བོར་བསྒོམ། །དེ་ལྟར་སྔོན་འགྲོ་ཚོགས་བསགས་པའོ། །དེ་ནས་གོང་གི་ཚད་མེད་བཞི། །བསྒོམས་པའི་སྨོན་ལམ་དྲན་པ་ལས། །སྔར་གྱི་སྟོང་པའི་ནམ་མཁའ་ལ། །རྃ་དམར་པོ་ལས་ཉི་མ་བསྒོམ། །དེ་སྟེང་ཧཱུྃ་ལས་སྣ་ཚོགས་ནི། །རྡོ་རྗེ་རྒྱ་གྲམ་རྩེ་གསུམ་བསྒོམ། །དེ་ཡི་ལྟེ་བར་ཧཱུྃ་བསྒོམས་ལ། །ཕྱོགས་སྤྲོས་རྡོ་རྗེ་རྭ་བ་དང༌། །འོག་ཏུ་རྡོ་རྗེའི་ས་གཞི་དང༌། །སྟེང་སྤྲོས་རྡོ་རྗེའི་གུར་ཡང་བསྒོམ། །བར་ཆད་མི་འབྱུང་དགོས་པའོ། །དེ་ལྟར་སྲུང་འཁོར་བྱས་ནས་ནི། །དེ་དབུས་གཞི་ཡི་ཡན་ལག་ནི། །ཆོས་འབྱུང་དཀར་པོ་གདེངས་ཁ་ཅན། །ཁོང་སྟོང་ཡངས་པ་བསྒོམ་པར་བྱ། །དེ་ནས་རྒྱུ་ཡི་ཡན་ལག་ནི། །ས་བོན་བཞི་ལས་འབྱུང་བ་བཞི། །ཁ་དོག་དབྱིབས་ལྡན་བསྒོམ་པར་བྱ། །དེ་ཡང་འདིར་ནི་ས་ལ་སོགས། །མས་ཡར་རིམ་པས་བསྒོམ་པར་འདོད། །གཞན་དུ་ཡཾ་ལས་རླུང་ལ་སོགས། །རིམ་པ་བཞིན་དུ་བསྒོམ་པར་བྱ། །དེ་ཡང་འགལ་ལོ་ཞེ་ན་ནི། །དགོས་པ་གཉིས་ཀྱིས་མི་འགལ་ཏེ། །འདིར་ནི་བྱང་སེམས་དཀྱིལ་འཁོར་ལ། །དགོངས་ནས་ས་སོགས་རིམ་པས་བཞག །དེ་ཡང་རྩ་བའི་རྒྱུད་ལས་ནི། །རེག་པ་སྲ་བའི་བག་ཆགས་ཀྱིས། །ས་ནི་དེ་ལས་སྐྱེ་བར་འགྱུར། །བྱང་སེམས་གཤེར་བའི་རྣམ་པ་ཡིས། །ཆུ་ཡི་ཁམས་ནི་འབྱུང་བར་འགྱུར། །བསྐྱོད་པ་ལས་ནི་དྲོད་སྐྱེས་སྟེ། །འགྲོ་བ་རླུང་དུ་རབ་ཏུ་གྲགས། །ཞེས་བསྟན་ཕྱིར་ན་འདི་ཡང་ནི། །འགལ་བ་མེད་པར་བསྟན་པ་ཡིན། །གཞན་དུ་རླུང་སོགས་རིམ་པ་བཞིན། །བསྟན་པ་ལུས་ཀྱི་དཀྱིལ་འཁོར་ལ། །དགོངས་ནས་དེ་ཡང་བཞག་པ་སྟེ། །སཾ་པུ་ཊ་ཡི་རྒྱུད་ལས་ནི། །རྐང་པའི་མཐིལ་དུ་གནས་པའི་རླུང༌། །རྩོམ་པ་ཆེན་པོ་གཞུ་ཡི་དབྱིབས། །གྲུ་གསུམ་འབར་བའི་གཟུགས་ཀྱིས་ནི། །སུམ་མདོའི་གནས་སུ་ཡང་དག་གནས། །ཆུ་ནི་ལྟེ་བར་གནས་པ་སྟེ། །ཟླུམ་པོའི་གཟུགས་ཀྱིས་རྣམ་པར་གནས། །སྙིང་གར་ཡང་ནི་ས་ཉིད་དེ། །ཀུན་ནས་གྲུ་བཞི་པ་ཉིད་དོ། །དེ་ལྟར་བཤད་པས་འདི་ཡང་རིགས། །དེ་ནས་རྐྱེན་གྱི་ཡན་ལག་ནི། །འབྱུང་བཞིའི་དཀྱིལ་འཁོར་ཐམས་ཅད་ཀྱང༌། །སེམས་ཙམ་དུ་ནི་གོ་བྱའི་ཕྱིར། །འབྱུང་བཞིའི་གསེབ་ཏུ་རང་སེམས་བསྒོམ། །དེ་ལྟར་བསྒོམས་པའི་རྐྱེན་གྱིས་ནི། །ཐམས་ཅད་ཞུ་སྟེ་གཞལ་ཡས་བསྒོམ། །གཞལ་ཡས་ཁང་བསྒོམ་དགོས་པ་ནི། །ཐ་མལ་པ་ཡི་སྣོད་མ་དག །འཛིན་པའི་དྲི་མ་སྦྱང་བ་དང༌། །འབྲས་བུས་སངས་རྒྱས་ཞིང་ཁམས་ནི། །ཡོངས་སུ་དག་པ་འབྱུང་བའོ། །དེ་དབུས་པདྨ་བསམ་པ་ནི། །འདབ་མ་བརྒྱད་པ་རྣམ་པར་བསྒོམ། །དེ་སྟེང་རྃ་ལས་ཉི་མ་སྟེ། །ཉི་མར་བདུད་བཞི་བརྩེགས་པའི་གདན། །ཕྱོགས་མཚམས་བརྒྱད་དུ་ཚངས་པ་སོགས། །གདན་བརྒྱད་བསྒོམས་པས་བདུད་བཞི་དང༌། །འབྱུང་བཞིའི་རྟོག་པ་སྤངས་རྟགས་སོ། །དེ་ལྟར་བསྟན་པ་རྣམས་ཀྱིས་ནི། །རྟེན་ཏེ་གཞལ་ཡས་གདན་བཅས་བསྐྱེད། །དེ་ཡང་གོང་དུ་བསྟན་པ་བཞིན། །སྲུང་བའི་འཁོར་ལོ་ནས་བཟུང་སྟེ། །གདན་བསྐྱེད་བར་དུ་བསྒོམ་པ་ནི། །གང་ཟག་དབང་པོ་རབ་འབྲིང་བཞི། །འདྲ་བར་བསྒོམ་པ་ཉིད་དུ་གསུངས། །ད་ནི་བརྟེན་པ་ལྷ་བསྒོམ་སྟེ། །ཧེ་རུ་ཀ་ནི་རྣམ་བཞི་ལས། །དང་པོར་ཞལ་བརྒྱད་ཕྱག་བཅུ་དྲུག །བསྐྱེད་པའི་ཆོ་ག་བསྟན་པར་བྱ། །དེ་ཡང་བླ་མ་དམ་པ་ཡིས། །གསང་སྔགས་འབྲས་བུ་ལམ་བྱའི་ཕྱིར། །གནས་པ་བཞི་ཡི་ཁོག་དབུབ་གསུངས། །དེ་ལ་དང་པོར་གོང་བུར་གནས། །རྒྱུ་ཡི་རྡོ་རྗེ་འཆང་བསྐྱེད་ནས། །བཟུང་སྟེ་དཀྱིལ་འཁོར་ལྷ་མོ་ནི། །དབྱུང་བའི་བར་གྱིས་བསྟན་པ་སྟེ། །རྣམ་པ་དེ་དང་དེ་དག་གི །རྣམ་པར་སྣང་ཡང་ངོ་བོ་ནི། །ཆོས་ཀྱི་སྐུ་ཡི་རྟེན་འགྱུར་ལ། །ལོངས་སྤྱོད་རྫོགས་སྐུར་མོས་པ་བྱ། །ཅི་སྟེ་གོང་བུ་ཞེས་བྱ་ན། །མངལ་གྱི་སྐབས་ཀྱི་གོང་གོང་པོ། །དེ་རུ་ཁ་མིག་རྣ་བ་སོགས། །ལེགས་པར་དོད་པ་མ་རེད་བཞིན། །རྒྱུ་ཡི་རྡོ་རྗེ་འཆང་སོགས་ཀྱང༌། །འབྲས་བུའི་རྡོ་རྗེ་འཆང་དུ་ནི། །མ་རེད་ཕྱིར་ན་གོང་བུ་འདྲ། །དེ་ནས་ཡབ་ཡུམ་ཐབས་དང་ནི། །ཤེས་རབ་སྙོམས་པར་ཞུགས་པ་ལས། །རྗེས་ཆགས་མེ་ཡིས་ཡབ་ཡུམ་གྱི། །ཕུང་པོ་ཁམས་སོགས་ཞུ་བ་ནི། །ཆུ་རུ་གནས་པ་ཞེས་ཀྱང་བྱ། །དབྱིངས་དང་ཡེ་ཤེས་དབྱེར་མེད་པའི། །ཆོས་ཀྱི་སྐུ་རུ་མོས་པ་བྱ། །ཐིག་ལེ་རྣམ་གཉིས་རྗེ་བཙུན་ནི། །ཞུ་བ་ཡེ་ཤེས་ཆ་རུ་གསུང༌། །ཡུམ་ཞུ་དབྱིངས་ཀྱི་ཆ་ཡིན་ནོ། །ཞུ་ནས་གླུས་བསྐུལ་ནས་བཟུང་སྟེ། །དབང་བསྐུར་རྒྱས་གདབ་ལ་སོགས་པར། །གཟུགས་སུ་གནས་པ་ཞེས་བྱ་སྟེ། །ཆོས་སྐུ་སྐྱེ་བ་མེད་པ་ལས། །འགྲོ་བའི་དོན་དུ་སྤྲུལ་སྐུ་ཡི། །རྣམ་པ་འབྱུང་བ་དེར་མོས་བྱ། །གཞལ་ཡས་ལྷ་མོ་ལ་བསྡུས་ནས། །བཟུང་སྟེ་མར་མེའི་རྩེ་མོ་ལྟར། །མི་དམིགས་པ་རུ་བསྒོམ་པ་ནི། །གཟུགས་ལས་འདས་པ་ཞེས་བྱ་སྟེ། །སྤྲུལ་པའི་སྐུ་ནི་དེ་ཉིད་ཀྱང༌། །དགོངས་པ་ཡོངས་སུ་མྱ་ངན་ལས། །འདས་པའི་ངོ་བོར་བསྒོམ་པར་བྱ། །དེ་ལྟར་འབྲས་བུ་སངས་རྒྱས་ལ། །ཆོས་བཞི་ཡོད་པས་རྗེས་འཇུག་པའི། །གང་ཟག་གིས་ཀྱང་གནས་བཞི་བསྒོམ། །དེ་ལ་དང་པོ་བཤད་བྱ་སྟེ། །དེ་ཡང་གང་ཟག་དབང་པོ་རབ། །འབྲིང་སོགས་བཞི་ཡི་བསྒོམ་ཐབས་ནི། །སྐབས་གསུམ་དུ་ནི་མི་འདྲ་བ། །བཞི་གསུམ་བཅུ་གཉིས་བླ་མ་བཞེད། །དང་པོ་རྒྱུ་ཡི་རྡོ་རྗེ་འཆང༌། །བསྐྱེད་པའི་སྐབས་སུ་མི་འདྲ་བཞི། །རྫོགས་རིམ་བློ་གནས་རབ་ཀྱིས་ནི། །སྔར་བསྒོམས་པ་ཡི་གདན་སྟེང་དུ། །སྐད་ཅིག་སེ་གོལ་གཏོགས་ཙམ་གྱིས། །གཙོ་བོ་ཡབ་ཡུམ་བསྐྱེད་པར་བྱ། །འབྲིང་གིས་བདུད་བཞིའི་གདན་སྟེང་དུ། །ས་བོན་ཧཱུྃ་དང་ཨྃ་བསམས་ལ། །ཧཱུྃ་ཞུ་ཡབ་དང་ཨྃ་ཞུ་ཡུམ། །ས་བོན་ཙམ་ལས་བསྐྱེད་པ་ནི། །བརྫུས་སྐྱེས་བློ་གནས་འབྲིང་གིས་བསྒོམ། །དེ་ལྟར་བསྒོམ་ཐབས་གཉིས་པོ་ལ། །ལྷ་མོ་བརྒྱད་ཀྱི་གདན་སྟེངས་སུ། །ཉི་ཟླ་བསྒོམ་པ་མི་དགོས་སོ། །ཐ་མའི་དབང་དུ་བྱས་ནས་ནི། །དབུས་ཀྱི་གདན་སྟེང་ཉི་ཟླ་བསྒོམ། །ཕྱོགས་མཚམས་བརྒྱད་ཀྱི་གདན་སྟེང་དུ། །ཉི་ཟླ་ཁ་སྦྱོར་བརྒྱད་བསྒོམ་བྱ། །དེ་ནས་དབུས་ཀྱི་ཉི་ཟླ་ཡི། །བར་དུ་ཧཱུྃ་ཨྃ་གཉིས་ལས་ནི། །ཕྱག་མཚན་རྣམ་པ་གཉིས་སུ་བསྒོམ། །དེ་ཡང་ཆུ་དང་འོ་འདྲེས་བཞིན། །གཅིག་ཏུ་གྱུར་པར་བསྒོམ་པར་བྱ། །དེ་ལས་ཡབ་ཡུམ་སྐུ་རྫོགས་བྱ། །དེ་ཡང་ཟླ་བ་ལ་སོགས་པ། །རྣམ་པ་དེ་ལྟར་བསྒོམ་པ་ཡང༌། །ངོ་བོ་མེ་ལོང་ལྟ་བུ་སོགས། །ཡེ་ཤེས་ལྔ་ཡི་ངོ་བོར་བསྒོམ། །རྣམ་པ་ཟླ་སོགས་བསྒོམས་པས་ནི། །ལས་དང་པོས་ནི་བསྒོམ་སླ་ལ། །ངོ་བོ་མེ་ལོང་སོགས་བསྒོམ་པ། དེ་ལྟར་མེ་ལོང་ལྟ་བུ་སོགས། །ལམ་དུ་བྱས་པར་འགྱུར་ཡིན་ལ། །ལན་ཅིག་མེ་ལོང་ལྟ་བུ་སོགས། །ཐོབ་པར་ཡང་ནི་འགྱུར་བ་ཡིན། །ཐ་མའི་ཐ་མས་བསྐྱེད་ལུགས་ནི། །ཟླ་བ་དང་ནི་ཉི་མ་དག །ཨཱ་ལི་ཀཱ་ལི་ལ་ལྟོས་ནས། །བསྐྱེད་དེ་དེ་ཡང་འོག་ནས་ནི། །གསལ་བར་བྱ་ཕྱིར་འདིར་ཡང་སྦྱར། །སྐབས་འདིར་གང་ཟག་ཐ་མ་ཡི། །བསྒོམ་ལུགས་འབའ་ཞིག་བསྟན་ན་ཡང༌། །དེ་ནི་བརྗོད་བྱའི་དོན་ཡིན་ལ། །རྟོགས་པར་བྱ་བའི་དོན་དུ་ནི། །གསུམ་གྱི་བསྒོམ་ལུགས་གོ་བར་བྱ། །ད་ནི་འཁོར་གྱི་ལྷ་མོ་རྣམས། །དབྱུང་བའི་ཆོ་ག་བཤད་བྱ་སྟེ། །དེ་ཡང་འདུ་ཤེས་གསུམ་ལྡན་པར། །བྱས་ལ་ལྷ་མོའི་འཁོར་ལོ་དབྱུང༌། །གོང་དུ་རྒྱུ་ཡི་རྡོ་རྗེ་འཆང༌། །ཡབ་ཡུམ་བསྐྱེད་པ་ལྷར་འདུ་ཤེས། །ཡུམ་གྱི་ཐ་མལ་པདྨ་ནི། །མི་དམིགས་པ་རུ་བསྒོམ་བྱས་ལ། །ཨ་ལས་པདྨ་འདབ་མ་ནི། །བརྒྱད་པར་བསྐྱེད་ལ་བྱིན་བརླབ་པའི། །སྔགས་ཀྱི་ཚིག་ནི་བརྗོད་པར་བྱ། །ཡབ་ཀྱི་ཐ་མལ་རྡོ་རྗེ་ནི། །སྟོང་པར་བསྒོམས་ལ་ཧཱུྃ་ལས་ནི། །རྡོ་རྗེ་རྩེ་ལྔ་པ་རུ་བསྐྱེད། །དེ་ནས་བྱིན་བརླབ་སྔགས་བརྗོད་བྱ། །དེ་ལྟར་སྔགས་ཀྱིས་བྱིན་བརླབ་ལ། །ཆོས་ཀྱི་འདུ་ཤེས་བསྒོམ་པ་ནི། །ཐ་མལ་རྗེས་ཆགས་བསམ་མིན་ཏེ། །ཡབ་ཡུམ་སྙོམས་པར་ཞུགས་པ་ལས། །འཁོར་གྱི་ལྷ་མོ་དབྱུང་བའི་བར། །བསམ་པ་ཆོས་ཀྱི་འདུ་ཤེས་སོ། །དེ་ལྟར་འདུ་ཤེས་གསུམ་ལྡན་གྱིས། །འཁོར་གྱི་ལྷ་མོ་འབྱིན་པ་ཡང༌། །དབང་པོ་བཞི་ཡི་བྱེ་བྲག་གིས། །དབྱུང་ལུགས་རྣམ་པ་བཞིར་གསུངས་ཏེ། །རྫོགས་རིམ་བློ་གནས་རབ་ཀྱིས་ནི། །ཡབ་ཡུམ་སྙོམས་པར་ཞུགས་པ་ཡི། །སྒྲ་ཡི་ཕྱོགས་བཅུའི་ཏ་ཐཱ་རྣམས། །བཀུག་ནས་སྣ་བུག་གཡོན་ནས་བཅུག །ཁོང་པར་ཞུགས་ཏེ་རྗེས་ཆགས་མེས། །བཞུས་ཏེ་སྐུ་ཡི་དབྱིབས་བརྒྱུད་ནས། །རྡོ་རྗེའི་ལམ་ཕྱུང་པདྨར་ཕར། །བྱང་སེམས་ཙམ་དུ་གནས་པ་ལ། །སྔར་ནི་རྒྱུ་ཡི་རྡོ་རྗེ་འཆང༌། །བསྐྱེད་པའི་དུས་སུ་བསྒོམས་པ་ཡི། །གདན་ནི་བརྒྱད་པོའི་སྟེང་དག་ཏུ། །ཡུམ་གྱི་མཁའ་ནས་བྱང་སེམས་བརྒྱད། །སྤྲོས་ལ་བྱང་སེམས་ཙམ་ལས་ནི། །ལྷ་མོ་བརྒྱད་བསྐྱེད་རབ་ཀྱི་ལུགས། །དབང་པོ་འབྲིང་པོས་བསྒོམ་བྱ་བ། །སྙོམས་པར་ཞུགས་པའི་སྒྲ་ཡིས་ནི། །ཏ་ཐཱ་དགུག་སོགས་རབ་དང་མཚུངས། །འོག་མ་གཉིས་ཀྱང་འདྲ་བར་སྦྱར། །འདིར་ནི་ཡུམ་གྱི་པདྨ་རུ། །བྱང་ཆུབ་སེམས་ལས་ཡིག་འབྲུ་བརྒྱད། །དེ་དག་གདན་བརྒྱད་སྟེང་སྤྲོས་ལས། །ཡིག་འབྲུ་བརྒྱད་ལས་ལྷ་མོ་བརྒྱད། །བསྐྱེད་པ་བརྫུས་སྐྱེས་འབྲིང་གི་ལུགས། །ཐ་མ་ཡུམ་གྱི་མཁའ་ནས་ནི། །ས་བོན་བརྒྱད་སྤྲོས་ཕྱོགས་དང་ནི། །མཚམས་ཀྱི་ཉི་ཟླ་ཁ་སྦྱར་ནི། །བརྒྱད་ཀྱི་བར་དུ་སྤྲོ་བར་བྱ། །དེ་ལས་ཕྱག་མཚན་བརྒྱད་དུ་བསྐྱེད། །དེ་རྣམས་རང་རང་ས་བོན་མཚན། །དེ་དག་སོ་སོར་འདྲེས་གྱུར་ནས། །དེ་ལས་ལྷ་མོ་བརྒྱད་པོ་ཡི། །སོ་སོའི་སྐུ་རྫོགས་ཐ་མའི་བསྒོམ། །འདི་ཡང་མངོན་བྱང་ལྔས་བསྐྱེད་དེ། །ཟླ་བ་ཉི་མ་ཁ་སྦྱར་ནི། །དང་པོར་དུས་གཅིག་བསྒོམ་ཟིན་ནོ། །འདི་ཡང་ཟླ་བ་ཉི་མ་སོགས། །རྣམ་པ་ཟླ་བ་ལ་སོགས་དང༌། །ངོ་བོ་མེ་ལོང་ལྟ་བུ་སོགས། །བསྒོམ་པ་སྔར་བཞིན་ཤེས་པར་བྱ། །ཐ་མའི་ཐ་མས་ཉི་ཟླ་གཉིས། །ཨཱ་ལི་ཀཱ་ལི་ལ་ལྟོས་ནས། །བསྐྱེད་པ་ཐ་སྟེ་གཞན་རྣམས་འདྲ། །འདིར་ནི་མངོན་རྟོགས་ཙམ་བྲིས་པས། །ལྷ་མོ་རྣམས་ཀྱི་ཕྱོགས་དང་ནི། །ཁ་དོག་ཕྱག་མཚན་ལ་སོགས་རྣམས། །གཞུང་ཉིད་དུ་ནི་བལྟ་བར་བྱ། །དེ་ལྟར་བསྟན་པའི་དངོས་པོ་རྣམས། །ཆོས་ཀྱི་སྐུ་ཡི་རྟེན་གྱུར་པས། །ལོངས་སྤྱོད་རྫོགས་པའི་ངོ་བོ་སྟེ། གོང་བུར་གནས་པ་ཞེས་བྱའོ། །གཉིས་པ་ཡང་ནི་བརྗོད་བྱ་སྟེ། །དེ་ནས་རྒྱུ་ཡི་རྡོ་རྗེ་འཆང༌། །ཡབ་ཡུམ་སྙོམས་པར་ཞུགས་པ་ལས། །བདེ་བ་ཆེན་པོའི་མེ་ཡིས་ནི། །ཡབ་ཡུམ་གཉིས་ཀྱི་ཕུང་པོ་ཁམས། །ཇེ་ཞུ་ཇེ་ཞུ་ཐིག་ལེར་བསྒོམ། །དེས་ནི་ལོངས་སྐུ་ལ་བརྟེན་པའི། །དབྱིངས་དང་ཡེ་ཤེས་དབྱེར་མེད་པར། །ཆོས་སྐུའི་ངོ་བོ་ཞེས་བྱ་སྟེ། །ཆུ་རུ་གནས་པ་ཞེས་བྱའོ། །གསུམ་པ་ཡང་ནི་བརྗོད་བྱ་སྟེ། །གཙོ་བོ་ཆོས་སྐུ་ཐིག་ལེ་ལ། །བཞུགས་པས་ལྷ་མོ་བཞི་པོ་རྣམས། །བདག་ཅག་བཞི་པོ་རྣམས་ལ་ནི། །མགོན་ནམ་བདག་པོ་མེད་ཤེས་ནས། །གཙོ་བོ་དང་ནི་ཕྲད་འདོད་པས། །བཞི་པོས་གླུ་བཞིས་བསྐུལ་བར་བསྒོམ། །བསྐུལ་བས་ཆོས་སྐུ་ཐིག་ལེ་ལས། །གཟུགས་ཀྱི་སྐུ་རུ་བཞེངས་པ་ལ། །དབང་པོ་རབ་འབྲིང་རྣམ་བཞི་ཡི། །བྱེ་བྲག་གི་ནི་བཞེངས་ལུགས་བཞི། །རབ་ཀྱིས་ཐིག་ལེ་ལས་བསྐྱེད་དེ། །ཐིག་ལེ་ལས་ནི་ཐིག་ལེ་གཉིས། །གཅིག་ལས་ཡབ་བསྐྱེད་གཅིག་ལས་ཡུམ། །བསྐྱེད་པ་དབང་པོ་རབ་ཀྱི་ལུགས། །འབྲིང་གིས་ཐིག་ལེ་གཉིས་ལས་ནི། །ས་བོན་ཨྃ་དང་ཧཱུྃ་དུ་གྱུར། །ཨྃ་ལས་ཡུམ་བྱུང་ཧཱུྃ་ལས་ཡབ། །ཡིག་འབྲུ་ལས་བསྐྱེད་འབྲིང་ཡིན་ནོ། །ཐ་མས་མངོན་བྱང་ལྔ་ལས་བསྐྱེད། །དྲོད་གཤེར་སྐྱེས་པ་ཞེས་བྱའོ། །ཐ་མའི་ཐ་མས་ཉི་ཟླ་དག །ཨཱ་ལི་ཀཱ་ལི་ལ་ལྟོས་ནས། །བསྐྱེད་དེ་མངོན་བྱང་བྱིན་པོ་འདྲ། །དེ་ལྟར་འབྲས་བུ་རྡོ་རྗེ་འཆང༌། །བཞེངས་ལུགས་རྣམ་པ་བཞིར་བཤད་གསུངས། །བཞེངས་པའི་མཚན་ཉིད་གཞུང་ན་གསལ། །དེ་ལྟར་གོང་དུ་བསྟན་པ་རྣམས། །གནས་སྐབས་གསུམ་དུ་མི་འདྲ་བ། །བཅུ་གཉིས་བླ་མའི་བཀས་བཞེད་དེ། །རྒྱུ་ཡི་རྡོ་རྗེ་འཆང་བསྐྱེད་ལ། །མི་འདྲ་རྣམ་པ་བཞི་རུ་གསུངས། །དེ་ཡང་འཁོར་གྱི་ལྷ་མོ་རྣམས། །དབྱུང་ལུགས་མི་འདྲ་རྣམ་པ་བཞི། །འབྲས་བུ་རྡོ་རྗེ་འཆང་བཞེངས་ལ། །མི་འདྲ་བཞི་སྟེ་དེ་ལྟར་ན། །མི་འདྲ་བཅུ་གཉིས་དེ་ལྟར་གསུངས། །དེ་ལྟར་བསྟན་པ་རྣམས་ཀྱིས་ནི། །དམ་ཚིག་སེམས་དཔའ་བསྐྱེད་པ་བསྟན། །ཡེ་ཤེས་ཀྱི་ནི་འཁོར་ལོ་ཡང༌། །དགུག་གཞུག་བྱ་བ་བརྗོད་པར་བྱ། །དེ་ཡང་ཁ་ཅིག་བར་འདིར་ནི། །སྐུ་གསུང་ཐུགས་དང་སྐྱེ་མཆེད་དྲུག །བྱིན་བརླབ་བར་འདིར་བྱེད་པར་འདོད། །བར་འདིར་མི་བྱ་འོག་ནས་ནི། །མདའ་གཅིག་གིས་ནི་ཤ་བ་གཉིས། །གསོད་པའི་ཚུལ་དུ་ལྷ་མོ་བརྒྱད། །ཞལ་བརྒྱད་བསྡུས་ནས་བྱིན་བརླབས་ཏེ། །གཙོ་བོ་བྱིན་གྱིས་བརླབས་པ་ཡིས། །ལྷ་མོ་བརྒྱད་ཀྱང་བྱིན་བརླབ་འགྱུར། །དེ་བས་བར་འདིར་ཁ་མི་བསྐང༌། །ཡེ་ཤེས་འཁོར་ལོ་གཞུག་པ་ཡང༌། །དང་པོ་སྣོད་བཅུད་སྦྱང་བྱ་སྟེ། །གཞན་དག་དམ་ཚིག་སེམས་དཔའ་ལ། །དགོད་པར་བྱ་བ་བསྒོམ་པར་བྱ། །དེ་ཡང་ལྷ་དགུའི་ཐུགས་ཀ་ཡི། །ས་བོན་རྣམས་ལས་འོད་འཕྲོས་ནས། །སྣོད་ཀྱི་འཇིག་རྟེན་ལ་རེག་པས། །སྣོད་ཉིད་གཞལ་ཡས་ཁང་དུ་བསམ། །འོད་ཟེར་ས་བོན་རྣམས་ལ་བསྡུ། །ཡང་ནི་ས་བོན་རྣམས་ལས་འོད། །སྤྲོས་ཏེ་བཅུད་ཀྱི་འཇིག་རྟེན་ལ། །རེག་པས་བཅུད་རྣམས་ལྷ་དགུར་བྱས། །འོད་ཟེར་སླར་ཡང་བསྡུ་བར་བྱ། །དེ་ནས་ཡེ་ཤེས་འཁོར་ལོ་དངོས། །དགུག་གཞུག་བྱ་བ་བརྗོད་བྱ་སྟེ། །ཐུགས་ཀའི་ཧཱུྃ་ལས་འོད་སྤྲོས་ནས། །ལྷ་དགུ་མདུན་དུ་སྤྱན་དྲངས་བྱ། །ཡང་ནི་ཐུགས་ཀའི་ས་བོན་ལས། །འོད་སྤྲོས་ལྷ་དགུ་ལ་ཕོག་སྟེ། །དགུག་གཞུག་གསལ་བར་དམིགས་པར་བྱ། །དེ་ནས་ཐུགས་ཀའི་ས་བོན་ལས། །ལྷ་མོ་བརྒྱད་སྤྲོས་ལྷ་དགུ་མཆོད། །དེ་ནས་གང་ཟག་དབང་པོ་ནི། །ཐ་མའི་དབང་བྱས་ཕྱག་རྒྱ་དང༌། །སྔགས་དང་ཏིང་འཛིན་གསུམ་གྱིས་དགུག །ཕྱག་རྒྱ་ལྕགས་ཀྱུའི་ཕྱག་རྒྱ་དང༌། །གཽ་རཱི་ཨཱ་ཀརྵ་ཡ་ཛཿ །ཏིང་ངེ་འཛིན་གྱིས་གཽ་རཱི་ནི། །ནག་མོ་ལྕགས་ཀྱུ་ཐོགས་པ་ནི། །སྤྲོས་ཏེ་ཡེ་ཤེས་དཀྱིལ་འཁོར་ནི། །ཤར་གྱི་སྒོ་རུ་བཀུག་པར་བསམ། །ཞགས་པའི་ཕྱག་རྒྱ་བཅས་ནས་ནི། །ཙཽ་རཱི་པྲ་བེ་ཤ་ཡ་ཧཱུྃ། །ཏིང་འཛིན་ཙཽ་རཱི་དམར་མོ་ནི། །ཞགས་པ་ཐོགས་པ་ཧཱུྃ་ལས་སྤྲོས། །ལྷ་དགུ་ལ་ནི་ལྷ་དགུ་པོ། །སོ་སོ་སོ་སོར་བཅུག་པར་བསམ། །ལྕགས་སྒྲོགས་ཕྱག་རྒྱ་བཅིངས་ནས་ནི། །བེ་ཏཱ་ལཱི་ནི་བནྡྷ་བྃ། །ངག་ཏུ་བརྗོད་དེ་ཏིང་འཛིན་ནི། །བེ་ཏཱ་ལཱི་སེར་ཧཱུྃ་ལས་སྤྲོས། །ལྕགས་སྒྲོག་ཐོགས་ནས་ཡེ་ཤེས་ཀྱི། །ལྷ་རྣམས་བཅིངས་ཏེ་མི་གཤེགས་བྱ། །དྲིལ་བུའི་ཕྱག་རྒྱ་བཅིངས་ནས་ནི། །གྷསྨ་ཝ་ཤྃ་ཀུ་རུ་ཧོཿ །ཏིང་འཛིན་གྷསྨ་དྲིལ་བུ་ནི། །ཐོགས་པ་སྤྲོས་ནས་ཡེ་ཤེས་ལ། །དམ་ཚིག་པ་དང་གཅིག་བྱས་ལ། །མི་དགྱེས་པ་མེད་དགྱེས་པར་བསམ། །དེ་ལྟར་ཡེ་ཤེས་གཞུག་བྱས་ནས། །ད་ནི་དབང་བསྐུར་རྒྱས་གདབ་བསྒོམ། །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ནས། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང༌། །བྱང་སེམས་ལྷ་མོ་ཁྲོ་བོ་སྤྲོ། །སྤྱན་དྲངས་མཆོད་བསྟོད་བྱས་ནས་ནི། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །བདག་ལ་དབང་བསྐུར་སྩལ་དུ་གསོལ། །ཞེས་ནི་གསོལ་བ་བཏབ་པ་ལས། །དེ་བཞིན་གཤེགས་རྣམས་ཧེ་རུ་ཀར། །གྱུར་ཏེ་རིན་ཆེན་ལས་བྱས་པའི། །བུམ་པ་བྱང་སེམས་གང་ཐོགས་ནས། །ལྷ་ཡི་སྤྱི་བོ་ནས་བླུགས་བསམ། །སྤྱི་བོ་ནས་ནི་བླུགས་ནས་སུ། །སྤྱི་བོ་ཁེངས་པའི་དུས་སུ་ནི། །བུམ་པའི་དབང་ནི་ཐོབ་པར་མོས། །མགྲིན་པར་སླེབ་པའི་དུས་སུ་ནི། །གསང་བའི་དབང་ནི་ཐོབ་པར་བསྒོམ། །སྙིང་གར་སླེབ་པས་ཤེས་རབ་ནི། །ཡེ་ཤེས་ཐོབ་པར་མོས་པ་བྱ། །རྐང་པའི་མཐིལ་དུ་སླེབ་ཙམ་ན། །བཞི་པ་ཐོབ་པར་མོས་པ་བྱ། །བྱང་ཆུབ་སེམས་ཀྱིས་ལུས་གང་ཚེ། །བདེ་བ་ཆེན་པོའང་སྐྱེས་པར་བསྒོམ། །ཆུ་ཡི་ལྷག་མ་ལུད་པ་ལས། །རང་རང་རིགས་བདག་སྤྱི་བོར་མཚན། །དེ་དུས་བྱང་སེམས་བཀྲ་ཤིས་བརྗོད། །སྤྱན་སོགས་རྡོ་རྗེའི་གླུ་ལེན་ཅིང༌། །ཁྲོ་བོས་བགེགས་སྐྲོད་བསྒོམ་པར་བྱ། །སྤྱི་བོར་རིགས་བདག་མཚན་པ་ཡང༌། །གཙོ་བོ་ཡབ་ཡུམ་མི་བསྐྱོད་པས། །རྒྱས་གདབ་ངོ་བོ་ཉིད་ཀྱི་རྒྱ། །གཽ་རཱི་དང་ནི་པུཀྐ་སཱི། །མི་བསྐྱོད་པ་ཡིས་དབུར་བརྒྱན་ཏེ། །ལུས་ལ་སེམས་ཀྱི་ཕྱག་རྒྱ་ཡིན། །ཙཽ་རཱི་དང་ནི་ཤ་བ་རཱི། །རྣམ་པར་སྣང་མཛད་ཕྱག་རྒྱས་གདབ། །སེམས་ལ་ལུས་ཀྱི་ཕྱག་རྒྱ་ཡིན། །བཻ་ཏཱ་ལཱི་དང་ཙཎྜཱ་ལཱི། །རིན་ཆེན་འབྱུང་ལྡན་ཕྱག་རྒྱ་གདབ། །རྒྱུ་ལ་འབྲས་བུའི་རྒྱས་གདབ་ཡིན། །གྷསྨ་རཱི་དང་ཌོཾ་བི་ནཱི། །སྣང་བ་མཐའ་ཡས་དབུ་རྒྱན་ཅན། །འབྲས་བུ་ལ་ནི་རྒྱུའི་རྒྱས་གདབ། །དེ་ལྟར་རྒྱས་གདབ་མཐར་ཐུག་པར། །བསྒོམ་པ་ཆོས་སྐུ་སྐྱེ་མེད་ལས། །འགྲོ་བ་སེམས་ཅན་དོན་དུ་ནི། །སྤྲུལ་སྐུར་བསྟན་པའི་ངོ་བོ་ཉིད། །གཟུགས་སུ་གནས་པ་ཞེས་བྱའོ། །ད་ནི་གནས་པ་བཞི་པ་བསྟན། །དེ་ལྟར་བསྟན་པའི་བསྐྱེད་རིམ་རྣམས། །བསྒོམ་ལུགས་རྣམ་པ་གསུམ་ཡིན་ཏེ། །གལ་ཏེ་སྒྲུབ་པོའི་གང་ཟག་ནི། །ལྷ་དགུའི་དཀྱིལ་འཁོར་བསྒོམ་འདོད་དང༌། །ཡབ་ཡུམ་ཙམ་ལ་བསྒོམ་འདོད་དང༌། །ཡབ་ཙམ་ལ་ནི་བསྒོམ་འདོད་གསུམ། །གལ་ཏེ་ལྷ་དགུའི་དཀྱིལ་འཁོར་ལ། །བློ་གནས་འདོད་པའི་སྒྲུབ་པོས་ནི། །འཇུག་དང་གནས་དང་ལྡང་བ་ཡི། །རིམ་པ་གསུམ་དུ་སྒོམ་བྱེད་དེ། །དང་པོ་བསོད་ནམས་ཚོགས་བསགས་ནས། །ཐ་མ་དབང་བསྐུར་རྒྱས་གདབ་བར། །འཇུག་པའི་རིམ་པ་ཞེས་བྱའོ། །སེམས་བཟུང་གི་ནི་མན་ངག་གིས། །ལྷ་དགུའི་དཀྱིལ་འཁོར་སེམས་བཟུང་ནས། །དེ་ནས་ཞི་གནས་མཚན་མ་དགུ། །འཇོག་དང་རྒྱུན་དུ་འཇོག་སོགས་ཀྱིས། །ལྷ་དགུ་རྩེ་གཅིག་བསྒོམ་པ་ནི། །གནས་པའི་རིམ་པ་ཞེས་བྱའོ། །རྟེན་གྱི་དཀྱིལ་འཁོར་བསྡུ་བ་དང༌། །ལྷ་མོ་བརྒྱད་པོ་ཞལ་བརྒྱད་དུ། །བསྡུ་བ་མན་ཆད་ལྡང་བའི་རིམ། །ཡབ་ཡུམ་ཙམ་ལ་བསྒོམ་འདོད་ན། །ལྷ་བརྒྱད་ཞལ་བརྒྱད་བསྡུ་བའི་བར། །འཇུག་པའི་རིམ་པ་ཡིན་པར་འདོད། །ཡབ་ཡུམ་རྩེ་གཅིག་བསྒོམ་པ་ནས། །ཡུམ་ཀྱང་ཡབ་བསྡུ་ལ་སོགས་བར། །ལྡང་བའི་རིམ་པ་ཞེས་བྱའོ། །གལ་ཏེ་ཡབ་ཙམ་བསྒོམ་འདོད་ན། །ཡུམ་ཡང་ཡབ་ལ་བསྡུ་བའི་བར། །འཇུག་པའི་རིམ་ལ་གནས་རིམ་ནི། །ཡབ་ལ་རྩེ་གཅིག་བསྒོམ་པའོ། །ལྡང་བའི་རིམ་པ་ཡབ་ཀྱང་ནི། །སྙིང་གའི་ཧཱུྃ་བསྡུ་མན་ཆད་དོ། །དེ་ལྟར་བཀའ་གདམས་གསུངས་པ་ལ། །དེ་ཡི་ཡབ་ཡུམ་ཙམ་བསྒོམས་པས། །གཞལ་ཡས་བསྡུ་ལ་སོགས་བསྒོམས་ཏེ། །རང་གི་སྙིང་གའི་ས་བོན་ལས། །འོད་སྤྲོས་གཞལ་ཡས་ལ་ཕོག་པས། །གཞལ་ཡས་ལྷ་མོ་བརྒྱད་བསྡུས་ཏེ། །གཞལ་ཡས་ལ་ཡང་གཟུགས་དྲི་སོགས། །ཡུམ་བཞི་འབྱུང་བའི་ངོ་བོ་ལ། །ལྷ་མོ་བརྒྱད་ཀྱི་ཡུམ་བཞི་དང༌། །འབྱུང་བའི་ངོ་བོ་ཡིན་པའི་ཕྱིར། །ངོ་བོ་ཉིད་ལ་ངོ་བོ་ཉིད། །བསྡུ་བ་ཡིན་པར་ཤེས་པར་བྱ། །ཡང་ནི་སྙིང་གའི་ས་བོན་ལས། །འོད་སྤྲོས་ལྷ་མོ་བརྒྱད་ལ་ཕོག །ཞལ་བརྒྱད་དུ་ནི་བསྡུ་བྱ་སྟེ། །ལྷ་མོ་བརྒྱད་པོ་ཐམས་ཅད་ཀྱང༌། །ཡབ་ཡུམ་སྙོམས་པར་ཞུགས་པ་ཡི། །བྱང་ཆུབ་སེམས་ལས་བྱུང་བའི་ཕྱིར། །ཞལ་བརྒྱད་དུ་ནི་བསྡུར་བཏུབ་བོ། །ཡབ་ཡུམ་ཙམ་དུ་གནས་པ་ལ། །འཁོར་ལོ་བཞིས་ནི་རྒྱས་གདབ་སྟེ། །འཁོར་ལོ་བཞི་པོ་གསལ་དམིགས་ལ། །ཡིག་འབྲུ་བཞི་ནི་བཀོད་ནས་ནི། །ཕྱག་རྒྱ་བཞི་རུ་མོས་པ་བྱ། །བསྐྱེད་རིམ་གཙོ་བོར་བསྒོམས་ན་ནི། །ཡིག་འབྲུ་བཏོན་ལ་ཕྱག་རྒྱ་བཞི། །དྲན་པ་ཙམ་ལས་མི་བྱ་བར། །གལ་ཏེ་རྫོགས་པ་གཙོར་བསྒོམས་ན། །ཞར་ལ་གཅེར་བུ་ཙཎྜཱ་ལཱི། །བསྒོམ་ཡང་གསུངས་ཏེ་གཞན་ན་གསལ། །དེ་ནས་གོ་ཆ་དགོད་བྱ་སྟེ། །རང་གི་ལུས་ཀྱི་ཕྱག་རྒྱ་དྲུག །རྒྱལ་བ་དྲུག་ཏུ་མོས་པ་བྱ། །དེས་ནི་ཐ་མལ་རྣམ་རྟོག་ལས། །རྒྱས་འདེབས་ཕྱིར་ན་ཕྱག་རྒྱ་ཡིན། །བགེགས་ལས་བསྲུང་ཕྱིར་གོ་ཆའོ། །དེ་ནས་སྐྱེ་མཆེད་བྱིན་བརླབས་ཏེ། །བསྒོམ་ལུགས་གཞུང་དུ་གོ་བར་བྱ། །འདི་ལ་དགོས་པ་གསུམ་ཡོད་དེ། །ཐ་མལ་རྣམ་རྟོག་ལྡོག་པ་དང༌། །མངོན་ཤེས་ལྔ་པོ་བསྒྲུབ་པ་དང༌། །བར་ཆད་བགེགས་ལས་བསྲུང་ཕྱིར་རོ། །དང་པོ་གཉིས་པོ་གུར་ལས་བསྟན། །ཐ་མ་བླ་མའི་གདམས་ངག་ཡིན། །དེ་ནས་བར་འདིར་བཟླས་པ་སྟེ། །ཡུམ་མེད་ཕྱིར་ན་འོག་ཏུ་མིན། །དེ་བས་འོག་གི་རྫོགས་རིམ་ལ། །ནུས་ལྡན་བྱ་ཕྱིར་བར་འདིར་བཟླས། །བཟླས་པའི་མན་ངག་གཞུང་བཞིན་ནོ། །དེ་ལྟར་ཡབ་ཡུམ་གནས་པ་ལ། །སྔར་བསྟན་བཞིན་དུ་རིམ་པ་གསུམ། །གོ་བྱ་དེ་ནས་ཧཱུྃ་ལས་ནི། །དུས་ནི་དབུགས་ཕྱིར་འབྱུང་བའི་དུས། །ལམ་ནི་སྣ་བུག་གཡས་པ་ནས། །འོད་འཕྲོས་ཡུམ་ལ་ཕོག་པར་བསམ། །ནང་འཇུག་སྣ་བུག་གཡོན་ནས་ནི། །འཇུག་པར་བསྒོམ་ཞིང་སྤྲོ་བསྡུ་བྱ། །དེ་ལྟར་བསྒོམས་པས་བདག་མེད་མ། །ཇེ་ཞུ་ཇེ་ཞུར་ཐུགས་ཀ་ཡི། །ཟླ་བ་ཨྃ་གི་སྟེང་ལ་ཐིམ། །དེ་ཡང་ཞུ་ནས་འོད་གོང་བོར། །བྱས་ཏེ་སྣ་བུག་གཡོན་ནས་ནི། །ནང་དུ་རླུང་འཇུག་དུས་དག་ཏུ། །སྙིང་ག་རུ་ནི་བསྟིམ་པར་བྱ། །ཡབ་ཙམ་བསྒོམ་འདོད་སྒྲུབ་པོ་ནི། །གསུམ་པོ་སྔར་བསྟན་བཞིན་དུ་སྦྱར། །དེ་ནས་སྙིང་གའི་ཧཱུྃ་ལས་ནི། །དུས་ནི་རླུང་ཕྱིར་རྒྱུ་བའི་དུས། །ལམ་ནི་སྣ་བུག་གཡས་པ་ནས། །འོད་ཟེར་ལྕགས་ཀྱུའི་ཚུལ་སྤྲོས་ལས། །རང་ལུས་ལ་ཕོག་སླར་ཡང་ནི། །རླུང་ནང་འཇུག་དུས་སྣ་གཡོན་ནས། །ནང་དུ་ཡང་ནི་བསྡུ་བར་བྱ། །དེ་ལྟར་ཡང་དང་ཡང་བྱས་པས། །རང་ལུས་ཇེ་ཞུ་ཇེ་ཞུ་ནས། །སྙིང་གའི་ཉི་ཟླ་ཁ་སྦྱོར་གྱི། །བར་ན་ཧཱུྃ་གནས་ལ་ཐིམ་ནས། །ཧཱུྃ་ཙམ་དུ་ནི་གནས་པར་བསྒོམ། །རིམ་པ་གསུམ་དུ་སྦྱར་བར་བྱ། །དེ་ནས་རྒྱུད་ཀྱི་ཚིག་དྲན་པས། །ཉི་ཟླ་ཡང་ནི་ཧཱུྃ་ལ་ཐིམ། །ཧཱུྃ་ཡང་འོད་ཀྱི་གོང་བུར་བསྒོམ། །འོད་དེ་ཇེ་ཕྲ་ཇེ་ཕྲ་ལས། །མར་མེའི་རྩེ་ལྟར་མི་དམིགས་བསྒོམ། །མི་དམིགས་ཙམ་དུ་ཡང་མི་འཛིན། །གང་ལྟར་ཡང་ནི་མི་རྟོག་པའོ། །བསམ་པའི་ཁྱད་པར་བློ་གཏད་བསྒོམ། །དེ་ལྟར་ཇི་སྲིད་རང་ཉིད་ནི། །འདོད་འདོད་བར་དུ་བསྒོམ་བྱས་ལ། །ཇི་སྲིད་དེ་ལས་ལྡང་འདོད་ན། །ཆུ་ལས་ཉ་འཕར་ཇི་བཞིན་དུ། །ལྷག་པའི་ལྷར་ལངས་འོག་ནས་ཀྱི། །དག་པ་རྗེས་སུ་དྲན་པར་བྱ། །གཏོར་བཏང་རྡོ་རྗེའི་གླུ་བླངས་ཤིང༌། །སྨོན་ལམ་བཏབ་ལ་སྤྱོད་ལམ་ནི། །ཧེ་རུ་ཀ་ཡི་ང་རྒྱལ་གྱིས། །ཐམས་ཅད་དུ་ནི་རྒྱུ་བར་བྱ། །དེ་ལྟར་ཞལ་བརྒྱད་བཅུ་དྲུག་པའི། །སྒྲུབ་པའི་ཐབས་ནི་བསྟན་ཟིན་ནས། །གསུམ་པོའང་ད་ནི་བརྗོད་བྱ་སྟེ། །དང་པོར་ཡི་དམ་སྤྱན་དྲང་ཞིང༌། །མཆོད་ཅིང་སྡིག་བཤགས་ལ་སོགས་པ། །བསོད་ནམས་ཚོགས་བསག་ནས་བཟུང་སྟེ། །གཞལ་ཡས་བསྐྱེད་པའི་བར་དུ་ནི། །སྔར་བསྟན་བཞིན་དུ་བསྒོམ་པར་བྱ། །གདན་མེ་འདྲ་སྟེ་འདིར་རོ་ཡིན། །དེ་ཡང་གསུམ་ཀ་འདྲ་བར་སྦྱར། །དེ་ནས་བརྟེན་པ་ལྷ་བསྐྱེད་ལ། །དང་པོར་ཞལ་གཅིག་ཕྱག་གཉིས་པ། །བསྐྱེད་ལུགས་ཐམས་ཅད་སྔར་དང་འདྲ། །འོན་ཀྱང་མི་འདྲའི་ཁྱད་པར་ནི། །མངོན་བྱང་གསུམ་པའི་སྐབས་སུ་ནི། །ཧཱུྃ་ལས་རྡོ་རྗེར་བསྒོམ་བྱ་ཞིང༌། །ཨྃ་ལས་གྲི་གུག་བསྒོམ་པ་དང༌། །དེ་ཡིས་མཚན་པ་འདིར་མི་འདོད། །ཅི་ཕྱིར་ཞེ་ན་ཡུམ་མེད་ཕྱིར། །དེ་ནས་རྒྱུ་ཡི་རྡོ་རྗེ་འཆང༌། །འོད་དུ་ཞུ་བ་འདིར་མི་འདོད། །ཅི་ཕྱིར་ཞེ་ན་ཡུམ་མེད་པས། །ཡབ་ཡུམ་སྙོམས་པར་འཇུག་པ་མེད། །སྙོམས་འཇུག་མེད་པས་འོད་ཞུ་མེད། །དེ་མེད་པས་ན་གླུས་བསྐུལ་དང༌། །འབྲས་བུ་རྡོ་རྗེ་འཆང་དུ་ནི། །བཞེངས་པ་འདིར་ནི་མི་འདོད་དོ། །འཁོར་གྱི་ལྷ་མོ་བརྒྱད་པོ་ནི། །སྙིང་གའི་ཧཱུྃ་ལས་སྤྲོ་བ་སྟེ། །ལྷག་མ་ཐམས་ཅད་འདྲ་བ་ཡིན། །ཧེ་རུ་ཀ་ནི་གཉིས་པོ་ལའང༌། །ཞལ་བརྒྱད་དངོས་པོ་མེད་པའི་ཕྱིར། །ལྷ་མོ་བརྒྱད་པོ་སྙིང་ག་ཡི། །ཧཱུྃ་ཉིད་ལ་ནི་བསྡུ་བར་བྱ། །ཕྱག་གཉིས་པ་ཡང་འདྲ་བར་གསུངས། །མཉམ་པར་གཞག་པའི་རྣལ་འབྱོར་ཡང༌། །སྔ་མ་བཞིན་དུ་ཤེས་པར་བྱ། །མཉམ་པར་མ་བཞག་རྣལ་འབྱོར་བརྒྱད། །ཕལ་ཆེར་གཞུང་གིས་ཟིན་པ་ཡིན། །མ་ཟིན་པ་ཡང་ཤེས་བྱ་སྟེ། །གཞན་དུ་གོ་བྱ་འདིར་མི་བྲི། །གང་ཟག་རབ་འབྲིང་བཞི་ཡི་ནི། །བསྒོམ་ཐབས་རྣམ་པ་བཞིར་ཕྱེ་བ། །ཧེ་རུ་ཀ་ནི་གསུམ་ཀ་ལ། །འདོད་ཀྱང་མི་སྦྱར་དྲིས་པས་གསུངས། །བདུད་རྩི་ལྟ་བུའི་མངོན་རྟོགས་འདི། །བདག་འདྲ་བློ་དམན་ཡུལ་མིན་ཡང༌། །རྗེ་བཙུན་པདྨའི་ཞབས་ཀྱི་ལུང༌། །བདུད་རྩི་འདྲ་ལ་བརྟེན་ནས་བྲིས། །འོན་ཀྱང་བདག་འདྲ་གཞན་དག་དང༌། །བདག་པས་ཅུང་ཟད་དམན་པ་ལའང༌། །འདིས་ནི་རྟོགས་པའི་རྐྱེན་བྱེད་ཅིང༌། །དེས་ནི་བླ་མ་ལ་གུས་ཤོག །དཔལ་ཀྱེའི་རྡོ་རྗེའི་སྒྲུབ་ཐབས་ཀྱི་མངོན་རྟོགས་ཞེས་བྱ་བ་བླ་མ་དམ་པ་ས་སྐྱ་པས་མཛད་པ་རྫོགས་སོ། །ས་མཱཔྟ་མི་ཐི།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*