སྒྲུབ་ཐབས་མཚོ་སྐྱེས་ཀྱི་བསྡུས་དོན།

༼ཁ༽

༄༅། །སྒྲུབ་ཐབས་མཚོ་སྐྱེས་ཀྱི་བསྡུས་དོན་བཞུགས།།

༄༅། །དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །སློབ་དཔོན་པདྨ་བཛྲས་མཛད་པའི་སྒྲུབ་ཐབས་ལ་དོན་གསུམ་སྟེ། ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ་དང༌། སྒྲུབ་ཐབས་ཀྱི་གཞུང་དང༌། མཇུག་ཁེངས་བསྐྱུང་ཞིང་དགེ་བའི་རྩ་བ་བསྔོ་བའོ། །དང་པོ་ལ་གཉིས་ཏེ། ཕྱག་འཚལ་བ་དང༌། བཤད་པར་དམ་བཅའ་བའོ། །སྤྱི་དོན་གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། རྟེན་གྱི་གང་ཟག་གི་དབང་དུ་བྱས་ཏེ་སྒྲུབ་པ་པོ་རྟེན་གྱི་གང་ཟག་གི་ཁྱད་པར་རྣམ་པར་གཞག་པ་དང༌། དེས་ཉམས་སུ་བླངས་པའི་དབང་དུ་བྱས་ཏེ་རྣལ་འབྱོར་བསྒོམ་པའི་གོ་རིམ་བསྟན་པའོ། །དེ་ལ་གཉིས་ཏེ། སྔོན་དུ་འགྲོ་བའི་ཆོ་ག་ཚོགས་གཉིས་བསག་པ་དང༌། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་བསྒོམ་པའི་རིམ་པ་དངོས་སོ། །དེའི་དང་པོ་ལ་གཉིས་ཏེ། བསོད་ནམས་ཀྱི་ཚོགས་བསག་པ་དང༌། ཡེ་ཤེས་ཀྱི་ཚོགས་བསག་པའོ། །དང་པོ་ལ་གསུམ་སྟེ། ཚོགས་བསག་པའི་ཞིང་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ་མཆོད་པ་དང༌། དེའི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་རྒྱུན་བཤགས་བྱ་བ་དང༌། ཚད་མེད་པ་བཞི་བསྒོམ་པའོ། །དེའི་དང་པོ་ལ་གཉིས་ཏེ། ཚོགས་བསག་པའི་ཞིང་མདུན་གྱི་ནམ་མཁར་སྤྱན་དྲང་བ་དང༌། མཆོད་པའོ། །དེ་ལ་གཉིས་ཏེ། རྫོགས་པའི་རིམ་པ་ལ་བློ་གནས་པ་འབྲིང་གི་མཆོད་ལུགས་དང༌། རབ་དང་ཐ་མའི་མཆོད་ལུགས་བསྟན་པའོ། །སྡིག་པ་བཤགས་པ་ལ་སོགས་པའི་རྒྱུན་བཤགས་བྱ་བ་ལ་ཡང་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་ལྔ། སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། བསྔོ་བ་བླ་ན་མེད་པ་དང༌། སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའོ། །དེ་ཁོ་ན་ཉིད་བསྒོམ་པའི་རིམ་པ་ལ་གཉིས། ཕྱག་བཅུ་དྲུག་པ་བསྐྱེད་པ་དང༌། ཕྱག་གཉིས་པ་ལ་སོགས་པ་གཞན་དེས་བསྒྲེ་བའོ། །དང་པོ་ལ་གཉིས། མཉམ་པར་གཞག་པའི་རྣལ་འབྱོར་དང༌། མཉམ་ལངས་སོ། །དང་པོ་ལ་གཉིས། རྟེན་གྱི་དཀྱིལ་འཁོར་བསྐྱེད་པ་དང༌། བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་ལ་གཉིས། སྲུང་བའི་འཁོར་ལོ་དང༌། གཞལ་ཡས་ཁང་བསྐྱེད་པའོ། །དེ་ལ་བཞི། གཞིའི་ཡན་ལག་ཆོས་ཀྱི་འབྱུང་གནས་བསྒོམ་པ་དང༌། རྒྱུའི་ཡན་ལག་འབྱུང་བ་རིམ་བརྩེགས་བསྒོམ་པ་དང༌། རྐྱེན་གྱི་ཡན་ལག་རྣམ་པར་ཤེས་པ་ཞུགས་པ་དང༌། གཞལ་ཡས་ཁང་གནས་ཐབས་བསྟན་པ་དང་བཅས་པའོ། །ལྷ་བསྐྱེད་པ་ལ་གཉིས། གནས་པ་གཞིའི་རིམ་པས་མངོན་པར་རྟོགས་པ་ཇི་ལྟར་བསྒོམ་པ་དང༌། ཐུན་བཞི་ལ་བསྒྲེ་བའི་སྒོ་ནས་གཞུང་བསྡུས་ཏེ་བསྟན་པའོ། །དེའི་དང་པོ་ལ་བཞི། ཆོས་ཀྱི་སྐུའི་རྟེན་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་གོང་བུར་གནས་པ་བསྒོམ་པ་དང༌། རྟེན་དེ་ལ་བརྟེན་པ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཆོས་ཀྱི་སྐུའི་བདག་ཉིད་ཆུ་རུ་གནས་པ་དང༌། ཆོས་ཀྱི་སྐུ་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་དུ་འབྱུང་བ་སྤྲུལ་པའི་སྐུའི་བདག་ཉིད་གཟུགས་སུ་གནས་པ་དང༌། སྤྲུལ་པའི་སྐུ་དེ་ཉིད་ཀྱི་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་གཟུགས་ལས་འདས་པར་གནས་པའོ། །དེའི་དང་པོ་ལ་གསུམ། མངོན་པར་བྱང་ཆུབ་པ་ལྔའི་རིམ་པ་ལས་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་དང༌། འཁོར་གྱི་ལྷ་མོ་དབྱུང་བར་བྱ་བའི་ཕྱིར་མཁའ་གསང་བྱིན་གྱིས་བརླབ་པ་དང༌། འཁོར་གྱི་ལྷ་མོ་དབྱུང་བའོ། །དེ་ལ་བཞི། རྫོགས་པའི་རིམ་པ་ལ་བློ་གནས་པ་ཐ་མའི་དབྱུང་ལུགས་ཀྱི་དབང་དུ་བྱས་ནས་མདོར་བསྟན་པ་དང༌། འབྲིང་གི་དབྱུང་ལུགས་ཀྱི་དབང་དུ་བྱས་ནས་སྐུ་མདོག་ལ་སོགས་པའི་ཁྱད་པར་རྒྱས་པར་བཤད་པ་དང༌། རབ་ཀྱི་དབྱུང་ལུགས་ཀྱི་དབང་དུ་བྱས་ནས་མཇུག་བསྡུས་ཏེ་བསྟན་པ་དང༌། དེ་དག་གི་ཐུན་མོང་གི་མཚན་ཉིད་བསྟན་པའོ། །སྤྲུལ་པའི་སྐུ་གཟུགས་སུ་གནས་པ་ལ་བཞི། དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་དང༌། དེ་ལ་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་དང༌། དབང་བསྐུར་ཞིང་རྒྱས་གདབ་པ་དང༌། གཞུང་བསྡུ་བའི་ཚུལ་གྱིས་ཐ་མའི་ཐ་མ་ལ་བློ་གནས་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པའི་ཕྱིར་ལྷ་མོ་བཞིས་གླུས་བསྐུལ་བ་དང༌། ཞུ་བ་ལས་འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པའོ། །དེ་ལ་བཞི་སྟེ། རྫོགས་པའི་རིམ་པ་ལ་བློ་གནས་པ་ཐ་མའི་བཞེངས་ལུགས་དང༌། འབྲིང་གི་བཞེངས་ལུགས་བསྟན་པ་དང༌། རབ་ཀྱི་བཞེངས་ལུགས་བསྟན་པ་དང༌། དེ་དག་གི་ཐུན་མོང་གི་མཚན་ཉིད་བསྟན་པའོ། །ཡེ་ཤེས་པ་གཞུག་པ་ལ་གཉིས་ཏེ། སྔོན་དུ་སྣོད་བཅུད་སྦྱང་བ་དང༌། ཡེ་ཤེས་འཁོར་ལོ་གཞུག་པ་དངོས་སོ། །དབང་བསྐུར་ཞིང་རྒྱས་གདབ་པ་ལ་གསུམ། དབང་བསྐུར་གྱི་ལྷ་མདུན་དུ་སྤྱན་དྲངས་ཏེ་མཆོད་ཅིང་དབང་བསྐུར་བ་དངོས་དང༌། དེའང་སྐད་ཅིག་མ་བཞི་ཐོབ་པའི་དུས་སུ་ཉམས་སུ་མྱོང་བའི་དགའ་བ་བཞི་མཚོན་པར་བྱེད་པ་རྒྱུད་བཞི་རྣམ་པར་དག་པའི་དབང་བཞི་བླང་བ་བསྟན་པ་དང༌། རིགས་ཀྱི་བདག་པོས་མཚན་པའོ། །གཟུགས་ལས་འདས་པར་གནས་པ་ལ་དོན་དྲུག གཞལ་ཡས་ཁང་ལྷ་མོ་བརྒྱད་ལ་བསྡུ་ཞིང་ལྷ་མོ་བརྒྱད་ཀྱང་ཞལ་བརྒྱད་དུ་བསྡུ་བར་བསྟན་པ་དང༌། ལུས་ལ་འཁོར་ལོ་བཞིའི་རྒྱས་གདབ་པ་དང༌། ཕྱག་རྒྱ་དྲུག་གི་རྒྱས་གདབ་པའི་ཚུལ་གྱིས་གོ་ཆ་བྱ་བ་དང༌། སྐྱེ་མཆེད་དྲུག་བྱིན་གྱིས་བརླབ་པ་དང༌། འོག་ནས་འབྱུང་བའི་རྫོགས་པའི་རིམ་པ་ལ་ནུས་པའི་མཐུ་དང་ལྡན་པའི་ཕྱིར་བཟླས་པའི་རྣལ་འབྱོར་དང༌། མཐར་མར་མེའི་རྩེ་མོ་ལྟར་མི་དམིགས་པར་བསྒོམ་པ་དངོས་སོ། །མཉམ་པར་མ་བཞག་པ་ལ་བཞི། བཟླས་པའི་སྔགས་བསྟན་པ་དང༌། གཏོར་མའི་སྔགས་བསྟན་པ་དང༌། ལས་ཀྱི་ཚོགས་གྲོང་ཁྱེར་དཀྲུགས་པ་བསྟན་པ་དང༌། ཐུན་མཚམས་བྱིན་གྱིས་བརླབ་པ་རྡོ་རྗེའི་གླུ་བསྟན་པའོ། །ཧེ་རུ་ཀ་ཕྱག་གཉིས་པ་ལ་སོགས་པའི་ཆོ་ག་གཞན་དེས་བསྒྲེ་བ་ལ་གཉིས། མཉམ་པར་གཞག་པ་དང༌། མཉམ་པར་མ་གཞག་པའོ། །དེའི་དང་པོ་ལ་གཉིས། ཧེ་རུ་ཀ་གསུམ་བསྐྱེད་པ། ཐུན་མོང་གི་ཆོ་ག་དང༌། སོ་སོའི་བྱེ་བྲག་གི་མཚན་ཉིད་དོ། །དེ་ལ་གསུམ། སྐུ་རྡོ་རྗེའི་རྣལ་འབྱོར་པས་ཕྱག་གཉིས་པ་བསྒོམ་པ་དང༌། གསུང་རྡོ་རྗེའི་རྣལ་འབྱོར་པས་ཕྱག་བཞི་པ་བསྒོམ་པ་དང༌། ཐུགས་རྡོ་རྗེའི་རྣལ་འབྱོར་པས་ཕྱག་དྲུག་པ་བསྒོམ་པའོ། །མཉམ་པར་མ་བཞག་པ་ལ་བཞི། བཟླས་པའི་སྔགས་བསྟན་པ་དང༌། སྤྱོད་ལམ་གྱི་རྣལ་འབྱོར་དང༌། དག་པ་རྗེས་སུ་དྲན་པ་དང༌། ལམ་འབྲས་བུ་དང་བཅས་པའི་ཕྱིར་སྨོན་ལམ་གདབ་པར་བསྟན་པའོ། །མཇུག་གི་དོན་ལ་བཞི། རྣལ་འབྱོར་པ་མཆོག་ལ་བཟོད་པར་གསོལ་བ་དང༌། ཁེངས་བསྐྱུང་བ་དང༌། སློབ་དཔོན་བདག་ཉིད་ཅུང་ཟད་དྲོད་དམ་ནུས་པ་ཐོབ་པར་བསྟན་པས་གཞུང་རྩོམ་པའི་རྒྱུ་བསྟན་པ་དང༌། བརྩམས་པའི་དགེ་བའི་རྩ་བ་གཞན་དོན་དུ་བསྔོ་བའོ། །ས་མཱཔྟ་མི་ཐི།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*