དཔལ་འཁོར་ལོ་བདེ་མཆོག་གི་རྩ་བའི་རྒྱུད་ཀྱི་ཊཱི་ཀ་མུ་ཏིག་ཕྲེང་བ། ༡

༼ཁ༽

༄༅། །དཔལ་འཁོར་ལོ་བདེ་མཆོག་གི་རྩ་བའི་རྒྱུད་ཀྱི་ཊཱི་ཀ་མུ་ཏིག་ཕྲེང་བ་བཞུགས་སོ།།

སྣ་ཚོགས་པདྨའི་གེ་སར་རྡུལ་གྱིས་སྐུ་བྱུགས་པ། །ཉི་མའི་དཀྱིལ་འཁོར་ལ་བཞུགས་དམ་པའི་གཟི་བརྗིད་ལྡན། །རལ་པ་ཅན་གྱི་མགོ་དང་ཨུ་མའི་ནུ་མ་གཉིས། །ཞབས་ཀྱིས་མནན་ཅིང་དཔའ་བོའི་འདུག་སྟངས་ཀྱིས་བཞུགས་པ། །རྩ་བའི་ཕྱག་གིས་རྡོ་རྗེ་དྲིལ་བུ་འཛིན་པ་དང༌། །གླང་ཆེན་དཔའ་བོའི་པགས་པ་འཛིན་པའི་གར་སྟབས་ཅན། །སྙིང་རྗེའི་རྒྱུ་ལས་བྱུང་བའི་མྱུ་གུ་བདེ་མཆོག་དང༌། །སྐལ་ལྡན་སྐྱེ་བོའི་གཉེན་མཆོག་བླ་མའི་ཞབས་བཏུད་ནས། །ཤིན་ཏུ་གཏིང་ཟབ་བདེ་མཆོག་ཉུང་ངུར་སྦས་གྱུར་པ། །བློ་གྲོས་དམན་པ་བདག་འདྲས་གསལ་བྱར་མི་ནུས་ཀྱང༌། །དམ་པའི་ཞལ་རྙེད་ལོག་རྟོག་དྲི་མེད་མུ་ཏིག་ཕྲེང༌། །རང་ཉིད་དྲན་དང་གཞན་ལ་ཕན་ཕྱིར་བྲི་བར་བྱ། །དེ་ལ་ལེའུ་ལྔ་བཅུ་རྩ་གཅིག་པའི་ལེའུའི་སྨད་ནས། ཇི་སྲིད་མདོ་བྱ་སྤྱོད་པ་ནི། །རྣལ་འབྱོར་གསང་མཐའི་དབྱེ་བ་ཉིད། །སེམས་ཅན་མོས་པས་འཇུག་པ་རྣམས། །དེ་དང་དེ་ལ་དགའ་བ་ཡིན། །ཞེས་གསུངས་པས་ན། སྤྱིར་ཐེག་པ་ཆེན་པོ་ནི་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་དང༌། རིག་པ་འཛིན་པའི་སྡེ་སྣོད་དོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ཀྱི་ཚུལ་ནི། འབྲས་བུ་རྫོགས་པའི་སངས་རྒྱས་སྐུ་གསུམ་སྒྲུབ་པར་བྱེད་པ་ལ། དང་པོ་འཁོར་བའི་སྡུག་བསྔལ་ལ་བསམ་པས། འཁོར་བ་ལ་སྐྱོ་བ་བསྐྱེད། དེ་ལས་འཁོར་བ་སྤང་པར་འདོད་པས་དབེན་པ་འཚོལ་བ་འབྱུང་ལ། འཁོར་བ་དེ་སྤངས་པ་མྱ་ངན་ལས་འདས་པ་ཡིན་པས། དེའི་ཡོན་ཏན་བསམ་པས་མྱ་ངན་ལས་འདས་པ་ཐོབ་པར་འདོད་པའི་འདོད་པ་བསྐྱེད་དེ། རང་ཉིད་ཀྱིས་མ་ཐོབ་ཀྱི་བར་དུ་རེ་ཞིག་སྡུག་བསྔལ་ལས་སྐྱོབ་པའི་སྐྱབས་གནས་འཚོལ་བ་འབྱུང་བས། དང་པོ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལེན་པ་འབྱུང༌། དེ་ནས་རང་སྐྱབས་རྙེད་པ་དང་གཞན་སྐྱོབ་པའི་བློ་སྐྱེས་ནས་སྨོན་པ་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་བླངས་ཏེ། སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་དུ་འགྲོ་བས་ཕ་རོལ་ཏུ་ཕྱིན་པ་དྲུག་ཚོགས་གཉིས་ཀྱི་བདག་ཉིད་དུ་གནས་པ་དེ། དུས་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་མམ། སུམ་ཅུ་རྩ་གསུམ་ལ་སོགས་པའི་བར་དུ་རྫོགས་པར་སྤྱད་པས་མཐར་ཐུག་གི་འབྲས་བུ་སྐུ་གསུམ་ཐོབ་པར་འདོད་པའོ། །རིག་པ་འཛིན་པའི་སྡེ་སྣོད་ཀྱི་ཚུལ་ནི། རིག་པ་མེ་ཏོག་ཕོག་པའི་ལྷ་དང་དེའི་སྙིང་པོ་ལ་སོགས་པ་ཡིན་ལ། དེ་འཛིན་པ་ནི་དང་པོ་དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་དུ་ཞུགས་ཏེ། ལྷ་དང་སྐལ་བ་མཉམ་པར་བྱས་ནས་ལྷ་གང་ལ་མེ་ཏོག་ཕོག་པའི་ལྷ་དང་དེའི་རིག་པ་བཟུང་སྟེ། དེའི་བསྐྱེད་རྫོགས་ཡན་ལག་དང་བཅས་པ་ལམ་དུ་བྱས་པ་ལས། ཚེ་འདི་ཉིད་དང་སྲིད་པ་བར་དོ་དང༌། སྐྱེ་བ་བརྒྱུད་ནས་འབྲས་བུ་མཐར་ཐུག་ས་བཅུ་གསུམ་པ་ལ་སོགས་པ་ཐོབ་ནས། དེའི་ཞར་ལ་དམན་པ་ཞི་བ་ལ་སོགས་པ་དང༌། འབྲིང་གྲུབ་པ་བརྒྱད་ཐོབ་པར་འདོད་པའོ། །སྡེ་སྣོད་གཉིས་པོ་དེའི་ཁྱད་པར་ཡང༌། རིག་པ་མཆོག་གི་རྒྱུད་ལས། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པས་ན། སྡེ་སྣོད་གཉིས་པོ་དེ་ནི་ལྟ་བ་དངོས་པོའི་གནས་ལུགས་དང༌། འབྲས་བུ་སྐུ་གསུམ་དང་ཡེ་ཤེས་ལྔ་ལ་སོགས་པ་ཐོབ་པར་དོན་གཅིག་པ་ཡིན་ན་ཡང༌། ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ལས། རིག་པ་འཛིན་པའི་སྡེ་སྣོད་ཁྱད་པར་བཞིས་ཁྱད་པར་དུ་འཕགས་པ་ཡིན་ཏེ། རྨོངས་པ་དང་མ་རྨོངས་པས་ཁྱད་པར་དུ་བྱས་པ་དང༌། ཐབས་མང་བ་དང་ཉུང་བ་དང༌། དཀའ་བ་དང་བཅས་པ་དང་དཀའ་བ་མེད་པ་དང༌། དབང་པོ་རྣོ་བ་དང་རྟུལ་བས་ཁྱད་པར་དུ་བྱས་པའོ། །དེ་ལ་དང་པོ་ནི། རིག་པ་འཛིན་པའི་སྡེ་སྣོད་ལ་ལུང་དང་རིག་པའི་སྟེང་དུ། བླ་མའི་གདམས་ངག་དང༌། ཡེ་ཤེས་ཕབ་པའི་དུས་ཀྱི་ཉམས་སུ་མྱོང་བ་དང༌། དབང་གསུམ་པའི་ཉམས་སུ་མྱོང་བ་ལ་སོགས་པ་མཚོན་བྱེད་དཔེ་ཁྱད་པར་ཅན་དུ་གྱུར་པ་དུ་མ་ཡོད་པས་མ་རྨོངས་པ་ཡིན་ལ། ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ལ་དེ་དག་མེད་པས་རྨོངས་པ་ཡིན་ནོ། །གཉིས་པ་ནི་རིག་པ་འཛིན་པའི་སྡེ་སྣོད་ལ་ཉོན་མོངས་པ་སྤོང་བའི་ཐབས་ལ་མཁས་པའི་སྟེང་དུ་ཡང༌། ཉོན་མོངས་པ་བསྟེན་པའི་ཐབས་ལ་མཁས་པ་ཡོད་པས། སྔགས་ཀྱི་ཐེག་པ་ཐབས་མང་བ་ཡིན་ལ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་སྤང་བའི་ཐབས་ལས། བསྟེན་པའི་ཐབས་མེད་པས་ཐབས་ཉུང་བ་ཡིན་ནོ། །གསུམ་པ་དཀའ་བ་དང་བཅས་པ་དང༌། དཀའ་བ་མེད་པས་ཁྱད་པར་དུ་བྱས་པ་ལ་གསུམ་ལས། དང་པོ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི། དུས་བསྐལ་བ་ཆེན་པོ་གྲངས་མེད་པ་གསུམ་ལ་སོགས་པར་ཡན་ལག་གི་དམ་པ་མགོ་དང༌། དབང་པོའི་མཆོག་མིག་ལ་སོགས་པའི་ལུས་དང་ལོངས་སྤྱོད་ལ་སོགས་པ་བཏང་དགོས་པས་དངོས་པོ་དཀའ་བ་ཡིན་ལ། གསང་སྔགས་ཀྱི་ཐེག་པ་ནི་ལམ་བསྐྱེད་རྫོགས་གཉིས་ལ་སོགས་པ་ཙམ་གྱིས་འགྲུབ་པས་དངོས་པོ་སླ་བའི་ཕྱིར་དང༌། གཉིས་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལམ་དུས་བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པར་ཐོགས་པས་དུས་དཀའ་བ་དང་བཅས་པ་ཡིན་ལ། གསང་སྔགས་ཀྱི་ཐེག་པ་ནི་ཚེ་གཅིག་དང་སྐྱེ་བ་བདུན་ལ་སོགས་པས་ཀྱང་འགྲུབ་པས་དུས་སླ་བའི་ཕྱིར་དང༌། གསུམ་པ་ནི་གྲོགས་དཀའ་ཐུབ་དང་དཀའ་སྤྱད་ལ་སོགས་པ་སྤྱད་དགོས་པས། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གྲོགས་དཀའ་བ་དང་བཅས་པ་ཡིན་ལ། གསང་སྔགས་ཀྱི་ཐེག་པ་གྲོགས་ལམ་དུ་འདོད་པའི་ཡོན་ཏན་བསྟེན་པའི་ཐབས་བདེ་བས་འགྲུབ་པས་གྲོགས་དཀའ་བ་མེད་པ་ཡིན་ནོ། །བཞི་པ་དབང་པོ་རྣོ་བ་དང་རྟུལ་བས་ཁྱད་པར་དུ་བྱས་པ་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་འཇུག་པའི་གང་ཟག་ནི་ལས་དང་པོ་པའི་གང་ཟག་ཅིག་འཇུག་པས། ཕ་རོལ་ཏུ་ཕྱིན་པའི་ལམ་ལ་འཇུག་པའི་གང་ཟག་དབང་པོ་རྟུལ་པོ་ཡིན་ལ། གསང་སྔགས་ཀྱི་ཐེག་པ་ལ་འཇུག་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་རྒྱུད་སྦྱངས་པ་ཅིག་འཇུག་པ་ཡིན་པས། དབང་པོ་རྣོ་པས་ཁྱད་པར་དུ་བྱས་པ་ཡིན་ནོ། །དེ་ལྟར་ཁྱད་པར་བཞིས་ཁྱད་པར་དུ་བྱས་པའི་རིག་པ་འཛིན་པའི་སྡེ་སྣོད་ལ་ཡང༌། རྒྱུད་སྡེ་དང་སློབ་དཔོན་རྣམས་ཀྱི་དགོངས་པ་མི་མཐུན་པ་དུ་མ་ཡོད་མོད་ཀྱང༌། དཔལ་ནཱ་རོ་ཏ་པ་ནི་སློབ་དཔོན་ཀཾ་པ་ལས། ལེའུ་ཉི་ཤུ་རྩ་དྲུག་པའི་འགྲེལ་པར། བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་མ་རྣམས་དང༌། རྣལ་འབྱོར་མའི་རྒྱུད་ཆེན་པོ་བྱ་བ་དང༌། སྦྱོར་བས་ལྷན་ཅིག་མཉམ་པར་གྱུར་པར་བྱེད་པའོ་ཞེས་བཤད་པ་དང༌། སྔར་སྨོས་པའི་ལེའུ་ལྔ་བཅུ་རྩ་གཅིག་པའི་རྗེས་སུ་འབྲངས་ནས་རྒྱུད་སྡེ་དྲུག་ཏུ་བཞེད་དེ། དེ་ཡང་བྱ་བའི་རྒྱུད་དང༌། སྤྱོད་པའི་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང༌། རྣལ་འབྱོར་མ་བླ་ན་མེད་པའི་རྒྱུད་དང༌། རྣལ་འབྱོར་མའི་ཡང་མ་བླ་ན་མེད་པའི་རྒྱུད་དོ། །དེ་ལ་བྱ་བའི་རྒྱུད་ནི་ལེགས་པར་གྲུབ་པ་ལ་སོགས་པ་སྟེ། དེ་དག་ལ་ཅིའི་ཕྱིར་བྱ་བའི་རྒྱུད་དུ་བཞག་ཅེ་ན། ཁྲུས་ལ་སོགས་པ་དང༌། བཟླས་པ་ལ་སོགས་པས་ཕྱིའི་ལུས་ངག་གི་བྱ་བ་གཙོ་བོར་སྟོན་པའི་ཕྱིར་རོ། །དེ་ལྟར་ཡིན་པར་ཡང་སློབ་དཔོན་སངས་རྒྱས་གསང་བས་བསམ་གཏན་ཕྱི་མིའི་འགྲེལ་པར། འདི་ནི་ཕྱིའི་བྱ་བ་གཙོ་བོར་གྱུར་པ་ཡིན་ནོ་ཞེས་བཤད་དོ། །སྤྱོད་པའི་རྒྱུད་ནི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལ་སོགས་པ་སྟེ། དེ་ཡང་སློབ་དཔོན་འཕགས་པ་ལྷས། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་སྤྱོད་པའི་རྒྱུད་ལས་ཞེས་བཤད་དོ། །དེ་དག་ལ་ཅིའི་ཕྱིར་སྤྱོད་པའི་རྒྱུད་དུ་བཞག་ཅེ་ན། སྤྱད་བྱ་ཕྱི་ལུས་ངག་གི་བྱ་བ་དང༌། ནང་ཏིང་ངེ་འཛིན་ཆ་མཉམ་པ་ལ་སྤྱོད་པ་སྟེ། དེ་སྐད་དུ། སློབ་དཔོན་སངས་རྒྱས་གསང་བས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཀྱི་བསྡུས་དོན་ལས། འདི་ནི་ཕྱི་དང་ནང་གི་རྣལ་འབྱོར་གཉིས་ཀ་ཐུན་མོང་དུ་གྱུར་པ་ཡིན་ནོ་ཞེས་བཤད་དོ། །རྣལ་འབྱོར་གྱི་རྒྱུད་ནི་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལ་སོགས་པ་སྟེ། དེ་དག་ལ་ཅིའི་ཕྱིར་རྣལ་འབྱོར་གྱི་རྒྱུད་དུ་བཞག་ཅེ་ན། ནང་སེམས་ཀྱི་བྱ་བ་ལྷའི་ཏིང་ངེ་འཛིན་གཙོ་བོར་སྟོན་པས་རྣལ་འབྱོར་གྱི་རྒྱུད་དེ། དེ་སྐད་དུ་ཡང་སློབ་དཔོན་ཀུན་དགའ་སྙིང་པོས། དེ་ཁོ་ན་ཉིད་སྣང་བར་བྱེད་པའི་འགྲེལ་པའི་བསྡུས་དོན་ལས། རྒྱུད་འདི་ནི་བསྒོམ་པ་གཙོ་བོར་གྱུར་པ་ཡིན་པས། འདིར་བསྒོམ་པ་ཉིད་ལ་འབད་པར་བྱའི་གྲངས་ཀྱི་བཟླས་པ་ནི་མ་ཡིན་ནོ་ཞེས་བཤད་དོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ནི་གསང་བ་འདུས་པ་ལ་སོགས་པ་སྟེ། དེ་དག་ལ་ཅིའི་ཕྱིར་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དུ་བཞག་ཅེ་ན། བརྗོད་བྱ་ཐབས་ཤེས་རབ་གཉིས་མེད་ཀྱི་ཏིང་ངེ་འཛིན་སྟོན་པ་ཙམ་དུ་རྣལ་འབྱོར་གྱི་རྒྱུད་དུ་འདྲ་མོད་ཀྱི། ཁྱད་པར་དུ་རྣལ་འབྱོར་གྱི་རྒྱུད་མན་ཆད་ནས་མི་སྟོན་པའི་དབང་བཞི་དང་རྩ་དང་རླུང་དང་ཐིག་ལེ་ལ་སོགས་པ་རྫོགས་པའི་རིམ་པ་དང༌། སྤྲོས་བཅས་ལ་སོགས་པའི་སྤྱོད་པ་གསུམ་དང༌། ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་བསྟེན་པའི་དམ་ཚིག་དང༌། འབྲས་བུ་ས་བཅུ་གསུམ་པ་ལ་སོགས་པ་སྟོན་པ་སྟེ། དེ་སྐད་དུ་ཡང༌། དགོངས་པ་ལུང་སྟོན་པའི་རྒྱུད་ལས། སངས་རྒྱས་ཀུན་གྱིས་གང་བསྟེན་པའི། །སར་གྱུར་དེ་ནི་བཅུ་གསུམ་པ། །ཞེས་གསུངས་སོ། །རྣལ་འབྱོར་མ་བླ་ན་མེད་པའི་རྒྱུད་ནི་སྙིང་པོ་ཀྱེའི་རྡོ་རྗེའི་རྒྱུད་ལ་སོགས་པ་སྟེ། དེ་དག་ལམ་བླ་ན་མེད་པའི་རྒྱུད་དུ་ཅིའི་ཕྱིར་བཞག་ཅེ་ན། བརྗོད་བྱ་ཐབས་དང་ཤེས་རབ་གཉིས་ལས་ཕྲ་བའམ་ཟབ་པའི་དོན་ཤེས་རབ་གཙོ་བོར་སྟོན་པ་སྟེ། དེ་སྐད་དུ་ཡང༌། སྙིང་པོ་ཀྱེ་རྡོ་རྗེ་ལས། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །ཅེས་གསུངས་པ་དང༌། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ལེའུ་བཅུ་གསུམ་པ་ལས། ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །འདི་ནི་རྣལ་འབྱོར་མར་བརྗོད་དེ། །ཞེས་གསུངས་སོ། །རྣལ་འབྱོར་མའི་ཡང་མ་བླ་ན་མེད་པའི་རྒྱུད་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རྒྱུད་བདེ་མཆོག་འཁོར་ལོ་སྟེ། དེ་ཡང་ལེའུ་གསུམ་པ་ལས། དགོད་དང་ལྟ་དང་ལག་བཅངས་དང༌། །གཉིས་གཉིས་འཁྱུད་པ་ལ་སོགས་བདག །རྒྱུད་རྣམས་ཀུན་དུ་མ་གསུངས་ཏེ། །དེ་ཉིད་བསྡུས་པ་འཁོར་སྡོམ་མམ། །གསང་བའམ་རྡོ་རྗེ་འཇིགས་བྱེད་ལས། །དཀྱིལ་འཁོར་རྣམས་ཀྱི་མཆོག་འདི་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ།«་་་་༌།ཞེས་གསུངས་སོ། །དེ་ལྟ་བུའི་བདེ་མཆོག་འཁོར་ལོའི་རྒྱུད་འདི་ལ། མའིའང་མ་བླ་ན་མེད་པའི་རྒྱུད་སྒོ་དྲུག་པར་ཅིའི་ཕྱིར་བཞག་ཅེ་ན། འདི་ལ་རྒྱུ་མཚན་གསུམ་ལས། རྒྱུ་མཚན་དང་པོ་ནི། བླ་མ་ཕམ་ཐིང་པའི་བཞེད་པས། རྒྱུད་རྒྱས་པ་འབུམ་ཕྲག་གསུམ་པ་ནམ་མཁའ་མཉམ་པ། སྟོན་པ་རྡོ་རྗེ་འཆང་ཆེན་པོ། འཁོར་ས་བཅུ་པའི་དཔའ་བོ་དང༌། རྣལ་འབྱོར་མ་རྣམས་ལ་གསུངས་ཏེ། »དེ་རྣམས་ཀྱིས་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཉམས་སུ་མྱོང་བ་ཙམ་མཛད་ནས། མ་འོངས་པའི་སྙིགས་མ་ལྔ་ལྡན་གྱི་གང་ཟག་རྣམས་ཀྱི་ལམ་དུ་མི་འགྱུར་བས། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་གཞུང་དུ་སྡུད་པར་མ་ནུས་པར། སྒོ་ནམ་མཁའ་ལ་དེངས་པས་ནམ་མཁའ་ལ་རྒྱས་བཏབ་ཅེས་བྱ་སྟེ། དེའི་ངོས་ནས་རྒྱུད་འདི་སྒོ་དྲུག་པར་བཞེད་པ་ཡིན་ལ། ཡང་བརྒྱུད་པ་གཉིས་པ་ནི་བླ་མ་ནཱ་རོ་པའི་སློབ་མ་རྒྱ་གར་གྱི་པཎྜི་ཏ་དཱ་རི་ཀ་པ་དང༌། བླ་མ་བལ་པོ་ཐུགས་རྗེ་ཆེན་པོ་ལ་སོགས་པའི་བཞེད་པས་རྒྱུད་རྒྱས་པ་གཞུང་དུ་བསྡུས་ཏེ། རིན་པོ་ཆེ་བཻ་ཌཱུརྻ་ལ་གསེར་ཞུན་མས་བྲིས་པས། གཞུང་ཤློ་ཀ་འབུམ་ཕྲག་གསུམ་དུ་བྱུང་བ་དེ་སྙིགས་མ་ལྔ་ལྡན་གྱི་སེམས་ཅན་རྣམས་ཀྱི་མཁོ་བའི་ཡན་ལག་ཏུ་མ་གྱུར་པས། ནུབ་ཕྱོགས་ཨོ་ཌེ་བི་ཤར་མཁའ་འགྲོ་མ་རྣམས་ཀྱི་གན་དུ་རྒྱས་བཏབ་སྟེ་བཞག་པས་རྒྱུད་འདི་སྒོ་དྲུག་པར་བཞེད། ཅེས་གསུང་ངོ༌། །རྒྱུ་མཚན་གཉིས་པ་ནི་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་སློབ་དཔོན་རཏྣ་ཨཱ་ཀ་ར་ཤཱནྟི་པ་ཡིན་པ་ལ་དེས་ཀྱང་རྒྱུད་འདི་ལ་འགྲེལ་པ་བརྩམས་པར་མ་ནུས་པས། རྒྱུད་འདི་སྒོ་དྲུག་པར་འགྲོ་བ་ཡིན་པར་བཞེད་དོ། །རྒྱུ་མཚན་གསུམ་པ་ནི་ཆོས་གཞན་ནས་སྤྲུལ་པའི་སྐུ་མྱ་ངན་ལས་འདས་ནས་མི་བཞུགས་པར་བཤད་པ་ལ། རྒྱུད་འདིའི་དབང་དུ་བྱས་ན་བྱིན་གྱིས་རློབ་བྱེད་ཀྱི་སྤྲུལ་པའི་སྐུ། ད་ལྟ་འཛམ་བུའི་གླིང་གི་ཡུལ་ཉི་ཤུ་རྩ་བཞི་ན་ཞིང་སྐྱེས་ཀྱི་དཔའ་བོ་དང༌། དཔའ་མོ་ཉི་ཤུ་རྩ་བཞི་འཁོར་དང་བཅས་པ་རྣམས་བཞུགས་པས། དེ་རྣམས་ཀྱིས་རྒྱུད་འདིའི་སྒྲུབ་པ་པོ་ལ་བྱིན་གྱིས་རློབ་པས། རྒྱུད་གཞན་པས་འདི་བྱིན་རླབས་ཆེ་ཞིང་དངོས་གྲུབ་ཉེ་བས། རྒྱུད་འདི་མའི་ཡང་མ་བླ་ན་མེད་པའི་རྒྱུད་ཅེས་བྱ་བར་བཞག་གོ །ཞེས་བདག་གི་བླ་མ་བདག་ཉིད་ཆེན་པོ་གསུང་ངོ༌། །དེ་ལྟ་བུའི་རྒྱུད་རྒྱས་པ་ནམ་མཁའ་དང་མཉམ་པ་འབུམ་ཕྲག་གསུམ་པ་དེ་སྔར་གྱི་བརྒྱུད་པ་གཉིས་པོ་གང་གི་ལྟར་ཡིན་པའང་རུང་སྟེ། མ་འོངས་པའི་སྙིགས་མ་ལྔ་ལྡན་གྱི་སེམས་ཅན་རྣམས་ཀྱི་མཁོ་བའི་ཡན་ལག་ཏུ་མ་གྱུར་པས། སྟོན་པའི་འཁོར་གྱི་དཔའ་བོ་དང་རྣལ་འབྱོར་མ་གྲངས་མེད་པ་རྣམས་འདུས་ཏེ། སྟོན་པ་ལ་ཕྱི་དང་ནང་གི་མཆོད་པ་ལ་སོགས་པས་མཆོད་པ་བྱས་ནས། སྙིགས་མ་ལྔ་ལྡན་གྱི་སེམས་ཅན་རྣམས་ཀྱི་དོན་དུ་འགྱུར་བར་བྱ་བའི་ཕྱིར། རྒྱུད་བསྡུས་པ་བཤད་པར་གསོལ་བ་བཏབ་པས། རྩ་བའི་རྒྱུད་བདེ་མཆོག་ཉུང་ངུ་འདི་གསུངས་སོ། །རྒྱུད་དེ་གཞུང་ཤིན་ཏུ་ཉུང་བས་སྙིགས་མ་ལྔ་ལྡན་གྱི་སེམས་ཅན་རྒྱུད་རྒྱས་པ་ལ་འཇུག་མི་ནུས་ཤིང༌། གཞུང་ཉུང་བ་ལ་དགའ་བ་རྣམས་ཀྱི་མཁོ་བའི་ཡན་ལག་ཏུ་གྱུར་ཀྱང༌། དེ་དོན་ཤིན་ཏུ་ཟབ་ཅིང་རྟོགས་པར་དཀའ་བར་འགྱུར་པས་ཡང་འཁོར་གྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་རྩ་བའི་རྒྱུད་ཀྱི་དོན་གསལ་བར་བྱ་བའི་ཕྱིར་ཞུས་པ་དང༌། དེས་རྗེས་ཁོ་ན་ལ་བཤད་པའི་རྒྱུད་རྣམས་གསུངས་པ་ནི། རྩ་བའི་རྒྱུད་ཀྱི་ལེའུ་དང་པོ་ལས། གསང་བ་མཆོག་གི་དགྱེས་པ་ན། །ཞེས་བྱ་བ་ལ་སོགས་པས། བསྐྱེད་པའི་རིམ་པ་མདོར་བསྟན། ལེའུ་བཞི་པར་བསྐྱེད་པའི་རིམ་པའི་དེ་ཁོ་ན་ཉིད་བཞི་བསྟན། ལེའུ་སུམ་ཅུ་རྩ་གཉིས་པར་རྟེན་འབྱུང་བ་རིམ་བརྩེགས་བསྒོམ་པ་བརྡའི་སྐད་ཀྱིས་བཤད་པ་དང༌། བརྟེན་པ་ལྷ་གཙོ་བོ་ཧེ་རུ་ཀ་ཕྱག་བཞི་པ་ནས་ཕྱག་འབུམ་གྱི་བར་དུ་བསྒོམ་པ་བསྟན། ལེའུ་བཞི་བཅུ་རྩ་བརྒྱད་པར་བསྐྱེད་པའི་རིམ་པ་བསྒོམ་པའི་གནས་དང༌། དཀྱིལ་འཁོར་གྱི་ལྷ་རྫོགས་པར་བསྒོམ་པར་བསྟན། ལེའུ་ལྔ་བཅུ་པའི་ཞབས་སུ་གནས་ལ་སོགས་པའི་སྒོ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ་པ་བསྟན། ལེའུ་ལྔ་བཅུ་རྩ་གཅིག་པ་ནས། རི་སྟེང་སྣ་ཚོགས་པདྨ་ཡི། །ཞེས་པ་ལ་སོགས་པ་ལྷ་སུམ་ཅུ་རྩ་བདུན་བསྐྱེད་པའི་ཆོ་ག་དང་བཅས་པ་གསུངས་ཀྱང༌། བསྐྱེད་པའི་རིམ་པ་གསལ་བར་མ་གསུངས་པས་བཤད་པའི་རྒྱུད་རྣམས་ཀྱི་ཐོག་མ་ཁོ་ནར་གཙོ་བོར་བསྐྱེད་པའི་རིམ་པ་གསལ་བར་སྟོན་པའི་རྒྱུད། མངོན་པར་བརྗོད་པའི་རྒྱུད་བླ་མ་གསུངས་པས། དེ་ལ་ཐོག་མར་གླེང་གཞི་བསྟན་པ་ཡིན་ནོ། །ཡང་རྩ་བའི་རྒྱུད་ཀྱི་ལེའུ་དང་པོའི་ཞབས་སུ། རི་བོ་ཚང་ཚིང་རི་སུལ་ལམ། །ཞེས་པ་ལ་སོགས་པས་དཀྱིལ་འཁོར་བྲི་བའི་གནས་གསུངས། ལེའུ་གཉིས་པར་དཀྱིལ་འཁོར་བསྟན། ལེའུ་གསུམ་པར་དཀྱིལ་འཁོར་དུ་འཇུག་པ་དང་དབང་བསྐུར་བའི་ཆོ་ག་གསུངས་ཀྱང༌། སློབ་དཔོན་གྱི་ལས་ལ་སོགས་པ་གསལ་བར་མ་གསུངས་པས། སློབ་དཔོན་གྱི་ལས་ལ་སོགས་པ་གསལ་བར་སྟོན་པ་ཧེ་རུ་ཀ་མངོན་པར་འབྱུང་བའི་རྒྱུད་གསུངས་ཀྱང༌། རྩ་བའི་རྒྱུད་ལས། ལས་དང་པོ་པའི་ཆོ་གའི་ཡན་ལག་ལེའུ་སུམ་ཅུ་རྩ་གཅིག་པ་ལས། ལག་པའི་མཆོད་པ་བསྟན། ཡང་ལེའུ་ཉི་ཤུ་རྩ་བདུན་པ་ལས། གཏོར་མའི་མཆོད་པ་བསྟན་ཀྱང་ལག་པའི་མཆོད་པ་དང༌། ཕྱིའི་མཆོད་པ་དང༌། གཏོར་མའི་མཆོད་པ་ལ་སོགས་བསལ་བར་མ་གསུངས་པས། རྩ་བའི་རྒྱུད་ཀྱི་ཆོ་གའི་ཡན་ལག་གསལ་བར་སྟོན་པའི་བཤད་པའི་རྒྱུད། མཁའ་འགྲོ་མ་ཀུན་ཏུ་སྤྱོད་པ་རྟོག་པ་དྲུག་ཅུ་རྩ་བཞི་པ་གསུངས། ཡང་རྩ་བའི་རྒྱུད་ཀྱི་ལེའུ་བཞི་བཅུ་རྩ་གཅིག་པ་ལས། ལས་ཆེན་བཅུ་གཉིས་འདི་དག་ནི། །ཞེས་གསུངས་པས་ཞལ་བཞི་པའི་སྔགས་ལ་བརྟེན་ནས་ལས་བཅུ་གཉིས་སྒྲུབ་པ་ཙམ་གསུངས་ཀྱང༌། ལས་བཅུ་གཉིས་པོ་སྒྲུབ་པ་གསལ་བར་མ་གསུངས་པས། དེ་གསལ་བར་བྱ་བའི་ཕྱིར་རྩ་བའི་རྒྱུད་ཀྱི་ལས་ཚོགས་གསལ་བར་སྟོན་པས་བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོ་གསུངས། ཡང་རྩ་བའི་རྒྱུད་ཀྱི་ལེའུ་དང་པོ། གསང་བ་མཆོག་གི་དགྱེས་པ་ན། །ལ་སོགས་པ་དང༌། མཆོད་བཞི་དཔའ་བོ་ཆེན་པོ་ནི། །ཞེས་པ་ལ་སོགས་པས་རྫོགས་པའི་རིམ་པ་མདོར་བསྟན། ལེའུ་བཞི་པ་དང་སུམ་ཅུ་རྩ་བཞི་པ། རྩ་ལྔ་པ། རྩ་དྲུག་པ། སུམ་ཅུ་རྩ་བདུན་པ་རྣམས་ཀྱིས་ཕྱག་རྒྱ་བཞིའི་རྫོགས་པའི་རིམ་པ་ལ་སོགས་པ་རྒྱས་པར་བཤད་པར་བྱས་ནས་གསུངས་ཀྱང་རྫོགས་པའི་རིམ་པ་གསལ་བར་མ་གསུངས་པས། རྫོགས་པའི་རིམ་པ་གསལ་བར་སྟོན་པའི་བཤད་པའི་རྒྱུད་ཀུན་ཏུ་ཁ་སྦྱོར་གསུངས་ཏེ། འདི་ནི་ཐུན་མོང་གི་བཤད་པའི་རྒྱུད་ཡིན་པས་གླེང་གཞི་བསྟན་པ་ཡིན་ཞེས་གསུང་ངོ༌། །བླ་མ་ཕམ་ཐིང་པ་ལ་སོགས་པ་རྣམས་ནི། འཁོར་ལོ་བདེ་མཆོག་གི་བཤད་པའི་རྒྱུད་ནི་ལྔ་པོ་དེ་ལ་བཞེད་དེ། དེ་ལྟར་ཡིན་པར་ཡང༌། མཁའ་འགྲོ་འབྱུང་བ་ཀུན་སྤྱོད་དང༌། །དེ་བཞིན་མཚན་མཆོག་བླ་མའི་རྒྱུད། །ཁ་སྦྱོར་རྒྱུད་དང་ལྔ་པོ་ནི། །བཤད་པའི་རྒྱུད་དུ་ཤེས་པར་བྱ། །ཞེས་སློབ་དཔོན་དཀའ་རྒྱལ་ཟླ་བས་རྩ་བའི་རྒྱུད་འདི་དག་ཉིད་ཀྱི་ལེའུ་དང་པོའི་འགྲེལ་པར་བཤད་དོ། །ཡང་དཔལ་ནཱ་རོ་པའི་སློབ་མ་རྒྱ་གར་དཱ་རི་ཀ་པ་ནི། ལྔ་པོ་དེའི་སྟེང་དུ་མཁའ་འགྲོ་མ་བཞི་ཁ་སྦྱོར་གྱི་རྒྱུད་ཅེས་བྱ་བ་རྫོགས་པའི་རིམ་པ་སཾ་པུ་ཊ་བས་རྒྱས་ཤིང་གསལ་བར་སྟོན་པ་དང༌། མཁའ་འགྲོ་རྒྱ་མཚོའི་རྒྱུད་ཅེས་བྱ་བ་ལ་ས་ཆེན་བཅུ་གཉིས་བསྒྲུབ་པ་ལ་འཁོར་ལོ་བཅུ་གཉིས་སུ་བྱས་ཏེ། རྡོ་རྗེ་མཁའ་འགྲོ་བས་ལས་ཚོགས་གསལ་བར་སྟོན་པའི་རྒྱུད་གཅིག་ཡོད་དེ། དེ་གཉིས་བསྣན་པས་བཤད་པའི་རྒྱུད་བདུན་ཡིན་པར་ཡང་བཞེད་དོ། །དེ་ལྟ་བུའི་རྩ་བའི་རྒྱུད་དང༌། བཤད་པའི་རྒྱུད་རྣམས་ཀྱི་བརྒྱུད་པའི་རིམ་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པ་རྡོ་རྗེ་འཆང་ཆེན་པོས། སྡུད་པ་པོ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཤད། དེས་སློབ་དཔོན་ཆེན་པོ་ས་ར་ཧ་པ་ཆེན་པོ་ལ་དབང་བསྐུར་ནས་བཤད་ཅིང་རྗེས་སུ་གནང་བ་བྱིན། དེས་སློབ་དཔོན་ཀླུ་སྒྲུབ་ལ་དབང་བསྐུར་ཞིང་རྗེས་སུ་གནང་བ་བྱིན། དེས་སློབ་དཔོན་ས་ར་ཧ་པ་ཆུང་ངུ་ལ། དེས་སློབ་དཔོན་ལཱུ་ཧི་པ་ལ། དེས་རྒྱལ་པོ་ཌིཾ་གི་པ་དང༌། བློན་པོ་ཤྲཱི་དཱ་རི་ཀ་པ་གཉིས་ལ། བློན་པོ་ཤྲཱི་དཱ་རི་ཀ་པས། སློབ་དཔོན་ཨནྟར་པ་ལ། དེས་སློབ་དཔོན་ཏི་ལོ་པ་ལ། དེས་སློབ་དཔོན་ནཱ་རོ་པ་ལ། དེས་བླ་མ་ཕམ་ཐིང་པ་ལ། དེས་བླ་མ་དུས་འཁོར་བ། བླ་མ་ཐང་ཆུང་བ། བླ་མ་ཁ་ཆེ་བྱང་ཆུབ་བཟང་པོ་རྣམས་ལ་བཤད། དེ་རྣམས་ཀྱིས་བླ་མ་ལོ་ཙཱ་བ་ཆེན་པོ་ལ་བརྒྱུད། དེས་བདག་ཉིད་ཀྱི་བླ་མ་རྩོད་པའི་དུས་སུ་རྡོ་རྗེ་ཐེག་པ་སྟོན་པ་རྣམས་ཀྱི་ནང་ན་གཙུག་གི་ནོར་བུ་ལྟ་བུར་གྱུར་པ། ལ་སྟོད་འགྲོ་ཡུལ་དུ་སྐུ་འཁྲུངས་པ་མཚན་བརྗོད་པར་དཀའ་བའི་བདག་ཉིད་ཆེན་པོ་ལ་བཤད་དོ། །ཡང་བརྒྱུད་པ་ལུགས་གཅིག་ནི་གཞན་དུ་ཡང་གསུངས་ཏེ། གཞན་དུ་ཤེས་པར་བྱའོ། །རྩ་བའི་རྒྱུད་འདིའི་མཚན་ནི་རྒྱ་དཔེ་ལ་མེད་ལ། བོད་ཀྱི་དཔེ་ལ་ཡོད་པ་ནི་ལོ་ཙཱ་བས་བཅུག་པ་ཡིན་པས་བཤད་པ་མི་མཛད་དོ། །ཕྱག་འཚལ་བ་གཉིས་འབྱུང་བ་ཡང་རྒྱ་དཔེ་ལ་མེད་དེ་ལོ་ཙཱ་བའི་ཕྱག་ཡིན་ནོ། །ད་ནི་རྒྱུད་བཤད་པ་ཉིད་ལ་འཇུག་པའི་ཕྱིར་བསྡུས་པའི་དོན་གྱི་སྒོ་ནས་ལེའུའི་འབྲེལ་བསྟན་པར་བྱ་སྟེ། དེ་ལ་པཎྜི་ཏ་ནཱ་རོ་པ་ཆེན་པོའི་བཞེད་པས། གཞུང་ལེའུ་ལྔ་བཅུ་རྩ་གཅིག་གི་བདག་ཉིད་ཀྱི་རྒྱུད་འདི་དོན་ཐམས་ཅད་བསྐྱེད་རྫོགས་རིམ་པ་གཉིས་སུ་བསྡུས་ཏེ་འཆད་པ་ལ། དེ་ཡང་ལེའུ་དང་པོས་རྒྱུད་ཀྱི་དོན་ཐམས་ཅད་མདོར་བསྟན། གཉིས་པ་ནས་ལྔ་བཅུ་པའི་བར་གྱི་ལེའུ་བཞི་བཅུ་རྩ་དགུས་ལམ་དང་འབྲས་བུའི་གསང་བ་གཉིས་ཀྱི་སྒོ་ནས། ལེའུ་དང་པོའི་དོན་རྒྱས་པར་བཤད། ལེའུ་ཐ་མ་ལྔ་བཅུ་རྩ་གཅིག་པས། དེ་ཁོ་ན་ཉིད་བཅུ་བཞིའི་སྒོ་ནས་སྔར་གྱི་ལེའུ་ཐམས་ཅད་ཀྱི་དོན་མཇུག་བསྡུས་ཏེ་བསྟན་པའོ། །ལེའུ་དང་པོ་ལ་གཉིས་ལས། རྒྱུད་ཀྱི་དོན་གླེང་བསླང་བ་དང༌། གསང་བའི་དོན་བསྟན་པའོ། །གསང་བའི་དོན་ལ་གསུམ་སྟེ། གསང་བའི་རྣམ་པར་གཞག་པ་དང༌། དེའི་བཤད་པ་དང༌། དེའི་སྒྲུབ་པའོ། །དང་པོ་རྒྱུད་རྒྱས་པ་འབུམ་ཕྲག་གསུམ་པ་དང་མཚམས་སྦྱར་བའི་སྒོ་ནས། རྒྱུད་བསྡུས་པ་བཤད་པར་གླེང་བསླང་བ་ནི་དེ་ནས་ཞེས་པ་ལ་སོགས་པའི་ཚིག་གཉིས་ཀྱིས་བསྟན་ཏོ། །གཉིས་པ་གསང་བའི་དོན་བསྟན་པ་ལ་གསུམ་ལས། དང་པོ་གསང་བ་བཞག་པ། དེ་ལ་གསུམ་ལས་དང་པོ་གསང་བ་ལམ་ལ་བཞག་པ་དང༌། གཉིས་པ་གསང་བ་འབྲས་བུ་ལ་བཞག་པ་དང༌། གསུམ་པ་གསང་བ་ལམ་དང་འབྲས་བུ་གཉིས་ཀ་ལ་བཞག་པ་གསུམ་ནི། རིམ་པ་བཞིན་དུ་ཚིག་རྐང་པ་གཅིག་དང༌། ཡང་གཅིག་དང༌། རྐང་པ་གཉིས་ཀྱིས་རིམ་པ་བཞིན་དུ་བསྟན་ནོ། །གཉིས་པ་གསང་བ་བཤད་པ་ལ་གསུམ་ལས། དང་པོ་གསང་བ་དྲང་བའི་དོན་དུ་བཤད་པ་ནི། གསང་བ་མཆོག་གི་ཞེས་པ་ནས། སྤྱོད་ཡུལ་ཡིན་ཞེས་པའི་བར་གྱིས་ཆོས་འབྱུང་བའི་རྒྱུད་གླེང་གཞི་ཕུན་སུམ་ཚོགས་པ་བསྟན་ལ། ཡང་རྡོ་རྗེའི་ཚིག་དེ་ཉིད་ལ་གཉིས་པ་གསང་བའི་ཡི་གེའི་དོན་དུ་བཤད་པ། ཡི་གེ་བཅུ་དྲུག་གིས་བསྟན་པའི་རྫས་བཅུ་དྲུག་བཅུད་ལེན་དུ་བསྟེན་པ་དང༌། གསུམ་པ་གསང་བ་ངེས་པའི་དོན་དུ་བཤད་པ་ལ་ལམ་རིམ་པ་གཉིས་བསྟན་པ་དང༌། ལམ་རིམ་པ་གཉིས་ཀྱི་ཕན་ཡོན་གྱི་འབྲས་བུ་གསང་བ་གདམས་པ་དང་བཅས་ཏེ་བསྟན་པ་གཉིས་སོ། །དང་པོ་ལ་དོན་ལ་སྦྱར་བ། དཔེ་དོན་གཉིས་ཀ་ལ་སྦྱར་བ། དཔེ་ལ་སྦྱར་བ་གསུམ་རིམ་པ་བཞིན་དུ། གསང་བ་མཆོག་གི་ཞེས་པ་ནས། དེ་བཞིན་ནོ་ཞེས་པའི་བར་གྱི་ཚིགས་སུ་བཅད་པ་གཉིས་དང༌། ཚིག་རྐང་པ་གཉིས་དང༌། ཡང་རྐང་པ་གཉིས་ཀྱིས་རིམ་པ་བཞིན་དུ་བསྟན་ཏོ། །གཉིས་པ་ལམ་རིམ་པ་གཉིས་ཀྱི་ཕན་ཡོན་གྱི་ཚུལ་གྱིས་འབྲས་བུའི་གསང་བ་གདམས་པ་དང་བཅས་པ་ནི་སྔགས་བཟླས་ཞེས་པ་ནས་སྦྱོར་ཉིད་ཅེས་པའི་བར་གྱིས། ཐུན་མོང་གི་དངོས་གྲུབ་བསྟན། ཡེ་ཤེས་ཀྱང་ཞེས་པས་མཆོག་གི་དངོས་གྲུབ་བསྟན་ཏོ། །གསུམ་པ་གསང་བ་སྒྲུབ་པ་ལ་བཞི་ལས། དང་པོ་རིགས་ལྡན་མཆོད་པ་ནི་རྫས་དང༌། རྟེན་གྱི་གང་ཟག་དང༌། དུས་དང༌། མཆོད་བྱའི་ཡུལ་དང༌། མཆོད་པའི་ཚུལ་དང༌། མཆོད་པའི་ཕན་ཡོན་ཏེ་དྲུག་རིམ་པ་བཞིན་དུ། ཚིག་རྐང་པ་གཉིས་དང༌། ཚེག་བར་གསུམ་དང༌། ཚེག་བར་བཞི་དང༌། ཚིག་རྐང་པ་གསུམ་དང༌། ཚིག་བཅད་གཅིག་དང་གཉིས་ཀྱིས་བསྟན་ཏོ། །གཉིས་པ་དམ་ཚིག་དང་སྡོམ་པ་བསྐྱང་བ་ལ་གཉིས་ལས། ཤིན་ཏུ་མཉམ་གཞག་ལ་སོགས་པའི་ཚིག་བཅད་གཅིག་གིས་བསྲུང་བའི་དམ་ཚིག་ཉམས་པའི་ཉེས་དམིགས་དང་བཅས་པ་བསྟན། སྦྲང་རྩི་ཞེས་པ་ནས། འཇུག་བྱེད་ཡིན་ཞེས་པའི་བར་གྱིས་གཉིས་པ་བཟའ་བའི་དམ་ཚིག་ཕན་ཡོན་དང་བཅས་པ་བསྟན་ཏོ། །མཆོད་བཞི་ཞེས་པ་ནས། བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་པའི་བར་གྱིས་གསང་བ་སྒྲུབ་པའི་གསུམ་པ། ལེའུ་བཞི་བཅུ་རྩ་བཞི་པ་ལ་སོགས་པ་ནས་བཤད་པའི་ཕྱག་རྒྱ་བཞིའི་རྫོགས་པའི་རིམ་པ་མདོར་བསྟན་ཏོ། །རི་བོ་ཚང་ཚིང་ལ་སོགས་པས་གསང་བ་སྒྲུབ་པའི་བཞི་པ་སྔར་བཤད་པའི་བསྐྱེད་རྫོགས་སྒོམ་པ་དང༌། འོག་ནས་འཆད་པའི་དཀྱིལ་འཁོར་བྲི་བའི་གནས་བསྟན་ཏོ། །དེ་ལྟར་ལེའུ་དང་པོར་ལམ་དང་འབྲས་བུའི་གསང་བ་ཐམས་ཅད་མདོར་བསྟན་ནས། དེ་ཉིད་ལེའུ་གཉིས་པ་ནས། ལེའུ་ལྔ་བཅུ་པའི་བར་གྱིས་རྒྱས་པར་སྟོན་པ་ནི། ལམ་གྱི་གསང་བ་རྒྱས་པར་བཤད་པ་དང༌། དེ་སྒྲུབ་པའི་ཡན་ལག་རྒྱས་པར་བཤད་པ་དང༌། འབྲས་བུའི་གསང་བ་རྒྱས་པར་བཤད་པ་གསུམ་མོ། །ལམ་གྱིས་གསང་བ་ལ་གཉིས་ཏེ། ལམ་གྱི་གསང་བ་ལ་འཇུག་པ་དང༌། ལམ་གྱི་གསང་བ་དངོས་སོ། །དེ་ཡང་དང་པོ། དབང་བསྐུར་ནས་ནི་དེ་ཉིད་བསྟན། །གཞན་དུ་ན་ནི་དངོས་གྲུབ་དག །ཤིན་ཏུ་རིང་བར་འགྱུར་རོ་ཞེས། །རྡོ་རྗེ་འཛིན་པ་ཉིད་ཀྱིས་གསུངས། །ཞེས་རྡོ་རྗེ་མཁའ་འགྲོ་ནས་གསུངས་བས་ན། ལམ་བསྐྱེད་རྫོགས་ཀྱི་དེ་ཁོ་ན་ཉིད་སྦྱིན་པ་ལ། དང་པོ་དབང་བསྐུར་བ་ཐོབ་དགོས། དེ་ལ་ཡང༌། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གྱིས་བཤད་པ་སྟེ། །ཞེས་སློབ་དཔོན་རྡོ་རྗེ་དྲིལ་བུ་པས་བཤད་པ། དབང་བསྐུར་བའི་སྔོན་དུ་དཀྱིལ་འཁོར་འགྲོ་བས་ན། ལེའུ་གཉིས་པས་དཀྱིལ་འཁོར་བསྟན། ལེའུ་གསུམ་པས་དཀྱིལ་འཁོར་དུ་འཇུག་པ་དང༌། དབང་བསྐུར་བ་བསྟན་ཏོ། །དེ་བས་ན་ལམ་གྱི་གསང་བ་དངོས་ནི་ལེའུ་བཞི་པས་བསྐྱེད་རྫོགས་གཉིས་ཀྱི་དེ་ཁོ་ན་ཉིད་བཞི་བཞིར་བསྟན། ལེའུ་སུམ་ཅུ་རྩ་གཉིས་པའི་ཆས་བསྐྱེད་རིམ་བསྟན། ལེའུ་དང་པོའི། མཆོད་བཞི་དཔའ་བོ་ཆེན་པོ་ནི། །ཞེས་པ་རྒྱས་པར་འབྲེལ་པར་བྱེད་པ་རྫོགས་པའི་རིམ་པ་ཕྱག་རྒྱ་བཞིའི་ཚུལ་བསྟན་ཏེ། དེ་ཡང་ལེའུ་སུམ་ཅུ་རྩ་བཞི་པས་ཕྱག་རྒྱ་ཆེན་པོའི་རྫོགས་པའི་རིམ་པ་བསྟན། ལེའུ་སུམ་ཅུ་རྩ་ལྔ་པས་ཆོས་ཀྱི་ཕྱག་རྒྱ་བསྟན། ལེའུ་སུམ་ཅུ་རྩ་དྲུག་པས་ལས་ཀྱི་ཕྱག་རྒྱ་དང༌། དམ་ཚིག་གི་ཕྱག་རྒྱ་གཉིས་ཀ་བསྟན། དེ་སྒྲུབ་པའི་ཕོ་ཉ་མོ་གནོན་པའི་ཆོ་ག་ལེའུ་སུམ་ཅུ་རྩ་བདུན་པས་བསྟན། དེ་ལྟར་གཙོ་བོ་ལེའུ་ལྔས་ལམ་གྱི་གསང་བ་དངོས་བསྟན་ཏོ། །དེ་སྒྲུབ་པར་བྱེད་པའི་ཡན་ལག་ལ་གསུམ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་འདིར་རྣལ་འབྱོར་མའི་བཀའ་དྲིན་ལས་འགྱུར་བར་བསྟན་པའི་ཕྱིར་རིགས་ལྡན་མ་མཆོད་པ་དང༌། དམ་ཚིག་དང་སྡོམ་པ་བསྐྱང་བ་དང༌། དེ་བརྟན་པར་བྱེད་པའི་སྤྱོད་པ་སྟེ། གང་གི་ལམ་དེ་ཡང་ལམ་གྱི་ཡན་ལག་དེ་གསུམ་དང་ལྡན་ན་འབྲས་བུ་མྱུར་དུ་གྲུབ་ཅིང་འབྱིན་པར་བྱེད་པ་ཡིན་ནོ། །དེ་ལ་དང་པོ་རིགས་ལྡན་མ་མཆོད་པ་ནི། དང་པོར་རྣལ་འབྱོར་མ་ཡིན་ནམ་མ་ཡིན་ངོ་ཤེས་པར་བྱ་དགོས། ངོ་ཤེས་པ་ལ་བརྟག་དགོས། དེ་བརྟག་པ་ལ་བརྡ་དགོས་པས། སྤྱིར་རྣལ་འབྱོར་མ་ཙམ་དུ་ངོ་ཤེས་པར་བྱ་བའི་ཕྱིར། ལེའུ་བཅོ་ལྔ་པས་ཡི་གེ་རེ་རེའི་བརྡ་བསྟན། ལེའུ་ཉི་ཤུ་རྩ་བཞི་པས་ངག་གི་བརྡ་བསྟན་ནོ། །དེ་བས་བདག་ཉིད་གང་འདོད་ཀྱི་རིགས་དང་མཐུན་པར་ངོ་ཤེས་པར་བྱས་ནས། མཆོད་པའི་ཕྱིར་ལེའུ་བཅུ་དྲུག་པས་མཁའ་འགྲོ་མ་རིགས་དྲུག་གི་དབྱེ་བ་བསྟན། དེ་ནས་བདག་ཉིད་ལྷའི་བྱེ་བྲག་གང་འདོད་ལ་མཆོད་པའི་དོན་དུ། མཁའ་འགྲོ་མ་སུམ་ཅུ་རྩ་བདུན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མིང་གི་རྣམ་གྲངས་ཀྱིས་བསྡུས་པ། ལེའུ་བཅུ་བདུན་པས་བསྟན། དེ་ནས་དེ་ཉིད་ཕག་མོ་ལྟ་བུས་བསྡུས་པའི་མཁའ་འགྲོ་མའི་དབྱེ་བ། ལེའུ་བཅོ་བརྒྱད་པས་བསྟན། ལཱ་མཱའི་ནང་ཚན་གྱི་དབྱེ་བ་རིགས་ལྔར་དབྱེ་བ་ལེའུ་བཅུ་དགུ་པས་བསྟན། དེ་ནས་དེ་དག་ཁྱད་པར་དུ་བདག་ལ་བྱིན་གྱིས་རློབ་བྱེད་དུ་ངོ་ཤེས་པས། རྗེས་སུ་འཛིན་པར་བྱ་བའི་ཕྱིར། བརྡ་དང་བརྡའི་ལན་ལག་པའི་བརྡ་གཙོ་བོར་བྱས་པ་ལེའུ་ཉི་ཤུ་པས་བསྟན། ལག་པའི་བརྡ་དེ་གཞན་ལ་བསྟན་པའི་བརྡ་གཙོ་བོར་བྱས་པ་ལེའུ་ཉི་ཤུ་རྩ་གཅིག་པས་བསྟན། ཡན་ལག་དུ་མའི་བརྡ་གཙོ་བོར་བྱས་པ་ལེའུ་ཉི་ཤུ་རྩ་གཉིས་པས་བསྟན། དེ་ལྟར་བརྡ་དང་བརྡའི་ལན་ཤེས་པས་མཁའ་འགྲོ་མས་རང་གི་རང་གཟུགས་བསྟན་ཀྱང༌། རྣལ་འབྱོར་མ་དང་ཆགས་པར་མ་བྱས་ན་བྱིན་གྱིས་མི་རློབ་པས། ཆགས་པར་བྱ་བ་དང་ཆགས་པའི་རྟགས་ཀྱི་སྒོ་ནས་སྒྲུབ་པ་པོ་རྗེས་སུ་འཛིན་མི་འཛིན་བརྟག་པའི་མཚན་མ་ནི། ལེའུ་ཉི་ཤུ་རྩ་གསུམ་པས་བསྟན་ཏེ། དེ་ལྷར་ལེའུ་བཅུས་ལེའུ་དང་པོའི་ཕོ་ཉ་ལྷན་ཅིག་སྐྱེས་གྲུབ་ནི། ཞེས་པ་ལ་སོགས་པ་རྒྱས་པར་འགྲེལ་པ་བསྟན་ཏོ། །གཉིས་པ་དམ་ཚིག་དང་སྡོམ་པ་བསྐྱང་བ་ནི་གཉིས་ལས། ལེའུ་ཉི་ཤུ་རྩ་དྲུག་པས་སྔར་ཡོངས་སུ་ཤེས་པའི་ཕོ་ཉ་མཉེས་པར་བྱེད་པ་སྲུང་བའི་དམ་ཚིག་ཐུན་མོང་མ་ཡིན་པ་བརྒྱད་བསྟན་ཏེ། ལེའུ་དང་པོ་ཤིན་ཏུ་མཉམ་གཞག་ཅེས་པ་ལ་སོགས་པའི་དོན་རྫོགས་པར་བྱེད་དོ། །གཉིས་པ་བཟའ་བར་བྱ་བའི་དམ་ཚིག་ནི་ལེའུ་སུམ་ཅུ་རྩ་གཅིག་པས་རྫས་མདོར་བསྟན་པའི་སྒོ་ནས། མཆོད་བྱའི་ཡུལ་ལས་དང་པོ་པའི་བྱ་བ་ལག་པའི་མཆོད་པ་བསྟན། ལེའུ་སུམ་ཅུ་རྩ་གཉིས་པས་བཟའ་བའི་དམ་ཚིག་གི་རྫས་ཀྱི་ཁྱད་པར་མིང་དང་བཅས་པ་རྒྱས་པར་བསྟན། ལེའུ་སུམ་ཅུ་རྩ་གསུམ་པས་རྫས་དེ་དག་བསྟེན་པའི་ཕན་ཡོན་དང༌། མ་བསྟེན་པའི་ཉེས་དམིགས་བསྟན་ཏོ། །དེ་ཡང་ལེའུ་གསུམ་གྱི་ལེའུ་དང་པོའི། སྦྲང་རྩི་མཚལ་དང་ག་པུར་བཅས། །ཞེས་པ་ལ་སོགས་པ་རྒྱས་པར་འགྲེལ་པ་སྤྱོད་པ་གསུམ་པོ་ཐམས་ཅད་ལ་ཉེ་བར་མཁོ་བའི་བཟའ་བའི་དམ་ཚིག་བསྟན་ཏོ། །དེ་ལྟར་ལེའུ་བཞིས་དམ་ཚིག་དང་སྡོམ་པ་བསྐྱང་བ་བསྟན་ཏོ། །གསུམ་པ་དེ་བརྟན་པར་བྱེད་པའི་སྤྱོད་པ་ནི། ལེའུ་ཉི་ཤུ་རྩ་བདུན་པས་སྤྲོས་བཅས་ཀྱི་སྤྱོད་པ་བྱ་བ་བསྟན། ལེའུ་ཉི་ཤུ་རྩ་བརྒྱད་པས་སྤྲོས་བཅས་ཀྱི་སྤྱོད་པ་བྱེད་པའི་རྟེན་གྱི་གང་ཟག་གི་མཆོད་བྱའི་ཡུལ། བྱ་བ་དང་བྱ་བ་མ་ཡིན་པ་བརྟག་པ་ལ་སོགས་པ་བསྟན། ལེའུ་ཉི་ཤུ་རྩ་དགུ་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བའི་སྦྱོར་བའི་རྐྱེན་ཕོ་ཉ་མོའི་མཚན་ཉིད་བསྟན། ལེའུ་སུམ་ཅུ་རྩ་བརྒྱད་པས་སྤྲོས་མེད་དང་ཤིན་ཏུ་སྤྲོས་མེད་ཀྱི་བྱ་བ་དང་བྱ་བ་མ་ཡིན་པའི་ཆ་བསྟན་ཏེ། དེ་ལྟར་ལེའུ་བཞིའི། ལེའུ་དང་པོས། རྣལ་འབྱོར་པ་ཉིད་བསོད་ནམས་མཆོག །ཅེས་པ་རྒྱས་པར་འགྲེལ་པ། ཕོ་ཉ་མོ་མཉེས་པ་ཀས་དེ་དང་ལྷན་ཅིག་ཏུ་སྤྱོད་པ་བྱ་བ་བསྟན་ནོ། །ལེའུ་དང་པོས། སྔགས་བཟླས་པ་དང་བསམ་གཏན་དང༌། །ཞེས་པ་ལ་སོགས་པའི་ཚིག་གསུམ་རྒྱས་པར་འགྲེལ་པ། འབྲས་བུའི་གསང་བ་ལ་གསུམ་སྟེ། འབྲས་བུའི་གསང་བ་ལ། འཇུག་པ་དང༌། དངོས་གྲུབ་ཀྱི་མཚན་མ་དང༌། འབྲས་བུའི་གསང་བ་དངོས་བསྟན་པའོ། །དང་པོ་འབྲས་བུའི་གསང་བ་ལ་འཇུག་པ་ནི། འབྲས་བུའི་གསང་བ་དངོས་མཆོག་གི་དངོས་གྲུབ་ཡིན་ལ། དེ་ལ་འཇུག་པ་ལ་སྔོན་དུ་དངོས་གྲུབ་དམན་པ་དང་འབྲིང་འགྲོ། དེ་སྒྲུབ་པ་ལ་གཙོ་བོར་གསང་སྔགས་ཀྱི་བཟླས་པ་ལ་བརྟེན་ནས་སྒྲུབ་དགོས། དེ་ལ་སྔགས་དག་པ་དགོས། དག་པར་བྱེད་པ་ལ་སྔགས་བཏུ་དགོས་པས། བཟླས་པའི་སྔགས་བཏུ་བ་ནི། ལེའུ་ལྔ་པས། བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་ཀྱི་ལུས་བཏུ་བ་བསྟན། ལེའུ་བདུན་པས་དེ་ལ་དབྱངས་ཀྱི་ཡི་གེ་བཏགས་པས་ཡན་ལག་བཏུ་བ་བསྟན། ལེའུ་ཉི་ཤུ་རྩ་ལྔ་པས་རྩ་བའི་སྔགས་ཀྱི་ཧཱུྃ་ཕཊ་རྣམས་བཏུ་བ་དང༌། རྩ་བའི་སྔགས་རང་བསྟན། ལེའུ་དྲུག་པ་ལས། བཅོམ་ལྡན་འདས་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོའི་མིང་ཙམ་དང༌། གོ་ཆའི་སྔགས་བཏུ་བ་བསྟན་ལ། ལེའུ་བརྒྱད་པ་ལས། བཅོམ་ལྡན་འདས་ཀྱི་སྙིང་པོའི་སྔགས་དང་ཡུམ་གྱི་སྙིང་པོ་དང༌། གོ་ཆ་གཉིས་དང༌། རིན་ཆེན་བཞིའི་ཆེ་བ་བསྟན། ལེའུ་སུམ་ཅུ་པས་ལམ་གྱི་བར་ཆད་སེལ་བར་བྱེད་པ། ཞལ་བཞི་པའི་སྔགས་བཏུ་བ་བསྟན་ཏེ། དེ་ལྟར་ལེའུ་དྲུག་གིས་འབྲས་བུའི་གསང་བ་ལ་འཇུག་པའི་སྔགས་བཏུ་བ་བསྟན་ཏོ། །དངོས་གྲུབ་ཀྱི་མཚན་མ་ནི་འབྲས་བུ་གསང་བའི་མཚན་མ་བརྟག་པ་སྟེ། ལེའུ་སུམ་ཅུ་རྩ་དགུ་པས་དགོད་པ་བརྒྱད་ཀྱི་སྒོ་ནས་བརྟག་པ་བསྟན། ལེའུ་བཞི་བཅུ་པས་ཕོ་ཉ་དགུག་ཅིང་དབང་དུ་བྱ་བ། ཆོ་ག་དགུའི་སྒོ་ནས་བསྟན། ལེའུ་བཞི་བཅུ་རྩ་གཅིག་པས་སུམྦྷ་ནིས་བསྒྲུབ་པའི་མཚན་མ་དང༌། མཁའ་འགྲོ་མ་སུམ་ཅུ་རྩ་བདུན་པོ་རྣལ་འབྱོར་མ་དྲུག་དང༌། ཧེ་རུ་ཀས་མཚོན་པའི་ཕག་མོ་དང་བདུན་གྱིས་བསྡུས་པའི་སྒོ་ནས་བསྟན། ལེའུ་བཞི་བཅུ་རྩ་གཉིས་པས་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་དོན་དུ་ཤ་ལྔ་བདུད་རྩི་ལྔས་ལུས་ཟུངས་རྒྱས་པར་བྱ་བ་དང༌། དཔའ་བོ་དང་རྣལ་འབྱོར་མ་གཉིས་ཀ་ལ་གཟུགས་ཀྱི་གསང་བ་དང༌། ལས་ཀྱི་གསང་བ་ལྔའི་སྒོ་ནས་བསྟན་ཏེ། དེ་ལྟར་ན་ལེའུ་བཞིས་དངོས་གྲུབ་ཀྱི་མཚན་མ་བསྟན་ཏོ། །འབྲས་བུའི་གསང་བ་དངོས་ནི་གཉིས་ཏེ། མཆོག་གི་དངོས་གྲུབ་དང༌། ཐུན་མོང་གི་དངོས་གྲུབ་བོ། །མཆོག་གི་དངོས་གྲུབ་ནི་ལེའུ་དང་པོའི་ཡེ་ཤེས་ཀྱང་ཞེས་བྱ་བའི་བསྡུ་བྱ། ལེའུ་བཅུ་པའི་ཆས་འབྲས་བུ་སྐུ་གསུམ་གྱི་ཚུལ་དུ་བསྟན་ཏོ། །ཐུན་མོང་གི་དངོས་གྲུབ་ནི་བཅོམ་ལྡན་འདས་ཀྱི་སྔགས་ལ་བརྟེན་པ་དང༌། ཡུམ་གྱི་སྔགས་ལ་བརྟེན་པ་གཉིས་སོ། །དང་པོ་བཅོམ་ལྡན་འདས་ཀྱི་སྔགས་ལ་བརྟེན་པ་ནི། ལེའུ་དགུ་པས་རྩ་བའི་སྔགས་ཀྱི་སྒོ་ནས་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་བསྟན། ལེའུ་བཅུ་པའི་ཆས་སྙིང་པོའི་སྒོ་ནས་ལས་སྒྲུབ་པ་བསྟན། ལེའུ་བཅུ་གཅིག་པས་སྐྱེ་བ་བདུན་པའི་མཚན་ཉིད་བརྟག་པ་མདོར་བསྟན་ཅིང༌། དེའི་གོ་རོ་ཙ་ན་བླང་བ་དང་སྙིང་པོའི་ལས་བསྟན། ལེའུ་བཅུ་གཉིས་པས་བཅོམ་ལྡན་འདས་ཀྱི་ཉེ་བའི་སྙིང་པོའི་ལས་བསྟན། ལེའུ་བཅུ་གསུམ་པས་དཔའ་བོ་དང་དཔའ་མོའི་གོ་ཆ་གཉིས་ཀྱི་ལས་བསྟན། ལེའུ་བཅུ་བཞི་པས་བོང་བུའི་རྣལ་འབྱོར་གྱི་སྒོ་ནས་སྐྱེ་བ་བདུན་པའི་སྒྲུབ་པ་བསྟན། ལེའུ་བཞི་བཅུ་རྩ་དགུ་པས་སྐྱེ་བ་བདུན་པའི་མཚན་ཉིད་བརྟག་པའི་ཐབས་རྒྱས་པར་བསྟན་ཅིང༌། དེའི་འཕོ་བའི་ཐབས་དང་ཕན་ཡོན་དང༌། དཀའ་ལ་རྣམ་སྨིན་ཆེ་བས་དགོས་པ་ཆུང་ངུ་ཙམ་ལ་མི་བྱ་བར་བསྟན་ཏེ། དངོས་གྲུབ་གཉིས་ཀའི་ཁ་སྐོང་དུ་འགྲོ་བ་ཡིན་ནོ། །ལེའུ་བཞི་བཅུ་རྩ་གསུམ་པས་ཡབ་ཀྱི་ཉེ་བའི་སྙིང་པོའི་སྒོ་ནས་ལས་སྒྲུབ་པ་བསྟན། ལེའུ་བཞི་བཅུ་རྩ་བཞི་པས་ཡུམ་གྱི་གོ་ཆ་དང་ཡབ་ཀྱི་ཉེ་སྙིང་གི་སྒོ་ནས་ལས་སྒྲུབ་པ་བསྟན། ལེའུ་བཞི་བཅུ་རྩ་ལྔ་པ་ནས་དཔའ་མོའི་གོ་ཆའི་ལས་བསྟན། ལེའུ་བཞི་བཅུ་རྩ་དྲུག་པས་ཧ་ལྔའི་འཁོར་ལོ་ལ་བརྟེན་ནས་ལས་སྒྲུབ་པ་བསྟན། ལེའུ་བཞི་བཅུ་རྩ་བདུན་པས་ཡུམ་གྱི་ཉེ་སྙིང་གི་ལས་སྒྲུབ་པ་བསྟན། ལེའུ་ལྔ་བཅུ་པས་ཡུམ་གྱི་སྙིང་པོའི་སྒོ་ནས་ལས་སྒྲུབ་པ་བསྟན། ལེའུ་བཞི་བཅུ་རྩ་བརྒྱད་པས་ཡུམ་གྱི་ཉེ་སྙིང་དངོས་དང༌། དེའི་ཕན་ཡོན་དང༌། དེ་ཡང་བསྒོམ་པ་ལ་ལྟོས་པར་བསྟན་ཏེ། དེ་ལྟར་ལེའུ་བཅུ་བཞི་པོས་ཐུན་མོང་གི་དངོས་གྲུབ་བསྟན་ཏོ། །དེ་ལྟར་རྒྱུད་དུ་ལེའུ་གོང་འོག་རྣམས་སུ་དཀྲུགས་ཏེ་འཆོལ་བར་བསྟན་པའི་དགོས་པ་ནི། མ་འོངས་པའི་དུས་སུ་རྒྱུད་ལ་སློབ་དཔོན་མེད་པར་རང་དགར་འཇུག་པ་དགག་པ་དང༌། རྟོག་གེ་པ་ལ་སོགས་པ་པུ་སྟི་མཐོང་བ་ཙམ་གྱིས་མཁས་པར་རློམ་པ་དགག་པའི་ཕྱིར་བསྟན་པ་ཡིན་ནོ། །ལེའུ་ཐ་མ་ལྔ་བཅུ་རྩ་གཅིག་པ་ལས་སྔར་བསྟན་པའི་ལེའུ་ལྔ་བཅུ་པོ་དེའི་མཇུག་སྡུད་པ་སྟེ། དེ་ཡང་དེ་ཁོ་ན་ཉིད་བཅུ་བཞིའི་སྒོ་ནས་མངལ་སྐྱེས་དང་སྒོང་སྐྱེས་ཀྱི་ཚུལ་དུ་བསྐྱེད་པ་གཉིས་ཀྱིས། ལམ་གྱི་གསང་བའི་མཇུག་བསྡུ་བ་བསྟན་པ་དང༌། ཕན་ཡོན་གྱི་སྒོ་ནས་འབྲས་བུའི་གསང་བའི་མཇུག་བསྡུ་བ་དང༌། རྒྱུད་འདི་རྒྱུད་གཞན་ལས་ཁྱད་པར་དུ་འཕགས་པར་བསྟན་པའོ། །འབྲས་བུའི་གསང་བའི་མཇུག་སྡུད་ལ་ཕན་ཡོན་གྱི་སྒོ་ནས། འབྲས་བུའི་གསང་བ་དངོས་དང༌། ལམ་ཁྱད་པར་ཅན་ལ་སྨད་པའི་ཉེས་དམིགས་དང༌། རྒྱན་ལ་སོགས་པའི་བསྒོམ་བྱ་བསྟན་པ་དང༌། དེ་ཡང་གདུལ་བྱའི་དབང་གིས་དགོས་པ་དང་ལྡན་པར་བསྟན་པ་དང༌། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་ཅིང༌། དག་པ་དང་མ་དག་པ་རྟོགས་པར་དཀའ་བས་གང་ལ་ཡང་མི་སྨད་པར་བསྟན་པའོ། །དེ་རྣམས་ཀྱིས་དཔལ་བདེ་མཆོག་ཉུང་ངུའི་མངོན་པར་རྟོགས་པའི་སྡེབས་ཀྱིས་ལེའུའི་འབྲེལ་དུ་བསྟན་པ། དཔལ་ནཱ་རོ་ཏ་པའི་དགོངས་པ་ཇི་ལྟ་བ་བཞིན་དུ་དྲི་མ་དང་བྲལ་བར་བཀོད་པ་ཡིན་ནོ། །དེ་ལྟར་ལེའུའི་འབྲེལ་གྱིས་བསྡུས་པའི་དོན་བསྟན་ནས། ད་ནི་ཡན་ལག་གི་དོན་རྣམ་པར་དབྱེ་བའི་ཕྱིར་རྒྱུད་ལ་འཇུག་པར་བྱ་སྟེ། དེ་ལ་ལེའུ་ལྔ་བཅུ་རྩ་གཅིག་ལས། ལེའུ་དང་པོར་རྒྱུད་ཀྱི་དོན་ཐམས་ཅད་མདོར་བསྡུས་ཏེ་སྟོན་པ་ལས། དེ་ལ་ལེའུའི་གཞུང་དང༌། ལེའུའི་མཚན་གཉིས་སོ། །དང་པོ་ལ་གཉིས་ལས། རྒྱུད་རྒྱས་པ་ནམ་མཁའ་དང་མཉམ་པ་དང༌། མཚམས་སྦྱར་བའི་སྒོ་ནས། རྒྱུད་བསྡུས་པ་བཤད་པར་གླེང་བསླང་བ་ནི། དེ་ནས་ཞེས་པ་ལ་སོགས་པའི་ཚིག་གཉིས་སྨོས་ཏེ། དེ་ལ་དེ་ནས་ཞེས་བྱ་བའི་ངག་ནི་བཀྲ་ཤིས་པའི་དོན་ནོ། །དེ་ཡང་སཾ་སྐྲྀ་ཏའི་སྐད་སོར་བཞག་པ། ཨ་ཐ་བྱ་བར་ཡོད་པའི་ཨ་ནི་ཨཱ་དྱ་ནུཏྤནྣ་ཞེས་པའི་དོན་གྱིས་རྣམ་པར་ཐར་པའི་སྒོ་གསུམ་གྱི་དོན་སྐྱེ་བ་མེད་པ་ཡིན་ལ། སྐྱེ་བ་མེད་པ་དེ་ལ་འདུས་བྱས་ཀྱི་སྐྱེ་བ་དང་མཚན་མ་དང༌། རྣམ་རྟོག་ལ་སོགས་པས་བར་དུ་མི་ཆོད་པས་ན་བཀྲ་ཤིས་པའི་དོན་དུ་སྦྱར་རོ། །ཡང་ན་རྒྱུད་འདི་རྒྱུད་གཞན་གྱི་མཐའ་དང་ལྡན་པ་ཡིན་པས། དེས་ན་འདིར་དེ་ནས་ནི་མཚམས་སྦྱར་བའི་དོན་དུ་བར་ཆད་པ་མེད་པར་གསལ་བར་བྱེད་པ་སྟེ། ནམ་མཁའ་དང་མཉམ་པ་གསུངས་པའི་དེ་ནས་སོ། །གང་གི་ཕྱིར་རྒྱུད་རྒྱས་པ་མངོན་པར་བརྗོད་པ་འབུམ་ཕྲག་གསུམ་པར། འདི་སྐད་བདག་གིས་ཐོས་ཞེས་པ་ལ་སོགས་པ་གསུངས་པ་དེ་ཉིད་ཀྱིས་ན། འདིར་དང་པོ་གླེང་གཞིའི་ཚིག་གི་རབ་ཏུ་སྦྱོར་བ་མ་བསྟན་ཏེ། འབུམ་ཕྲག་གསུམ་པར་རབ་ཏུ་སྦྱོར་བས་སྔོན་གྱི་རྒྱུད་ལ་ལྟོས་པ་ཡིན་ནོ། །དེས་ན་དེ་ནས་བཤད་དོ་ཞེས་སྦྱར་རོ། །གང་བཤད་ཅེ་ན་གསང་བ་ཞེས་སྨོས་ཏེ། གསང་བ་ནི་རྒྱུད་འདིའི་བརྗོད་བྱ་རིམ་པ་གཉིས་སོ། །གང་ལ་གསང་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ཞུགས་པ་ལ། ཐུན་མོང་དུ་གསང་བ་བསྐྱེད་པའི་རིམ་པ་ཡིན་ལ། བུམ་དབང་ཐོབ་པའི་བསྐྱེད་པའི་རིམ་པ་སྒོམ་པ་པོ་རང་ལ་གསང་བས། ཐུན་མོང་མ་ཡིན་པའི་གསང་བ་ནི་རྫོགས་པའི་རིམ་པ་སྟེ། དེ་གཉིས་ནི་ལམ་གྱི་གསང་བའོ། །ཡང་ན་མཐར་ཐུག་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ས་བཅུ་མན་ཆད་ཀྱིས་ཀྱང་ཇི་ལྟ་བ་བཞིན་དུ་མ་རྟོགས་པས་དེ་རྣམས་ཀྱིའང་སྤྱོད་ཡུལ་མ་ཡིན་པས་དང༌། སངས་རྒྱས་ཉག་གཅིག་ཁོ་ནས་མཁྱེན་པའི་སྤྱོད་ཡུལ་ཡིན་པས་དེ་ནི་འབྲས་བུའི་གསང་བའོ། །དེ་གཉིས་ནི་བཏགས་པ་དང་དངོས་ཀྱི་བྱེ་བྲག་གིས་གསང་བ་ཞེས་བྱ་སྟེ། དེ་ལྟ་བུའི་དོན་དེ་བཤད་པར་བྱ་ཞེས་པའི་དོན་ནོ། །དེ་ཚུལ་ཇི་ལྟར་བཤད་ཅེ་ན་མདོར་བསྡུས་ཏེ་གཞུང་གི་ཚད་ནི་མདོར་བསྡུས་པ་ཁོ་ན་ཡིན་ལ། དོན་ནི་མ་ཡིན་པས་སྒྲུབ་པའི་སྒོ་ནས་བསྟན་པ་ཡིན་ལ། རྒྱས་པར་མིན་དགག་པའི་སྒོ་ནས་སོ། །འོ་ན་སྒྲུབ་པས་ཆོག་མོད། དེའི་སྟེང་དུ་དགག་པ་བསྣན་པ་ལ་དགོས་པ་མེད་དོ་ཞེ་ན། དེ་ཡང་བསྣན་པ་སྨོས་པས་ནི་གཞུང་ནི་བསྡུས་པ་ཁོ་ན་ཡིན་ལ། དོན་ནི་རྒྱུད་རྒྱས་པ་དང་ཁྱད་པར་མེད་པར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྡུད་པར་བྱེད་པའི་ཕྱིར། དོན་ནི་རྒྱས་པའང་ཡིན་ཞེས་ཤུགས་ཀྱིས་སྟོན་ཏེ། གལ་ཏེ་གང་རུང་ཞིག་བསྟན་ན་ནི་གཞུང་བསྡུས་པར་སྟོན་ཀྱང༌། དོན་རྒྱས་པར་སྟོན་པར་མི་ནུས་པའི་ཕྱིར་རོ། །གཉིས་པ་གོང་གི་གསང་བའི་དོན་བསྟན་པ་ལ་གསུམ་སྟེ། གསང་བའི་རྣམ་པར་གཞག་པ་དང༌། གསང་བ་དེ་བཤད་པ་དང༌། གསང་བ་སྒྲུབ་པའོ། །གསང་བ་བཞག་པ་ལ་གསུམ་ལས། དང་པོ་གསང་བ་ལམ་ལ་བཞག་པ་ནི། ཧེ་རུ་ཀ་དཔལ་ཡང་དག་སྦྱོར། །ཞེས་པས་བསྟན་ཏེ། དེ་ལ་ཡང་གཉིས་ལས་ལམ་བསྐྱེད་པའི་རིམ་པ་དང་སྦྱར་ན། ཧེ་རུ་ཀ་དཔལ་ནི་ཡབ་ལྷག་མཐོང་ཡེ་ཤེས་ཀྱི་ངོ་བོ་ཕྱག་བཅུ་གཉིས་པ་ཡིན་ལ། ཡང་དག་སྦྱོར་ནི་ཡུམ་ཞི་གནས་སྟོང་པའི་ངོ་བོ་དང་གཉིས་སུ་མེད་པར་སྦྱོར་བ་སྟེ། དེས་ནི་དངོས་སུ་གཙོ་བོ་ཡབ་ཡུམ་གཉིས་བསྟན་ལ། དཀྱིལ་འཁོར་པའི་ལྷ་གཞན་རྣམས་ནི་གཙོ་བོའི་སྐུའི་ཆ་ཤས་ཡིན་པས་ཤུགས་ཀྱིས་ཤེས་པར་བྱའོ། །ཡང་ན་ཚིག་འདིས་འབྲས་བུའི་སྤྱི་ལ་དམིགས་པའི་དབང་དུ་བྱས་ན། འཁོར་ལོ་ལྔའི་ལྷ་ཚང་བར་བསྟན་པ་ཡིན་ཏེ། དཔལ་གྱིས་བདེ་བ་ཆེན་པོའི་འཁོར་ལོ་བསྟན། ཧེས་ཐུགས་ཀྱི། རུས་གསུང་གི ཀས་སྐུ་ཡི། ཡང་དག་སྦྱོར་གྱིས་གཙོ་བོ་ཕྱག་རྒྱ་དང་སྦྱོར་བས་དམ་ཚིག་གི་འཁོར་ལོ་བསྟན་ཏོ། །ཡང་ན་དཔལ་གྱིས་འབྲས་བུ་སྤྱི་ལ་དམིགས་པ་བསྟན། ཧེས་ཆོས་སྐུ་ལ་དམིགས་པ། རུས་ལོངས་སྐུ་ལ། ཀས་སྤྲུལ་སྐུ་ལ་དམིགས་པ། ཡང་དག་སྦྱོར་གྱིས་དེ་གསུམ་སྒྲུབ་པ་པོ་གཅིག་གི་རྒྱུད་ལ་སྦྱོར་བ་བསྟན་ཏོ། །ཡང་ན་ཆོས་ཀྱི་སྐུ་དམིགས་པ་ལ་སོགས་པ་རྫོགས་པའི་དབང་དུ་བྱས་ན་དཔལ་གྱིས་སྣ་ཚོགས་པདྨའི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་འོད་དམར་པོ་དང་ལྡན་པར་བསྒོམ་པའི་བར་གྱིས་རྣལ་འབྱོར་བསྟན། ཧེས་རྗེས་སུ་རྣལ་འབྱོར་ཟླ་བའི་སྟེང་དུ་ས་བོན་ཡི་གེ་ཧཱུྃ་བསྒོམ་པ་བསྟན། རུས་དཀྱིལ་འཁོར་རྫོགས་པ་བསྒོམ་པ་རྣལ་འབྱོར་ཆེན་པོ་བསྟན། ཀས་དབང་བསྐུར་བ་ལ་སོགས་པའི་ཤིན་ཏུ་རྣལ་འབྱོར་བསྟན། ཡང་དག་སྦྱོར་གྱིས་རྣལ་འབྱོར་བཞི་པོ་དེ་ཏིང་ངེ་འཛིན་གསུམ་དུ་སྦྱོར་བ་བསྟན་ཏོ། །གཉིས་པ་རྫོགས་པའི་རིམ་པ་དང་སྦྱར་ན་དགའ་བ་བཞིའམ་ལམ་གྱི་སྐུ་བཞི་སྟོན་ཏེ། དེ་ཡང་དཔལ་གྱིས་ལྷན་ཅིག་སྐྱེས་པའི་དགའ་བ་བསྟན། ཧེས་ཁྱད་པར་གྱི་དགའ་བ། རུས་མཆོག་དགའ། ཀས་དགའ་བ། ཡང་དག་སྦྱོར་ནི་བཞི་པོ་དེ་གསང་བའི་མཆོད་པ་ལ་སོགས་པའི་དུས་སུ་ལམ་དུ་སྦྱོར་བའོ། །ཡང་དགའ་བ་བཞི་པོ་དེ་ཉིད་སྐུ་བཞི་དང་སྦྱར་ན། དཔལ་གྱིས་བདེ་བ་ཆེན་པོའི་སྐུ། ཧེས་ཆོས་སྐུ། རུས་ལོངས་སྐུ། ཀས་སྤྲུལ་སྐུ། ཡང་དག་སྦྱོར་ནི་སྐུ་བཞིར་སྦྱོར་བ་སྟེ་འབྲས་བུ་ཡིན་ལ། དེ་ནི་བཤད་པའི་བཤད་པ་ཉིད་བཤད་ཡིན་གསུང་ངོ༌། །གཉིས་པ་གསང་བ་འབྲས་བུ་ལ་བཞག་པ་སྔར་གྱི་ལམ་དེས་བསྒྲུབས་པའི་འབྲས་བུ་བསྟན་པ་ནི། འདོད་པའི་དོན་ཀུན་སྒྲུབ་བྱེད་ལ། །ཞེས་སྨོས་པ་ནི། དེ་ཡང་འདོད་པར་བྱ་བས་འདོད་པ་སྟེ། འདོད་པའི་དོན་ཕུན་སུམ་ཚོགས་པ་འབྲས་བུ་ཡིན་ལ། ཀུན་ནི་དམན་པ་དང་འབྲིང་ཐུན་མོང་གི་དངོས་གྲུབ་དང༌། མཆོག་སངས་རྒྱས་ཉིད་དང་རྡོ་རྗེ་འཛིན་པ་ཉིད་དོ། །སྒྲུབ་བྱེད་ནི་བཟླས་བསྒོམ་གཉིས་འཁྲུལ་འཁོར་དང་གསུམ་སྦྱིན་སྲེག་དང་བཞིས་ཐུན་མོང་བསྒྲུབ་ལ། ལམ་བསྐྱེད་རྫོགས་གཉིས་ཀྱིས་མཆོག་སྒྲུབ་པའོ། །གསུམ་པ་གསང་བ་ལམ་དང་འབྲས་བུ་གཉིས་ཀ་ལ་བཞག་པ་ནི། བླ་མ་ལས་ཀྱང་ཞེས་པ་ལ་སོགས་པའི་ཚིག་གཉིས་ཏེ། དེ་ཡང་ལམ་དང་སྦྱར་ན་བླ་མ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ལམ་ལ་ལྟོས་ན། བྱ་བའི་རྒྱུད་ལ་སོགས་པ་རྒྱུད་སྡེ་འོག་མ་གསུམ་གྱི་ལམ་མོ། །དེ་ལས་ཀྱང་བླ་མ་ནི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ལམ་བསྐྱེད་རྫོགས་གཉིས་སོ། །མཁའ་འགྲོ་མ་ཡི་དྲྭ་བ་སྡོམ་ནི། དེ་རྣམས་ཀྱི་ནང་ནས་ཀྱང་ཁྱད་པར་དུ་འཁོར་ལོ་བདེ་མཆོག་གི་ལམ་མཆོག་ཏུ་གྱུར་པས་སོ། །འབྲས་བུ་དང་སྦྱར་ན། བླ་མ་ནི་རྒྱུད་སྡེ་འོག་མ་གསུམ་གྱི་ལམ་གྱིས་བསྒྲུབས་པའི་འབྲས་བུ་ཐུན་མོང་གི་དངོས་གྲུབ། དེ་ལས་ཀྱང་བླ་མ་ནི་རྣལ་འབྱོར་བླ་ན་མེད་པའི་ལམ་གྱིས་བསྒྲུབས་པའི་འབྲས་བུ་ཐུན་མོང་མ་ཡིན་པའོ། །མཁའ་འགྲོ་མ་ཡི་དྲྭ་བ་སྡོམ་ནི། ཁྱད་པར་དུ་འཁོར་ལོ་བདེ་མཆོག་གི་ལམ་གྱིས་བསྒྲུབས་པའི་འབྲས་བུའོ། །གསང་བ་བཤད་པ་ལ་གསུམ་སྟེ། གསང་བ་དྲང་པའི་དོན་དུ་བཤད་པ་དང༌། གསང་བ་ཡི་གེའི་དོན་དུ་བཤད་པ་དང༌། གསང་བ་ངེས་པའི་དོན་དུ་བཤད་པའོ། །དང་པོ་གསང་བ་དྲང་བའི་དོན་དུ་བཤད་པས་དོན་གཙོ་བོར་བྱས་པ་སྦས་པའི་གླེང་གཞིའི་ཚིག་གིས་ཆོས་འབྱུང་བའི་རྒྱུའི་གླེང་གཞི། ཕུན་སུམ་ཚོགས་པ་ལྔ་སྟོན་ལ། ཚིག་གཙོ་བོར་བྱས་པའི་གླེང་གཞི་ནི་རྒྱུད་རྒྱས་པར་བསྟན་ཏོ། །དེ་ལ་དང་པོ་ལྟར་ན་གསང་བ་ནི་ཟབ་མོའི་དོན་སྒྲོ་སྐུར་དང་བྲལ་བ་འདི་ཁོ་ན་སྐད་དེ། གང་ཐོས་པ་ཆོས་ཀྱི་རང་བཞིན་ནོ། །མཆོག་ནི་གང་ཟག་མཆོག་གི་སྤྱོད་ཡུལ་ཡིན་པས། ས་བཅུའི་དབང་ཕྱུག་རྡོ་རྗེ་འཛིན་པ་བདག་གིས་ཏེ། ཉེ་བ་མངོན་སུམ་གྱི་རང་བཞིན་གཞན་ལས་བརྒྱུད་དེ། ཐོས་པ་མིན་པར་བསྟན་ནོ། །དགྱེས་པ་ནི་ཐོས་པ་སྟེ་བསམ་པ་དང་བསྒོམ་པའི་ཤེས་རབ་ཀྱིས་གོམས་པའམ་དོན་རྟོགས་པ་མངོན་དུ་གྱུར་པ་དང༌། རང་དགར་སྤྱད་པས་རྟོགས་པ་ལྟ་བུ་མ་ཡིན་ཏེ། ཐོས་པའི་རང་བཞིན་གྱི་ཤེས་རབ་ཀྱིས་ཐོས་པ་ཡིན་པར་སྟོན་ནོ། །གསུམ་པ་དེའི་རང་བཞིན་ཕུན་སུམ་ཚོགས་པའམ་སྡུད་པ་པོ་བསྟན་པ་ཡིན་ཏེ་འདི་ལ་མ་འོངས་པའི་མངོན་པར་རྟོགས་པ་མེད་དོ། །དེ་ལྟར་ན་སྡུད་པ་པོ་ཁྱོད་ཀྱིས་གནས་གང་དུ། དུས་ནམ་གྱི་ཚེ། སྟོན་པ་གང་ལས། གྲོགས་གང་དང་ལྷན་ཅིག་ཏུ་ཐོས་ཞེས་དོགས་པ་ལ། དང་པོ་གནས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། ཐམས་ཅད་བདག་ཉིད་ནི་ཆོས་ཐམས་ཅད་ལ་ཁྱབ་པའི་ཆོས་ཀྱི་དབྱིངས་རྣམ་ཐར་སྒོ་གསུམ་གྱི་གནས་བསྟན་ལ། དེའི་རྣམ་པ་གདུལ་བྱ་ལ་སྣང་བའི་ཆ་ཆོས་འབྱུང་གྲུ་གསུམ་དཀར་པོའི་ནང་ན་རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། རྒྱུ་དང་ཚད་ཡོངས་སུ་ཆད་པ་མེད་པའི་ནང་དུ་ཐོས་ཞེས་པའི་དོན་ཏོ། །རྟག་ཏུ་བཞུགས་ཀྱིས་དུས་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ཡང་བསམ་གྱིས་མི་ཁྱབ་པའི་དུས་ཀྱི་དབང་དུ་བྱས་ནས་བསྟན་པ་ཡིན་ནོ། །མཁའ་འགྲོ་ཀུན་དངོས་ཞེས་པ་ལ་སོགས་པས་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ཡང་རྐང་པ་དང་པོས་རྒྱུ་རྡོ་རྗེ་འཛིན་པ་བསྟན། གཉིས་པས་འབྲས་བུ་རྡོ་རྗེ་འཛིན་པ་བསྟན། འདི་ནི་རང་འབྱུང་ལ་སོགས་པའི་ཚིག་གཉིས་ཀྱིས་སྟོན་པའི་ཡོན་ཏན་བསྟན་ཏོ། །དེའི་ཡི་གེའི་དོན་ནི་མཁའ་འགྲོ་ཀུན་ནི་འཁོར་གྱི་མཁའ་འགྲོ་མ་རྣམས་ལ་བྱ་ལ། དངོས་ནི་དེ་རྣམས་ཀྱི་གཙོ་བོའམ་བདག་པོ་སྟོན་པ་རྡོ་རྗེ་འཆང་ཆེན་པོ་ཡིན་པས་སོ། །དེ་ཉིད་གང་ཡིན་ཞེ་ན། སེམས་དཔའ་ནི་སྟེ། ཐབས་ཐུགས་རྗེས་སེམས་ཅན་གྱི་དོན་ལ་སེམས་དཔའ་དང་ལྡན་པའོ། །དེ་ཉིད་བསྟན་པ་ནི་རྡོ་རྗེ་སེམས་དཔའ་སྟེ། རྡོ་རྗེ་ནི་སྟོང་པ་ཉིད་ཡིན་ལ། སེམས་དཔའ་ནི་སྟོང་པ་ཉིད་ཇི་ལྟ་བ་བཞིན་རྟོགས་པའི་ཡེ་ཤེས་སོ། །བདེ་བ་ནི་སྟོན་པ་སྟེ་ཟག་པ་མེད་པའི་བདེ་བ་ཆེན་པོ་དང་ལྡན་པས་ཆོས་ཀྱི་སྐུའི་རང་བཞིན་ཡིན་པའི་ཕྱིར་དང༌། དེ་ཉིད་མཆོག་སྟེ་མཆོག་གི་ཕུལ་དུ་བྱུང་བའོ། །འདི་ནི་སྟེ། སྟོན་པ་རྡོ་རྗེ་འཆང་འདིའོ། །རང་བྱུང་ནི་གཞན་གྱི་ལྟར་ཕྱྭ་དང་དབང་ཕྱུག་ལ་སོགས་པས་བྱས་ནས་བྱུང་བ་མ་ཡིན་ཏེ། རྒྱུ་རྡོ་རྗེ་འཆང་གྱུར་པ་ལས་བྱུང་བའོ། །བཅོམ་ལྡན་འདས་ནི་དབང་ཕྱུག་ཕུན་སུམ་ཚོགས་པ་ལ་སོགས་པའི་ཡོན་ཏན་དྲུག་དང་ལྡན་པའོ། །དེ་ཉིད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བས་ན་དཔའ་ཞེས་བྱའོ། །མཁའ་འགྲོ་ནི་འཁོར་གྱི་མཁའ་འགྲོ་མ། དྲྭ་བ་ནི་དེ་རྣམས་ཀྱི་ཚོགས་ལ་བྱ་ལ། སྡོམ་ནི་སྡོམ་པ་དེ་འཁོར་གྱི་མཁའ་འགྲོ་མ་དེ་རྣམས་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། །གྲོགས་གང་དང་ལྷན་ཅིག་ཐོས་པའི་འཁོར་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། སྒྲའི་ཚུལ་ལས་ཞེས་པ་ལ་སོགས་པའི་ཚིག་གཉིས་སྨོས་ཏེ། འཁོར་དེ་རྣམས་ཀྱང་རྒྱུ་གང་ལས་བྱུང་ཞེ་ན། སྒྲའི་ཚུལ་ཏེ། སྒྲ་ནི་ཆོས་ཉིད་སྟོང་པ་ཉིད་ཡིན་ལ། ཚུལ་ནི་ཐབས་སྙིང་རྗེ་སྟེ་དེ་གཉིས་ལས་ངེས་པར་བྱུང་བ་ཡིན་ལ། དེ་ཡང་རྟགས་ནི་བྱང་ཆུབ་ཀྱི་སེམས་ལས་གསང་བའི་དཀྱིལ་འཁོར་གྱི་ཚུལ་གྱིས་ཕྱིར་སྤྲོས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་སོ། །དེ་རྣམས་སུའི་སྤྱོད་ཡུལ་ཡིན་ཞེ་ན། དམ་ཚིག་སྤྱོད་པ་སྟེ། སྔོན་བྱུང་གི་གདུལ་བྱ་རྒྱུད་དག་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཞེས་པའི་དོན་ནོ། །དོན་གཉིས་པ་གསང་བ་ཡི་གེའི་དོན་དུ་བཤད་པས་ཡི་གེ་བཅུ་དྲུག་གིས་མཚོན་པའི་རྫས་བཅུ་དྲུག་ཐུན་མཚམས་སུ་བསྟེན་པ་དང༌། དེའི་ཕན་ཡོན་སྟོན་པ་ལས། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་པ་སྟེ། སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་ཡི་གེ་བཅུ་དྲུག་ཏུ་གནས་པ་ནི། ར་ཧ་སྱེ་པ་ར་མེ་ར་མྱེ་སརྦཱཏྨ་ནི་སདཱསྠཱི་ཏ། ཞེས་ཡི་གེ་བཅུ་དྲུག་ཏུ་གནས་ལ། ཡི་གེ་བཅུ་དྲུག་པོ་དེས་བཅུད་ལེན་གྱི་རྫས་བཅུ་དྲུག་ཏུ་སྟོན་པ་ནི། ར་ནི་ཁྲག་གི་ཁམས་ཞེས་བྱ། །ཧ་ནི་རི་ལས་བྱུང་བ་སྟེ། །སྱེ་ནི་དྲི་ཡི་ལོ་མ་ཡིན། །པ་ནི་པགས་པར་རབ་ཏུ་བཤད། །ར་ནི་དྲི་ཉིད་བཤད་པ་སྟེ། །ཡི་གེ་མེ་ནི་མེ་ཏོག་བཤད། །ར་ནི་དེ་བཞིན་ལན་ཚྭའོ། །མྱེ་ནི་ཤ་ཆེན་པོར་བསྟན་ཏོ། །ས་ནི་རབ་ཏུ་སྦྱོར་བ་ཉིད། །རྦཱ་ནི་མགོ་བོར་རབ་ཏུ་གསུངས། །ལྷ་མོ་ཏྨ་ནི་རྐང་ཡིན་ཏེ། །ནི་ནི་དྲི་ཡི་མར་ཁུའོ། །ས་ནི་སོ་དང་སེན་མོ་སྟེ། །དཱ་ནི་རྒྱ་མཚོ་ལས་སྐྱེས་པའོ། །སྠཱི་ནི་ཁ་ཡི་སྙིང་པོ་སྟེ། །ཏ་ནི་ག་པུར་བསྟེན་པའོ། །ཞེས་སཾ་པུ་ཊའི་བརྟག་པ་དྲུག་པའི་རབ་ཏུ་བྱེད་པ་དང་པོར་བསྟན་པ་དེ། སློབ་དཔོན་ལྭ་བ་པ་ཆེན་པོས་བཤད་པས་ནང་གི་རྫས་བཅུ་དྲུག་པོ་སྟེ། མན་ངག་བཞིན་དུ་ཁྲུ་བ་ཉིས་རྩེགས་སུ་རླངས་པ་ལ་བཙོས་ནས། བསྟེན་པའི་དུས་ནི་སོས་ཀ་དང༌། དབྱར་དང༌། སྟོན་ཀ་དང༌། དགུན་དང༌། དགུན་སྨད་དང༌། འདོད་ལྷ་མཉམ་པའི་དུས་དཔྱིད་ཀྱི་དུས་ཏེ་རུས་དྲུག་གམ་བརྒྱད་དུ་ཐུན་མཚམས་སུ་བསྟེན་ན། བཅུད་ཀྱིས་ལེན་གྱི་མཆོག་ཏུ་འགྲོ་བར་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་དྲུག་པ་ལས་གསུངས་སོ། །དེ་ལྟར་ཐུན་མཚམས་སུ་དམ་ཚིག་བསྟན་པའི་ཕན་ཡོན་ནམ་འབྲས་བུ་གསུངས་པ་ནི། མཁའ་འགྲོ་ཀུན་དངོས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ཡང་མཁའ་འགྲོ་ཀུན་དངོས་ནི། སེམས་ཅན་ཐམས་ཅད་ཀྱི་བདག་པོར་འགྱུར་བའོ། །སེམས་དཔའ་ནི་ཚེ་རིང་བ་ཉི་ཟླ་གནས་ཀྱི་བར་དུ་འཚོ་བ་ལ་སོགས་པ་ནུས་པ་ཅན་དུ་འགྱུར་བ་དང༌། རྡོ་རྗེ་སེམས་དཔའ་ནི་བཅུད་ལེན་བསྟེན་པས་རྟོག་པ་ཆུང་བ་དང༌། རྟོག་པས་མི་ཕྱེད་པར་འགྱུར་བ་དང༌། བདེ་བའི་མཆོག་ནི་ལུས་བདེ་བ་དང༌། སེམས་བདེ་བའི་རང་བཞིན་ཅན་དུ་འགྱུར་བ་དང༌། དེ་གང་གི་མཐུས་ཤེ་ན། རང་འབྱུང་སྟེ་འབད་པ་མེད་པར་དམ་ཚིག་གི་རྫས་བསྟེན་པའི་ནུས་པ་ཙམ་གྱིས་འབྱུང་བ་དང༌། བཅོམ་ལྡན་ནི་དངོས་སུ་སངས་རྒྱས་ལ་ཡོད་པའི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་དང་ལྡན་པ་ཡིན་ལ། དེ་ལྟ་བུའི་ཡོན་ཏན་གྱི་ཆ་ཤས་དམ་ཚིག་བསྟན་པའི་སྒྲུབ་པ་པོ་ལའང་འབྱུང་བར་འགྱུར་བ་དང༌། དཔའ་བ་ནི་གཞན་གང་གིས་ཀྱང་མི་ཚུགས་པའི་སྟོབས་དང་ལྡན་པར་འགྱུར་པ་ལ་སོགས་པ་དང༌། མཁའ་འགྲོ་དྲྭ་བའི་སྡོམ་པ་ནི་དམ་ཚིག་བསྟེན་པའི་སྒྲུབ་པ་པོ་དེ་ལ། མཁའ་འགྲོ་མ་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་པར་འགྱུར་བ་དང༌། སྒྲའི་ཚུལ་ལས་ངེས་འབྱུང་བ་ནི། དེ་ལྟ་བུའི་རྫས་བཅུ་དྲུག་གི་བཅུད་ལེན་བསྟེན་པས། སྒྲུབ་པ་པོ་ལུས་ཟུངས་རྒྱས་པར་འགྱུར་ལ། དེའི་སྟོབས་ཀྱིས་བྱང་ཆུབ་ཀྱི་སེམས་འཕེལ་བས། སྒྲའི་ཚུལ་ཏེ། ལྟེ་བའི་ཨྃ་ལས་གཏུམ་མོའི་མེ་བྱུང༌། དེས་བྱང་ཆུབ་ཀྱི་སེམས་ཕབ་པའི་ཚུལ་གྱིས་དགའ་བ་བཞིའི་ཉམས་མྱོང་སྐྱེས་པའི་སྒོ་ནས་བདེ་ལ་དབང་ཐོབ་པ་དང༌། དེ་གང་གི་མཐུས་ཡིན་ཞེ་ན། དམ་ཚིག་སྤྱོད་པ་སྟེ། དམ་ཚིག་ནི་རྫས་བཅུ་དྲུག་པོ་ཡིན་ལ། སྤྱོད་པ་ནི་དེ་བསྟེན་པ་ལས་ནུས་པ་ཅན་དུ་གྱུར་པའི་གང་ཟག་དེ་ནི་སྤྱོད་ཡུལ་ཅན་ཞེས་བྱའོ། །ཡང་གསུམ་པ་རྡོ་རྗེའི་ཚིག་དེ་དག་ལ་གསང་བ་ངེས་པའི་དོན་དུ་བཤད་པ་ལ་གཉིས་ཏེ། ལམ་རིམ་པ་གཉིས་བསྟན་པ་དང༌། ལམ་རིམ་པ་གཉིས་ཉམས་སུ་བླངས་བའི་ཕན་ཡོན་འབྲས་བུའི་གསང་བ་བསྟན་པའོ། །དང་པོ་ལ་གསུམ་སྟེ། དོན་ལ་སྦྱར་བ། དཔེ་དོན་གཉིས་ཀ་ལ་སྦྱར་བ། དཔེ་ལ་སྦྱར་བའོ། །དང་པོ་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའོ། །བསྐྱེད་པའི་རིམ་པ་ལ་གཉིས་ཏེ། རྟེན་ལ་སྦྱར་བ་དང༌། བརྟེན་པ་ལྷ་ལ་སྦྱར་བའོ། །དེ་ཡང་རིམ་པ་བཞིན་དུ། གསང་བ་ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་པ་གཉིས་དང༌། ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་སྟོན་ནོ། །དང་པོ་རྟེན་ལ་ཡང་གཉིས་ཏེ། རྣལ་འབྱོར་པའི་རྟེན་དང༌། ལྷའི་རྟེན་བསྟན་པའོ། །དང་པོ་བསྐྱེད་རིམ་བསྒོམ་པ་དང༌། དཀྱིལ་འཁོར་བྲི་བའི་གནས་ལེའུ་འདི་ཉིད་ཀྱི་ཞབས་ནས། རི་བོ་རི་སུལ་ཞེས་པ་ལ་སོགས་པ་གསུངས་པའི་གནས་དེ་དག་གི་མཚན་ཉིད་བཤད་པ་ནི། གནས་དེ་དག་ཀྱང་སྐལ་བ་དང་མི་ལྡན་པའི་སྐྱེ་བོའི་རྒྱུ་འདྲུལ་གྱིས་དབེན་པ་ནི་གསང་བའོ། །གནས་དེ་དག་ཏུ་ཐུན་མོང་གི་དངོས་གྲུབ་ལ་བརྟན་པ་ཐོབ་པས། མཆོག་སྒྲུབ་པའི་གནས་ཡིན་པས་མཆོག་གོ །གནས་དེ་དག་ལ་འབྲས་བུ་ལ་སོགས་པས་བརྒྱན་པ་དེ། སྒྲུབ་པ་པོ་ཉམས་དགའ་བས་ན་དགྱེས་པའོ། །ཤིང་དང་མེ་ཏོག་དང་ཡིད་དུ་འོང་བའི་ཆུ་ལ་སོགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པས་ན་ཐམས་ཅད་ཀྱི་བདག་ཉིད་དོ། །གནས་དེར་སྒྲུབ་པ་པོ་རྟག་ཏུ་གནས་པར་བྱ་བ་ཡིན་པས་ན། རྟག་ཏུ་བཞུགས་ཞེས་བྱ་སྟེ། བཤད་པ་འདི་ནི་རྡོ་རྗེ་མཁའ་འགྲོའི་ལེའུ་ལྔ་བཅུ་པ་ལས་བཤད་པ་ཡིན་ནོ། །གཉིས་པ་ལྷའི་རྟེན་ལ་གཉིས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལྷ་གཉིས་ཀའི་ཐུན་མོང་གི་དབང་དུ་བྱས་པ་དང༌། ཐུན་མོང་མ་ཡིན་པ་འཇིག་རྟེན་ལས་འདས་པའི་ལྷའི་རྟེན་འབའ་ཞིག་ཏུ་བཤད་པའོ། །དང་པོ་ནི་ལྷ་མངལ་སྐྱེས་ལ་སོགས་པ་གང་སྒོམ་ཡང༌། རླུང་གི་དཀྱིལ་འཁོར་ནས་རི་རབ་བསྒོམ་པའི་བར་ཡིན་ཏེ། དེ་ཡང་གསང་བ་ནི་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྡོ་རྗེས་མཚན་པ། མཆོག་ནི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དགྱེས་པ་ནི་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ། ཐམས་ཅད་བདག་ཉིད་ནི་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་སྔོན་པོ། རྟག་ཏུ་བཞུགས་ནི་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་བསྒོམ་པ་སྟེ། དེ་སྐད་དུ་ཡང་སཾ་པུ་ཊ་ལས། གསང་བ་ས་ཡི་ཁམས་ཡིན་ཏེ། །དེ་བཞིན་མཆོག་ནི་ཆུ་ཡིན་ལ། །དགྱེས་པ་མེ་ཞེས་རྣམ་པར་བཤད། །ཐམས་ཅད་བདག་ནི་རྟག་འགྲོ་བ། །རྟག་ཏུ་བཞུགས་པ་ནམ་མཁའི་ཁམས། །ཞེས་སོ། །གཉིས་པ་ཐུན་མོང་མ་ཡིན་པ་འཇིག་རྟེན་ལས་འདས་པའི་ལྷའི་རྟེན་ཆོས་འབྱུང་ལ་སོགས་པ་སྟོན་པ་ནི། དེ་ཡང་གསང་བ་ནི་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་དཀར་པོ་སྟེ། ཆོས་འབྱུང་གི་དབྱིབས་གྲུ་གསུམ་དེ་ཉན་ཐོས་ལ་སོགས་པ་ལ་གསང་བར་བྱ་བས་སོ། །མཆོག་ནི་རི་རབ་ཀྱི་སྟེང་དུ་སྣ་ཚོགས་རྡོ་རྗེ་བསྒོམ་པ་སྟེ། ཕྱོགས་ཐམས་ཅད་དུ་འཕྲིན་ལས་སྣ་ཚོགས་པས་སེམས་ཅན་གྱི་དོན་མཆོག་ཏུ་མཛད་པ་མཚོན་པའོ། །དགྱེས་པ་ནི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་སྣ་ཚོགས་པདྨ་སྟེ། དེ་ཡང་པདྨ་འདམ་ནས་སྐྱེས་ཀྱང་འདམ་གྱི་ཉེས་པས་མ་གོས་པ་དང་འདྲ་བར། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱིས་འཁོར་བར་བཞུགས་ནས། སེམས་ཅན་གྱི་དོན་བྱེད་ཀྱང་འཁོར་བའི་ཉེས་པས་མ་གོས་པ་མཚོན་པ་དགྱེས་པ་ཞེས་བྱའོ། །ཐམས་ཅད་བདག་ཉིད་ནི་གཞལ་ཡས་ཁང་བརྩེགས་མ་དེ་རྒྱུ་རིན་པོ་ཆེ་སྣ་ཚོགས་ཐམས་ཅད་ལས་གྲུབ་པ་ཡིན་པས་སོ། །དེ་ལྟ་བུའི་རྟེན་ནམ་གནས་དེར་འཇིག་རྟེན་ལས་འདས་པའི་ལྷ་རྣམས་རྟག་ཏུ་བཞུགས་ཞེས་བྱའོ། །ད་ནི་བརྟེན་པ་ལྷ་བསྐྱེད་བསྟན་ལ། དེ་ལ་སྤྱིར་སྦྱང་གཞི་སེམས་ཅན་ལ་སྐྱེ་གནས་བཞི་ཡོད་ལ། དེའི་སྦྱོང་བྱེད་ལྷ་བསྐྱེད་པའང་སྐྱེ་གནས་བཞི་དང་སྦྱར་ནས་བསྒོམ་པ་མངོན་པར་བརྗོད་པའི་རྒྱུད་བླ་མར་བསྐྱེད་རིམ་གྱི་སྒྲུབ་ཐབས་བདུན་ཅུ་རྩ་ལྔ། སྒོང་སྐྱེས་གཙོ་བོར་བྱས་པའི་སྐྱེ་གནས་བཞི་ཀ་དང་སྦྱར་བ་སྟོན་པ་ལས། འདིར་མངལ་སྐྱེས་དང་སྒོང་སྐྱེས་གཉིས་དང་སྦྱར་ནས་གསུངས་པ་ནི། ལྷ་མངལ་སྐྱེས་དང་སྦྱར་ན། ཐོག་མར་ཡེ་ཤེས་ཀྱི་ཚོགས་སྟོང་པར་བསྒོམ་པའི་བར་དུ་བྱས་ལ། དེ་ནས་རྟེན་རི་རབ་དང་པདྨའི་བར་དུ་བསྐྱེད་པ་དང༌། དེར་བསྟན་པ་ལྷ་མངོན་པར་བྱང་ཆུབ་པ་ལྔས་གཙོ་བོ་བསྐྱེད་པ་ནི། སྣ་ཚོགས་པདྨའི་ལྟེ་བར་ཨཱ་ལི་ལས་ཟླ་བ། དེའི་སྟེང་དུ་ཀཱ་ལི་ལས་ཉི་མ། དེ་གཉིས་ཀྱི་བར་དུ་ཧཱུྃ་བསམ་སྟེ། དེ་ལས་འོད་འཕྲོས་པས་ཉི་མའི་སྟེང་གི་ནམ་མཁའ་ལ། ཨོཾ་ཨཱཿཧཱུྃ་གསུམ་རིམ་པ་བཞིན་དུ་བསམ། དེའི་སྟེང་དུ་སྣ་ཚོགས་པདྨ། དེར་ཉི་མ་ལ་ཡི་གེ་ཧཱུྃ་ནཱ་ད་ཁ་དོག་དམར་པོ་ཆ་ཕྲ་བ་དང་ལྡན་པ་བསམ་སྟེ། དེ་ནས་ཨོཾ་ནས་རིམ་གྱིས་ཡར་ལ་གཅིག་ལ་གཅིག་ཐིམ་ནས་ཧཱུྃ་གིས་ནཱ་ད་ཙམ་དུ་འདུས་ནས། དེ་ཀར་ཀར་ལ་སོགས་པའི་སྒྲ་དང་བཅས་ཏེ་ཉི་ཟླའི་བར་གྱི་ཧཱུྃ་ལ་ཞུགས་པས། གཙོ་བོ་ཡབ་ཡུམ་དང་གཞལ་ཡས་ཁང་དུས་གཅིག་ལ་བསྐྱེད་པ་ནི། མཁའ་འགྲོ་ཀུན་དངོས་ཞེས་པས་བསྟན་ཏེ། དེ་ཡང་མཁའ་འགྲོ་ཀུན་ནི་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་ཡིན་ལ། དངོས་ནི་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་དངོས་གཞིའམ། བདག་པོ་གཙོ་བོ་ཡབ་ཡུམ་གཉིས་ཡིན་པས་སོ། །དེ་ནས་ཡབ་ཡུམ་གཉིས་ཀྱི་གནས་ལྔ་དང་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ཏེ་རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པ་ལས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཡབ་ཡུམ་གཉིས་ཀྱི་ཞལ་དུ་ཞུགས་ཏེ་ཐུགས་ཀར་ཞུ་བའི་ཐིག་ལེ་དཀར་དམར་གཉིས་རྡོ་རྗེ་དང་པདྨའི་བར་དུ་ཕབ་པ་ལས་བདེ་བ་སྐྱེས་པ་ནི་སེམས་དཔའོ། །དེ་ནས་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ཞུ་ནས་ཐིག་ལེ་དཀར་དམར་གཉིས་སུ་གྱུར་པ་ནི་རྡོ་རྗེ་སེམས་དཔའ་སྟེ། རྡོ་རྗེ་ནི་སྟོང་པ། སེམས་དཔའ་ནི་བདེ་བ་ཡིན་པས་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་གྱུར་པའོ། །དེ་ནས་ཨ་བྷི་དྷ་ནའི་རྒྱུད་དུ་གསུངས་པ་ལྟར་ཕྱོགས་བཅུ་ནས་འདུས་ཏེ། གཞལ་ཡས་ཁང་གི་ཕྱི་རོལ་ན་བཞུགས་པའི་ལྷ་མོ་རྣམས་ཀྱིས་གླུས་བསྐུལ་ཏེ་སྐུལ་བྱེད་རྣམས་ཀྱང་ཐིག་ལེ་ལ་ཐིམ། ཐིག་ལེ་ལས་ས་བོན་ཧཱུྃ་དང་ཨ་གཉིས་སུ་གྱུར། དེ་ལས་ཕྱག་མཚན་གཉིས་སུ་གྱུར། དེ་ལས་འབྲས་བུ་རྡོ་རྗེ་འཆང་ཡབ་ཡུམ་དུ་བཞེངས་པ་ནི། འདི་ནི་རང་བྱུང་བཅོམ་ལྡན་དཔའ་སྟེ། དེ་ཡང་འདི་ནི་ཞེས་པ་གཙོ་བོ་ཡབ་ཡུམ། རང་བྱུང་ནི་མངོན་བྱང་ལྔ་ལ་སོགས་པས་བསྐྱེད་པ་མ་ཡིན་པར། ཐིག་ལེ་ཆོས་ཀྱི་སྐུའི་ངོ་བོ་ལས་རང་བྱུང་བ་དང༌། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་དང་ལྡན་པས་ན་བཅོམ་ལྡན་ནོ། །བདུད་བཞི་ལ་སོགས་པ་ཐམས་ཅད་ལས་རྒྱལ་བའམ་གཙོ་བོ་ཡིན་པས་ན་དཔའ་བའོ། །མཁའ་འགྲོ་དྲྭ་བ་ནི་འཁོར་གྱི་མཁའ་འགྲོ་མ་སུམ་ཅུ་སོ་དྲུག་ཡིན་ལ། དེ་རྣམས་ཀྱི་གཙོ་བོ་ཡིན་པས་ན་སྡོམ་པ་ཞེས་བྱ་སྟེ། དེས་ནི་གཙོ་བོ་བསྐྱེད་པ་དང་པོའི་རྣལ་འབྱོར་བསྟན་ཏོ། །དེ་ལྟར་གཙོ་བོ་འབྲས་བུ་རྡོ་རྗེ་འཆང་དུ་བཞེངས་པ་དེས་འཁོར་བསྐྱེད་པ་དཀྱིལ་འཁོར་རྒྱལ་མཆོག་སྤྲུལ་བ་ནི། སྒྲའི་ཚུལ་ཞེས་པ་ལ་སོགས་པ་ཚིག་གཉིས་ཀྱིས་སྟོན་ཏེ། དེ་ཡང་སྒྲ་ནི་དཀྱིལ་འཁོར་སྤྲུལ་པའི་ཕྱིར་ཡབ་ཡུམ་སྙོམས་པར་ཞུགས་པའི་སྒྲ། ཡི་གེ་ཧཱུྃ་དང་ཨ་རུ་གྲག་པ་དེས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཏེ། ཚུལ་ནི་གཙོ་བོ་ཡབ་ཡུམ་གཉིས་ཀྱི་ཞལ་དུ་ཞུགས་པས། ཐུགས་ཀ་གཉིས་སུ་ཞུ་བ། གཉིས་ཀའི་རྩ་དབུ་མའི་ལམ་ནས་ཞུགས་ནས། ཡུམ་གྱི་པདྨར་ཐིག་ལེ་དཀར་དམར་གཉིས་འདྲེས་པ་ལས། ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་བསྐྱེད་དེ། ནག་པོ་པའི་མངོན་པར་རྟོགས་པ་ལྟར་དཀྱིལ་འཁོར་ཕྱིར་དབྱུང་བའི་ཚུལ་བྱ་བ་ནི། སྒྲ་ཡི་ཚུལ་ལས་ངེས་འབྱུང་ཞིང༌། །ཞེས་བྱའོ། །ཡང་སྒྲ་ནི་ཤེས་རབ་ཡུམ་ཡིན་ལ། ཚུལ་ནི་ཐབས་ཡིན་ཞིང༌། དེ་ལས་ངེས་འབྱུང་ཞིང་ཞེས་བྱ་བ་ནི། ཡབ་ཡུམ་ཐབས་ཤེས་རབ་སྙོམས་པར་ཞུགས་པ་ལས་དཀྱིལ་འཁོར་གྱི་ལྷ་རྣམས་དབྱུང་ཞེས་ཀྱང་གསུང་ངོ༌། །དེ་ལྟ་བུའི་བསྐྱེད་པའི་རིམ་པ་དེ་རྣམས་ཀྱང་གང་ཟག་སུའི་སྤྱོད་ཡུལ་ཡིན་ཞེ་ན། དམ་ཚིག་སྤྱོད་པ་སྟེ། དམ་ཚིག་ནི་བུམ་པའི་དབང་ཐོབ་པ་དང༌། དམ་ཚིག་སུམ་ཅུ་ཐམ་པ་རྣམས་ཡིན་ལ། སྤྱོད་པ་ནི་དེ་རྣམས་དང་པོ་རང་གི་བླ་མ་ལས་ཐོབ་ལ། ཕྱིས་མ་ཉམས་པར་སྲུང་བ་དེ་ལྟ་བུའི་གང་ཟག་གི་སྤྱོད་ཡུལ་ཡིན་པས་ན། སྤྱོད་ཡུལ་ཅན་ཞེས་བྱ་སྟེ། འདི་ནི་བཤད་པ་འོག་མ་རྣམས་ལ་ཡང་འདྲ་བར་ཤེས་པར་བྱས་ལ། དེ་ཡན་ཆད་ལྷ་མངལ་སྐྱེས་དང་སྦྱར་བའི་དབང་དུ་བྱས་ནས་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ཙམ་བསྟན་ནོ། །གཉིས་པ་ལྷ་སྒོང་སྐྱེས་ཀྱི་དབང་དུ་བྱས་ན། སྟོང་པ་ཉིད་བསྒོམ་པ་ནས་རྟེན་བསྐྱེད་པའི་བར་ནི་སྔར་དང་འདྲ་ལ། དེ་ནས་ནམ་མཁའ་ལ་སྔར་སྟོང་པར་བསྒོམས་པའི་སེམས་ཉིད་དེ་ནཱ་དར་བསམ། དེ་ལས་ཨཱ་ལི་ཚར་གཉིས་བྱུང་སྟེ། སྣ་ཚོགས་པདྨའི་ལྟེ་བར་བསམ་པ་ལས་ཟླ་བ། ཡང་ཀཱ་ལི་དམར་པོ་བཞི་བཅུ་པོ་ཚར་གཉིས་བྱུང་བ་ཟླ་བའི་སྟེང་དུ་འཕྲོས་ཏེ། ཟླ་བ་དེ་འོད་དམར་པོ་དང་བཅས་པར་བསྒོམ། དེ་ནས་ནམ་མཁའི་ནཱ་ད་དེ་ལས་ཐིག་ལེ་ནས་རིམ་གྱི་ཧཱུྃ་རྫོགས་པ་གཅིག་ཏུ་གྲུབ་པ་དེ་ཟླ་བའི་སྟེང་དུ་བབ་པར་བསམ་པ་དང༌། ཟླ་བ་དང་ཧཱུྃ་གྱུར་པ་ལས་རྟེན་དང་བརྟེན་པ་ཐམས་ཅད་དུས་གཅིག་ལ་བསྐྱེད་པ་ནི། སྐུ་གསུམ་གང་རུང་གཅིག་ལ་དམིགས་པ་ཡིན་ཏེ། འབྲས་བུ་སྤྱི་ལ་དམིགས་པ་ཡིན་པས། དཔལ་ནཱ་རོ་པའི་བཞེད་པས་ལྷ་སྒོང་སྐྱེས་ཀྱི་སྐྱེད་ཆོག་སློབ་དཔོན་ལཱུ་ཧི་པའི་དགོངས་པ་བསྐངས་པ་དང༌། རྒྱུད་འདིའི་སྟེང་དུ་གསུངས་པ་དགོངས་པ་མི་འདྲ་བར་བཞེད་པ་ཡིན་གསུང་ངོ༌། །དེ་ཡང་དེའི་གཞུང་ནི་མས་རིམ་གྱིས་སྦྱོར་བས། དང་པོ་སྒྲའི་ཚུལ་ལས་ཞེས་པ་ལ་སོགས་པའི་རྐང་པ་གཉིས་དང་སྦྱར་བར་བྱ་སྟེ། སྒྲ་ནི་ནམ་མཁའི་ནཱ་ད་ཡིན་ལ། ཚུལ་ནི་དེ་ལས་བྱུང་བའི་ཟླ་བ་དམར་པོའི་སྟེང་གི་ཡི་གེ་ཧཱུྃ་ངོ༌། །ངེས་འབྱུང་ཞིང་ནི་དེ་གྱུར་པ་ལས་དཀྱིལ་འཁོར་གྱི་ལྷར་འབྱུང་བའོ། །དེ་ནི་ལྷ་བསྐྱེད་པའི་ཆོ་གའི་དབང་དུ་བྱས་པ་ཡིན་ཏེ། དེ་ལྟ་བུའི་སྐྱེད་པའི་རིམ་པ་གང་ཟག་སུས་བསྒོམ་ཞེ་ན། གང་ཟག་སྔར་བཤད་པའི་དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཅན་ཅིག་གིས་བསྒོམ་ཞེས་པའི་དོན་ནོ། །དེ་ལྟར་བསྐྱེད་པའི་ལྷ་དེ་རང་གང་ཡིན་ཞེ་ན། འདི་ནི་སྟེ་ལྷ་སུམ་ཅུ་རྩ་བདུན་པོ་འདི་ནི་རང་བྱུང་སྟེ་ནམ་མཁའི་ནཱ་ད་ལས་བྱུང་བ་དང༌། བཅོམ་ལྡན་དཔའ་ནི་ལྷ་རྣམས་ཀྱི་གཙོ་བོའོ། །གང་གི་གཙོ་བོ་ཡིན་ཞེ་ན་མཁའ་འགྲོ་དྲྭ་བའི་སྟེ། དཀྱིལ་འཁོར་བའི་ལྷ་མོ་སུམ་ཅུ་རྩ་བདུན་ཡིན་ལ། སྡོམ་པ་ནི་དེ་རྣམས་ཀྱི་གཙོ་བོ་ཞེས་པའི་དོན་ནོ། །དེ་ཉིད་དམ་ཚིག་གི་དཀྱིལ་འཁོར་ཡིན་པས་ན། མཁའ་འགྲོ་ཀུན་དངོས་ཞེས་བྱ་སྟེ། དེ་ནི་འབྲས་བུ་སྤྱི་ལ་དམིགས་པའི་དབང་དུ་བྱས་པའོ། །དེ་ནས་ལུས་ལ་ལྷ་རྣམས་རྫོགས་པར་དགོད་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ་དམིགས་པ་ནི་སེམས་དཔའ་སྟེ། དེ་ཡང་གོ་ཆ་ཆེན་པོ་ཡིན་པས་དེས་ལུས་སྲུང་བས་ན་དཔའ་བའོ། །དེ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཆོས་ཀྱི་སྐུ་ལ་དམིགས་པ་ནི། རྡོ་རྗེ་སེམས་དཔའ་ཞེས་པས་བསྟན་ཏེ། དེ་ཡང་ཆོས་ཀྱི་སྐུའི་ཡོན་ཏན་གྱི་ཆའམ་རྒྱུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡིན་པས་ཆོས་སྐུ་འཐོབ་པའི་རྒྱུའི་ཆ་ནས་དེ་སྐད་ཅེས་བྱའོ། །དེ་ནས་སྤྲུལ་པའི་སྐུ་ལ་དམིགས་པའི་ཕྱོགས་གཅིག་བདེ་བར་རྟོགས་པར་བྱ་བའི་ཕྱིར། གསང་བའི་མཆོད་པའམ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི་བདེ་བའི་མཆོག་ཅེས་པས་བསྟན་ཏེ། དེ་ཉིད་ཀུན་ཏུ་སྤྱོད་པའི་རྒྱུད་ཀྱི་དབང་དུ་བྱས་ནས། ཡེ་ཤེས་སེམས་དཔའ་གཞུག་པ་ཡབ་ཡུམ་གཉིས་ཀྱི་གོ་ཆ་བགོ་བ། དབང་བསྐུར་བ་མཆོད་པ་དང་བཞི་ནི་བྱ་བ་སྣ་ཚོགས་པ་བྱེད་པར་ཆོས་མཐུན་པ་དང༌། སྤྲུལ་པའི་སྐུ་ཐོབ་པར་བྱེད་པས་དེ་སྐད་ཅེས་བྱ་སྟེ། དེ་ལྟར་ལྷ་མངལ་སྐྱེས་ཀྱི་ཚུལ་གྱིས་ནི་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ཙམ་ལས་མ་བསྟན། ལྷ་སྒོང་སྐྱེས་ལྟར་ན་བསྐྱེད་རིམ་གྱི་ལུས་སམ་མངོན་པར་རྟོགས་པ་ཕལ་ཆེར་རྫོགས་པར་བསྟན་ནོ། །ཡང་རྡོ་རྗེའི་ཚིག་དེ་ཉིད་ལ་དོན་ལ་སྦྱར་བའི་བཤད་པ། གཉིས་པ་རྫོགས་པའི་རིམ་པ་སྟོན་པ་ནི། ཆོས་ཀྱི་ཕྱག་རྒྱའི་ཕྱོགས་གཅིག་རིམ་པ་བཞི་དང་སྦྱར་ན། དེ་ཡང་གསང་བ་མཆོག ཅེས་པ་ལ་སོགས་པའི་ཚིག་གཉིས་ཀྱིས་རྒྱུད་ཀྱི་རིམ་པ་བསྟན། སྒྲའི་ཚུལ་ཞེས་པ་ལ་སོགས་པའི་ཚིག་གཉིས་ཀྱིས་སྔགས་ཀྱི་རིམ་པ་བསྟན། མཁའ་འགྲོ་ཀུན་དངོས་ལ་སོགས་པའི་ཚིག་གཉིས་ཀྱིས་ཡེ་ཤེས་ཀྱི་རིམ་པ་བསྟན། འདི་ནི་རང་བྱུང་ལ་སོགས་པའི་ཚིག་གཉིས་ཀྱིས་གསང་བའི་རིམ་པ་བསྟན་ཏོ། །དེ་ལ་དང་པོ་རྒྱུད་ཀྱི་རིམ་པས་འཁོར་ལོ་བཞི་དང༌། རྩ་གསུམ་སྟོན་པ་ནི། གསང་བ་ཞེས་པས་ལྟེ་བ་སྤྲུལ་པའི་འཁོར་ལོ་བསྟན་ཏེ། དེའི་ངེས་ཚིག་ནི་ལྟེ་བའི་རྩ་མདུད་ཀྱི་ནང་ན་ཨྃ་སྦས་ནས་ཡོད་པས་ལྟེ་བ་ལ་མཆོག་གི་སྙིང་གའི་ཆོས་ཀྱི་འཁོར་ལོ་བསྟན་ཏེ། དེ་ཡང་སྙིང་གའི་འཁོར་ལོ་དེ་མཆོག་ཡིན་པས་སོ། །དགྱེས་པས་ནི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་བསྟན་ཏེ། དེར་རོ་དུ་མ་ལ་ལོངས་སྤྱོད་པས་སོ། །ཐམས་ཅད་བདག་ཉིད་ནི་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་སྟེ། དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་རྟེན་སྤྱི་བོ་ན་གནས་པས་སོ། །རྟག་ཏུ་བཞུགས་པ་ནི་རྩ་གསུམ་སྟེ། དེ་ནས་རླུང་དང་བྱང་ཆུབ་ཀྱི་སེམས་འབར་བ་དང་འཛག་པ་དང་མངོན་དུ་བྱེད་པའི་ཕྱིར་རོ། །དེ་ནི་རྒྱུད་བཤད་པའི་གོ་རིམ་ཡིན་ལ་དོན་མངོན་པར་རྟོགས་པ་ཉམས་སུ་ལེན་པའི་གོ་རིམ་ནི། དང་པོ་རྒྱུད་ཀྱི་རིམ་པ་འཁོར་ལོ་བཞི་ཡིག་འབྲུ་དང་བཅས་པ་དང༌། རྩ་གསུམ་དམིགས་ཡུལ་དུ་གསལ་གདབ་པ་རིམ་པ་བཞི་པ་དང་དཔྱིད་ཀྱི་ཐིག་ལེར་སྟོན་པ་ལྟར་བྱས་ལ། དེ་ནས་སྔགས་ཀྱི་རིམ་པ་ལམ་དུ་བྱ་བ་ནི། སྒྲའི་ཚུལ་ལས་ཞེས་པ་ལ་སོགས་པའི་ཚིག་གཉིས་ཀྱིས་སྟོན་པ་ནི། དེ་ཡང་དང་པོ་ཟླ་བ་ཕྱེད་ཀྱི་བར་དུ་འབྱུང་བ་བཞིའི་རླུང་ཆ་མཉམ་པས་ལས་ཀྱི་རླུང་གི་ནུས་པ་བསྐྱེད་ལ། དེ་ནས་མེའི་ནུས་པ་བསྐྱེད་དེ། རླུང་རེག་བྱ་དྲོད་ཀྱི་རང་བཞིན་ཅན། སེམས་ཀྱི་ངོ་བོ་ལྟེ་བ་ནས་སྦར་བ་ནི་སྒྲ་ཡིན་ལ། དེས་སྤྱི་བོ་ནས་ཐིག་ལེའི་གཟུགས་ཀྱིས་འབབ་པ་ནི་ཚུལ་ལོ། །དེ་ལྟར་གཏུམ་མོ་སྟོབས་སུ་གྱུར་ནས། གཏུམ་མོའི་མེ་བདག་ཉིད་ཀྱི་སྣ་བུག་གཡས་པ་ནས་སྤྲོས་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པའི་ཤངས་བུག་གཡོན་པ་ནས་འཇུག་པ་དང༌། ཐུགས་ཀར་ཞུགས་པ་ལ་སོགས་པ་ནི་སྔགས་ཀྱི་རིམ་པའོ། །རིམ་པ་བཞི་ལ་སོགས་པར་དེ་བཞིན་གཤེགས་པའི་བདུད་རྩིའི་བཅུད་ཀྱིས་རང་གི་སྤྱི་བོ་གང་བའི་བར་ལ་སྔགས་ཀྱི་རིམ་པ་ཡིན་པར་བཤད་པ་ནི་དགོངས་པ་སོ་སོ་ཡིན་གསུང་ངོ༌། །དེ་ལྟ་བུའི་སྔགས་ཀྱི་རིམ་པ་དེ་སུའི་སྤྱོད་ཡུལ་ཡིན་ཞེ་ན། དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཅན་དེ་བསྐྱེད་རིམ་ལ་བརྟན་པ་ཐོབ་ནས་རྫོགས་རིམ་བསྒོམ་པའི་སྤྱོད་ཡུལ་ལོ། །དེ་ནས་ཡེ་ཤེས་ཀྱི་རིམ་པ་འབྱུང་བ་ནི། གཏུམ་མོའི་མེས་དེ་བཞིན་གཤེགས་པའི་རྒྱུད་ཀྱི་བདུད་རྩིའི་བཅུད་བསྡུས་ཏེ། དེ་བཞིན་གཤེགས་པའི་ཤངས་བུག་གཡས་པ་ནས་བྱུང་ནས་བདག་གི་སྣ་བུག་གཡོན་པ་ནས་ཞུགས། སྤྱི་གཙུག་གི་སྒོ་བརྒྱུད་ནས་སོ་འགྲམ་སོའི་མཚམས་ནས་སོང་སྟེ། རྐན་ཐམས་ཅད་ཁེངས་པའི་བར་དུ་དགའ་བ་ཉམས་སུ་མྱོང་བ་སྐྱེས་པ་དེའི་དུས་ལ་མཁའ་འགྲོ་ཀུན་དངོས་ཞེས་བྱའོ། །དེ་ནས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ནས་སྙིང་ག་ཆོས་ཀྱི་འཁོར་ལོ་བྱང་ཆུབ་ཀྱི་སེམས་ཕྱིན་པའི་བར་དུ། མཆོག་དགའི་ཉམས་སུ་མྱོང་བ་སྐྱེ་ལ། གནས་གཉིས་པོ་དེར་བདེ་བ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པས་དེ་ལ་སེམས་དཔའ་ཞེས་བྱའོ། །དེ་ནས་སྙིང་ག་ནས་ལྟེ་བར་བྱང་ཆུབ་ཀྱི་སེམས་ཕྱིན་པའི་དུས་སུ་དགའ་བྲལ་གྱི་ཉམས་སུ་མྱོང་བ་སྐྱེ་ལ། དེའི་ཚེ་གནས་ལས་མིང་བཏགས་པས་སྤྲུལ་པའི་སྐུ་ཡིན་ཞིང༌། དེའི་དུས་ལ་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །དེ་ནས་ཐིག་ལེ་དང་བདེ་བས་ལུས་ཐམས་ཅད་ལ་ཁྱབ་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། བདེ་བ་ཆེན་པོའི་སྐུ་ཡིན་ཞིང་དེའི་དུས་ལ་བདེ་བའི་མཆོག་ཅེས་བྱ་སྟེ། དེ་དག་གིས་ནི་ཡེ་ཤེས་ཀྱི་རིམ་པ་ཡས་བབ་པའི་དགའ་བ་བཞིའི་ཉམས་མྱོང་ལ་སྐུ་གསུམ་དུ་བསྟན་ཏོ། །དེ་ནས་རླུང་དང་བྱང་སེམས་ཡར་བཟློག་པའི་དགའ་བ་བཞིས་གསང་བའི་རིམ་པ་འབྱུང་བ་ནི་དེ་ཡང་ཡར་བཟློག་པའི་གནས་སྐབས་ལ། འཁོར་ལོ་བཞི་ལ་བརྟེན་ནས་དགའ་བ་བཞི་སྐྱེས་པའི་མཐར། རྩ་ཐ་དད་ནས་ཁམས་ཐ་དད་དུ་རྒྱུ་བས་ལུས་ཟག་བཅས་སུ་གནས་པ་དེས་བྱང་སེམས་ཐམས་ཅད་དབུ་མར་ཐིམ་པས་པྲ་སེན་ལྟ་བུ་དྭངས་ཤིང་ཐོགས་པ་མེད་པའི་སྐུ་རུ་གྱུར། རྩ་ཐ་དད་ནས་རླུང་ཐ་དད་རྒྱུ་བ་དེ། དབུ་མར་ཐིམ་པས་སེམས་རྟོག་མེད་རྣལ་མ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སུ་གྱུར་པ་ཡིན་ནོ། །དེ་ཡང་མཁའ་འགྲོ་དྲྭ་བའི་སྡོམ་པ་ཡིན་གྱིས་ཡས་བཟློག་པའི་དགའ་བ་བསྟན། དཔའ་ཞེས་པས་མཆོག་དགའ་བསྟན། བཅོམ་ལྡན་གྱིས་དགའ་བྲལ་བསྟན། འདི་ནི་རང་འབྱུང་གིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྟན་པ་ཡིན་ཏེ། དེ་དག་ནི་གསང་བའི་རིམ་པ་སྟེ་ཐོབ་པར་བྱ་བའི་འབྲས་བུ་ཡིན་ནོ། །དེ་ལྟར་གསང་བ་དོན་ལ་སྦྱར་བ་བསྟན་ནས། ད་ནི་གསང་བ་དཔེ་དོན་གཉིས་ཀ་ལ་སྦྱར་བ་སྟོན་པ་ནི། ཐོག་མ་ཞེས་པ་ལ་སོགས་པའི་ཚིག་གཉིས་སྨོས་ཏེ། དེ་ལ་དང་པོ་དོན་དང་སྦྱར་ན་ཐོག་མ་ནི་དམ་ཚིག་གི་འཁོར་ལོའི་ལྷ་སུམ་ཅུ་རྩ་བདུན་བསྐྱེད་ནས། དེ་ལ་དམིགས་པ་རྩེ་གཅིག་ཏུ་གནས་པ་ལས། ཐ་མལ་པའི་རྟོག་པའི་གཡེང་བ་ཞི་སྟེ་བདེ་བ་ཉམས་སུ་མྱོང་བ་དང༌། དབུས་ཏེ་ལུས་ཀྱི་དཀྱིལ་འཁོར་ལ་དམིགས་པས་བདེ་བ་ཉམས་སུ་མྱོང་བ་དང༌། ཐ་མ་དེ་ཁོ་ན་ཉིད་ཀྱི་མཆོད་པའི་དུས་སུ་བདེ་བ་མི་རྟོག་པ་ཉམས་སུ་མྱོང་བ་གསུམ་མོ། །དེ་ལྟ་བུའི་བདེ་བ་དེ་ཡང་འཁོར་ལོ་གསུམ་གྱི་ལྷ་ཙམ་ལ་དམིགས་པས་སྐྱེའམ་ཞེ་ན། འཇིག་རྟེན་གསུམ་དུ་རྙེད་པར་དཀའ། །ཞེས་སྨོས་པས་འཇིག་རྟེན་གསུམ་ནི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་ཡིན་ལ། རྙེད་པར་དཀའ་བ་ནི་འཁོར་ལོ་ལྔ་མ་ཚང་བའི་འཁོར་ལོ་གསུམ་པོ་ཙམ་ལ་དམིགས་པ་ལས། གོང་མ་ལྟ་བུའི་བདེ་བ་གསུམ་པོ་རྙེད་པར་དཀའ་སྟེ། དེ་རྙེད་པ་ལས་འཁོར་ལོ་ལྔའི་ལྷ་ཚང་བར་བསྒོམ་དགོས་ཞེས་པའི་དོན་ནོ། །ཡང་དེ་ཉིད་གཉིས་པ་དཔེ་ལ་སྦྱར་བ་ནི། ཐོག་མ་དབུས་མཐར་གནས་པའི་འཇིག་རྟེན་གསུམ་ཞེས་པ་སྦྱར་ཏེ། དེ་ཡང་ཐོག་མའི་འཇིག་རྟེན་དགའ་བ། དབུས་མཆོག་དགའ། ཐ་མ་དགའ་བྲལ་ཡིན་ལ། རྙེད་པར་དཀའ་ནི་དགའ་བ་གསུམ་པོ་དེ་ལས། ལྷན་ཅིག་སྐྱེས་པའི་དགའ་བ་རྙེད་པར་དཀའ་ཞེས་པའི་དོན་ནོ། །གསུམ་པ་དེ་མཚོན་པའི་དཔེ་འབའ་ཞིག་དང་སྦྱར་བ་ནི། ཇི་ལྟར་ཞེས་པ་ལ་སོགས་པའི་ཚིག་གཉིས་སྨོས་ཏེ། དེ་ཡང་རིམ་པ་བཞིའི་གསང་བའི་རིམ་པའི་སྐབས་སུ་དགའ་བ་བཞིའི་བདེ་བ་ཉམས་སུ་མྱོང་བ་དེ་དཔེ་ཅི་དང་འདྲ་ཞེ་ན། ལས་གྱི་ཕྱག་རྒྱ་ལ་བརྟེན་པའི་བདེ་བ་དང་འདྲ་བར་སྐྱེའོ། །ཞེས་སྟོན་པ་ནི། དང་པོར་ཞག་གསུམ་ཕྲག་ལྔར་འཇམ་རླུང་སྦྱངས་ལ། དེ་ནས་ཕྱག་རྒྱ་དང་སྙོམས་པར་འཇུག་པར་བྱ་བ་ནི། དཔེར་ན་གཙུབ་སྟན་དང་གཙུབ་ཤིང་དང་སྐྱེས་བུའི་ལག་པ་ལས། དུ་བ་ལ་སོགས་པ་འབྱུང་བ་ལྟར། དོན་ཇི་ལྟར་སྲུབ་དང་ནི་བསྲུབ་བྱ་སྟེ། ལས་ཀྱི་ཕྱག་རྒྱའི་ཆོས་འབྱུང་བསྲུབ་པ་ནི་སྲུབ་བྱེད་སྒྲུབ་པ་པོའི་རྡོ་རྗེའོ། །སྦྱོར་བ་བྱས་པ་ནི་དེ་གཉིས་ཡང་དག་པར་སྦྱོར་བ་ལས། བདེ་བ་མི་རྟོག་པས་བརྒྱལ་བ་འབྱུང་ལ། དེ་ལ་སངས་རྒྱས་ཀྱི་ཡེ་ཤེས་མཚོན་ནུས་པའི་ཤེས་རབ་ཡེ་ཤེས་ཞེས་བྱ་སྟེ། གསང་བའི་རིམ་པའི་སྐབས་སུ་ཉམས་སུ་མྱོང་བའི་བདེ་བ་དེ་ཡང༌། དཔེའི་ཡེ་ཤེས་དེ་དང་འདྲ་བས་ན་དེ་བཞིན་ནོ་ཞེས་བྱའོ། །དེ་ལྟར་གསང་བ་བཤད་པ་ལ་གཉིས་སུ་བྱས་པའི་ལམ་རིམ་པ་གཉིས་བསྟན་ནས། ད་ནི་གཉིས་པ་ལམ་རིམ་པ་གཉིས་ཉམས་སུ་བླངས་པའི་ཕན་ཡོན་འབྲས་བུའི་གསང་བ་བསྟན་པ་ནི། སྔགས་བཟླས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་ཡང་གཉིས། ཐུན་མོང་གི་དངོས་གྲུབ་དང༌། མཆོག་གི་དངོས་གྲུབ་བོ། །དེ་ཡང་དང་པོ་ཐུན་མོང་གི་དངོས་གྲུབ་ནི་སྔགས་བཟླས་ཞེས་པ་སྔགས་ཀྱི་བཟླས་པ་དང༌། བསམ་གཏན་ཏེ་ཏིང་ངེ་འཛིན་དང༌། ལས་སོགས་ཀྱིས་བསྡུ་བ་འཁྲུལ་འཁོར་ལ་སོགས་པའི་སྦྱོར་བའི་ཆོ་གས་འགྲུབ་སྟེ། དེ་དབང་པོ་རབ་ལ་བསམ་གཏན་གྱིས་འགྲུབ་ལ། འབྲིང་བསམ་གཏན་དང་སྔགས་བཟླས་པ་གཉིས་ཀྱིས་འགྲུབ། ཐ་མ་འཁྲུལ་འཁོར་དང་གསུམ་གྱིས་འགྲུབ། ཤིན་ཏུ་ཐ་ཤལ་དུ་གྱུར་པ་དངོས་གྲུབ་ཀྱི་ཁ་སྐོང་དུ་གྱུར་པ་སྦྱིན་སྲེག་དང་བཞིས་འགྲུབ་པས་དེ་དག་གི་མངོན་པར་རྟོགས་པ་ལ་ཆོ་གའི་སྦྱོར་ཉིད་ཅེས་བྱའོ། །གཉིས་པ་མཆོག་གི་དངོས་གྲུབ་ནི། ཀྱང་ཞེས་པས་བསྟན་ཏེ། ཐབས་དེ་དག་གིས་ཐུན་མོང་འགྲུབ་པར་མ་ཟད་མཆོག་ཀྱང་འགྲུབ་ཅེས་བྱའོ། །དེ་ཐབས་གང་གིས་འགྲུབ་ཅེ་ན། ཡང་ཆོ་གའི་སྦྱོར་ཉིད་དེ། སྔགས་ཀྱི་བཟླས་པ་དང་རིམ་པ་གཉིས་ཀྱི་བསམ་གཏན་ཁོ་ནས་འགྲུབ་ལ། རིམ་པ་གཉིས་པོ་དེ་ཡང་ཐབས་ཤེས་རབ་གཉིས་མེད་དུ་ཉམས་སུ་ལེན་པས་ན་ཡེ་ཤེས་ཏེ། དེ་ལྟ་བུའི་ལམ་འབྲས་བུ་དང་བཅས་པ་སྔར་མདོར་བསྟན་པར་བཤད་པ་རྣམས། རྒྱུད་ནི་གཞུང་གི་ཚོགས་ལས་གསུངས་པ་དེ་སྡུད་པ་པོ་ཕྱག་ན་རྡོ་རྗེ་ཁྱོད་ཀྱིས་མ་འོངས་པའི་དོན་དུ་མཉན་པར་གྱིས་ཤིག ཅེས་གདམས་པའོ། །དེ་ལྟར་སྔར་བསྟན་པའི་རིམ་པ་གཉིས་བསྒོམས་པས་དེའི་ཕན་ཡོན་ནི། སྔགས་བཟླས་པ་དང་ཞེས་པ་ལ་སོགས་པས་འབྲས་བུ་དངོས་གྲུབ་གཉིས་འབྱུང་བར་བསྟན་ཀྱང༌། དེ་ལ་གྲོགས་རིགས་ལྡན་མ་མཆོད་པ་དང༌། དམ་ཚིག་བསྟེན་པ་མེད་པར་དངོས་གྲུབ་དེ་མྱུར་དུ་མི་འགྲུབ་པས་རིམ་པ་གཉིས་རྫོགས་པར་བྱེད་ཅིང༌། དངོས་གྲུབ་མྱུར་དུ་སྒྲུབ་པར་བྱེད་པའི་གསང་བ་སྒྲུབ་པ་སྟོན་པ་ལ། དེ་ལ་བཞི་ལས་ལས་དང་པོའི་རིགས་ལྡན་མ་མཆོད་པ་སྟོན་པ་ནི། བར་མ་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་རིགས་ལྡན་མ་ལ་གཉིས་ཏེ། ཕྱིའི་དང༌། ནང་གི་རིགས་ལྡན་མའོ། །ཕྱི་ལ་ཡང་གཉིས་ཏེ། དང་པོ་ཕྱིའི་ཕྱིའི་རིགས་ལྡན་མ་ལཱ་མཱ་རིགས་ལྔ་དང༌། མཁའ་འགྲོ་མ་རིགས་དྲུག་དང་སྦྱོར་བའམ། རང་གི་རིགས་དང་རྗེས་སུ་མཐུན་པ་ཌོཾ་བི་ནཱི་ལ་སོགས་པ་སྟེ། དེ་ཡང་ལོ་གྲངས་བཅུ་དྲུག་མ་ནི་རྩ་རྒྱས་པས་རབ་ཡིན་ལ། ལོ་ཉི་ཤུ་མ་དང་རྩ་ལྔ་མ་ནི་འབྲིང༌། ལོ་བཅུ་གཅིག་མ་དང༌། བཅུ་གཉིས་མ་གཉིས་ནི་རྩ་མ་རྒྱས་པ་དང་ཉམས་པས་ཐ་མའོ། །དེ་ལྟ་བུ་དེའི་རྫས་དང་སྙོམས་འཇུག་ལ་སོགས་པས་མཆོད་པར་བྱའོ། །གཉིས་པ་ཕྱིའི་ནང་གི་རིགས་ལྡན་མ་ནི་ཕྱི་བསྐྱེད་རིམ་ལ་ཕྱིའི་དཀྱིལ་འཁོར་དང༌། ལུས་ཀྱི་དཀྱིལ་འཁོར་ལ་གནས་པ་ཁ་དོག་དང་དབྱིབས་ཀྱི་རྣམ་པ་ཅན་གྱི་མཁའ་འགྲོ་མ་རྣམས་སོ། །ནང་གི་རིགས་ལྡན་མ་ནི་རྫོགས་པའི་རིམ་པ་ལ་རང་གི་ལུས་ལ་ལུས་གྲུབ་པ་དང་ལྷན་ཅིག་གདོད་ནས་གྲུབ་པ་རྩ་སུམ་ཅུ་རྩ་བདུན་ནོ། །ཕྱི་བསྐྱེད་པའི་རིམ་པ་ལའང་ལྷན་ཅིག་སྐྱེས་མ་ལ་སོགས་པ་གསུམ། ནང་རྫོགས་པའི་རིམ་པ་ལ་ཡང་གསུམ་དུ་འགྲོ་བ་ནི་འོག་ཏུ་འབྱུང་ངོ༌། །དེ་ལྟ་བུ་དེ་ཡང་གཞུང་དང་སྦྱར་ན་བསྐྱེད་པའི་རིམ་པ་བས་ཕྱིའི་ཕྱིའི་རིགས་ལྡན་མ་མཆོད་པའི་དབང་དུ་བྱས་པ་ལ་དྲུག་ལས། དང་པོ་མཆོད་པའི་རྫས་ནི་བར་མ་སྟེ་བར་མ་ལས་ཡང་བྱུང་བས་ན་རཀྟ། དབུགས་དབྱུང་ནི་ལུས་ཀྱི་སྟོབས་བསྐྱེད་པས་ན་ཤ་ཆེན་ནོ། །མཆོག་ནི་ལུས་བསྐྱེད་པའི་རྒྱུའི་གཙོ་བོ་ཡིན་པས་བྱང་ཆུབ་ཀྱི་སེམས། དྲིའི་ཆུས་ནི་དྲི་ཆེན་དང༌། དྲི་ཆུ་གཉིས་ཀ་བཟུང་ངོ༌། །བཅས་པས་ཀྱང་ནི་རྙེད་ན་བདུད་རྩི་ལྔ་ཀ་བསྟེན་ལ། མ་རྙེད་ན་གཉིས་ཡན་ཆད་བསྟེན་པར་བྱའོ། །གཉིས་པ་མཆོད་པའི་རྟེན་གྱི་གང་ཟག་ནི་རྣལ་འབྱོར་པ་སྟེ། འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་ཐོབ་པའི་སྒྲུབ་པ་པོས་སོ། །གསུམ་པ་མཆོད་པའི་དུས་ནི་དུས་ཁྱད་པར་དུ་སྟེ། ཟླ་བ་ཡར་ངོ་མར་ངོའི་ཚེས་བཅུའམ། དེ་གཉིས་ཀ་མ་གྲུབ་ན་མར་ངོའི་ཚེས་བཅུ་ལའོ། །ལོའི་དུས་ནི་དགུན་ཟླ་འབྲིང་པོའི་མར་ངོའི་ཚེས་བཅུ་ལ་མཆོད་པར་བྱའོ། །བཞི་པ་མཆོད་པའི་ཡུལ་ནི་རིགས་ལྡན་མ་ཞེས་པ་ལ་སོགས་པའི་ཚིག་གསུམ་སྟེ། དེ་ཡང་རིགས་ལྡན་མ་ཞེས་པ་ནི་གཉིས་ལས། ཕྱིའི་ཕྱིའི་རིགས་ལྡན་མ་རྡོ་རྗེ་རིགས་ཀྱི་བུ་མོ་ཌོཾ་བི་ནཱི་ལ་སོགས་པ་རང་གི་རིགས་དང་མཐུན་པའི་བུད་མེད་སྒྲུབ་པ་པོའི་རྒྱུད་བྱིན་གྱིས་རློབ་པར་ནུས་པའོ། །དེ་དག་རྟག་ཏུ་སྟེ་དུས་རྒྱུན་དུ། མཆོད་པར་བྱ་བ་ནི་བདུད་རྩིའི་རི་ལུ་དང་སྙོམས་འཇུག་གིས་མཆོད་པར་བྱའོ། །དེ་ཉིད་གང་ཞེ་ན་ཕོ་ཉ་ནི་ཕོ་ཉ་ལྟར་རིགས་ལྡན་མ་རྣམས་ཀྱིས་རྣལ་འབྱོར་པའི་བྱ་བ་སྒྲུབ་ཅིང་དངོས་གྲུབ་དགུག་པ་ལ་མྱུར་བས་སོ། །དེ་དག་ཀྱང་བླ་མ་སུ་མ་ཏི་ཀཱིརྟི་ན་རེ་ལྷན་ཅིག་སྐྱེས་པ་ནི་འོག་མིན་ན་བཞུགས་པ། རང་བཞིན་གྱིས་གྲུབ་པའི་རྣལ་འབྱོར་མ་སུམ་ཅུ་རྩ་བདུན། གྲུབ་པ་མོ་ནི་གཉིས་ཏེ་ཞིང་ལས་གྲུབ་པ་ཡུལ་སུམ་ཅུ་རྩ་གཉིས་ན་བཞུགས་པ་དང༌། སྔགས་ལས་གྲུབ་པ་མཁའ་འགྲོ་མ་རྣམས་ཀྱི་སྔགས་བཟླས་པ་ལས་དངོས་གྲུབ་ཀྱི་གྲོགས་བྱེད་པ་ལ་བྱའོ་གསུང་ངོ༌། །བླ་མ་དུས་འཁོར་བ་ལ་སོགས་པ་རྣམས་ནི། གསུམ་པོ་དེ་དཀྱིལ་འཁོར་གཅིག་གི་ལྷ་ལ་བཞག་པ་དང༌། རྣལ་འབྱོར་པ་གཅིག་གི་བློའི་སྤྱོད་ཡུལ་རྫོགས་པ་གཅིག་ལ་བཞག་པ་གཉིས་སུ་གསུངས་ཏེ། དང་པོ་ནི་སྙིང་པོའི་རྣལ་འབྱོར་མ་རྣམས་འོག་མིན་ན་བཞུགས་པས་ལྷན་ཅིག་སྐྱེས་པ། འཁོར་ལོ་གསུམ་གྱི་རྣལ་འབྱོར་མ་རྣམས་འཛམ་བུ་གླིང་གི་ཞིང་ན་བཞུགས་པས་ཞིང་སྐྱེས། སྒོ་མཚམས་མ་བརྒྱད་གདུལ་བྱའི་དོན་དུ་མགོ་བརྙན་དང་ཕྱེད་གཟུགས་སུ་སྔགས་ལས་སྐྱེས་པས་སྔགས་སྐྱེས་སོ། །གཉིས་པ་ནི་སྒྲུབ་པ་པོས་བསྐྱེད་པའི་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་པོ་ཐམས་ཅད་སྔགས་སྐྱེས། སྒོ་མཚམས་མ་བརྒྱད་སྙིང་པོའི་རྣལ་འབྱོར་མ་བཞི་སྟེ་བཅུ་གཉིས་གཙོ་བོ་ཡབ་ཡུམ་དང་བཅས་པ་ཡང་ཞིང་སྐྱེས་ཀྱི་སྡུད་བྱེད་ཡིན་པས་ཞིང་སྐྱེས། ཡང་ཡུལ་ཉི་ཤུ་རྩ་བཞིའམ་སུམ་ཅུ་རྩ་གཉིས་ན་བཞུགས་པའི་སྤྲུལ་པའི་སྐུའི་རྣལ་འབྱོར་མ་ཐམས་ཅད་ཞིང་སྐྱེས། འོག་མིན་ན་བཞུགས་པའི་གདོད་ནས་གྲུབ་པ་རྣམས་ལྷན་ཅིག་སྐྱེས་མ་སྟེ། གཉིས་པོ་དེ་ནི་སྤྲུལ་སྐུ་དང་ལོངས་སྐུ་གཉིས་དང་རིམ་པ་བཞིན་དུ་སྦྱར་རོ། །དེ་དག་ཀྱང་སྔགས་སྐྱེས་ཀྱིས་ཞིང་སྐྱེས་བསྐུལ་ལ། ཞིང་སྐྱེས་ཀྱིས་ལྷན་ཅིག་སྐྱེས་མ་བསྐུལ་ཏེ། སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བར་བྱེད་དེ་དེ་ནི་མདོར་བསྟན་པའོ། །དེ་གཉིས་རྒྱས་པར་བཤད་པ་ནི་མཆོག་དང་ཞེས་པ་ལ་སོགས་པས་སྟོན་ཏེ། དེ་ཡང་ཕྱིའི་ནང་གི་རིགས་ལྡན་མའི་དབང་དུ་བྱས་ནས། མཆོག་ནི་ལྷན་ཅིག་སྐྱེས་མ་སྟེ་དངོས་གྲུབ་གཉིས་ཀ་སྩོལ་བས་སོ། །འབྲིང་ནི་པུལླིར་མཱ་ལ་ཡ་ལ་སོགས་པའི་ཞིང་གི་སྟོབས་ཀྱིས་གྲུབ་པ་ཉི་ཤུ་རྩ་བཞི་སྟེ། དེའི་སྟེང་དུ་པི་པ་ལ་བ་ཨུ་པ་སི་ལའི་གནས་བརྒྱད་བསྣན་པས་སུམ་ཅུ་རྩ་གཉིས་པོ་ནི་ཞིང་སྐྱེས་མ་སྟེ། དེ་ཡང་པི་པུར་པེ་ཏེ་ཤར་དང༌། པ་ཨུ་ད་ར་སྟེ་བྱང་དང༌། ལ་བ་ཚེ་བུ་སྟེ་ནུབ་དང༌། བ་ད་ཀི་ཏེ་ལྷོ་དང༌། གཞན་བཞི་པོ་ཡང་གཡས་སྐོར་གྱིས་མཚམས་བཞིའི་མིང་གི་ཡི་གེ་དང་པོར་རེ་རེ་སྟེ་མཚམས་བཞིའི་ཡིན་ནོ། །དེ་ལྟར་ཀྱེའི་རྡོ་རྗེ་ལས་ཧ་རི་ཀེ་ལ་ཞེས་བྱ་བ་ལ་སོགས་པའི་མིང་གིས་བརྒྱད་བསྟན་པ་གཏུམ་དྲག་ལ་སོགས་པ། ཕྱོགས་མཚམས་ཀྱི་དུར་ཁྲོད་བརྒྱད་དང་ཉེ་བ་བརྒྱད་དེ། དོན་དུར་ཁྲོད་བརྒྱད་པོ་ཉིད་ཡིན་གསུང་ངོ༌། །དེ་ཡང་ཐུན་མོང་གི་དངོས་གྲུབ་སྩོལ་བ་དང༌། མཆོག་གི་དངོས་གྲུབ་ཀྱི་གྲོགས་ཙམ་བྱེད་པས་སོ། །ཐ་མ་ནི་རང་རང་གི་སྔགས་སྒྲུབ་པ་ལས་སྐྱེས་པ་སྔགས་སྐྱེས་མ་སྟེ། དེས་ནི་ཐུན་མོང་གི་དངོས་གྲུབ་ཀྱི་ཡང་གྲོགས་ཙམ་ལས་བྱེད་མི་ནུས་པའི་ཕྱིར་རོ། །ལྔ་པ་མཆོད་པའི་ཚུལ་བསྟན་པའི་སྒོ་ནས་ཕན་ཡོན་དང་རྫས་དང་ཡུལ་དང་བཅས་པ་བསྡུས་ཏེ་བསྟན་པ་ནི་ཡིད་ནི་ཞེས་པ་ལ་སོགས་པ་ལ། དེ་ཡང་ཡིད་ནི་ནང་དུ་ཚུད་པ་ཡིས་ནི་སེམས་མཉམ་པར་གཞག་པས་མཆོད་པ་སྟེ། དེ་ཡང་ཕྱིའི་ཕྱིའི་རིགས་ལྡན་མ་མཆོད་པའི་དུས་སུ། རྡོ་རྗེ་པདྨ་བྱིན་གྱིས་བརླབ་པ་དང༌། དགའ་བ་བཞིའི་ཉམས་སུ་མྱོང་བ་བསྐྱེད་པ་ལ་མ་ཡེངས་པ་དང༌། དེ་ལྟར་བསྟེན་པ་ལ་གུས་ཤིང་ཐེ་ཚོམ་མི་ཟ་བ་ལ་སོགས་པའོ། །དེའི་ཕན་ཡོན་ནི་འདོད་པའི་དངོས་གྲུབ་སྟེ་མཆོག་དང་ཐུན་མོང་གཉིས་ཡིན་ལ། བསྒོམ་པར་བྱ་བ་ནི་དེའི་དོན་དུ་རིགས་ལྡན་མ་མཆོད་པར་བྱའོ། །དེའི་རྫས་ནི་རང་རྫས་ཐིག་ལེ་སྟེ། རེ་ཞིག་དམ་ཚིག་གི་དོན་དུ་སྙོམས་པར་ཞུགས་པས་བྱང་ཆུབ་སེམས་ཀྱི་ཐིག་ལེ་བཏང་ལ། དེ་དང་པོ་རང་གི་ལྕེའི་སྦྱོར་བས་བླངས་ཏེ། དེ་ནས་སྲིན་ལག་གིས་བླངས་ལ་མཆོད་དོ། །རྫས་དེས་ཡུལ་གང་ལ་མཆོད་ཅེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྟེ་རིགས་ལྡན་མ་རྣམས་ལ་མཆོད་པར་བྱའོ། །ཡང་ན་ཕྱིའི་ནང་གི་རིགས་ལྡན་མའི་དབང་དུ་བྱས་ན། ཡིད་ནི་ནང་དུ་ཚུད་པ་ནི། བྱིང་དང་རྒོད་པ་སྤངས་ཏེ། སྔར་བསྟན་པའི་རྫས་ཀྱིས་མཆོད་དོ་ཞེས་བྱའོ། །དེ་ཡང་སྔར་གྱི་རྡོ་རྗེའི་ཚིག་དེ་ཉིད། རྫོགས་པའི་རིམ་པས་ནང་གི་རིགས་ལྡན་མ་མཆོད་པའི་དབང་དུ་བྱས་ཏེ་བཤད་ན། དང་པོ་ཐ་མལ་པ་འཁོར་བ་པའི་མཆོད་ལུགས་ནི་བར་མ་ལ་སོགས་པ་སྟེ། དེ་ཡང་རང་གི་ལུས་ལ་གནས་པའི་བདུད་རྩི་ལྔའོ། །རྣལ་འབྱོར་པ་ནི་སྒྲུབ་པ་པོ་ཐ་མལ་པའི་སེམས་ཅན་རྣམས་སོ། །དུས་ཁྱད་པར་དུ་ནི་དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ། རིགས་ལྡན་མ་ནི་རང་ལུས་ཀྱི་རྩ་རྣམས་ཡིན་ལ། རྟག་མཆོད་བྱ་ནི་རྩ་རྣམས་ཀྱི་ནང་དུ་བྱང་ཆུབ་ཀྱི་སེམས་མགོ་ཟུག་པ་དང༌། ལོངས་སྤྱོད་པ་དང༌། དབང་དུ་བྱེད་པའི་ཚུལ་གྱིས་རྩ་རྣམས་མཆོད་པར་བྱེད་པ་སྟེ། དེ་ནི་སེམས་ཅན་ཐམས་ཅད་ལ་ཡང་དེ་ལྟར་གནས་པའི་དབང་དུ་བྱས་ནས། རང་བཞིན་གྱིས་གནས་པ་ཙམ་ལ་དགོངས་ཏེ་འཁོར་བའི་མཆོད་ལུགས་ཡིན་ནོ། །རྫོགས་པའི་རིམ་པ་བསྒོམ་པའི་རྣལ་འབྱོར་པའི་མཆོད་ལུགས་དངོས་ནི། འབྱུང་བ་བཞིའི་རླུང་མན་ངག་བཞིན་དུ་ཆ་སྙོམས་ཏེ། བར་མ་ལ་སོགས་པ་རྣམས་ནི་རང་གི་བྱང་ཆུབ་ཀྱི་སེམས་ཡིན་ལ། རྣལ་འབྱོར་པ་ནི་རྫོགས་པའི་རིམ་པ་བསྒོམ་པའི་སྒྲུབ་པ་པོས་དུས་ཁྱད་པར་དུ་ནི། དགུན་ཟླ་འབྲིང་པོའི་མར་ངོའི་ཚེས་བཅུའི་ནམ་ཕྱེད་ཀྱི་དུས་ལྟ་བུ་ནས་བཟུང་སྟེ། པུལླཱི་ར་མཱ་ལ་ཡ་ལ་སོགས་པའི་ཡུལ་རྣམས་སུ་ཐིམ་པ་དང་ལོངས་སྤྱོད་པ་དང་དབང་དུ་བྱས་པ་དང་གསུམ་གྱི་ཚུལ་གྱིས་རིགས་ལྡན་མ་རྣམས་ནི། རང་གི་ལུས་ཀྱི་རྩ་རྣམས། རྟག་མཆོད་བྱ་ནི་རྩ་དེ་རྣམས་བྱང་ཆུབ་ཀྱི་སེམས་ཀྱིས་རྒྱས་པར་བྱས་ནས། མཐར་བྱང་སེམས། ཐམས་ཅད་རྩ་དབུ་མར་ཆུད་པ་ལས་རང་གི་ལུས་ཀྱི་ཕུང་པོ་ལ་སོགས་པ་ཟག་པ་མེད་པ་པྲ་སེན་ལྟ་བུར་རྒྱས་པ་ནི་མྱ་ངན་ལས་འདས་པའི་མཆོད་ལུགས་སོ། །དེ་ལྟ་བུའི་རྩ་དེ་དག་ཀྱང་ཕོ་ཉ་ནི་ལུས་ཀྱི་རྩ་རྣམས་ཡིན་ལ། ལྷན་ཅིག་སྐྱེས་གྲུབ་ནི་ལུས་ལ་དང་པོ་ནས་གྲུབ་པའི་རྩ་རྣམས་སོ། །དེ་རྣམས་ཀྱང་མཆོག་ནི་ཨ་ཝ་དྷཱུ་ཏཱི། འབྲིང་ནི་བྷ་གའི་རྩ་ཉི་ཤུ་རྩ་བཞི། ཐ་མ་ནི་སྐུའི་སྒོ་དགུ་དང་འབྲེལ་བའི་རྩ་བརྒྱད་དོ། །མཆོད་པའི་ཚུལ་ནི་ཡིད་ནི་ནང་དུ་ཆུད་པ་ཡིས་ཏེ། རླུང་དང་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཐམས་ཅད་དབུ་མར་ཆུད་ཅིང་བརྟན་པར་གྱུར་པའོ། །དེའི་ཕན་ཡོན་ནི་འདོད་པའི་དངོས་གྲུབ་སྟེ། དེ་ལས་དངོས་གྲུབ་ཐམས་ཅད་འབྱུང་བའི་དོན་དུ་བསྒོམ་པར་བྱའོ། །མཆོད་པའི་རྫས་ནི་རང་རྫས་ཐིག་ལེ་སྟེ་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་བཟློག་པའི་སྦྱོར་བས་གྱེན་ལ་བཟློག་སྟེ། དྲངས་པའི་སྦྱོར་བས་མཆོད་པའོ། །དེས་ཡུལ་གང་ལ་མཆོད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནི། སྒྲུབ་པ་པོ་རང་གི་ལུས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་མཆོད་པར་བྱ་ཞིང༌། དེ་དག་ཟག་པ་མེད་པར་རྒྱས་ཤིང་འཕེལ་བར་བྱས་པའོ། དྲུག་པ་ཕྱི་དང་ནང་གི་རིགས་ལྡན་མ་གཉིས་ཀ་མཆོད་པའི་ཕན་ཡོན་ཐུན་མོང་དུ་བསྟན་པ་ནི། མཐོང་བའམ་ནི་ཞེས་པ་ལ་སོགས་པ་སྟེ། རིགས་ལྡན་མ་མཆོད་པའི་སྒྲུབ་པ་པོ་དེ་སེམས་ཅན་གཞན་གྱི་མིག་གིས་མཐོང་བའམ། དེ་ལ་ལུས་ཀྱིས་རིག་པ་དང༌། དེའི་མཚན་ཙམ་རྣ་བས་ཐོས་པ་དང༌། དེ་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་སེམས་ཅན་དེ་དག་ལ་བསོད་ནམས་ཀྱི་ཚོགས་ཁྱད་པར་ཅན་སོགས་པ་དང༌། དེ་དག་གི་མཚམས་མེད་པ་ལྔ་ལ་སོགས་པའི་སྡིག་པ་ཀུན་ལས་གྲོལ་བར་འགྱུར་བར་དེ་ལྟར་ཐེ་ཚོམ་མེད་ན། རྣལ་འབྱོར་པ་བདག་ཉིད་ལ་བསོད་ནམས་ཀྱི་ཚོགས་མཆོག་ཏུ་གྱུར་པ་དག་པ་སོགས་དང༌། སྡིག་པ་ཐམས་ཅད་འཇིག་པར་བྱེད་པར་འགྱུར་བ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའི་དོན་ནོ། །སྔགས་བཟླས་པ་དང་བསམ་གཏན་དང་ཞེས་པ་ནི་སྔགས་བཟླས་པ་ལ་སོགས་པ་དང༌། རིགས་ལྡན་མ་མཆོད་པས་དངོས་གྲུབ་སྒྲུབ་པའི་ལུགས། སྒྲུབ་པ་པོ་རབ་འབྲིང་ཐ་མ་གསུམ་གོང་དུ་བསྟན་པ་བཞིན་དུ་ཤེས་པར་བྱའོ། །དེ་ཡང་སྔགས་བཟླས་པ་ལ་སོགས་པ་འབའ་ཞིག་གིས་འགྲུབ་བམ་ཞེ་ན་མ་ཡིན་ཏེ། གྲོགས་སྤྱོད་པ་ཡང་དགོས་སོ། །ཞེས་བསྟན་པའི་ཕྱིར། བདེ་བས་ཀྱང་ནི་འགྲུབ་པར་འགྱུར། །ཞེས་སྨོས་ཏེ། བདེ་བ་ནི་དཀའ་ཐུབ་དང་དཀའ་སྤྱད་ལ་སོགས་པ་མེད་པར། འདོད་པའི་ཡོན་ཏན་རྣམ་པ་ལྔ་བསྟེན་པའི་སྦྱོར་བས་འབྲས་བུ་ཚེགས་མེད་པར་མྱུར་དུ་འགྲུབ་པར་འགྱུར་བ་སྟེ། འདི་ནི་འོག་གི་སྤྱོད་པ་ཐམས་ཅད་ཀྱི་མདོར་བསྟན་ཡིན་གསུང་ངོ༌། །གཉིས་པ་དམ་ཚིག་བསྐྱང་པ་ལ་གཉིས་ལས། བསྲུང་བའི་དམ་ཚིག་ནི་ཤིན་ཏུ་མཉམ་གཞག་ཅེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་བསྲུང་བའི་དམ་ཚིག་ནི་ཐུན་མོང་པ་ཉི་ཤུ་རྩ་གཉིས། ཐུན་མོང་མ་ཡིན་པ་ནི་འཁོར་ལོ་བདེ་མཆོག་གི་དམ་ཚིག་བརྒྱད་དེ། དམ་ཚིག་སུམ་ཅུ་པོ་དེ་དང་པོ་ཉམས་པ་མི་འབྱུང་བར་བྱེད་པ་དང༌། གལ་ཏེ་ཉམས་པ་བྱུང་ན་རྩ་བའི་ལྟུང་བ་བཅུ་བཞི་ནི་དབང་གིས་དག་པར་བྱེད་ལ། ལྷག་མ་བཅུ་དྲུག་པོ་ཉམས་ན་ཚོགས་པ་ལ་བཤགས་པས་དག་པར་བྱ་སྟེ་བསྲུང་ངོ༌། །དེའི་ཡི་གེའི་དོན་ནི། ཤིན་ཏུ་མཉམ་གཞག་སྟེ། ལམ་བསྐྱེད་རྫོགས་གཉིས་ལ། སྒྲུབ་པ་པོས་ནི་འཁོར་ལོ་བདེ་མཆོག་གི་རྣལ་འབྱོར་པའོ། །དམ་ཚིག་ནི་རྩ་བའི་དམ་ཚིག་བཅུ་བཞི། ཡན་ལག་གི་དམ་ཚིག་བརྒྱད་དེ་ཉི་ཤུ་རྩ་གཉིས་པོ་ཐུན་མོང་གི་དམ་ཚིག་ཡིན་ལ། རྒྱུད་འདི་ཉིད་ཀྱི་ལེའུ་ཉི་ཤུ་རྩ་དྲུག་པ་ནས་བཤད་པའི་བརྒྱད་པོ་ནི་ཐུན་མོང་མ་ཡིན་པ་སྟེ། དམ་ཚིག་སུམ་ཅུ་པོ་དེ་རྟག་ཏུ་སྟེ། དངོས་གྲུབ་མ་ཐོབ་ཀྱི་བར་དུ་བསྐྱང་བར་བྱ་ནི་དང་པོར་ཐོབ་པ་དེ་མི་ཉམས་པར་བྱ་བ་དང༌། གལ་ཏེ་ཉམས་ན་ཉམས་པ་གསོ་བའི་ཐབས་ཀྱིས་ལྡང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དམ་ཚིག་ཉམས་པའི་རྣལ་འབྱོར་པ་དེས་སྔར་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཀྱང༌། དམ་ཚིག་ཉམས་པས་དེ་ལ་བརྟེན་པའི་དབང་བསྐུར་བའི་ནུས་པ་ཉམས་པར་འགྱུར་ཏེ། དེས་དངོས་གྲུབ་གཉིས་ཐོབ་པར་མི་འགྱུར་ཞིང་དབང་བསྐུར་བ་ཡང་དོན་མེད་པར་འགྱུར་རོ། །གཉིས་པ་བཟའ་བའི་དམ་ཚིག་ཕན་ཡོན་དང་བཅས་པ་བསྟན་པ་ནི། སྦྲང་རྩི་ཞེས་པ་ལ་སོགས་པ་སྨོས་སོ། །དེ་ལ་ཡང་ལྔ་སྟེ། རྫས་དང༌། དུས་དང༌། རྫས་སྦྱང་བ་དང༌། བདུད་རྩི་མྱང་བའི་ཚུལ་དང༌། དེ་དག་གི་ཕན་ཡོན་རྣམས་ཚིག་རྐང་པ་གཉིས་དང༌། རྐང་པ་གཅིག་དང༌། ཡང་རྐང་པ་གཅིག་དང༌། རྐང་པ་གསུམ་དང༌། ཡང་རྐང་པ་གསུམ་གྱིས་རིམ་པ་བཞིན་དུ་སྟོན་པ་ལ། དང་པོ་རྫས་ནི། སྦྲང་རྩི་དྲི་ཆུ། མཚལ་རཀྟ། ག་པུར་བྱང་ཆུབ་ཀྱི་སེམས། བཅས་ཀྱིས་དྲི་ཆེན། དམར་པོའི་ཙནྡན་ཤ་ཆེན་པོ། སྦྱར་བ་ནི་སྟེ་བཤང་བ་ལ་སོགས་པ་དང་བཅས་པས་མཉམ་མེད་གྲུབ་པའི་བཅུད་ཀྱིས་ལེན་ཏེ་དེ་རྣམས་ཚོགས་ཀྱི་དུས་སུ་སྦྱར་རོ། །དེ་ཉིད་དུས་བསྟན་པ་ནི་ཚོགས་ཀྱི་འཁོར་ལོའི་དུས་ཏེ། ཚོགས་ཀྱི་འཁོར་ལོའི་ནང་དུ་རྫས་དེ་རྣམས་གཞག་པར་བྱ། ཞེས་པའི་དོན་ཏོ། །རྫས་དེ་བྱིན་གྱིས་བརླབ་པ་སྟོན་པ་ནི་རྡོ་རྗེ་ཧེ་རུ་ཀ་ལ་སོགས་པའི་ལྷ་རྣམས་སོ། །ཀུན་མཚན་ནི་རང་རང་གི་ཕྱག་གི་མཚན་མའོ། །མཚན་མ་འཛིན་ནི་ཐམས་ཅད་ཀྱི་ཕྱག་གཡོན་པར་ཐོད་པ་འཛིན་པ་སྟེ། དེ་ནི་བདུད་རྩི་མྱང་བའི་སྣོད་ཡིན་ལ། བདུད་རྩི་བྱིན་རླབས་དངོས་ནི་གཏོར་མ་བྱིན་གྱིས་བརླབ་པའམ། ལུ་ཧི་པའི་བདུད་རྩིའི་མཆོད་པ་དང་མཐུན་པ་སྦྱངས་ལ། བཅོམ་ལྡན་འདས་ཀྱི་སྙིང་པོའམ་ཉེ་བའི་སྙིང་པོ་གང་རུང་བཟླས་ཏེ་བཞག་ལ་རྟག་ཏུ་བསྟེན་པར་བྱའོ། །དེ་ནས་བདུད་རྩི་མྱང་བའི་ཚུལ་ནི་བདུད་རྩིའི་ཐོད་པ་ལས་ཀྱང༌། ཐོད་པ་བདུད་རྩི་དང་བཅས་པ་རེ་རེ་ཆད་ནས་ལྷ་རྣམས་ཀྱི་ཕྱག་གཡོན་གྱི་ཐོད་པ་ལ་ཐིམ་པར་བསམས་ལ། སྦོམ་པོ་སྟེ་རང་གི་མཐེ་བོང་དང༌། མཐའ་ལྟག་ནི་སྲིན་ལག་སྟེ་དེ་གཉིས་ཀྱི་རྩེ་མོ་སྦྱར་བས་ལྕེའི་སྟེང་དུ་བདུད་རྩི་མྱང་བར་བྱའོ། །དེ་སུ་ཡིས་ཤེ་ན། རྣལ་འབྱོར་རིག་པ་སྟེ། བདུད་རྩི་མྱང་བའི་ཆོ་ག་རིག་པའི་སྒྲུབ་པ་པོས་རྟག་ཏུ་སྤྱད་ནི་ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་དུས་ཐམས་ཅད་དུའོ། །དེ་ཡང་ཚུལ་ཇི་ལྟར་མྱང་ཞེ་ན། ཞི་བའི་བཏུང་བ་བཞིན་མྱངས་ན་སྟེ། ཞི་བ་ནི་ལྷ་ཡིན་ལ། བཏུང་བ་ནི་ལྷ་རྣམས་ཀྱི་བཏུང་བ་བདུད་རྩིའོ། །བཞིན་མྱངས་ན་ནི་དཔེ་སྟེ། ལྷ་རྣམས་བདུད་རྩི་མྱང་བ་དེ་དལ་བར་དང༌། རོ་ཕྱིན་པར་དང༌། བར་རིང་བར་དང༌། མཉམ་པར་གཞག་པར་དང༌། བྱ་བ་ལ་དམིགས་ཏེ་མྱང་བ་ཆོས་ལྔ་ཡོད་པ་བཞིན་དུ། རྣལ་འབྱོར་པས་ཀྱང༌། དང་པོ་རེག་པའི་དུས་སུ་དལ་བར་མྱང་བ་དང༌། ལྕེའི་སྟེང་དུ་རོ་ཕྱིན་པར་མྱང་བ་དང༌། བར་རིང་བར་ཏེ་ཡུན་རིང་བར་དང༌། མཉམ་པར་གཞག་པ་སྟེ་དེ་ལ་མ་ཡེངས་པ་དང༌། བྱ་བ་ལ་དམིགས་པ་སྟེ། ཞི་བ་ལ་སོགས་པའི་ལས་གང་སྒྲུབ་པ་ལ་དམིགས་ཏེ་མྱང་བའོ། །དེ་སྐད་དུ་ཡང༌། མཁས་པས་གྲུབ་པའི་བདུད་རྩི་མྱང༌། །དང་པོ་བླ་མར་དབུལ་བྱ་སྟེ། །དེ་ཡི་རྗེས་སུ་ཧེ་རུ་ཀ །རྡོ་རྗེ་ཅན་གྱི་ཕྱིར་དབུལ་ལོ། །ཕྱག་རྒྱ་ལ་ནི་ཕུལ་ནས་ནི། །བདག་ཉིད་ཀྱིས་ནི་ཡང་དག་མྱང༌། །སྦྱོར་བ་ཀུན་གྱི་སྙིང་པོ་ཡི། །བདུད་རྩི་རྣམ་པ་ལྔར་འགྱུར་རོ། །ཞེས་གསུངས་པའོ། །དེའི་ཕན་ཡོན་ནི་དངོས་གྲུབ་བརྟག་པ་སྟེ། བདུད་རྩི་མྱངས་པས་བཅུད་ལེན་དུ་གྱུར་ནས་ལུས་རྡོ་རྗེ་ལྟར་སྲ་བ་ཐོབ་པར་འགྱུར་རོ། །དེ་གང་གི་ནུས་པས་ཡིན་ཞེ་ན། འདི་ནི་མི་འཆི་ནི་བདུད་རྩི་ཡིན་ལ། བཅུ་ཕྱེད་ནི་བཅུའི་ཕྱེད་བདུད་རྩི་ལྔ་མྱངས་པས་ནུས་པར་འགྱུར་བའོ། །གཞན་ཡང་དངོས་གྲུབ་ཐམས་ཅད་ནི་མཆོག་དང་མཐུན་མོང་གཉིས་ཡིན་ལ། འཇུག་བྱེད་ཡིན་ནི་དེ་གཉིས་ཀ་འགྲུབ་པའི་གྲོགས་སུ་ཡང་བདུད་རྩི་མྱང་བ་འདི་འགྱུར་ཞེས་པའི་དོན་ཏེ། དེ་སྐད་དུ་ཡང༌། འདི་ལྟ་བུ་ཡི་སྦྱོར་བ་ཡིས། །རྡོ་རྗེ་སེམས་དཔའ་དང་མཉམ་འགྱུར། །ཞེས་གསུངས་པའོ། །དེ་ལྟར་དམ་ཚིག་གཉིས་པོ་དེ་སྔོན་དུ་སོང་བའི་དམ་ཚིག་དང་ལྡན་པའི་སྒྲུབ་པ་པོས་སྒྲུབ་པའི་མཆོད་པ་རྫོགས་པའི་རིམ་པ་བསྒོམ་པར་བྱའོ། །ཞེས་བསྟན་པའི་ཕྱིར། གསུམ་པ་རྫོགས་པའི་རིམ་པ་ཕྱག་རྒྱ་བཞིའི་ཚུལ་གྱིས་བསྒོམ་པ་ཕན་ཡོན་དང་བཅས་པ་སྟོན་པ་ནི། མཆོད་བཞི་ཞེས་པ་ལ་སོགས་པ་སྨོས་ཏེ་འདི་ནི་སྔར་གྱི་གསང་བ་ངེས་པའི་དོན་དུ་བཤད་པ། དེ་ལས་ཀྱང་རྫོགས་པའི་རིམ་པ་ལྟར་བཤད་པའི་སྐབས་སུ་དོན་ལ་སྦྱར་བ་དང༌། དཔེ་དོན་གཉིས་ཀ་ལ་སྦྱར་བ་དང༌། དཔེ་ལ་སྦྱར་བ་གསུམ་གྱིས་རྫོགས་པའི་རིམ་པ་བསྟན་པ་ལས་འདིར་དོན་རིམ་པ་བཞི་ལས་གཞན་པའི་ཚུལ་གཞན་ཕྱག་རྒྱ་བཞིའི་ཚུལ་གྱིས་བསྒོམ་པ་མ་བཤད་པ་དེ་འདིར་སྔར་གྱི་ཁ་སྐོང་གི་ཚུལ་གྱིས་བཤད་པ་ཡིན་ཞེས། བླ་མ་ལོ་ཙཱ་བ་གསུང་ཡང་དེ་ནི་མི་འཐད་དེ། འདི་ནི་གང་ཟག་དབང་པོ་ཐ་མས་བཏགས་པའི་དམ་ཚིག་གི་ཕྱག་རྒྱ་དང༌། ལས་ཀྱི་ཕྱག་རྒྱ་གཉིས་བསྒོམ་པ་ཡིན་ཏེ། དེ་ཡང་ལས་ཀྱི་ཕྱག་རྒྱ་ལ་མཚོན་པའི་ཚུལ་གྱིས་ཉམས་སུ་ལེན་ནོ། །འབྲིང་གིས་ཆོས་ཀྱི་ཕྱག་རྒྱ་རིམ་པ་བཞི་བསྒོམ་པའི་ཚུལ་གྱིས་ཉམས་སུ་ལེན། དབང་པོ་རབ་ཀྱིས་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་རྟོགས་པའི་ཚུལ་གྱི་ཉམས་སུ་ལེན་པ་ཡིན་པས། བཞི་པོ་འདིའི་རྒྱས་པར་བཤད་པ་ནི་འོག་ཏུ་ལེའུ་སུམ་ཅུ་རྩ་བཞི་པ་ལ་སོགས་པར་སྟོན་པ་ཡིན་ལ། དངོས་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་འབྲས་བུ་གཟུགས་སྐུ་གཉིས་ཡིན་གསུང་ངོ༌། །དེ་ཡང་རྫོགས་པའི་རིམ་པ་དེ་ལ་གསང་བ་སྒྲུབ་པར་འཆད་པ་ནི། དེ་སྒྲུབ་པའི་མཆོད་པ་ཡིན་པས་གསང་བ་སྒྲུབ་པར་འཆད་དོ། །དེ་ལྟ་བུའི་རྫོགས་པའི་རིམ་པ་དེ་སུས་བསྒོམ་ཞེ་ན། དཔའ་བོ་ཆེན་པོ་སྟེ། བསྐྱེད་རིམ་ལ་བརྟེན་པ་ཐོབ་ནས་རྫོགས་རིམ་བསྒོམ་པའི་སྒྲུབ་པ་པས་སོ། །དེས་གང་ཞིག་བསྒོམ་ཞེ་ན། ཇི་ལྟར་འདོད་པ་སྟེ། གང་ཟག་གི་དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་བྱེ་བྲག་གིས་སྔར་བཤད་པའི་ཕྱག་རྒྱ་བཞི་ཇི་ལྟར་འདོད་པ་བསྒོམ་པར་བྱ་བའོ། །དེ་ཡང་ཇི་ལྟར་བསྒོམ་ཞེ་ན། དབང་པོ་གཉིས་སྙོམས་པར་འཇུག་པ་སྟེ། སྒྲུབ་པ་པོ་བཞི་དང༌། ཕྱག་རྒྱ་བཞི་སྙོམས་པར་འཇུག་པའི་སྒོ་ནས་རིམ་པ་བཞིན་བསྒོམ་པའི་དོན་ཏོ། །དེའི་ཕན་ཡོན་སྟོན་པ་ནི། སྙོམས་པར་འཇུག་པ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་སྨོས་ཏེ། དེ་ཡང་སྙོམས་པར་འཇུག་པ་ནི། སྒྲུབ་པ་པོ་ཕྱག་རྒྱ་བཞི་དང་སྙོམས་པར་འཇུག་པ་དེ་ལའོ། །དེས་འབྲས་བུ་ཅིར་འགྱུར་ཞེ་ན། དེ་ཉིད་འཛིན་ནི་ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པར་འགྱུར་བའོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་རྟོགས་པའི་ཟག་མེད་ཀྱི་བདེ་བ་དེ་དང༌། ལྷ་དང་མིའི་བདེ་བ་འདྲ་བའམ། ཞེ་ན་མ་ཡིན་ཏེ། ལྷ་དང་མིའི་བདེ་བ་ནི་ཁམས་གསུམ་གྱི་ལྷ་དང་མི་རྣམས་ཀྱི་བདེ་བ་ཐམས་ཅད་གོང་བུར་ཕྱོགས་གཅིག་ཏུ་བསྡུ་བ་བྱས་པ་དང༌། རྡོ་རྗེ་འཛིན་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་ཟག་པ་མེད་པའི་བདེ་བའོ། །བཅུ་དྲུག་ཆར་ནི་དེའི་ཟག་པ་མེད་པའི་བདེ་བ་ཆེན་པོ་དེ་བཅུ་དྲུག་གམ་བརྒྱའི་ཆར་བགོས་པའི་ཆ་གཅིག་དང༌། ལྷ་དང་མིའི་བདེ་བ་ཐམས་ཅད་ཕྱོགས་གཅིག་ཏུ་བཞག་པ་གཉིས་བསྟུན་ན། བཅུ་དྲུག་གམ་རྒྱའི་ཆ་དེ་ལ་ལྷ་དང་མིའི་བདེ་བས་དཔེ་དང་ཆ་དང་བགྲང་བ་དང་རྒྱུར་ཡང་མི་བཟོད་དེ་ཁྱད་པར་དུ་འཕགས་ཞེས་པའི་དོན་ནོ། །དེ་ལྟ་བུའི་ལམ་རིམ་པ་གཉིས་གྲོགས་དང་བཅས་པ་ཉམས་སུ་ལེན་པ་དང༌། ཡང་ལམ་གྱི་གསང་བའི་རིམ་པ་གཉིས་བསྒོམ་པ་ལ་སྔོན་དུ་དབང་བསྐུར་འགྲོ། དེ་ལ་ཡང་སྔོན་དུ་དཀྱིལ་འཁོར་འགྲོ། དཀྱིལ་འཁོར་བྲི་བ་ལ་སྔོན་དུ་བསྙེན་པ་འགྲོ། དེ་ལ་གནས་དགོས་པ་དང༌། ཡང་བསྙེན་པ་སྔོན་དུ་སོང་བས་དཀྱིལ་འཁོར་བྲི་བ་རང་ལ་ཡང་གནས་དགོས་པས་ན། གསང་བ་སྒྲུབ་པ་ལ་ཞི་ཡོད་པའི་ཐ་མ་གནས་བསྟན་པའི་ཕྱིར། རི་བོ་ཞེས་པ་ལ་སོགས་པ་སྨོས་ཏེ། འདི་ནི་སྔར་གསང་བ་ངེས་པའི་དོན་དུ་བཤད་པའི་བསྐྱེད་རིམ་གྱི་སྐབས་སུ་བརྟེན་པ་བཤད་པ་ལས་རྣལ་འབྱོར་པའི་རྟེན་གསལ་བར་མ་བཤད་པའི་དེ་ཁ་སྐོང་གི་ཚུལ་དུ་ཡང་བཤད་པ་ཡིན་ལ། དེའི་ཚིག་དོན་ནི་རི་བོ་སྟེ་གྲོང་ལས་དཔག་ཚད་དམ་རྒྱང་གྲགས་ཀྱིས་འཕགས་པའི་རི་བོ་མཐོན་པོའམ། ཚང་ཚིང་ནི་དེ་བས་དམའ་བའི་ནགས་ཚང་ཚིང་གི་ནང་ངམ། རུ་སུལ་ནི་རིའི་སུལ་དངོས་ཡིན་ལ། ཡང་འགྱུར་ཁ་ཅིག་ལས་རིའི་ཕུག་བྱ་བར་ཡོད་དེ། དེ་ནི་གྲགས་པར་ཟད་དོ། །ཆུ་བོ་ཆེན་པོ་ནི་གངྒཱ་ལ་སོགས་པ་ཡིན་ལ། དེའི་ངོགས་དག་སྟེ་འགྲམ་མམ། གདོད་ནས་གྲུབ་པའི་དུར་ཁྲོད་ནི་འཛམ་བུའི་གླིང་གྲུབ་པའི་དུས་སུ། ལྷན་ཅིག་གྲུབ་པའི་ཡུལ་ཉི་ཤུ་རྩ་བཞི་ན་ཡོད་པའི་དུར་ཁྲོད་བརྒྱད་ཡིན་ཏེ། དེ་དག་ནི་སྒྲུབ་པ་པོ་བརྩོན་འགྲུས་རྩོམ་པ་དང༌། བཀྲ་ཤིས་པའི་གནས་ཡིན་པས་སོ། །དེར་ནི་སྟེ། དེ་ལྟ་བུའི་གནས་དེ་དག་ཏུ་དཀྱིལ་འཁོར་བྲི་བར་བྱ་བ་ནི། བསྙེན་པ་ལ་སོགས་པའི་དུས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་གནས་བསྟན་པ་ཡིན་ལ། ཡང་འདིས་མཚོན་ནས་འོག་གི་དབང་བསྐུར་བའི་དོན་དུ་དཀྱིལ་འཁོར་བྲི་བའི་གནས་ཀྱི་མདོར་བསྟན་པར་འགྲོ་བར་ཤེས་པར་བྱའོ། །དེ་ནི་སྒྲ་ཅི་བཞིན་པར་བཤད་པ་ཡིན་ལ། རྡོ་རྗེའི་ཚིག་དེ་ལས་ངེས་དོན་དུ་བཤད་པས་རྫོགས་པའི་རིམ་པར་སློབ་དཔོན་ཀཾ་པ་ལས་བཤད་ཀྱང་འདིར་བཤད་པ་མི་མཛད་དོ། །དེ་ལྟར་ལེའུའི་གཞུང་བཤད་ནས། ལེའུའི་མཚན་ནི་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ནི་རྒྱུད་ཀྱི་གཞུང་སྤྱི་ཡིན་ལ། དེ་ལས་བྱེ་བྲག་ཏུ་དཀྱིལ་འཁོར་ལ་འཇུག་པ་ནི་ལེའུའི་ཞབས་སུ་དཀྱིལ་འཁོར་བསྒོམ་པ་དང༌། བྲི་བའི་གནས་བསྟན་པའི་སྒོ་ནས་མིང་བཏགས་པ་ཡིན་ཏེ། ལེའུ་ནི་ལེའུ་དང་པོའི་བརྗོད་བྱ་སྟོན་པའི་གཞུང་གི་ཚོགས་སོ། །དང་པོ་ནི་སྤྱིར་ལེའུ་ལྔ་བཅུ་རྩ་གཅིག་ཡོད་པའི་གྲངས་ཀྱི་གནས་གཞན་དང་པོའོ། །དཔལ་བདེ་མཆོག་ཉུང་ངུའི་རྒྱུད་ཀྱི་ཊཱི་ཀ་མུ་ཏིག་གི་ཕྲེང་བ་ལས་ལེའུ་དང་པོའི་ཚིག་དང་དོན་དུ་བཅས་པ་རྣམ་པར་བཤད་པའོ།།  །།དེ་ལྟར་ལེའུ་དང་པོས་ལམ་དང་འབྲས་བུའི་གསང་བ་ཐམས་ཅད་མདོར་བསྟན་ནས། ལེའུ་གཉིས་པ་མན་ཆད་ཀྱི་ལེའུ་བཞི་བཅུ་རྩ་དགུས་རྒྱས་པར་སྟོན་ཏེ། དེ་ལ་གསུམ་ལས་དང་པོ་ལམ་གྱི་གསང་བ་སྟོན། དེ་ལ་ཡང་གཉིས་ལས། ལེའུ་གཉིས་པ་དང༌། ལེའུ་གསུམ་པས་ལམ་གྱི་གསང་བ་ལ་འཇུག་པ། དེ་ཡང་ལེའུ་གཉིས་པ་མན་ཆད་ནི་ལེའུ་དང་པོ་དང་འབྲེལ་གྱི་སྒོ་ནས་སྟོན་ཏེ། དེ་ཡང་ལེའུ་ལེའུའི་འབྲེལ། ལེའུ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའི་འབྲེལ། ལེའུ་མངོན་པར་རྟོགས་པའི་འབྲེལ་ལོ། །དང་པོ་ལེའུ་ལེའུའི་དང༌། ལེའུ་མདོར་བསྟན་རྒྱས་བཤད་ཀྱི་འབྲེལ་ནི། ལེའུ་དང་པོའི། གསང་བ་མཆོག་གི་དགྱེས་པ་ན། །ཞེས་པ་ལ་སོགས་པ་དང༌། རི་བོ་རི་སུལ་ཞེས་པ་ལ་སོགས་པས་དཀྱིལ་འཁོར་བྲི་བའི་གནས་བསྟན་ལ། དེ་རྒྱས་པར་བཤད་པའི་ཚུལ་གྱིས་ལེའུ་གཉིས་པ་དང་གསུམ་པས། གནས་དེ་དང་འབྲེལ་བའི་དཀྱིལ་འཁོར་བྲི་བ་ལ་སོགས་པ་སྟོན། ལེའུ་བཞི་པའི་ཕྱོགས་གཅིག་གིས་དབང་བཞི་པའང་སྟོན་ཏེ། མདོར་ན་ལེའུ་བཞི་པའི་བརྗོད་བྱ་དངོས་ནི། ལེའུ་དང་པོར་ལམ་གྱི་གསང་བ་དང༌། གསང་བ་སྒྲུབ་པ་ལ་སོགས་པ་བསྟན་ནས། དེའི་དེ་ཁོ་ན་ཉིད་ནི་ལེའུ་བཞི་པར་རིམ་པ་གཉིས་ལ་དེ་ཁོ་ན་ཉིད་བཞི་བཞི་བརྒྱད་དུ་སྟོན་པ་ཡིན་ནོ། །ལེའུ་མངོན་པར་རྟོགས་པའི་འབྲེལ་ནི། དེ་ལྟ་བུའི་དེ་ཁོ་ན་ཉིད་སྟོན་པ་ལ། སྔོན་དུ་དབང་འགྲོ་བས་ལེའུ་གསུམ་པས་དབང་བསྐུར་བ་བཤད་ལ། དེ་ལ་ཡང་སྔོན་དུ་དཀྱིལ་འཁོར་འགྲོ་བས་ལེའུ་གཉིས་པས་དཀྱིལ་འཁོར་སྟོན་པ་དེ་ལ། ལེའུའི་གཞུང་དང༌། ལེའུའི་མཚན་གཉིས་ལས། དང་པོ་ལ་ལྔ་སྟེ། སློབ་དཔོན་གྱི་མཚན་ཉིད་དང༌། སའི་ཆོ་ག་དང༌། དཀྱིལ་འཁོར་བྲི་བ་དང༌། བུམ་པ་ལྷག་པར་གནས་པ་དང༌། དཀྱིལ་འཁོར་སྒྲུབ་པ་བསྟན་པའོ། །དང་པོ་ནི་སློབ་དཔོན་མེད་པར་རྒྱུད་ལ་རང་དགར་འཇུག་པ་དགག་པའི་ཕྱིར། གཞུང་འཁྲུགས་ཀྱི་ཚུལ་དུ་བཤད་པར་བྱ་སྟེ། དེ་ཡང་རྒྱུད་འདིའི་བསྙེན་པ་ལ་སོགས་པ་བྱེད་པའི་སློབ་དཔོན་ཇི་ལྟ་བུ་ཞིག་གིས་བྱ་ཞེ་ན། སློབ་དཔོན་མཚན་ཉིད་ཐམས་ཅད་དང་ལྡན་ཞིང་དེ་ཁོ་ན་ཉིད་བཅུ་ལ་སོགས་པ་ཤེས་པའོ། །དེའི་ཁྱད་པར་གྱི་མཚན་ཉིད་ཡང་དག་ཤེས་ཏེ། ཡང་དག་པའི་དོན་ཤེས་ཤིང༌། རྒྱུད་ཤེས་པ་ནི་རྒྱུད་འདིའི་དོན་ཡན་ལག་བཞི་དང་ལམ་དང་འབྲས་བུའི་གསང་བའི་གནས་ཤེས་པའོ། །དཔལ་ལྡན་ཁྲག་འཐུང་གསང་སྔགས་ནི། །སྙིང་པོ་ལ་སོགས་པའི་སྒོ་ནས་ཞི་བ་ལ་སོགས་པའི་ལས་སྒྲུབ་པའི་ཐབས་ཤེས་པའོ། །ཁྲོ་མེད་ནི་གཞན་ལ་ཁྲོ་བ་མེད་ཅིང་སྙིང་རྗེ་ཆེ་བ། གཙང་ཞིང་སྟེ། རྩ་བ་དང་ཡན་ལག་གི་དམ་ཚིག་དང་ལྡན་པ། མཁས་པ་ནི་དེ་ཁོ་ན་ཉིད་བཅུ་ཤེས་པ། སྦྱོར་ཤེས་ཏེ་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་ཤེས་པ། ཡེ་ཤེས་ཕ་རོལ་འགྲོ་ནི་མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་ཤེས་པའོ། །དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་སློབ་དཔོན་དེས་བསྙེན་པ་རབ་འབྲིང་ཐ་མ་གསུམ་གང་རུང་ཅིག་སྔོན་དུ་སོང་བས། གཉིས་པ་སའི་ཆོ་ག་བྱེད་པ་ལ་ས་སྦྱང་བ། ས་གཟུང་བ། དཀྱིལ་འཁོར་གྱི་གནས་བསྲུང་བ་གསུམ་ལས། དང་པོ་ནི་སྔར་བཤད་པའི་གནས་སུ་ཕྱིན་ཏེ། དེ་དག་ཏུ་སྔར་དཀྱིལ་འཁོར་མ་བྱས་པ་ཡིན་ན། ས་ཆོག་གི་ཡོ་བྱད་ཚོགས་པ་དང་ལྡན་པས་དང་པོ་ལས་དང་བྱ་བས་སྦྱོང་བ་ནི་རྡོ་རྗེ་མཁའ་འགྲོ་ནས་བཤད་པ་ལྟར་པུས་མོའམ། རྐང་པའམ་ལྐོག་མ་ནུབ་ཙམ་དུ་ཟབས་སུ་བརྐོས་ལ། ཉེས་པ་དང་བཅས་པས་ན་གྱོ་མོ་ལ་སོགས་པའི་སྐྱོན་རྣམས་བསལ་ཏེ། ས་དེ་བའི་རྣམ་པ་ལྔ་དང་བདུད་རྩི་རྣམ་པ་ལྔའི་ཆུས་བྲན་པས། སྔར་གྱི་ཁུང་བུ་བཀང་ནས་འཐས་པར་བཅག་ཅིང༌། མེ་ལོང་གི་ངོས་ལྟར་མཉམ་པར་བྱས་ལ། དེའི་སྟེང་དུ་བྱུག་པ་བྱ་བ་ནི་དེ་ལ་སྟེ། སྔར་གྱི་དཀྱིལ་འཁོར་བྲི་བའི་གནས་གསུངས་པ་དང༌། གནས་དེར་ལས་དང་བྱ་བས་ས་སྦྱངས་པའི་དཀྱིལ་འཁོར་དེ་ལ་ལྕི་བ་སྟེ། བ་སེར་སྐྱའི་ལྕི་བ་ས་ལ་མ་ལྷུང་བ་ལ་སོགས་པའི་རྣམ་པ་ལྔས། དཀྱིལ་འཁོར་ས་ནི་སྟེ། དཀྱིལ་འཁོར་གྱི་སྟེང་དུ་ཉེ་བར་བྱུགས་ལ། ཡང་དེར་ཐུན་མོང་མ་ཡིན་པའི་རྫས། དུར་ཁྲོད་ཐལ་བར་ལྡན་པ་ནི། ཆོས་བདག་མེད་པ་མཚོན་པ་སྟེ་དེ་དང༌། མི་འཆི་བཅུ་ཕྱེད་བདུད་རྩི་ལྔ་དང་བཅས་པས་དཀྱིལ་འཁོར་གྱིས་དེ་ནི་ལག་པ་གཡོན་པས་བྱུགས་ལ། དེར་འོག་ནས་འབྱུང་བ་ལྟར་དཀྱིལ་འཁོར་གྱི་ཐིག་གདབ་པ་དང༌། ཚོན་གྱིས་བྲི་བ་ཡང་དག་པར་བརྩམ་མོ། །གཉིས་པ་ས་གཟུང་བ་བསྟན་པ་ནི། ཐོད་པས་ཞེས་པ་ལ་སོགས་པ་སྟེ། དེ་ཡང་སྔར་བཤད་པའི་མཚན་ཉིད་དང་ལྡན་པའི་སློབ་དཔོན་དེ་རྒྱན་དང་ལྡན་པས་བདག་ཉིད་ལྷར་བསྐྱེད་པ་ནི། ཐོད་པ་སྟེ་ཐོད་པའི་དུམ་བུས་སྤྱི་བོར་བརྒྱན་པ་དང༌། ཡན་ལག་ཐམས་ཅད་ཐལ་བ་ཆེན་པོས་བྱུགས་པ་དང༌། གུག་སྐྱེད་ནི་ན་མ་ཧི་ལ་སོགས་པའི་སྔགས་དང་བཅས་པའི་རུས་པའི་རྒྱན་དྲུག་གིས་ལུས་ལ་བརྒྱན་ཅིང༌། རུས་པའི་ཕྲེང་བའི་རྒྱན་དང་ཐོད་པའི་དུམ་བུ་གཅིག་པས་སྤྱི་བོར་བརྒྱན་པ་དང༌། རུས་པའི་ཕྲེང་བ་རྣམ་པར་ལྡན་པ་ནི་ཐོད་པ་ལྔ་བཅུའི་ཕྲེང་བའོ། །ཁ་ཊྭཱཾ་ག་ནི་ལག་ན་གནས་ནི་དེ་དངོས་སུ་ལག་ཏུ་འཛིན་པ་སྟེ། དེ་ལྟ་བུའི་རྒྱན་དེ་རྣམས་དང་ལྡན་པས་སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། ལྷ་མངལ་སྐྱེས་སྒོང་སྐྱེས་གང་རུང་གི་སྐྱེད་ཆོག་རྫོགས་པར་བསྐྱེད་པ་ནི། བདག་ཉིད་ཧེ་རུ་ཀར་བྱས་ནས། །ཞེས་པས་བསྟན་ནོ། །དེ་ནས་དཔའ་བོ་དང་དཔའ་མོའི་གོ་ཆ་བཀོད་ལ་རང་གི་ལུས་ལ་ལྷ་རྣམས་དགོད་པ་ནི། དེའི་འོག་ཏུ་དཔལ་ལྡན་ཧེ་རུ་ཀར་དྲན་པར་བྱ་ཞེས་པས་བསྟན་ཏེ། དེ་ཡང་པཎྜི་ཏ་སུ་མ་ཏི་ཀཱིརྟི་ནི་ལཱུ་ཧི་པའི་འགྲེལ་པ་ལྟར་དགོད་པ་འདོད་ལ། དུས་འཁོར་བ་ལ་སོགས་པ་རྣམས་ནི་རྩ་བ་རྐྱང་པའི་ལུགས་ལྟར་དགོད་པར་འདོད་དེ། དེ་ནི་གོ་ཆ་ཆེན་པོའོ། །དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་ནི་འཁོར་ལོ་སྟེ། ཡེ་ཤེས་ཀྱི་འཁོར་ལོ་འདི་ནི་དམ་ཚིག་གི་འཁོར་ལོ་སྟེ། དེའི་སྙིང་གར་དགོད་དོ། །དེ་ལྟར་བདག་ཉིད་གོ་བགོས་ནས་ནི། སའི་ཆོ་གའི་དུས་སུ་གོ་ཆ་གསུམ་དང་ལྡན་པ་གཅེས་པ་ཡིན་པས་གོ་ཆ་གསུམ་བགོ་བ་དང༌། དབང་བསྐུར་བ་དང༌། མཆོད་པའི་བར་དུ་རྫོགས་པར་བྱས་པའོ། །དེ་ནས་གསུམ་པ་དཀྱིལ་འཁོར་གྱི་གནས་བསྲུང་བ་བསྟན་པ་ནི། རྭ་བ་རྣམས་ནི་ཕྱོགས་སུ་དགོད་ནི། ཕྱོགས་སྐྱོང་གི་རོ་བརྒྱད་ཞུ་བ་ལས་ཕྱོགས་སུ་རྡོ་རྗེ་རྭ་བ་དང་དྲྭ་བ་བསྒོམ་པ་སྟེ། དེ་ཡང་ཨ་བྷི་དྷ་ན་ནས་འབྱུང་བ་ལྟར་སྔགས་དང་བཅས་པས་སོ། །འོག་ནི་འོག་གི་རོ་ཞུ་བ་ལས་མཚོན་ཆ་དགོད་པར་བྱ་བ་ནི་འོག་རྡོ་རྗེའི་ས་ཞིར་བསྒོམ་པའོ། །དེ་ནས་འོག་ཏུ་སྦྱར་ཏེ། སྟེང་དུ་མདའ་ཡི་དྲྭ་བ་བྱ། །ཞེས་པ་སྟེ། སྟེང་གི་རོ་ཞུ་བ་ལས་མདའི་དྲྭ་བ་དང༌། དེར་མ་ཟད་མཁའ་སྤྱོད་དུ་རྡོ་རྗེའི་གུར་བྱུང་བར་བསམ་པ་སྟེ། དེ་ཡང་ལག་ལེན་ནི་དཀྱིལ་འཁོར་གྱི་ཆོ་ག་ལྟར་བྱ་གསུང་ངོ༌། །དེ་ལྟ་བུའི་སྲུང་བའི་འཁོར་ལོ་དེ། ཚད་ཅི་ཙམ་དུ་བསྒོམ་ཞེ་ན། འཁོར་ལོ་གནས་པའི་བདག་ཉིད་མཉམ་ནི། དཀྱིལ་འཁོར་གྱི་ཚད་ཁྲུ་བཞི་ལ་སོགས་པ་ལས་མེད་ཀྱང༌། བསྒོམ་པ་ལ་དཀྱིལ་འཁོར་དང་སྲུང་བའི་འཁོར་ལོ་གཉིས་ཀ་ཚད་རང་གི་བློས་འཁྱུད་ཚད་ཙམ་དུ་བསྒོམ་པ་ཡིན་ནོ། །པཎྜི་ཏ་སུ་མ་ཏི་ཀཱིརྟི་ནི། འདིར་དཀྱིལ་འཁོར་གྱི་གནས་བསྲུང་བ་དེ་ཙམ་ལས་མི་བྱེད་ལ། དུས་འཁོར་བ་ལ་སོགས་པའི་པཎྜི་ཏ་བགྲེས་པོ་རྣམས་ནི། དེའི་སྟེང་དུ་སྟངས་སྟབས་བརྒྱད་བྱས་ལ་དེ་ནས་རང་གི་སྙིང་ག་ནས་འོད་སྤྲོས་པས་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་རྣམས་ནམ་མཁའ་ལ་སྤྱན་དྲངས་ལ། མཆོད་པ་ཅི་རིགས་པས་མཆོད་པ་ནི་ས་གཟུང་བར་བཞེད་དོ། །དེ་དག་གིས་ནི་གོ་ཆར་འགྱུར་ནི། དཀྱིལ་འཁོར་གྱི་སྲུང་བའི་འཁོར་ལོར་འགྱུར་ཞེས་པའི་དོན་ཏོ། །དེ་ལྟ་བུའི་དཀྱིལ་འཁོར་གྱི་གནས་བསྲུང་བ་བྱས་པའི་ཕན་ཡོན་ནི། དེ་ལྟར་གོ་བགོས་ཞེས་པ་ནི་གོ་ཆ་བགོས་པ་སྔོན་དུ་འགྲོ་བས་བསྲུང་བ་བྱས་ན། སུམ་ཅུ་རྩ་གསུམ་པའི་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཀྱང་གཞིག་པར་མི་ནུས་སོ། །དེ་ལྟར་ནུབ་དང་པོ་སའི་ཆོ་ག་བསྟན་ནས། དེ་ནས་ནུབ་གཉིས་པ་ལྷག་པར་གནས་པའི་ཆོ་ག་ནི། སྟ་གོན་གྱི་ཡོ་བྱད་ཐམས་ཅད་ཚོགས་པ་དང་ལྡན་པས། ལྷའི་རྣལ་འབྱོར་རྫོགས་པར་བསྒོམ་སྟེ་ལྷ་ལྷག་པར་གནས་པ་དངོས་དང༌། འོག་ནས་འབྱུང་བའི་བུམ་པ་སྟ་གོན་དུ་གནས་པ་དང༌། སློབ་མ་ལྷག་པར་གནས་པ་གསུམ་ལག་ལེན་དཀྱིལ་འཁོར་གྱི་ཆོ་ག་ནས་འབྱུང་བ་ལྟར་བྱས་ལ། སྟ་གོན་གསུམ་རྫོགས་པ་དང་སྟ་གོན་གྱི་ལྷ་རྣམས་རང་གི་དབུགས་ཀྱིས་སྣ་བུག་གཉིས་ནས་སྙིང་གར་བསྡུ་བར་བྱའོ། །གསུམ་པ་དཀྱིལ་འཁོར་བྲི་བ་ལ་གཉིས་ལས། དང་པོར་བཤད་པར་དམ་བཅའ་བ་བསྟན་པ་ནི། དེ་ལྟར་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་སྨོས་ཏེ། དེ་ཡང་དེ་ལྟར་བདག་ཉིད་རབ་སྲུང་ཞིང་ནི་སྟ་གོན་གྱི་དུས་སུ། བདག་ཉིད་དང་གནས་བསྲུང་བ་བྱས་པའོ། །དེ་ནས་ཐིག་གདབ་པ་ནི་སྔོན་དུ་སློབ་མ་ལ་རྨི་ལམ་དྲིས་ལ། སློབ་དཔོན་སྐད་ཅིག་ཙམ་གྱིས་ཕྱག་བཅུ་གཉིས་པ་ཡབ་ཡུམ་གྱི་ལུས་ལ་ལྷ་རྣམས་ཚང་བར་བསྒོམ་པ་ནི། སྔགས་ཏེ། དཔའ་བོ་རྣམས་དང་ཕྱག་རྒྱ་སྟེ། དཔའ་མོ་རྣམས་ཀྱི་ལུས་ལ་བརྒྱན་པར་བསྒོམས་ནས། དེ་ནས་ལྷ་རྣམས་སྙིང་གར་བསྡུས་ཏེ། སློབ་དཔོན་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་དུ་གནས་པས། ཐིག་གདབ་པ་ལ་སོགས་པ་བྱ་བ་ནི། དངོས་གྲུབ་ཐམས་ཅད་རབ་སྟེར་བ་ནི། དབང་བསྐུར་བའི་ངང་ལས་སྒྲུབ་པ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་རབ་སྟེར་བའི་དཀྱིལ་འཁོར་ཏེ། ཧེ་རུ་ཀའི་དཀྱིལ་འཁོར་འཇིགས་པ་ནི་ཁྲོ་བོའི་དཀྱིལ་འཁོར་ཡིན་པས་སོ། །བྲི་བར་བྱ་ནི་དང་པོའི་ཐིག་དང་ཚོན་བྲི་བ་དང་ལྷ་དགོད་པས་བྲི་བར་བྱའོ། །རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་ཐིག་གདབ་པ་ནི་དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ནས་ནི་ལྷག་པར་གནས་པ་བྱས་པའི་རྗེས་ལའོ། །སྲད་བུའི་རྒྱུ་བསྟན་པ་ནི་སེམས་མེད་པ་ནི་རོ་ཡིན་ལ། སྲད་བུ་ནི་རོའི་རྒྱུས་པ་ལས་བྱས་པའི་སྲད་བུའམ། རོ་དང་ལྷན་ཅིག་དུར་ཁྲོད་དུ་བསྐྱལ་བའི་སྐུད་པ་ས་ལ་མ་ལྷུང་བའོ། །རུ་དྷི་ར་ནི་ཆེན་པོ་སྟེ་མིའི་རྒྱུ་མ་བསྒྲིལ་བ་ཡིན་ཞེས་བླ་མ་གསུང་མོད་ཀྱང༌། དོན་ནི་བདུད་རྩི་ལྔ་དང་བཅས་པའི་ཁྲག་ཆེན་པོས་སྲད་བུ་ལ་བསྒོས་པ་སྟེ། འདི་ཐིག་ཆལ་ཡང་ཡིན་པར་བཟུང་ལ་འདིར་ཐིག་བྱིན་གྱིས་བརླབ་པ་ནི་མེད་དོ། །ཞེས་བླ་མ་གསུང་ངོ༌། །དེ་ལྟ་བུའི་སྲད་བུ་དེས་གང་གི་ཐིག་གདབ་ཅེ་ན། དཔལ་ལྡན་ཁྲག་འཐུང་སྟེ། བདེ་བ་ལ་ལོངས་སྤྱོད་པ་དང༌། གདུལ་བྱ་གདུག་པ་ཅན་འདུལ་བས་གྲོང་ཁྱེར་ནི་དེ་བཞུགས་པའི་གནས་མཆོག་སྟེ། ཐུགས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཡིན་པས་སོ། །དེ་ཉིད་ཁྲོ་བོའི་དཀྱིལ་འཁོར་ཡིན་པས་ན་དཀྱིལ་འཁོར་འཇིགས་པ་སྟེ། དེའི་ཐིག་གདབ་པར་བྱའོ། །དེ་ཡང་ཚད་ཇི་ཙམ་དུ་བྲི་ཞེ་ན། ཁྲུ་གང་སྟེ་རང་དམ་ཚིག་གསོ་བ་དང༌། དངོས་གྲུབ་སྒྲུབ་པའི་དཀྱིལ་འཁོར་གྱི་ཚད་ནི་ངོས་རེ་རེ་ལ་ཁྲུ་རེ་རེ་བྱ་བའོ། །ཁྲུ་བཞི་པ་དང་ཁྲུ་བརྒྱད་པ་ནི་དབང་བསྐུར་བའི་དཀྱིལ་འཁོར་གྱི་ཚད་དེ། ཁྲུ་བཞི་ནས་བཟུང་ནས་ཉི་ཤུའི་བར་དུ་སྟེ། དེ་ལས་ལྷག་པ་ནི་མི་བྱའོ། །དེ་ཡང་ཇི་ལྟར་གདབ་ཅེ་ན། སྒོ་བཞི་པ་ལ་སོགས་པའི་ཚིག་གཉིས་སྨོས་ཏེ། དེ་དག་ལ་སོགས་པ་དང་ལྡན་པར་ཐིག་གདབ་པ་ནི་གོ་བར་ཟད་དོ། །དེ་ཡང་སུས་གདབ་ཅེ་ན་སྔགས་པས་ཏེ། ཐིག་གི་ཆ་བགོ་བ་ལ་སོགས་པ་མཁས་པའི་སློབ་དཔོན་གྱིས་སོ། །དེའི་སྲད་བུའི་ཚད་ཇི་ལྟ་བུས་གདབ་ཅེ་ན། ཉིས་འགྱུར་རྣམ་སྤྱད་ནི། ཆུར་དཀྱིལ་འཁོར་གྱི་ཉིས་འགྱུར་ལ། སྦོམས་སུ་སྒོའི་ཉི་ཤུ་ཚད་ཀྱི་སྲད་བུས་སོ། །ཐིག་གདབ་པའི་ཐབས་དངོས་ནི་སློབ་དཔོན་ཀཾ་པ་ལས་འགྲེལ་པར་བཤད་པ་ལྟར་གདབ་པར་བྱ་སྟེ། དེ་འདིར་བྲི་བར་མི་བྱའོ། །དེ་ལྟར་ཐིག་གདབ་པའི་རྗེས་ལ་ཚོན་བྲིས་ཏེ། ལྷ་བཀོད་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། མཁའ་འགྲོ་དྲྭ་བའི་བདེ་མཆོག་མཆོད། །ཅེས་འབྲེལ་ཏོ། །གཉིས་པ་ཚོན་བྲི་བ་ནི་སྔར་བཞག་པའི། དུར་ཁྲོད་དུ་ནི་ཀུན་སྤྱོད་ཅིང༌། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་པོ་དང༌། དེའི་དབུས་སུ་ཞེས་པ་ལ་སོགས་པའི་ཚིག་གསུམ་ཕྱོགས་གཅིག་ཏུ་བསྡེབས་པས་སྟོན་ཏེ། དུར་ཁྲོད་དུ་ནི་ཀུན་སྤྱོད་ཅིང༌། །ཞེས་པ་འདིས་སྔར་གསུངས་པའི་དཀྱིལ་འཁོར་བྲི་བའི་གནས་བཤད་པ་ཡིན་ཞེས་གསུང་ཡང༌། འདིས་ནི་ཚོན་ཉིད་བཤད་པ་ཡིན་ཏེ། དེ་ཡང་དུར་ཁྲོད་དུ་ནི་ཀུན་སྤྱོད་ཅིང་ནི། དུར་ཁྲོད་ཀྱི་བདག་ཉིད་ལས་བྱུང་བའི་ཚོན་སྣ་ལྔའོ། །དེ་ཉིད་གང་ཞེ་ན། རོ་བསྲེགས་ཏེ། རོ་བསྲེགས་པའི་ཐལ་བ་དང་སོལ་བའི་ཕྱེ་མ་བསྲེས་པ་ལས་ཚོན་སྔོན་པོ་བྱ། དུར་ཁྲོད་ཀྱི་ཐལ་ཆེན་དང་སོ་ཕག་ལས་ཚོན་དམར་པོ་བྱ། ཐལ་ཆེན་དང་རྡོ་རྒྱུས་སམ་མི་རུས་ཀྱི་ཕྱེ་མ་ལས་ཚོན་དཀར་པོ་བྱ། ཐལ་ཆེན་དང་བ་བླའམ་ཡུང་བས་ཚོན་སེར་པོ་བྱ། ཐལ་ཆེན་དང་དུར་ཁྲོད་ཀྱི་ཤིང་ལོ་ལས་ཚོན་ལྗང་གུ་བྱ་བ་གསུམ་པོ་ནི་ཤུགས་ལས་ཤེས་ཏེ། དེ་ནི་འབྱོར་པ་ཐ་མའི་ཚོན་ཡིན་ལ། འབྲིང་གིས་འབྲས་ལ་སོགས་པ་ལས་བྱ་བ་དང༌། རབ་ཀྱིས་རིན་པོ་ཆེ་སྣ་ལྔ་ལས་བྱ་བ་ཡང་ཤུགས་ལས་ཤེས་པར་བྱ་ཞིང་ཚོན་བྱིན་གྱིས་བརླབ་པ་ནི་འདིར་མི་གསུང་ངོ༌། །དེ་ནས་ཚོན་བྲི་བ་དངོས་ནི། དེའི་དབུས་སུ་པདྨ་ནི་འདབ་མ་བརྒྱད་དང་བཅས་ཤིང་ལྟེ་བ་འོད་ཟེར་འབར་བ་དང་བཅས་པ་གེ་སར་དང་ཡང་དག་པར་ལྡན་པར་བཞག་པ་ནི་བྲི་བ་སྟེ། དེ་ཡང་ཕྱོགས་ཚོན་ལ་སོགས་པའི་རིམ་པ་ནི་ཀཾ་པ་ལའི་འགྲེལ་པ་ནས་བཤད་པ་བཞིན་དུ་ཤེས་པར་བྱའོ། །དེ་ནས་གསུམ་པ་ལྷ་དགོད་པ་ནི་ལྟེ་བར་དགོད་བྱ་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ཡང་མངོན་པར་བརྗོད་པ་རྒྱུད་བླ་མ་ལས། མེ་ཏོག་གི་ཚོམ་བུ་དགོད་པ་དང༌། གདན་དུ་དགོད་པ་དང༌། རང་རང་གི་ས་བོན་དུ་དགོད་པ་དང༌། ཕྱག་མཚན་དུ་དགོད་པ་དང༌། སྐུ་ཕྱག་རྒྱ་ཆེན་པོར་དགོད་པ་ལྔ་གསུངས་པ་ལས་འདིར་ནི་ཉེ་བར་མཚོན་པ་ཙམ་དུ་མཛད་ནས་སྐུ་ཕྱག་རྒྱ་ཆེན་པོར་དགོད་པ་ཡིན་ཏེ། དེ་ཡང་གཙོ་བོ་དགོད་པ་ནི། ལྟེ་བར་དགོད་བྱ་ནི་བདེ་བ་ཆེན་པོའི་འཁོར་ལོའི་པདྨ་འདབ་མ་བརྒྱད་ཀྱི་ལྟེ་བར་རོ། །དཔའ་བོ་སྟེ་གཙོ་བོ་ཧེ་རུ་ཀ་ནི་ཉམས་དགུ་ལས། འཇིགས་བྱེད་ཆེན་པོའི་གཟུགས་ཅན་དང༌། མདངས་དང་ལྡན་ནི་གཟི་མདངས་ཏེ་དྲག་པོ་བས་ཀྱང་ཤིན་ཏུ་དྲག་པ་འཇིགས་པར་བྱེད་པ། ཞལ་དང་པོ་ཆར་སྤྲིན་གྱི་མདོག་ལྟ་བུ་དང་ལྡན་ཞིང༌། རབ་ཏུ་འབར་ནི་སྐུ་ལ་བསྐལ་པ་འཇིག་པའི་མེ་ལྟ་བུའི་འོད་ཀྱིས་འཁྲིགས་པའོ། །ཞལ་ནས་ཧ་ཧ་ཞེས་སྒྲོགས་ཤིང་ཞལ་རབ་ཏུ་བཞད་པ། དབུ་ལ་ཐོད་པའི་ཕྲེང་བའི་རྒྱན་དང་ལྡན་པ། བཟང་པོའི་སྤྱན་གསུམ་ནི་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ཞལ་བཞི་པ་སྟེ་འདི་དག་གི་རྣམ་པར་དག་པ་ནི་ལཱུ་ཧི་པ་ལྟར་གསུང་ངོ༌། །གླང་པོའི་པགས་པ་ལ་སོགས་པས་ཕྱག་མཚན་བསྟན་ཏེ། དེ་ཡང་རྒྱུད་འདིར་ཧེ་རུ་ཀ་ཕྱག་གཉིས་པ་ནས་འབུམ་པའི་བར་དུ་གསུངས་ཀྱང༌། འདིར་ཕྱག་བཅུ་གཉིས་པའི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས་གླང་པོའི་པགས་པ་ནི་དང་པོ་གཉིས་ལས། གཞན་གྱི་ཕྱག་གིས་གོས་སུ་འཛིན་པའོ། །སྨིན་མ་བཟང་པོ་རྡོ་རྗེ་དབྱེས་ནི་སྨིན་བར་གྱི་ཁྲོ་གཉེར་རམ། ཡང་ན་ཕྱག་དང་པོ་གཉིས་ན་བསྣམས་པའི་རྡོ་རྗེ་དང་དྲིལ་བུའོ། །ཕྱག་མཚན་གཞན་འདིར་མ་སྨོས་པ་རྣམས་ནི་ལཱུ་ཧི་པ་དང་མཐུན་པར་མཛད་དོ། །བརྒྱ་ཕྱེད་ཕྲེང་བ་ནི་མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་ལོ། །ཡབ་དེའི་མདུན་དུ་སྟེ་པང་ན་གནས་པའི་ལྷ་མོ་ནི་ཡུམ་ཡིན་ལ། དེའི་མཚན་ནི་རྡོ་རྗེ་ཕག་མོ་རབ་འཇིགས་པ་ནི་ཁྲོ་མོའི་རྣམ་པར་བཞུགས་པའོ། །ཧེ་རུ་ཀ་ལ་མངོན་ཕྱོགས་པ་ནི་ཡབ་ལ་ཞལ་གཟིགས་པ། སྤྱན་གསུམ་དང་ལྡན་པ་དེའི་ཕྱག་གཡོན་ན་ཀ་པཱ་ལའི་ནང་ན་ཨནྟྲ་ནི་མིའི་རྒྱུ་མའི་ཁྲག་གིས་བཀང་བ། ཡབ་ལྷག་མཐོང་ཡེ་ཤེས་ལ་དགྱེས་པའི་བརྡར་ཁ་ནས་རུ་དྷི་ར་ཁྲག་འཛག་ཅིང༌། གཡས་པའི་ཕྱག་ན་གྲི་གུག་རྡོ་རྗེས་མཚན་པ་བསྣམས་པས། ལྷ་ལ་སོགས་པ་ལ་བསྡིགས་པར་མཛད་པ་སྟེ། དེས་དངོས་སུ་གཙོ་བོ་ཡབ་ཡུམ་བསྟན་པས་དེའི་ཤུགས་ལས་པདྨའི་ཕྱོགས་ཀྱི་འདབ་མ་བཞི་ལ་སྙིང་པོའི་རྣལ་འབྱོར་མ་བཞི་དགོད་པ་དང༌། མཚམས་ཀྱི་འདབ་མ་བཞི་ལ་བུམ་པ་བཞིའི་སྟེང་དུ་ཐོད་པ་བཞི་དགོད་པའང་ཤེས་སོ། །མཁའ་འགྲོ་མ་ནི་ཉི་ཤུ་བཞི་ནི་འཁོར་ལོ་གསུམ་གྱི་མཁའ་འགྲོ་མ་རྣམས་ཡིན་ལ། དེ་རྣམས་གང་གི་རིགས་ཡིན་ཞེ་ན། ཕག་མོ་ནི་ཞི་གནས་སྟོང་པ་ཡིན་ལ། དེ་ལས་བྱུང་བས་ཕག་མོའི་རིགས་སོ། །དེ་གང་དུ་དགོད་ཅེ་ན་ཕྱོགས་ཏེ་ཕྱོགས་བཞིའི་དཔའ་མོ་བཅུ་གཉིས། མཚམས་རྣམས་ནི་མཚམས་བཞིའི་དཔའ་མོ་བཅུ་གཉིས་སོ། །དེ་དག་གང་དུ་བཀོད་ལ་མཆོད་ཅེ་ན་འཁོར་ལོའི་ལྟེ་བ་ནི་འཁོར་ལོ་རིམ་པ་གསུམ་གྱི་ནང་ན་བཞུགས་པ་སྟེ། དེར་བཀོད་ལ་མཆོད་པ་བྱའོ། །འོ་ན་དཔའ་མོ་རྣམས་གཅིག་པུ་འགོད་དམ་ཞེ་ན་མ་ཡིན་ཏེ། དཔའ་བོ་རྣམས་ཀྱང་དགོད་པར་སྟོན་པ་ནི། དེ་བཞིན་ཏེ་དཔའ་མོ་རྣམས་བཀོད་པ་བཞིན་དུ་དཀྱིལ་འཁོར་བྲི་བའི་སྐབས་འདིར་དཔའ་བོ་རྣམས་ཀྱང་འཁོར་ལོ་གསུམ་ལ་ཡང་དག་པར་གནས་པ་ཡིན་ལ། དེ་ལྟ་བུའི་འཁོར་ལོ་གསུམ་པོ་དེའི་ནང་དུ་སངས་རྒྱས་ཐམས་ཅད་ཚང་ཞིང༌། འདུས་པས་དེ་དག་ལ་མཆོད་པར་བྱའོ། །དེ་དགོས་པ་ཅིའི་ཕྱིར་མཆོད་ཅེ་ན། སྒྲུབ་པ་པོ་གལ་ཏེ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་འདོད་ན། གཉིས་མེད་དཔའ་བོ་ནི་ཡབ་ཡུམ་གཉིས་སུ་མེད་པའི་དཔའ་བོ་དང་དཔའ་མོ་རྣམས་མཆོད་པར་བྱའོ། །དེ་དག་གི་ཤུགས་ལས་སྒོ་མཚམས་མ་བརྒྱད་ཀྱང་བཀོད་ལ་མཆོད་པར་བྱ་སྟེ། འདིར་མཆོད་པར་བཤད་པ་ནི་དཀྱིལ་འཁོར་བྲིས་པའི་རྗེས་ལ། དཀྱིལ་འཁོར་སྒྲུབ་པ་བྱེད་པའི་དུས་སུ་དེ་དག་ལ་མཆོད་དོ་ཞེས་པའི་དོན་ཏོ། །བཞི་པ་བུམ་པ་ལྷག་པར་གནས་པ་ནི། དེ་ནས་ཞེས་པ་ལ་སོགས་པས་སྟོན་ཏེ། འདིས་ནི་བུམ་པ་ལྷག་པར་གནས་པ་དང༌། བྲིས་པའི་དཀྱིལ་འཁོར་དུ་བུམ་པ་དགོད་པ་གཉིས་ཀ་གཞུང་ཚེགས་ཆུང་བར་བྱ་བའི་དོན་དུ་ཕྱོགས་གཅིག་ཏུ་བསྟན་པ་ཡིན་ལ། བུམ་པའི་གྲངས་ནི་པཎྜི་ཏ་སུ་མ་ཏི་ཀཱིརྟི་ནི། གཙོ་བོ་ཡབ་ཡུམ་ལ་རྣམ་པར་རྒྱལ་བའི་བུམ་པ། མཁའ་འགྲོ་མ་ལ་སོགས་པ་བཞི་ལ་བུམ་པ་གཅིག ཐོད་པ་བཞི་ལ་བུམ་པ་གཅིག འཁོར་ལོ་གསུམ་པོ་ལ་བུམ་པ་གསུམ། སྒོ་མ་བཞི་དང་མཚམས་མ་བཞི་ལ་བུམ་པ་གཉིས། ལས་ཐམས་ཅད་པའི་བུམ་པ་དང་དགུར་བྱ་བའམ། ཡང་ན་མཁའ་འགྲོ་མ་ལ་སོགས་པ་བཞི་དང༌། ཐོད་པ་བཞི་ལ་བུམ་པ་གཅིག་ཏུ་བྱས་པས་བརྒྱད་དུ་བཞེད་དོ། །པཎྜི་ཏ་དུས་འཁོར་བ་ལ་སོགས་པ་བགྲེས་པོ་རྣམས་ནི་བུམ་པའི་གྲངས་སྒོ་མཚམས་མ་བརྒྱད་ལ་བུམ་པ་བརྒྱད། གཙོ་བོ་ལ་སོགས་པའི་ལྷ་གཞན་ཐམས་ཅད་ལ་སྤྱིར་བུམ་པ་གཅིག ལས་ཐམས་ཅད་པའི་བུམ་པ་དང་བཅུར་བཞེད་དོ། །དེ་ལྟ་བུའི་བུམ་པ་དེ་ཐམས་ཅད་ཀྱང་རྒྱུ་རིན་པོ་ཆེ་ལ་སོགས་པ་ལས་བྱས་པ། མཚན་ཉིད་རྩ་བ་མི་ནག་པ། ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ། ཁ་གྱེད་པ་ལ་སོགས་པ་དང་ལྡན་པ་ནི། རྒྱུད་གཞན་ནས་བཤད་པ་ལྟར་ཤེས་པར་བྱས་ལ། དེ་ཐམས་ཅད་དག་པར་བཀྲུས་ཏེ་མཚན་མ་དགོད་པ་ནི། པཎྜི་ཏ་སུ་མ་ཏི་ཀཱིརྟིའི་ལུགས་ལྟར་ན་གཙོ་བོ་ཡབ་ཡུམ་གྱི་རྣམ་པར་རྒྱལ་བའི་བུམ་པ་ལ་པདྨའི་ལྟེ་བ་ལ་ཉི་མའི་སྟེང་དུ་གྲི་གུག་རྡོ་རྗེས་མཚན་པ་བྲི། མཁའ་འགྲོ་མ་ལ་སོགས་པ་བཞིའི་བུམ་པ་ལ་ཟླ་བ་ལ་གནས་པའི་གྲི་གུག བུམ་པ་བཞི་དང་ཐོད་པ་བཞིའི་བུམ་པ་ལ་ཐོད་པས་མཚན་པ། འཁོར་ལོ་གསུམ་གྱི་བུམ་པ་གསུམ་ལ་རྡོ་རྗེ་དང༌། གྲི་གུག་དང༌། པདྨ་དང༌། གྲི་གུག་དང༌། འཁོར་ལོ་དང༌། གྲི་གུག་གིས་མཚན། སྒོ་མཚམས་མ་བརྒྱད་ཀྱི་བུམ་པ་གཉིས་ལ་ཟླ་བ་ལ་གྲི་གུག་གིས་མཚན། ལས་ཐམས་ཅད་པ་ལ་ཡང་གྲི་གུག་གིས་མཚན་པའོ། །པཎྜི་ཏ་དུས་འཁོར་བ་ལ་སོགས་པ་ལྟར་ན། རྣམ་རྒྱལ་ལ་རིགས་ལྔའི་མཚན་མ་བྲི། སྒོ་མཚམས་མ་བརྒྱད་ཀྱི་བུམ་པ་བརྒྱད་ལ་པདྨ་དང་ཉི་མ་ལ་གྲི་གུག་གིས་མཚན། ལས་ཐམས་ཅད་པ་ལ་སྣ་ཚོགས་རྡོ་རྗེས་མཚན་པའོ། །དེ་ལྟ་བུའི་བུམ་པ་ཐམས་ཅད་ལ་རས་ཟུང་དང་ཚོན་སྐུད་ཀྱི་མགྲིན་པ་དཀྲིས་ལ། བགེགས་བསྐྲད་ནས་ནང་དུ་བདུད་རྩི་ལྔའི་ཆུ་དང༌། རིན་པོ་ཆེ་ལྔ། སྨན་ལྔ། འབྲུ་ལ་སོགས་པ་བཅུག་སྟེ། འབྲས་བུ་དང་ལོ་མ་ལ་སོགས་པ་དང་བཅས་པའི་ཤིང་གིས་ཁ་བརྒྱན་པའི་སྟེང་དུ། ཐོད་པའི་ནང་དུ་ཆང་དང་བདུད་རྩི་བླུགས་ལ་བཞག དེའི་སྟེང་དུ་རྡོ་རྗེ་ལ་གཟུངས་ཐག་བཏགས་ལ་བཞག་གོ །དེ་སྐད་དུ་ཡང༌། རྩ་བ་ནག་ནོག་མེད་པ་དང༌། །ལྟོ་བ་ཆེ་ལ་མགྲིན་པ་རིང༌། །འཇམ་ཞིང་ཕྲ་ལ་ཤིན་ཏུ་བཟང༌། །དེ་བཞིན་དག་པ་ཁ་རྒྱན་ཅན། །འབྲུ་དང་རིན་ཆེན་སྨན་དང་ལྡན། །ཁར་ནི་རིགས་ཀྱི་མཚན་མས་བརྒྱན། །རྒྱལ་བ་ཞི་བའི་མཚན་ཉིད་ཅན། །མཚམས་ནི་བཞི་པོ་སྟོང་པའོ། །རྣམ་རྒྱལ་བུམ་པ་དེ་ལྟར་བྱ། །ཞེས་གསུངས་སོ། །བུམ་པ་དེ་དག་གི་ཆོ་ག་ནི་གཞན་ནས་བཤད་པ་ལྟར། བུམ་པའི་ནང་དུ་ལྷ་མི་བསྐྱེད་དེ། མངལ་སྐྱེས་ལ་སོགས་པའི་ཚུལ་གྱིས་ལྷ་རྣམས་བུམ་པའི་སྟེང་གི་ནམ་མཁའ་ལ་དམིགས་ལ་སྔགས་དང༌། བདུད་རྩི་དང༌། མཉེས་མཆོད་དང༌། མེ་ཏོག་ལ་སོགས་པས་མཆོད་ལ། དེ་ནས་གཟུངས་ཐག་ནས་བཟུང་སྟེ། རྣམ་རྒྱལ་ནས་རིམ་གྱིས་བཟླས་པ་བྱེད་པའི་དུས་སུ། །ནམ་མཁའི་ལྷ་རྣམས་ཡབ་ཡུམ་སྙོམས་པར་ཞུགས་པས་བྱང་སེམས་འཛག་པ་དེ་བུམ་པའི་ནང་དུ་འབབ་པར་བསམ་ཞིང༌། བཟླས་པ་བྱས་པའི་མཐར་ཐོད་པའི་བདུད་རྩི་ཡང་བྱིན་རླབས་བྱས་ཏེ་བུམ་པར་བླུགས་པས་ལྷ་རྣམས་ཀྱང་བུམ་པ་ཞུ་བར་བསམ་མོ། །པཎྜི་ཏ་བགྲེས་པོ་རྣམས་ནི་བུམ་པའི་བཟླས་པའི་ལག་ལེན་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག་བཞིན་བྱ་གསུང༌། དེའི་ཚིག་གི་དོན་ནི། དེ་ནས་ནི་དཀྱིལ་འཁོར་བྲིས་པའི་རྗེས་ལ། བུམ་པ་བྱ་བ་ནི་དཀྱིལ་འཁོར་དུ་བུམ་པ་དབུལ་བར་བྱ་བ་དང༌། ལྷག་པར་གནས་པ་བྱ་བ་གཉིས་ཀ་བཟུང་ངོ༌། །དེའི་བུམ་པའི་མཚན་ཉིད་གང་ཞེ་ན། རྩ་བ་ནག་པོ་མེད་ནི་ཞབས་དང་སྟེང་གི་དབྱིབས་མི་གཡོ་ཞིང༌། རྩ་བ་ནག་པོ་མེད་པ་སོགས་ཀྱིས་བསྡུ་བ་ནི། མི་སྡུག་པ་དང༌། སེར་ཀ་ལ་སོགས་པའི་སྐྱོན་མེད་པ་དང༌། ཡང་ལྟོ་བ་ཆེ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །བུམ་པ་དེ་དག་གི་ནང་དུ་བཅུད་གང་གཞུག་ཅེ་ན། མུ་ཏིག་གསེར་དང་རིན་ཆེན་དང༌། བྱུ་རུ་ཞེས་པས་མཚོན་པའི་རིན་པོ་ཆེ་ལྔ་ལ་སོགས་པ་གཞུག བུམ་པའི་རྒྱུ་གང་ཞེ་ན། དངུལ་དང་ཟངས་མ་ཅན་ཞེས་པ་ནི་མཚོན་པ་སྟེ། རིན་པོ་ཆེའམ་ས་ལ་སོགས་པ་ལས་བྱས་པའོ། །བཟའ་བ་སྟེ་བདུད་རྩི་ལྔ་དང༌། ཆང་ལ་སོགས་པས་ལེགས་པར་བཀང་བའི་སྣོད་ནི་ཐོད་པ་མཚན་དང་ལྡན་པ་སྟེ། དེ་བུམ་པའི་སྟེང་དུ་གཞག་པར་བྱའོ། །མགྲིན་པ་སྲད་བུས་དཀྲི་བ་ནི་བུམ་པ་ཐམས་ཅད་ཀྱི་མགྲིན་པར་རས་ཟུང་རེས་དཀྲིས་པ་ལ། ཚོན་སྣ་ལྔའི་སྐུད་པས་རིམ་པ་བདུན་དུ་དཀྲིས་པའོ། །ཁ་ནི་འདབ་མས་བརྒྱན་པར་བྱ་ནི། བུམ་པ་ཐམས་ཅད་ལ་ཁ་རྒྱན་འདབ་མ་དང༌། མེ་ཏོག་དང༌། འབྲས་བུ་དང་བཅས་པའི་ཤིང་གིས་བརྒྱན་པའོ། །གོས་ཟུང་གིས་ནི་ལེགས་དཀྲིས་པ་ནི། བུམ་པ་ཐམས་ཅད་ཀྱི་མགུལ་པར་རས་མ་ཉམས་ཤིང་སྔར་ལོངས་མ་སྤྱད་པ་ཟུང་རེ་རེས་དཀྲིས་པའོ། །བུམ་པ་དེ་དག་གནས་གང་དུ་དགོད་ཅེ་ན། བརྒྱད་ནི་སྒོ་རུ་རྣམ་པར་དགོད་ཅེས་པ་པཎྜི་ཏ་བགྲེས་པོ་རྣམས་ལྟར་ན། སྒོ་མཚམས་མ་བརྒྱད་ཀྱི་བུམ་པ་དགོད་པ་ཡིན་ཏེ། དེ་ཡང་ཤར་གྱི་སྒོ་ནས་བརྩམས་ནས་དགོད་པ་ནི། རྒྱལ་བ་དང་བཀྲ་ཤིས་དག་ནི་ཤར་གྱི་སྒོར། དངོས་གྲུབ་དང་རྫུ་འཕྲུལ་དག་ནི་བྱང་དུའོ། །རྒྱལ་བ་དང་རྣམ་པར་རྒྱལ་བ་དག་ནི་ནུབ་ཕྱོགས་སུའོ། །གྲུབ་པ་དང་བསྲུང་བ་ནི་ལྷོ་ཕྱོགས་སུའོ་ཞེས་སློབ་དཔོན་ཀཾ་པ་ལས་བཤད་དོ། །གོས་ཟུང་གིས་ནི་དཀྲིས་པ་ནི། སྔར་བཤད་ལ་བུམ་པ་དགུ་པ་ནི་དངོས་གྲུབ་ཐམས་ཅད་རྣམ་པར་རྒྱལ་བའི་བུམ་པ་སྟེ། དེ་ནི་དཀྱིལ་འཁོར་གྱི་དབུས་སུ་དགོད་པར་བྱ་ལ། ལས་ཐམས་ཅད་པ་ནི་འཇུག་པའི་སྒོར་བཞག་གསུང་ངོ༌། །ལྔ་པ་དཀྱིལ་འཁོར་སྒྲུབ་པ་ནི་གསེར་དང་ཞེས་པ་ལ་སོགས་པས་སྟོན་ཏེ། དེ་ཡང་གསེར་ལ་སོགས་པ་འདི་དག་གིས་དཀྱིལ་འཁོར་བྲིས་ནས་བུམ་པ་བཀོད་པའི་རྗེས་ལ་མཆོད་པའི་རྫས་དགོད་པའི་ཚེ་སློབ་མ་དེ་རྒྱལ་པོ་ལ་སོགས་པ་འབྱོར་པ་ཆེ་བ་ཡིན་ན། མཆོད་པའི་རྫས་སུ་བྱ་བ་དང༌། ཡང་སྔར་བཤད་པའི་འབྱོར་པ་རབ་ཀྱི་ཚོན་ཡང་བསྟན་པ་ཡིན་ནོ། །ཚིག་གི་དོན་ནི། གསེར་ནི་ས་ལེ་སྦྲམ་ཡིན་ཏེ་ཚོན་སེར་པོ་བསྟན། དངུལ་གྱིས་དཀར་པོ་བསྟན། རིན་པོ་ཆེ་ནི་བཻ་ཌཱུརྻ་ལ་སོགས་པ་དེ་ཉིད་དོ། །དེ་གཉིས་ཀྱིས་མཚོན་ནས། གསུམ་པོ་ཡང་ཤུགས་ཀྱིས་ཤེས་ཏེ། ཨིནྡྲ་ནཱི་ལ་དང༌། པདྨ་རཱ་ག་དང༌། མ་རཀ་ཏའོ། །མུ་ཏིག་རྣམས་ཀྱིས་མཛེས་པར་བྱ་ནི། དཀྱིལ་འཁོར་ལ་བརྒྱན་པའམ། ཚོན་དུ་བྱས་ཏེ་བྲི་བར་བྱའོ། །གཞན་ཡང་དཀྱིལ་འཁོར་གྱི་མཐའ་མ་ཀུན་དུ་རིན་པོ་ཆེ་དུ་མ་དང༌། གསེར་རྣམས་ཀྱིས་ཀྱང་མཛེས་པར་སྤྲས་པས་མཆོད་དོ།།  །།གང་མཆོད་ཅེ་ན། གྲོང་མཆོག་ཡིད་འོང་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་ཡིན་ལ། དེ་ལ་མཆོད་ན་ནི། དེའི་ཕན་ཡོན་མཆོག་དང་ཐུན་མོང་གི་དངོས་གྲུབ་འགྲུབ་པར་འགྱུར་བ་ཐེ་ཚོམ་མེད་དོ། །དེ་ཡང་ཚུལ་ཇི་ལྟར་མཆོད་ན། དཀྱིལ་འཁོར་དུ་མཆོད་རྫས་ལ་སོགས་པ་ཐམས་ཅད་བཀོད་པའི་རྗེས་ལ། སློབ་དཔོན་གྱིས་ལྷ་མངལ་སྐྱེས་དང༌། སྒོང་སྐྱེས་གང་རུང་གི་མངོན་པར་རྟོགས་པ་རྫོགས་པར་བསྒོམ་པ་དང༌། བྲིས་པའི་དཀྱིལ་འཁོར་ལ་འོག་ནས་འབྱུང་བའི་ཡེ་ཤེས་སེམས་དཔའ་གཞུག་པ་ནི། སྔར་སྟ་གོན་གྱི་ལྷ་སློབ་དཔོན་གྱི་སྙིང་གར་བསྡུས་པ་དེ་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁའ་ལ་སྤྲོས་ལ་མཆོད་པས་མཆོད་དེ། བྲིས་པའི་ལྷ་ལ་བསྟིམ་ལ་གོ་ཆ་བཅིང་བ་དང༌། དབང་བསྐུར་བ་དང༌། དཀྱིལ་འཁོར་སྦྱང་ཞིང་བྱིན་གྱིས་བརླབ་པའི་བར་དུ་བྱས་ལ། དེ་ནས་འོག་གི་མཆོད་པ་ཐམས་ཅད་བྱིན་གྱིས་བརླབ་པ་བྱ་སྟེ། འདིར་ལྷ་རྣམས་ལ་མེ་ཏོག་ལ་སོགས་པའི་མཆོད་པ་རྒྱས་པས་མཆོད་དེ། དམ་ཚིག་ཅན་ལ་གཏོར་མ་སྦྱིན་པ་བྱས་པ་དང༌། སློབ་དཔོན་བདག་འཇུག་བྱ་བ་ནི། བདག་ཉིད་དེ་སློབ་དཔོན་དཀྱིལ་འཁོར་དུ་འཇུག་པའི་དུས་སུ། ཀུན་ནས་སྒོ་ཡི་ནི། །དྲི་ཡི་ཆུ་ཡིས་ལེགས་པར་གདབ། །ཅེས་པ་ནི། ལས་ཐམས་ཅད་པའི་བུམ་པ་ཡང་གཞུང་འདིས་ཟིན་པ་ཡིན་ཏེ། དེ་ཡང་སློབ་དཔོན་རང་ཉིད་ཀྱིས་ལས་ཐམས་ཅད་པའི་བུམ་པའི་ཆུས་སྤྱི་བོ་ནས་བླུགས་ཤིང་ཁྲུས་བྱ་བ་ཡིན་ལ། བདག་འཇུག་གི་ཆོ་ག་ལྷག་མ་ནི་ཤུགས་ལས་ཤེས་པར་བྱའོ། །སྒྲུབ་པ་པོ་དངོས་གྲུབ་གང་འདོད་ཀྱང་ཞེས་པ་ལ་སོགས་པས་བྲིས་པའི་དཀྱིལ་འཁོར་ལ་བདག་འཇུག་གི་སྔོན་དུ་མཆོད་པ་རྒྱས་པས་མཆོད་པ་སྟོན་ཏེ། དེ་ཡང་སྒྲུབ་པ་པོ་དངོས་གྲུབ་མཆོག་ལ་སོགས་པ་ཐོབ་པར་འདོད་ན། སྔར་བཤམས་ཏེ་བྱིན་གྱིས་བརླབས་པའི་མར་མེ་བརྒྱ་ལ་སོགས་པས་མཆོད་དོ། །དེའི་སྔོན་དུ་ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་ནི་ནམ་མཁའི་མཁའ་འགྲོ་མ་རྣམས་ནི་ཐུགས་ཀྱི་འཁོར་ལོ་ཡིན་ལ། ཡིད་ཀྱིས་ཐམས་ཅད་སྟེང་དུ་དགོད་ནི་ཐུགས་ཀྱི་འཁོར་ལོ་ལ་ཐུགས་ཀྱི་འཁོར་ལོ་གཞུག་པའོ། །དེ་བཞིན་དུ་ས་སྟེང་མཁའ་འགྲོ་མ་སྟེ། གསུང་གི་འཁོར་ལོ་གང་ཡིན་པ་གསུང་གི་འཁོར་ལོའི་དཀྱིལ་འཁོར་ཀུན་ཏུ་དགོད་ནི་བསྟིམ་པའོ། །གང་ཡང་ས་འོག་མཁའ་འགྲོ་མ་ནི་སྐུའི་འཁོར་ལོ། དེ་ནི་ཡེ་ཤེས་སེམས་དཔའ་དེ་ནི་ས་འོག་རྣམས་སུ་དགོད་ནི་སྐུའི་འཁོར་ལོའི་དམ་ཚིག་ལ་བསྟིམ། མ་མོ་ཐམས་ཅད་ནི་སྒོ་མཚམས་མ་བརྒྱད། ཕྱོགས་དང་ནི་ཁྭ་གདོང་མ་ལ་སོགས་པ་བཞི། ཕྱོགས་མཚམས་ནི་མཚམས་མ་བཞི་བྲིས་པའི་སྒོ་མཚམས་མ་ལ་བསྟིམ་སྟེ། དེ་ཉམས་སུ་ལེན་པ་ལ་གོང་དུ་འབྲེལ་བར་ཤེས་པར་བྱའོ། །སྔར་གྱི་མཆོད་པའི་འཕྲོ་ནི་སྒྲུབ་པ་པོས་དངོས་གྲུབ་གང་འདོད་ནི། འདིར་དབང་བསྐུར་བ་དང༌། ཞི་བ་ལ་སོགས་པའི་ལས་གང་སྒྲུབ་ཀྱང་བདག་འཇུག་གི་སྔོན་དུ། དཀྱིལ་འཁོར་སྒྲུབ་པ་བྱེད་པའི་དུས་སུ་དྲི་དང་སྤོས་དང་མར་མེ་ལ་སོགས་པའི་མཆོད་པ་རྣམས་བརྒྱ་ལ་སོགས་པ་ནས། བཅུ་ལས་མི་ཉུང་བར་དབུལ་ལོ། །དེ་ཡུལ་སུ་ལ་ཞེ་ན། དཔལ་ལྡན་ཁྲག་འཐུང་དཀྱིལ་འཁོར་ལ་གནས་པའི་དཔའ་བོ་དང༌། རྣལ་འབྱོར་མ་རྣམས་ལ་མཆོད་པར་བྱའོ། །མཆོད་པའི་རྫས་གཞན་ཡང༌། རྒྱལ་མཚན་ཞེས་པ་ལ་སོགས་པ་ནི། དཀྱིལ་འཁོར་གྱི་ཁང་པ་ལ་ཡོད་པའི་རྒྱན་དེ་དག་ནི་གོ་བར་ཟད་དོ། །དེ་བཞིན་བཟའ་བཅའ་བཏུང་བ་ཡིས་ནི་དམ་ཚིག་ཅན་གྱི་སྐྱེ་བོ་དང༌། ཞིང་སྐྱོང་གཉིས་ཀ་ལ་མཆོད་པའི་རྫས་ཁ་ཟས་རོ་བརྒྱ་པ་ལ་སོགས་པའོ། །དེ་ཡང་ཇི་ལྟར་མཆོད་ན་རབ་མཉམ་གཞག་པ་ནི། གུས་ཤིང་མ་ཡེངས་པའི་སེམས་ཀྱིས་མཆོད་པའོ། །རྒྱུད་འདིའི་སྟེང་དུ་སའི་ཆོ་ག་ནས་བཟུང་ནས་དཀྱིལ་འཁོར་སྒྲུབ་པའི་བར་དུ། ཉམས་བླངས་རང་འདི་ཙམ་ཡིན་ཞེས་པཎྜི་ཏ་སུ་མ་ཏི་གསུང་ལ། པཎྜི་ཏ་བགྲེས་པོ་རྣམས་ནི་སའི་ཆོ་ག་ནས་བརྩམས་པའི་ལག་ལེན་ཐམས་ཅད་སློབ་དཔོན་ནག་པོས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་བཞིན་དུ་བྱ་བར་བཞེད་དོ། །དེ་ལྟར་ལེའུའི་གཞུང་བསྟན་ནས། གཉིས་པ་ལེའུའི་མཚན་ནི་ཧེ་རུ་ཀ་མངོན་པར་བརྗོད་པ་ལས། འཁོར་ལོ་མཆོད་པའི་ཆོ་གའི་ལེའུ་ཞེས་པ་ནི་ལེའུའི་ཞབས་སུ་དཀྱིལ་འཁོར་སྒྲུབ་པའི་དུས་སུ་བྲིས་པའི་དཀྱིལ་འཁོར་ལ་མཆོད་པ་བསྟན་པ་ལས་མིང་བཏགས་པ་ཡིན་ལ། གཉིས་པ་ནི་གྲངས་ཀྱི་གནས་གཞན་ཏེ། བདེ་མཆོག་ཉུང་ངུའི་ཊཱི་ཀ་རིན་པོ་ཆེ་མུ་ཏིག་ཕྲེང་བ་ལས། ལེའུ་གཉིས་པའི་རྣམ་པར་བཤད་པའོ།།  །།དེ་ལྟར་ལེའུ་གཉིས་པར་དཀྱིལ་འཁོར་བསྟན་པའི་དཀྱིལ་འཁོར་དེ་དབང་བསྐུར་བ་དང་འབྲེལ་བས། ལེའུ་གསུམ་པས་དབང་བསྐུར་བ་སྟོན་པ་ལ་དྲུག་ལས། དང་པོ་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་མཉེས་པར་བྱ་བ་སྟོན། དེ་ལ་ཡང་གཉིས་ལས་དཀྱིལ་འཁོར་དུ་འཇུག་པ་དང་དབང་བསྐུར་བ་ལ་བླ་མ་མཉེས་དགོས་པས། དང་པོ་སློབ་དཔོན་མཉེས་པར་བྱ་བ་ནི། དེ་ནས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་སྨོས་ཏེ། དེ་ནས་ནི་གཞུང་བཤད་པའི་དབང་དུ་བྱས་ནས་ལེའུ་གཉིས་པ་བསྟན་པའི་དེ་ནས་ཞེས་ཡིན་མོད་ཀྱང༌། དོན་ཉམས་སུ་ལེན་པའི་དབང་དུ་བྱས་ན། སློབ་དཔོན་བདག་ཉིད་འཇུག་པ་བྱས་པའི་རྗེས་ལའོ། །སྒྲུབ་པ་པོ་ནི་འཇུག་པ་དང་དབང་ཐོབ་པར་འདོད་པའི་སློབ་མ་དེས། དངོས་ཀུན་གྱིས་ནི་ལུས་ངག་ཡིད་གསུམ་མམ། ཡང་ན་རང་གིས་ཅི་འབྱོར་པའི་དངོས་པོ་ཀུན་གྱིས། དང་པོ་སྟེ་དཀྱིལ་འཁོར་དུ་འཇུག་པ་དང༌། དབང་བསྐུར་བའི་སྔོན་དུ་སློབ་དཔོན་མཉེས་པར་བྱ་བ་ནི། འཇུག་པའི་སྔོན་དུ་མཎྜལ་དང༌། ཅི་འབྱོར་པའི་ཡོན་ཕུལ་བས་སོ། །དེ་དགོས་པ་གང་གི་དོན་དུ་ཞེ་ན། གྲུབ་འདོད་དེ་དབང་བསྐུར་བ་དང༌། དངོས་གྲུབ་འདོད་པའི་དོན་དུའོ། །དེའི་དོན་དུ་ཇི་ལྟར་བླ་མ་མཉེས་པར་བྱ་ཞེ་ན། ཤིན་ཏུ་མཉམ་གཞག་པས་ནི་སློབ་མ་དེ་བླ་མ་མཉེས་པར་བྱ་བའི་དོན་དུ། སེམས་མཉམ་པར་བཞག་པས་ཅི་ནུས་པས་ནི་སྟེ་རང་གི་འབྱོར་པ་ཅི་ནུས་པས་བླ་མ་མཆོད་པར་བྱའོ། །གཉིས་པ་དཀྱིལ་འཁོར་གྱི་ལྷ་མཆོད་པ་ནི། དྲིལ་དཔྱངས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་སྨོས་ཏེ་འདི་ནི་གཞུང་འདིར་བསྟན་ཀྱང་དོན་ཉམས་སུ་ལེན་པའི་དུས་སུ་སྔར་ལེའུ་གཉིས་པའི་དཀྱིལ་འཁོར་སྒྲུབ་པའི་དུས་སུ། དཀྱིལ་འཁོར་ལ་མཆོད་པའི་དོན་བཤད་པ་ཡིན་པས། དོན་ནི་དེར་འབྲེལ་པའམ་ཡང་ན་སྐབས་འདི་ཉིད་དུ་བྱ་བ་ཡིན་ལ། ཚིག་དོན་ནི་དྲིལ་དཔྱངས་ཏེ། དཀྱིལ་འཁོར་གྱི་ཁང་པ་ལ་དྲིལ་བུ་དཔྱངས་པ་ཡོད་པ་དང༌། མེ་ཏོག་ལ་སོགས་པས་མཆོད་པའོ། །སྒྲུབ་པ་པོ་རྔ་བརྡུང་བ་ནི། སྒྲུབ་པ་པོ་གྲོགས་དང་བཅས་པས་དཀྱིལ་འཁོར་ལས་ཐག་རིང་བ་ན་རྔ་བརྡུང་བ་དང༌། ཧ་ཧ་བརྗོད་པས་མཆོད་དོ། །དེ་ལྟར་ཆོ་ག་བཞིན་ནི་ཆོ་གའི་གོ་རིམ་མ་ནོར་བའི་འབྱོར་པ་ཅི་ཡོད་པས། གང་ལ་མཆོད་ན། དཀྱིལ་འཁོར་འདོད་པ་ཀུན་ལྡན་ཏེ། །དཀྱིལ་འཁོར་གྱི་ལྷ་སྒྲུབ་པ་པོ་ཡིད་ལ་འདོད་པའི་དངོས་གྲུབ་སྩོལ་བ་རྣམས་ལ་མཆོད་པར་བྱའོ། །གཉིས་པ་སློབ་མ་དཀྱིལ་འཁོར་དུ་འཇུག་པ་ནི། དེའི་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ཡང་དང་པོ་སློབ་མས་བླ་མ་དང་ལྷ་ལ་མཆོད་པའི་རྗེས་ལ། སློབ་མ་ཐམས་ཅད་ལ་ལས་ཐམས་ཅད་པའི་བུམ་པའི་ཆུས་བསང་གཏོར་བྱས་ནས་གདོང་གཡོགས་བཅིང་བ་ནི། དེའི་སྟེ་སློབ་དཔོན་དེའི་བུ་སྡུག་ནི་སློབ་མ་དེ་སློབ་དཔོན་གྱི་སེམས་ཀྱི་བུར་བྱ་བའོ། །གདོང་ལ་ནི་དར་གྱིས་ལེགས་པར་བཀབ་ནས་ནི་སྟེ་དར་དམར་པོའི་གདོང་གཡོགས་བཀབ་ནས། མེ་ཏོག་གི་ཕྲེང་བ་ལག་ཏུ་སྦྱིན་པ་ནི། མེ་ཏོག་གིས་བཀང་ཐལ་མོ་དག །ཅེས་པ་སློབ་མས་དཀྱིལ་འཁོར་ལ་མཆོད་པ་དང༌། རང་གི་ལྷར་གཟུང་བའི་ཕྱིར། མེ་ཏོག་གིས་ཐལ་མོ་བཀང་ཞེས་དཀྱུས་གོང་འོག་བསྣོར་བར་བྱའོ། །རབ་ཏུ་གཏོར་ནས་ནི་ལག་པའི་མེ་ཏོག་དཀྱིལ་འཁོར་དུ་གཏོར་ནས་བསྐོར་བ་ནི། ཤིན་ཏུ་མཉམ་པར་གཞག་པ་ནི། སློབ་དཔོན་དང་སློབ་མ་གཉིས་ཀ་སེམས་ཤིན་ཏུ་མཉམ་པར་གཞག་པས། དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་ལ་སོགས་པ་བྱས་ནས། གཞུག་ཅེས་པ་ནི་སློབ་མ་དེ་ཕྱི་ནང་དུ་འཇུག་པས་དཀྱིལ་འཁོར་དུ་འཇུག་པ་སྟེ། དེ་ཡང་ཁྱོད་སུ་ཡིན་ཅི་ལ་དགའ། ཞེས་དྲི་བ་ལ་སོགས་པའི་འཇུག་པའི་ཆོ་ག་ཐམས་ཅད་ནག་པོ་པའི་དཀྱིལ་འཁོར་ཆོ་ག་ནས་འབྱུང་བ་ལྟར་མཛད་དོ། །དེ་ནས་དེ་སློབ་མ་ཐམས་ཅད་ཕྱི་རོལ་ཏུ་སེམས་བསྐྱེད་པ་བྱས་པའི་རྗེས་ལ་ལྷོ་ཕྱོགས་གྲོང་ཁྱེར་དུ་བརྟེན་ནས་ཏེ། འདིར་དང་པོ་ལྷོ་ཕྱོགས་ནས་འཇུག་པ་ནི། མའིའང་མ་བླ་ན་མེད་པའི་རྒྱུད་འདིར་བྱ་བ་ཐམས་ཅད་རྣལ་འབྱོར་མ་དང་མཐུན་པར་བྱེད་པའི་གཡོན་གྱི་ཀུན་སྤྱོད་ལ་དགོངས་པ་ཡིན་ནོ་ཞེས་གསུང་ངོ༌། །སྙིམ་པའི་མེ་ཏོག་གཏོར་བ་ནི། སྒོ་བཞི་ནས་བཅུག་སྟེ་དམ་ཚིག་བསྒྲགས། ཡེ་ཤེས་ཕབ་པའི་རྗེས་ལ་ལག་གི་མེ་ཏོག་ཕྲེང་བ་དེ། རང་གི་ལྷ་གཟུང་བའི་དོན་དུ་དཀྱིལ་འཁོར་དུ་འདོར་བའོ། །དཀྱིལ་འཁོར་གང་དུ་མེ་ཏོག་བབ་ནི་ལྷ་སུམ་ཅུ་རྩ་བདུན་གང་རུང་ལ་མེ་ཏོག་ཕོག་པ་དེ། སློབ་དཔོན་གྱིས་བླངས་ལ་སློབ་མའི་མགོ་ལ་བཅིང་ངོ༌། །དེ་ནས་འོག་ནས་འབྱུང་བ་ལྟར་གདོང་གཡོགས་ཕྱེ་སྟེ། དཀྱིལ་འཁོར་བསྟན་པ་ནི་དེའི་རིགས་དེ་བསྟན་པར་བྱ། ཞེས་པའོ། །དེ་ཉིད་གང་ཞེ་ན། དཔལ་ལྡན་ཧེ་རུ་ཀ་ལ་སོགས་པའི་གནས་ནི་སྤྱིར་རྟེན་དང་བརྟེན་པ་ཐམས་ཅད་བསྟན་ཅིང༌། ཁྱད་པར་དུ་མེ་ཏོག་གང་ལ་ཕོག་པའི་ལྷ་དེ་ལ་སྟེ་སློབ་མ་ལ་བསྟན་ནོ། །གསུམ་པ་དབང་བསྐུར་བ་ནི། སྤྱིར་དབང་བཞི་ལས་བུམ་པའི་དབང་ནི་འདིར་དངོས་སུ་མ་བསྟན་ཀྱང་འཇུག་པའི་ཆོ་ག་བསྟན་པའི་ཤུགས་ལས་ཤེས་པར་བྱ་སྟེ། དེ་ཡང་པཎྜི་ཏ་སུ་མ་ཏི་ནི། རིག་པའི་དབང་ལྔ། བརྟུལ་ཞུགས་དང་དྲུག དམ་ཚིག་གསུམ་གྱི་དབང་དང་བདུན། རྗེས་སུ་གནང་བའི་དབང༌། ལུང་བསྟན། དབུགས་དབྱུང་གསུམ་སྟེ་བཅུར་བཞེད་ལ། པཎྜི་ཏ་དུས་འཁོར་བ་ལ་སོགས་པ་རྣམས་ནི། སློབ་དཔོན་ནག་པོ་པའི་དཀྱིལ་འཁོར་གྱི་ཆོ་ག་དང་མཐུན་པར། བུམ་པའི་དབང་བཅུ་གཉིས་སུ་བཞེད་དོ། །དེ་ནས་གཉིས་པ་གསང་བའི་དབང་བསྐུར་བ་ནི། དེ་ནས་སློབ་དཔོན་ཞེས་པ་ལ་སོགས་པས་སྟོན་ཏེ། དེ་ཡང་སྲོད་ལ་བུམ་པའི་དབང་རྫོགས་ན་ནམ་ཕྱེད་ཀྱི་དུས་སུ་གསང་དབང་བསྐུར་ལ། དེའི་རྗེས་ལ་དབང་གཉིས་པོ་བསྐུར་རོ། །གལ་ཏེ་སྲོད་ལ་བུམ་པའི་དབང་མ་རྫོགས་ན། དབང་གོང་མ་གསུམ་པོ་ནུབ་གཉིས་པ་ལ་བསྐུར་གསུང་ངོ༌། །དེ་ལ་གསང་བའི་དབང་བསྐུར་བའི་དོན་དུ་གསང་བའི་དབང་འདོད་པའི་སློབ་མས། བླ་མ་ལ་ཚོགས་ཀྱི་བཟའ་བ་ལ་སོགས་པ་དང༌། ཕྱག་རྒྱ་མ་ཕུལ་བས་མཉེས་པར་བྱ་བ་སྔོན་དུ་འགྲོ་བས་བླ་མ་ལ་གསོལ་བ་བཏབ་པ་དང༌། བླ་མས་སྙོམས་འཇུག་གི་སྒོ་ནས་ཕྱག་རྒྱ་མ་མཆོད་པ་ནི་དེ་ནས་ཏེ། བུམ་པའི་དབང་ཐོབ་པའི་རྗེས་ལ་སློབ་དཔོན་ལེགས་པར་ནི་མཉམ་པར་གཞག་སྟེ་ནི། སློབ་དཔོན་ལྷའི་རྣལ་འབྱོར་ལ་སོགས་པ་ལ་མཉམ་པར་གཞག་པས་ཕྱག་རྒྱ་མཆོད་ནི། སྙོམས་འཇུག་གི་མཆོད་པས་མཆོད་ལ། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་སློབ་མ་ལ་དབང་བསྐུར་བ་ནི་སློབ་མ་རྟོག་པ་ཆུང་བ་དབང་པོ་རབ་ཡིན་ན། ཕྱག་རྒྱའི་པདྨ་ལས་དངོས་སུ་ལྕེས་ལེན་དུ་གཞུག དབང་པོ་འབྲིང་ཡིན་ན་སློབ་དཔོན་གྱིས་མཐེ་བོང་དང་སྲིན་ལག་གིས་བླངས་ལ་སློབ་མའི་ལྕེའི་སྟེང་དུ་སྦྱིན། སློབ་མ་རྟོག་པ་ཤིན་ཏུ་ཤས་ཆེ་བ་དབང་པོ་ཐ་མ་ཡིན་ན། སོ་རྩི་ལ་སོགས་པ་དང་སྦྱར་ལ་ལྕེས་ལེན་དུ་གཞུག་གོ །དེ་ནས་ཞེས་པ་ལ་སོགས་པའི་ཚིག་གསུམ་ནི། པཎྜི་ཏ་སུ་མ་ཏི་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་སྔོན་དུ་སྲུང་བར་བཞེད། པཎྜི་ཏ་བགྲེས་པོ་རྣམས་ནི་གསང་དབང་གི་རྗེས་དང༌། གསུམ་པའི་སྔོན་དུ་འགྲོ་བ་གཉིས་ཀར་བཞེད། བླ་མ་ལོ་ཙཱ་བ་ནི་གསང་བའི་དབང་བསྐུར་བའི་རྗེས་ལ། སློབ་མ་ལ་སྲུང་བ་བྱ་བར་བཞེད་དོ། །དང་པོ་ལྟར་ན་དེས་ནས་ནི་གསང་བའི་དབང་བསྐུར་བའི་རྗེས་ལ། སློབ་མ་སྟེ་དབང་གསུམ་པ་ཐོབ་པར་འདོད་པ་དེས། ཕྱིད་ཉིན་ནི་ནུབ་གཅིག་ལ་དབང་བཞི་ཀ་རྫོགས་པར་བསྐུར་ན་གསང་བའི་དབང་བསྐུར་བའི་རྗེས་ལ་ཡིན་ལ། ཡང་དབང་གོང་མ་གསུམ་པོ་ནུབ་གཉིས་པ་ལ་བསྐུར་ན་ཕྱིད་ཉིན་ལ་སྟེ། ནུབ་གཉིས་པ་ལ་དབང་གསུམ་པ་བསྐུར་བའི་སྔོན་དུའོ། །བགྲེས་པོ་རྣམས་ཀྱི་འདོད་པ་ལྟར་ན་ཡང་ཚིག་དོན་སྔ་མ་དང་འདྲའོ། །བླ་མ་ལོ་ཙཱ་བ་ལྟར་ན་དེ་ནས་ནི་སློབ་མ་ལ་གསང་དབང་བསྐུར་བའི་རྗེས་ལའོ། །སློབ་མ་སྟེ་གསང་བའི་དབང་ཐོབ་པའི་སློབ་མ་ཡིན་ལ། ཕྱིད་ཉིན་ནི་ནུབ་གཅིག་ལ་དབང་བཞི་ཀ་རྫོགས་པར་བསྐུར་ན་ནམ་ཕྱེད་ཀྱི་དུས་ཡིན་ལ། ནུབ་གཅིག་ལ་ཐམས་ཅད་མི་རྫོགས་ན་ནུབ་གཉིས་པ་ལའོ། །དེ་ལྟར་གང་ཡིན་ཡང༌། དེའི་དུས་སུ་བྱང་ཆུབ་ཀྱི་སེམས་ཀྱིས་སྲུང་བ་བྱ་བ་ནི། མཚལ་ཆེན་ཏེ། ལུས་དང་ངག་དང་སེམས་ཆགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའོ། །ལན་གསུམ་བཟླས་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལ་ཡི་གེ་གསུམ་བཟླས་ཏེ། དེ་ཡིས་དེ་ལ་ནི་སློབ་མ་དེ་ལའོ། །ཐིག་ལེ་བྱ་བ་ཡིན་ནི། སློབ་མའི་དཔྲལ་བ་དང༌། ལྐོག་མ་དང༌། སྙིང་ག་གསུམ་དུ་ཐིག་ལེ་བྱས་པས་སྲུང་བ་སྟེ། དེ་ནི་པཎྜི་ཏ་ཐམས་ཅད་མཐུན་པ་ཡིན་ནོ། །དེ་ནས་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དངོས་ནི། དེ་ནས་ཞེས་པ་ལ་སོགས་པའི་ཚིག་གསུམ་སྨོས་ཏེ། འདིས་ནི་སྔར་མེ་ཏོག་གཏོར་བའི་རྗེས་ལ། གདོང་གཡོགས་ཕྱེ་ནས་དཀྱིལ་འཁོར་བསྟན་པར་ཡང་འགྲོ་མོད་ཀྱང༌། གཙོ་བོར་ཤེས་རབ་ཡེ་ཤེས་ཀྱི་དབང་དུ་འགྲོ་བ་ཡིན་པས། དེ་ནས་གདོང་གཡོགས་ཕྱེ་ནི་གསང་བའི་དབང་གི་དུས་ཀྱིའམ། ཡང་ན་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་ཉིད་དུ་གདོང་གཡོགས་བཅིངས་པ་དེ་དགྲོལ་བའོ། །དཀྱིལ་འཁོར་བསྟན་ནི་སློབ་མ་ལ་ཕྱག་རྒྱ་མའི་ལུས་ཀྱི་དཀྱིལ་འཁོར་དང་རྩ་རྣམས་བསྟན་པ་སྟེ། ཕྱག་རྒྱ་མ་ནི་སློབ་དཔོན་གྱིས་བསྟན་པའི་གསང་བའི་ཡུམ་དེ་ཉིད་དམ། ཡང་ན་གཞན་ལ་བྱའོ། །གང་གི་ལྷའི་གནས་ཏེ་གང་གི་ནི་སློབ་མ་གང་གི་ལྷ་ནི་སློབ་མའི་རྒྱུད་ལ་དགའ་བ་བསྐྱེད་ཅིང་བྱིན་གྱིས་རློབ་པས་ལྷ་ཡིན་ལ། དེའི་གནས་གང་ཡིན་ནི་སྐད་ཅིག་མ་བཞི་དང༌། དགའ་བ་བཞི་ལ་སོགས་པའི་ཉམས་མྱོང་ཇི་ལྟར་སྐྱེས་པའི་མན་ངག་རྣམས་སློབ་མ་ལ་སྟོན་པའོ། །དེ་ནས་སློབ་མ་དང་ཕྱག་རྒྱའི་རྡོ་རྗེ་དང་པདྨ་ལ་སོགས་པ་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས་སྙོམས་འཇུག་བྱེད་དུ་བཅུག་ལ། དེར་ཞེས་པ་ནི་སློབ་མ་ཕྱག་རྒྱ་དང་སྙོམས་འཇུག་བྱེད་པའི་དུས་དེར་རོ། །དེ་སྟེ་མཉམ་པའི་རོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེའོ། །ཡང་དག་པར་བསྟན་པར་བྱ་ནི། སློབ་མའི་སྤྱོད་ཡུལ་དུ་ཉམས་སུ་མྱོང་བར་བྱ་བ་སྟེ། དེ་ཡང་སློབ་དཔོན་གྱིས་ཡོལ་བའི་ཕྱི་རོལ་ཏུ་ཨཱ་ལི་ཀཱ་ལི་འདོན་ཅིང༌། སློབ་མ་ལ་མན་ངག་བསྟན་ལ་སློབ་མ་ཉམས་མྱོང་སྐྱེས་པ་དང༌། སློབ་དཔོན་གྱིས་ཡི་གེ་གང་བརྗོད་པ་དུས་གཅིག་ཏུ་སྐྱེས་པ་དེའི་ཚེ། ཡི་གེ་དེ་དང་འབྲེལ་བའི་རིགས་སུ་མཚོན་པར་བྱ་ཞིང༌། སློབ་མ་ལ་མིང་ཡང་དེ་ཉིད་ཀྱིས་གདགས་སོ། །དེ་ནས་དབང་བཞི་པ་བསྐུར་བ་ནི་འདིར་རྒྱུད་དུ་མ་བསྟེན་ཀྱང་ཤུགས་ལས་ཤེས་པར་བྱ་སྟེ། མན་ངག་བཞིན་དུ་བསྐུར་བར་བྱའོ། །བཞི་པ་བླ་མ་ལ་ཡོན་དབུལ་བ་ཕན་ཡོན་དང་བཅས་པ་ལ་གཉིས་ལས། དང་པོ་སློབ་མས་གུས་པ་སྔོན་དུ་འགྲོ་བས་ཡོན་དབུལ་བ་དངོས་བསྟན་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ནས་དེ་དབང་བསྐུར་བའི་རྗེས་ལ། སློབ་དཔོན་དང་ནི་ཕྱག་རྒྱ་དང་བཅས་པ་ལའོ། །རབ་ཏུ་འདུད་པ་བླ་མ་ལ་ཕྱག་བྱས་ནས་དཀྱིལ་འཁོར་དང་བླ་མ་ལ་གཡོན་ནས་བསྐོར་བ་ལན་གསུམ་ལ་སོགས་པ་བྱས་ཏེ། དཀྱིལ་འཁོར་དང་བླ་མ་ལ་ཇི་བཞིན་ཆོ་ག་ནི། ལུས་ཐམས་ཅད་ས་ལ་ཕབ་ལ་ཕྱག་བྱའོ། །དེ་ནས་ཏེ། དེའི་འོག་ཏུ་སློབ་མ་དད་པ་དང་ལྡན་པ་དེས་ཅི་ཞིག་བྱ་ཞེ་ན། བླ་མ་ལ་ཡོན་དབུལ་བར་བྱའོ། །ཞེས་སྟོན་པ་ནི། བླ་མ་ལ་ཡོན་དེ་བཞིན་གཤེགས་པས་དབུལ་བར་གསུངས་པ་རྣམས་དབུལ་ལོ། །དེ་ཉིད་གང་ཞེ་ན། གསེར་དང་པདྨ་རཱ་ག་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་པ་དང༌། རས་ཟུང་ལ་སོགས་པ་དང༌། གསེར་ལས་བྱས་པའི་རྣ་རྒྱན་ལ་སོགས་པ་ནི་གོ་བར་ཟད་དོ། །དེ་ནས་ལ་སོགས་པས་དབང་ཐོབ་པའི་རྗེས་ལ། བླ་མ་ལ་རང་གི་ལུས་དབུལ་བ་ནི་གཞུང་ཉིད་ན་གསལ་ལོ། །གཉིས་པ་བླ་མ་ལ་ཡོན་ཕུལ་བའི་ཕན་ཡོན་ནམ་འབྲས་བུ་བསྟན་པ་ནི། དེ་ལྟར་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཏེ། སྔར་བླ་མ་ལ་ཡོན་ཕུལ་བ་དེ་ལྟར་བྱས་པས། སློབ་མ་ལ་ཕན་ཡོན་འབྱུང་བར་ངེས་པ་ནི་ཐེ་ཚོམ་མེད་པར་བྱའོ། །དེ་ནས་ཏེ་ཡོན་ཕུལ་བ་བྱས་པའི་སློབ་མ་དེ་ལ། བླ་མ་མཉེས་པས་མཁའ་འགྲོ་མ་དང༌། རྣལ་འབྱོར་མ་ནི་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་པོ་རྣམས་ལ་འཁོར་སྟོང་ཕྲག་ཉི་ཤུ་རྩ་རེ་རེ་ཡོད་པ་དེ་རེ་རེ་ལ་ཡང༌། འཁོར་བྱ་བ་ཕྲག་རེ་རེ་ཡོད་པ་རྣམས་མཉེས་པ་འགྱུར་རོ། །དེ་ཉིད་གང་ཡིན་ཞེ་ན། མཁའ་འགྲོ་མ་ལ་སོགས་པ་བཞི་འདིར་སྨོས་པ་ནི། ལྷན་ཅིག་སྐྱེས་པ་རྣམས་བསྟན་པས། གཞན་ཤུགས་ལས་ཤེས་པའོ། །དེ་དག་དགྱེས་པས་ཕན་ཡོན་ཅི་འགྱུར་ཞེ་ན། སྒྲུབ་པ་པོ་སློབ་མ་དེ་མཁའ་འགྲོ་མ་དེ་དག་དང་ལྷན་ཅིག་ཏུ་མཁའ་སྤྱོད་དུ་འགྲོ་བ་དང༌། གཞན་ཡང་མཁའ་འགྲོ་མ་རྣམས་སྒྲུབ་པ་པོ་སྟེ། སློབ་མ་དེ་དག་ཅི་བགྱི་ཞེས་པ་ནི་ཕྱི་བཞིན་འབྲངས་ནས། ཁྱོད་ཀྱི་དགོས་པ་ཅི་བགྱི་ཞེས་བཀའ་ནོད་པར་བྱེད་ལ། དེ་ལ་སྒྲུབ་པ་པོས་མཁའ་སྤྱོད་ལ་སོགས་པ་བྱིན་ཅིག་ཅེས་བཀའ་བསྒོ་ན། གང་བསྒོ་བ་དང་ཡིད་ལ་གང་འདོད་པ་དེ་བགྱིད་པར་ཐེ་ཚོམ་མེད་དོ། །དེ་དང་ལྷན་ཅིག་སྤྱོད་པས་དགོས་པ་ཅི་འགྲུབ་ཅེ་ན། རྣལ་འབྱོར་འདི་སྟེ་མཁའ་འགྲོ་མ་ཐམས་ཅད་ཀྱི་བདག་པོ་ཡིན་ལ། དེ་གྲུབ་པར་གྱུར་ན་རྣལ་འབྱོར་པ་དེ་ལ་འཇིག་རྟེན་གསུམ་དུ་གནས་པ་སུས་ཀྱང་མི་བཟློག་ཅིང་མི་ཐུབ་པར་འགྱུར་རོ། །གཞན་ཡང་དངོས་གྲུབ་ཅི་ལྟར་འགྲུབ་ཅེ་ན། རང་གི་ལུས་མི་སྣང་བ་དང༌། ཕུག་ས་འོག་གི་དངོས་གྲུབ་དང༌། ནམ་མཁའ་ལ་འགྲོ་བ་དང༌། རྐང་མགྱོགས་སྐད་ཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་བསྐོར་བར་ནུས་པ་དང༌། བཅུད་ཀྱིས་ལེན་དང༌། དེས་མཚོན་ནས་དངོས་གྲུབ་བརྒྱད་པོ་ཐམས་ཅད་སྟེར་བར་བྱེད་དོ། །ཇི་ལྟར་སྟེར་ཞེ་ན་སྒྲུབ་པ་པོ་ཡིད་ལ་འདོད་པ་ཙམ་གྱིས་རྟག་ཏུ་སྟེར་བར་འགྱུར་རོ། །གང་སྟེར་ན་གཟུགས་དུ་མར་བྱེད་པ་དང༌། ནམ་མཁའ་ལ་འགྲོ་བ་སྟེ་རིག་པ་འཛིན་པའི་དངོས་གྲུབ་སྟེར་བར་འགྱུར་རོ། །གཞན་ཡང་མཁའ་འགྲོ་སྟེ་ལས་ཀྱི་མཁའ་འགྲོ་མ་རྣམས་དང༌། ཁྱད་པར་དུ་ངེས་གནོན་འགྲོ་བ་བསྟན་པ་ལ་སྡང་བའི་དགྲ་ཐམས་ཅད་ངེས་པར་ཟིལ་གྱིས་གནོན་པ་ཐམས་ཅད་བྲན་དུ་འགྲོ་བ་དང༌། དེ་དག་ལ་སྒྲུབ་པ་པོས་ལན་ཅིག་བལྟས་པ་ཙམ་གྱིས་ཀྱང་དུས་སྐད་ཅིག་ཙམ་གྱིས་སྦྱོར་བ་ཉིད་བསྐྱེད་པ་ནི་སྒྲུབ་པ་པོ་ཡིད་ལ་གང་འདོད་པ་དེ་བྱེད་པར་འགྱུར་བ་སྟེ། དེ་དག་ནི་རྗེས་སུ་འགྲོ་བའི་སྒོ་ནས་ཕན་ཡོན་བསྟན་པའོ། །ད་ནི་ལྔ་པ་ལྡོག་པའི་སྒོ་ནས་དཀྱིལ་འཁོར་དུ་མ་ཞུགས་པའི་ཉེས་དམིགས་བསྟན་པ་ནི། སྔགས་པ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་སྨོས་ཏེ། དེ་ཡང་སྔགས་པ་སྟེ་སྒྲུབ་པ་པོ་དཀྱིལ་འཁོར་མ་མཐོང་ཞིང་དབང་བསྐུར་བ་མ་ཐོབ་པར་གང་ཞིག་རྣལ་འབྱོར་པར་འདོད་པ་དེ་ནི་དངོས་གྲུབ་མི་འཐོབ་སྟེ། དཔེར་ན་གང་ལ་ལ་ནམ་མཁའ་ལ་ཁུ་ཚུར་རྡེག་པ་དང༌། སྨིག་རྒྱུའི་ཆུ་འཐུང་བ་དེ། མི་ཕོག་པ་དང༌། མི་ངོམས་པ་བཞིན་ནོ། །དྲུག་པ་མའིའང་མ་བླ་ན་མེད་པའི་རྒྱུད་ཀྱི་ཆེ་བ་བསྟན་པ་ནི། རྣལ་འབྱོར་ནི་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ཡང་རྣལ་འབྱོར་འདི་ནི་སྟེ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་འཇུག་པ་དང༌། དབང་བསྐུར་བའི་ཐབས་ཀྱིས་རྣལ་འབྱོར་འདི་ནི་ཐབས་མཆོག་རབ་ཏུ་གྱུར་པ་དང༌། རྒྱུད་སྡེ་གཞན་གྱི་འཇུག་པ་དང་དབང་བསྐུར་བ་ལ་སོགས་པའི་སྦྱོར་བ་སྟེ། ཐབས་ཀྱི་ནང་ན་རྒྱུད་འདིའི་དབང་བསྐུར་བའི་ཐབས་དམ་པ་སྟེ་མཆོག་ཏུ་གྱུར་པ་ཡིན་ནོ། །དེས་ན་གང་ཞིག་སྟེ་སྒྲུབ་པ་པོ་གང་ཞིག་རྟག་ཏུ་འདོད་གྱུར་པ་སྟེ། དེ་ལྟར་གང་དང་གང་འདོད་པ་དེ་དང་དེའོ། །དེ་ནི་སྟེ་རྒྱུད་འདིར་དབང་བསྐུར་བའི་སྒྲུབ་པ་པོ་དེ་ནི་ལྷ་དང་མི་ཐམས་ཅད་ཟིལ་གྱིས་གནོན་པར་འགྲོ་ནི། འདོད་པ་ཐམས་ཅད་ལ་ལོངས་སྤྱོད་པར་འགྱུར་བའོ། །འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་འདིར་དབང་བསྐུར་བའི་སྒྲུབ་པ་པོ་དེ་རྒྱུད་རྣམས་ཀུན་གྱི་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་བླ་མ་རྣམས་བཟུང་ལ། སྒྲུབ་པ་པོར་གསུངས་ནི་རྒྱུད་འདི་རྒྱུད་གཞན་པས་དངོས་གྲུབ་ཐག་ཉེ་བས་དེ་སྐད་ཅེས་བྱའོ། །རྒྱུད་རྣམས་ཀུན་ཞེས་པ་ཉིད་གང་ཞེ་ན། དགོད་དང་ཞེས་པ་ལ་སོགས་པ་སྟེ། འདི་ལ་ལྷ་ལ་སྦྱར་བ་དང༌། མི་ལ་སྦྱར་བ་གཉིས་ལས་དང་པོ་ལྷ་དང་སྦྱར་ན། དགོད་པ་ནི་རྫོགས་ལྡན་གྱི་བདེ་བའི་མཐར་ཐུག་ཡིན་ལ། རྒྱུད་ན་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ། དགོད་པའི་བདེ་བ་དེ་ལྷ་ན་གཞན་འཕྲུལ་དབང་བྱེད་དང༌། འཕྲུལ་དགའི་ལྷ་ལ་ཡོད། ལྟ་བ་ནི་སུམ་ལྡན་གྱི་བདེ་བ་མཐར་ཐུག་པ་ཡིན་ལ། རྒྱུད་ན་རྣལ་འབྱོར་གྱི་རྒྱུད་དེ། ལྷ་ན་དགའ་ལྡན་གྱི་ལྷ་ན་ཡོད། ལག་བཅངས་ནི་གཉིས་ལྡན་གྱི་བདེ་བའི་མཐར་ཐུག་པ་ཡིན་ལ། རྒྱུད་ན་སྤྱོད་པའི་རྒྱུད་དེ། ལྷ་ན་འཐབ་བྲལ་གྱི་ལྷ་ལ་ཡོད། གཉིས་གཉིས་འཁྱུད་པ་ནི་རྩོད་པའི་དུས་ཀྱི་བདེ་བའི་མཐར་ཐུག་པ་ཡིན་ལ། རྒྱུད་ན་བྱ་བའི་རྒྱུད་དེ། ལྷ་ན་སུམ་ཅུ་རྩ་གསུམ་དང་རྒྱལ་ཆེན་རིགས་བཞི་ལ་ཡོད་དོ། །ཡང་མི་དང་སྦྱར་ན་དགོད་པ་ནི་རྩོད་པའི་དུས་ཀྱི་བདེ་བ་དམན་པ་ཡིན་ལ། རྒྱུད་ནི་བྱ་བའི་རྒྱུད་དོ། །ལྟ་དང་ནི་གཉིས་ལྡན་གྱི་དུས་ཀྱི་བདེ་བ་སྟེ། རྒྱུད་ན་སྤྱོད་པའི་རྒྱུད་དོ། །ལག་བཅངས་ནི་སུམ་ལྡན་གྱི་བདེ་བ་ཡིན་ལ། རྒྱུད་ན་རྣལ་འབྱོར་གྱི་རྒྱུད་དོ། །གཉིས་གཉིས་འཁྱུད་པ་ནི་རྫོགས་ལྡན་གྱི་བདེ་བ་སྟེ། རྒྱུད་ན་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །སོགས་ཀྱིས་མ་བླ་ན་མེད་པ་བསྡུས་ཏེ། དེ་ཐམས་ཅད་ཀྱི་བདག་པོ་རྒྱུད་འདི་ཡིན་པས་སོ། །དེ་ལྟ་བུའི་རྒྱུད་རྣམས་ཀུན་ནི་སྔར་གྱི་རྒྱུད་སྡེ་ལྔ་པོ་ཡིན་ལ། དེ་དག་ཏུ་རྒྱུད་འདིའི་དཀྱིལ་འཁོར་མ་གསུངས་ཏེ། རྒྱུད་རྣམས་ཀུན་ཉིད་གང་ཞེ་ན། དེ་ཁོ་ན་ཉིད་བསྡུས་པ་དང༌། འཁོར་ལོ་སྡོམ་སྟེ་དཔལ་ནམ་མཁའ་དང་མཉམ་པ་དང༌། གསང་བ་སྟེ་གསང་བ་འདུས་པ་དང༌། རྡོ་རྗེ་འཇིགས་བྱེད་ལ་སོགས་པ་ལས་དཀྱིལ་འཁོར་རྣམས་ཀྱི་མཆོག རྒྱུད་འདིའི་དཀྱིལ་འཁོར་གྱི་རྒྱལ་པོ་འདི་སྔར་མ་བྱུང་ཞིང་ཕྱིས་ཀྱང་འབྱུང་བར་མི་འགྱུར་རོ། །བཤད་དང་ནི་རྒྱུད་འདིར་བཤད་པའི་དངོས་གྲུབ་དང༌། མ་བཤད་པ་ནི་རྒྱུད་འདིར་མ་བཤད་ཀྱང་རྒྱུད་གཞན་དུ་བཤད་པའི་མཆོག་དང་ཐུན་མོང་གི་དངོས་གྲུབ་གང་ཅི་ཡང་རུང་བའི་སྒྲུབ་རྒྱུད་དེ་ཀུན་དང༌། དཔལ་ལྡན་ཁྲག་འཐུང་གནས་ནི་རྒྱུད་འདིའི་དཀྱིལ་འཁོར་ལ་གནས་ཏེ། འདི་ལ་བརྟེན་ནས་དངོས་གྲུབ་ཐམས་ཅད་འགྲུབ་པའི་ཕྱིར་རོ། །དེ་ལྟར་དོན་དྲུག་གིས་ལེའུའི་གཞུང་བསྟན་ནས། ལེའུའི་མཚན་ནི་དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས། བླ་མ་ལ་ཡོན་དབུལ་བ་དང་བཅས་པའི་དབང་བསྐུར་བ་སྟོན་པའི་ལེའུ་ནི་དེ་སྟོན་པའི་གཞུང་གི་ཚོགས་སོ། །གསུམ་པ་ནི་གྲངས་ཀྱི་གནས་གཞན་ཏེ། བདེ་མཆོག་ཉུང་ངུའི་ཊཱི་ཀ་མུ་ཏིག་ཕྲེང་བ་ལས། ལེའུ་གསུམ་པའི་རྣམ་པར་བཤད་པའོ།།  །།དེ་ལྟར་ལམ་གྱི་གསང་བ་ལ་འཇུག་པ་དབང་བསྐུར་བ་སྔོན་དུ་སོང་བ་ལ། དེ་དང་འབྲེལ་བའི་དེ་ཁོ་ན་ཉིད་བསྟན་པར་བྱའོ་ཞེས་འབྲེལ་པ་བསྙེགས་པའི་དོན་དུ་ལེའུ་བཞི་པས་ལམ་གྱི་གསང་བ་དངོས་དང་ཡང་དབང་བཞི་པ་ཡང་སྟོན་ཏེ། དེ་ཡང་དབང་བསྐུར་ནས་ནི་དེ་ཉིད་བསྟན། ཞེས་པ་ལ་སོགས་པ་གསུངས་པས་སོ། །དེ་བས་ན་ལེའུ་དང་པོར་ལམ་གྱི་གསང་བ་རིམ་པ་གཉིས་མདོར་བསྟན་པ་དེ་རྒྱས་པར་བཤད་པའི་དབང་དུ་བྱས་ཏེ། ལེའུ་བཞི་པས་རིམ་པ་གཉིས་ལ་དེ་ཁོ་ན་ཉིད་བཞི་བཞིར་བྱས་པའི་དེ་ཁོ་ན་ཉིད་བརྒྱད་སྟོན་ཏོ། །ཡང་ལེའུ་བཞི་པར་བཤད་པའི་དེ་ཁོ་ན་ཉིད་བཞི་པོ་འདི་དབང་བསྐུར་བའི་ཚེ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་རྗེས་ལ། དབང་བཞི་པའི་ཚིག་དབང་བསྐུར་བར་ཡང་འགྲོ་བས་དེའི་ཚེ་ལམ་གྱི་གསང་བ་ལ་འཇུག་པའི་ཡན་ལག་ཏུ་འགྲོ་བ་ཡིན་ནོ། །ལེའུ་འདི་ལ་ལེའུའི་གཞུང་དང་ལེའུའི་མཚན་གཉིས་ལས། དང་པོ་ལེའུའི་གཞུང༌། དེ་ལས་དང་པོ་བསྐྱེད་པའི་རིམ་པའི་དེ་ཁོ་ན་ཉིད་བཞི་ལས་དང་པོ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ནི། དེ་ནས་ལ་སོགས་པའི་ཚིག་གཉིས་ཀྱིས་བསྟན་ཏེ། དེ་ནས་ཞེས་པ་ནི། དོན་གྱི་དབང་དུ་བྱས་ནས་ལམ་གྱི་གསང་བ་ལ་འཇུག་པ་དབང་བསྐུར་བ་ལྟར་ན། ལེའུ་གསུམ་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་རྗེས་ལ། ལེའུ་བཞི་པའི་དེ་ཁོ་ན་ཉིད་ཀྱི་དབང་བཞི་པ་ཚིག་དབང་བསྐུར་ཞེས་འབྲེལ་པའམ། ཡང་ལམ་གྱི་གསང་བ་དངོས་ལྟར་ན། དེ་ནས་ནི་ལེའུ་གསུམ་པའི་དབང་བསྐུར་བའི་རྗེས་ལ་དེ་ཁོ་ན་ཉིད་བསྟན་པ་ཞེས་པའི་དོན་ཏོ། །རྣལ་འབྱོར་མ་རྣམས་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་པོ་རྣམས་སོ། །ས་ལ་རྣམ་པར་རོལ་པ་ནི་ས་ཞེས་པས་རྟེན་སའི་དཀྱིལ་འཁོར་བསྒོམ་པ་བསྟན་པས་དེས་མཚོན་ནས། རླུང་གི་དཀྱིལ་འཁོར་བསྒོམ་པ་ནས་གཞལ་ཡས་ཁང་བསྒོམ་པའི་བར་དུ་རྟེན་བསྐྱེད་པ་བསྟན། དེ་ལ་རྣམ་པར་རོལ་ནི་རྟེན་དེ་ལ་བརྟེན་པ་ལྷ་རྣམས་རྟེན་ཞེས་པའི་དོན་ནོ། །ཡང་པཎྜི་ཏ་སུ་མ་ཏི་ནི་རྣལ་འབྱོར་མ་རྣམས་ཞེས་པ་སྔ་མ་དང་འདྲ་ལ། ས་ལ་རྣམ་པར་རོལ་ཞེས་པའི་སས་ནི་མཁའ་འགྲོ་མ་ལ་སོགས་པ་བཅུ་གཉིས་ཀྱི་དོན་བསྟན་ལ། འོག་གི་བརྩོན་ཆེན་མ་ལ་སོགས་པས་འཁོར་ལོ་གསུམ་གྱི་མཁའ་འགྲོ་མའི་མིང་བསྟན་ཞེས་བཞེད་དོ། །འགྲེལ་བས་རྣལ་འབྱོར་མ་རྣམས་ཞེས་པས་སྐུ་གསུང་ཐུགས་ཀྱི་འཁོར་ལོའི་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་ཡིན་ལ། ས་ལ་རྣམ་པར་རོལ་པ་ནི་ས་སྟེང་དང༌། ས་བླ་དང་ས་འོག་གི་དཀྱིལ་འཁོར་དུ་རྣམ་པར་རོལ་པ་མཛད་པའོ། །མཁའ་འགྲོ་མ་དེ་དག་གི་གྲངས་དང་མིང་གང་ཞེ་ན། བརྩོན་ཆེན་མ་ལ་སོགས་པས་དེ་སྟོན་པར་བཤད་དེ་གཞུང་དེ་ལྟར་བདེའོ། །གཉིས་པ་ལྷའི་དེ་ཁོ་ན་ཉིད་བརྩོན་ཆེན་ཞེས་པ་ནས་གྲུབ་པ་ཡིན་གྱི་བར་གྱིས་བསྟན་ཏེ། སྤྱིར་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་ཡོད་པ་ལས། འདིར་སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་བསྟན་པ་ནི་བྱིན་གྱིས་རློབ་བྱེད་དངོས་སྤྲུལ་སྐུ་ཡིན་པས་བསྟན་པ་ཡིན་ལ། འདིར་བརྩོན་འགྲུས་ཆེན་མོ་ནས་བཟུང་སྟེ་མས་བཟློག་ཏུ་དགོད་པར་སྟོན་པ་ནི། མཁའ་འགྲོ་མ་ཀུན་དུ་སྤྱོད་པའི་རྒྱུད་ལྟར་ལྷའི་རིམ་པ་བཟློག་པ་སྟེ།  རྗེས་མ།>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*