དཔལ་དུར་ཁྲོད་བདག་པོའི་སྒྲུབ་སྐོར།

༼ཁ༽

༄༅། །དཔལ་དུར་ཁྲོད་བདག་པོའི་སྒྲུབ་སྐོར་བཞུགས།།

དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གང་ཟག་རྣལ་འབྱོར་པ་རྣམས་ཀྱིས། །རང་གཞན་བསྲུང་དང་བཟློག་པ་དང༌། །བསོད་ནམས་སྤེལ་དང་དངོས་གྲུབ་སྟེར། །དེ་དག་སྒྲུབ་པའི་ཐབས་བསྟན་པ། །དུར་ཁྲོད་ལ་སོགས་དབེན་གནས་སུ། །མཎྜལ་མཆོད་གཏོར་བཤམས་ནས་སུ། །བདག་ཉིད་ཡི་དམ་གཞུང་བཞིན་བསྒོམ། །དཔལ་ལྡན་དུར་ཁྲོད་བདག་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །གཡས་ན་ཐོད་དབྱུག་འབར་བ་ཐོགས། །གཡོན་ན་ཐོད་པ་ཁྲག་བཀང་གསོལ། །འབར་བའི་ཀེང་རུས་མཆེ་བ་གཙིགས། །བརྐྱང་བསྐུམ་གར་གྱིས་གདུག་པ་འདུལ། །འཇིགས་སུ་རུང་བའི་ཡབ་ཡུམ་བསྒོམ། །ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ་བསྲུང་ན་རཀྵ་རཀྵ་ཀུ་རུ། སྔགས་གཅིག་བརྗོད་པས་བདག་ཉིད་བསྲུང༌། །ཚར་གཉིས་བརྗོད་པས་གཞན་བསྲུང་འགྱུར། །ཚར་གསུམ་བརྗོད་པས་གྲོང་བསྲུང་འགྱུར། །ཚར་བདུན་བརྗོད་པས་ཤེས་རབ་འཕེལ། །བརྒྱ་རྩ་བརྗོད་པས་ཡུལ་ཁམས་བསྲུང༌། །དེ་ནས་རིག་སྔགས་བཟློག་པ་ནི། །དུར་ཁྲོད་ཐལ་ཆེན་བླངས་ནས་ནི། །ཆོས་སྐྱོང་ཡབ་ཡུམ་སྐུ་བཞེངས་ལ། །སྤྱན་དྲངས་རབ་ཏུ་གནས་པར་བྱ། །ཉ་དང་གནམ་སྟོང་ཚེས་བརྒྱད་ལ། །རྨེ་བ་ནག་པོའི་དུད་པས་བདུག །རིག་སྔགས་ཟློག་ཅེས་གསོལ་བ་གདབ། །དེ་ཡིས་རིག་སྔགས་བཟློག་པར་འགྱུར། །དངོས་གྲུབ་སྒྲུབ་པའི་ཐབས་བསྟན་པ། །འབྲུབ་ཁུང་ཁྲུ་གང་ཁྲག་གིས་བྱུགས། །ཟུར་གསུམ་ནང་དུ་མཆོག་ཕུར་གསུམ། །བཙུགས་པའི་ཁ་རུ་ཐོད་པ་གཞག །ཁ་ཟས་སྣ་ཚོགས་མཆོག་གིས་བཀང༌། །འབྲུ་སྣ་སྨན་སྣ་རཏྣ་བརྡར། །ཟུར་གསུམ་ལ་ནི་བ་ལིཾ་གཞག །དུས་དྲུག་ཆང་སྐྲད་གཡོན་སྐོར་གསོག །གཏོར་མ་མི་གཤེགས་གཏའ་རུ་གཟུང༌། །ཞག་བདུན་བར་དུ་སྨྲ་བཅད་བྱ། །དམ་ཚིག་བསྲུང་བ་མཆོག་ཏུ་གཅེས། །སྒྲུབ་པ་ཐོན་ནས་དངོས་གྲུབ་བླང༌། །ཞག་བདུན་ལོན་པའི་ནང་པར་ནི། །དཔལ་ལྡན་ཡབ་ཡུམ་གུས་པ་ཡི། །ཚུལ་གྱིས་དངོས་གྲུབ་དྲངས་པར་བསམ། །རྒྱུན་གཏོར་གཉིས་པོ་གཙང་སར་བསྐྱལ། །དེ་ནས་ལས་ཚོགས་སྒྲུབ་པའི་ཐབས། །དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ། །སྣ་ཚོགས་འབྲུ་ལས་བྱས་ནས་སུ། །བང་མཛོད་བཅུག་ལ་གསོལ་བ་གདབ། །དེ་ཡི་འབྲུ་རྣམས་འཕེལ་བར་འགྱུར། །དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ། །རཏྣ་སྣ་ཚོགས་དག་ལས་བྱ། །ཞིང་དཀྱིལ་བཅུག་ན་ལོ་ལེགས་འགྱུར། །དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ། །ཐབ་འོག་བཅུག་ན་ལོངས་སྤྱོད་འདུ། །དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ། །གསེར་དང་གཡུས་བྲིས་རབ་གནས་བྱ། །ཆུ་རའི་ཞབས་སུ་སྦས་གྱུར་ན། །ཟས་ཀྱི་སྤྱན་གཟིགས་འཕེལ་བར་འགྱུར། །དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ། །ཏཱ་ལའི་ལོ་མ་དག་ལ་བྲིས། །གང་གི་མགུལ་དུ་བཏགས་གྱུར་ན། །དེ་ལ་ཐམས་ཅད་དད་པར་འགྱུར། །དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ། །དར་དཀར་ལ་སོགས་དག་ལ་བྲིས། །དམག་དཔོན་དག་གི་མགོ་ལ་བཙུགས། །དེ་ཡིས་དམག་རྣམས་བསྲུང་བར་འགྱུར། །དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ། །རཏྣ་སྣ་ཚོགས་དག་གིས་བྲི། །རབ་གནས་བྱས་ལ་དཔུང་པར་གདགས། །ཡིད་ལ་བསམ་པ་ཐམས་ཅད་འགྲུབ། །དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ། །དྲི་བཟང་ཙནྡན་གླ་བས་བྲི། །རབ་གནས་མཆོད་པ་རབ་ཏུ་བྱ། །སྒོ་སྟེང་བཏགས་ན་ནད་རྣམས་བསྲུང༌། དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ། །རས་ལ་བྲིས་ལ་རབ་གནས་བྱ། །བླ་རེ་བྱས་ལ་གསོལ་བ་གདབ། །དེ་ཡིས་བདག་གཞན་བར་ཆད་བསྲུང༌། །དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ། །གསུམ་དུ་བྱས་ལ་རབ་གནས་བྱ། །ཕ་ལ་གཅིག་གདགས་མ་ལ་གཅིག །བུ་ཚ་ལ་གཅིག་གདགས་པར་བྱ། །ཆུང་སྲི་ཆིངས་ཤིག་གསོལ་བ་གདབ། །སྲིའུ་གསོ་བར་བྱ་བའོ། །དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ། །འབུར་སྐུ་བྱས་ལ་རྒྱབ་ཡོལ་ནང༌། །བཅུག་ན་གྲྭ་པ་འཕེལ་བར་འགྱུར། །ནང་པར་ཚར་བདུན་ཡི་དམ་བྱ། །དེ་ཡིས་ཤེས་རབ་འཕེལ་བར་འགྱུར། །ཡུངས་ཀར་ཐལ་ཆེན་ལ་བསྔགས་ཏེ། །ཞིང་ལ་སོགས་པ་ཀུན་ལ་གཏོར། །དེ་ཡིས་གདུག་པ་ཁ་ཆིངས་འགྱུར། །གར་སྟབས་ཅན་གྱིས་གང་བར་བསམ། །རས་བལ་སྐུད་པ་དཀར་པོ་ལ། །བསྔགས་ལ་མདུད་པ་ཉེར་གཅིག་བྱ། །ཕྱུགས་ལ་བཏགས་ན་གབ་འཕེལ་འགྱུར། །དུད་འགྲོ་བསྲུང་བའི་མན་ངག་ནི། །ལྷ་ཁང་ལ་སོགས་གྱོ་མོ་ལ། །གསང་སྔགས་བརྒྱ་དང་རྩ་བརྒྱད་བརྗོད། །ཕྱུགས་ལ་སོགས་པའི་ལྷས་སུ་གཏོར། །བསྲུང་བའི་ཏིང་འཛིན་གོང་དང་འདྲ། །ཆོམ་རྐུན་འཆང་བའི་མན་ངག་ལ། །ཆུའམ་གཤམ་མ་ལ་སོགས་ལ། །སྙིང་པོ་བརྒྱ་དང་རྩ་བརྒྱད་བརྗོད། །བདག་དང་རྫས་དང་ཕྱོགས་བཅུར་གཏོར། །ཆོམ་རྐུན་ཆིངས་ཤིག་གསོལ་བ་གདབ། །མདུན་དང་རྒྱབ་ཀྱི་གཞོགས་རེ་ནས། །ལྷ་གཉིས་གར་བྱེད་འགྲོ་བར་བསམ། །གནས་སུ་ཕྱིན་ནས་ཏིང་འཛིན་གློད། །དེ་ཡིས་འཇིགས་པ་ཀུན་ལས་ཐར། །རྒྱུན་དུ་སྲོག་གི་སྙིང་པོ་བཟླས། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །གཏོར་མ་དཀོན་མཆོག་མཆོད་པ་རབ། །དེ་འོག་ཆོས་སྐྱོང་ཡབ་ཡུམ་མཆོད། །རྩ་བའི་གསང་སྔགས་ཉིད་ལ་ནི། །ཤྲཱི་ཤྨ་ཤཱ་ན་ཨ་དྷི་པ་ཏི་མ་ཧཱ་པི་ཤཱ་ཙི། བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་བརྗོད་པས་གསོལ་བར་བསམ། ཤིན་ཏུ་གསང་ནས་བསྒྲུབས་ན། གཞན་ཡང་ཡོན་ཏན་བསམ་གྱིས་མི་ཁྱབ། དཔལ་དུར་ཁྲོད་ཀྱི་བདག་པོའི་སྒྲུབ་ཐབས་རྫོགས་སོ། །དཔལ་དུར་ཁྲོད་བདག་པོ་ཤ་ཟ་ཆེན་པོ་ཡབ་ཡུམ་ཀྱི་སྒྲུབ་ཐབས། བླ་མ་བཻ་རོའི་གདམས་པའོ། །ཨི་ཐི།།  །།དཔལ་དུར་ཁྲོད་བདག་པོའི་ལས་ཀྱི་དུམ་བུ་ནི། ཡུལ་དུ་རིམས་ནད་བྱུང་བ་ལ། །ཡུལ་དུ་གཏོར་ཕྱེ་བསྡུས་བྱས་ལ། །བླ་མ་དཀོན་མཆོག་རྣམས་དང་ནི། །དུར་ཁྲོད་བདག་པོ་ཡབ་ཡུམ་ལ། །མཆོད་དང་གཏོར་མ་ཕུལ་ནས་སུ། །རིམས་ནད་ཟློག་ཅེས་གསོལ་བ་གདབ། །དུར་ཁྲོད་ཐལ་བ་གྲོང་ལ་གདབ། །དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ། །དཔག་ཏུ་མེད་པས་བསྐོར་བར་བསམ། །དེས་ནི་རིམས་ནད་བཟློག་པར་འགྱུར། །ཕྱུགས་ལ་གློ་གདོན་བྱུང་བ་དང༌། །ལུག་ལ་གཏལ་པ་བྱུང་བ་ལ། །དུར་ཁྲོད་ཐལ་བ་དག་དང་ནི། །ཡུངས་ཀར་ཡུངས་ནག་བསྲེས་བྱས་ལ། །ཕྱུགས་ཀྱི་ལྷས་སུ་གཏོར་བར་བྱ། །དེས་ནི་མི་ཕྱུགས་ནད་རྣམས་ཁེགས།།  །།ན་མོ་གུ་ར་ཝེ། དང་པོ་བསྙེན་པ་ནི། མཎྜལ་ཟླུམ་པོ་ཁྲུ་གང་བ་ཅིག དེའི་སྟེང་དུ་རིན་པོ་ཆེ་གཉིས་བྲིས་ལ། དེའི་སྟེང་དུ་ནས་འགའ་སྤུང་ངོ༌། །དེའི་སྟེང་དུ་མན་ཛི་བཞག དེའི་སྟེང་དུ་རྟེན་གཏོར་བཞག དེའི་སྟེང་དུ་ཡང་གཏོར་བཞག མདུན་དུ་རྒྱུན་གཏོར་ཡང་གཞག་པར་བྱ། །གཞན་ཡང་དཀོན་མཆོག་ལ་མཆོད་པ་ཅི་འབྱོར་བཤམ། ལྷ་བསྒོམ། མཆོད་གཏོར་དབུལ། དེ་ནས་ཉི་ཤུ་རྩ་གཅིག་ཏུ་བསྙེན་པ་བྱའོ། །དུས་རྒྱུན་དུ་གཏོར་མ་བཤམས་ལ། ཡབ་ཡུམ་ལ་བསྔོས་ལ་གསོལ་བ་གདབ། དེ་ནས་ཐམས་ཅད་དུ་བདག་ཡི་དམ་མི་འགྱུར་བའི་ཏིང་ངེ་འཛིན་དང་ལྡན་པར་བྱ། དེ་ནས་དུས་ཐམས་ཅད་དུ་ཡབ་ཡུམ་དཔག་ཏུ་མེད་པས་བསྐོར་ཞིང་བར་ཆད་བསལ་བར་བསམས་ཤིང་གསོལ་བ་གདབ། ཏིང་ངེ་འཛིན་དང་ལྡན་པར་བྱ། དམག་དང་རིམས་གང་ཡང་བསྲུང་བའི་ཐབས་ལ། མཆོད་གཏོར་དབུལ་བ་མན་ངག་བཞིན་བྱ་སྟེ། དགྲ་ལ་ཐོ་རངས་བྱ། ནད་རིམས་ལ་ངེས་པ་མེད་དོ། །དེ་ཡང་གོང་དང་འདྲའོ། །མན་ངག་ཏུ་མིས་མ་ཚོར་བར་བྱའོ། །གར་སྟབས་ཅན་གྱིས་ནང་ནས་གདུག་པ་སེལ་བར་བསམ་མོ། །རྒྱུན་གཏོར་ཆང་སྐྲད་བདུན་བདུན་བཞག རྟེན་གཏོར་སྟེང་དུ་དུང་གཉིས་བཞག ཤ་དང་ཁྲག་གི་རི་བོ་དང་རྒྱ་མཚོར་བསམས་པའི་སྟེང་དུ། དུང་གཉིས་ལ་ཡབ་ཡུམ་བསྐྱེད་པ་དང་བསྟིམ་པར་བྱའོ། །རྒྱུན་གཏོར་སྔགས་བདུན་བདུན་ལ་ཁཱ་ཧི་ཁཱ་ཧི་བཏགས་ལ་དབུལ། འཛིན་གཏོར་མི་གཤེགས་གཏའ་རུ་གཟུང༌། དེ་ཡང་དུས་དྲུག་ཏུ་ཆང་བུ་རེ་རེ་བདུན་བདུན་གཅིག་གཅིག་བཞིན་དུ་གཡོན་སྐོར་བྱའོ། །ལན་བདུན་གྱིས་གོང་བའི་ཚད་བྱ། མཚམས་ཁོང་དུ་བུད་མེད་མི་གཏང༌། སྒྲུབ་པའི་ཡིག་ཆུང་ཡིན་ནོ།།  །།ན་མོ་གུ་ར་ཝེ། ཙཀྲའི་རབ་གནས་བྱ་བ་ནི། བདག་ཡི་དམ་གྱི་ལྷར་མོས་ཏེ། རྩ་བའི་བླ་མས་གཙོ་བྱས་པའི་བླ་མ་རྣམས་མདུན་དུ་སྤྱན་དྲངས་ལ། རྩ་བའི་བླ་མ་སྐུ་མདོག་དམར་པོ་དེའི་ཕྱག་རྒྱའི་ནང་དུ་ཚུད་པར་བསམས་ལ་པཱུ་ཛ་ཕུལ། གསོལ་བ་གདབ་པ་ནི། བདག་ལམ་ལོག་པ་ལས་བསྐྱབ་ཏུ་གསོལ། ཆོམ་རྐུན་ལས་བསྐྱབ་ཏུ་གསོལ། གཅན་གཟན་ཀྱི་འཇིགས་པ་ལས་བསྐྱབ་ཏུ་གསོལ། དེ་ལ་སོགས་པ་གང་འདོད་གསོལ་བ་གདབ། དེ་ལ་སྔགས་འདི་རྟེན་འབྲེལ་སྙིང་པོ་ལ་གདགས། ཨོཾ་ཨཱཿཧཱུྃ་བཏགས་ལ། སྐུ་གསུང་ཐུགས་ལ་བསྟིམ་མོ། །རབ་གནས་སོ། །རྫོགས་སོ།།  །།གུ་རུ་སརྦྦ་སྨཻན་མཿ ཤིན་ཏུ་དབེན་པའི་གནས་ཉིད་དུ། །བདེ་བའི་སྟན་ལ་རབ་འདུག་སྟེ། །དུར་ཁྲོད་ས་ལས་མཎྜལ་ནི། །གྲུ་བཞི་མདའ་གང་ཚད་དུ་བྱ། །སྟེང་དུ་ཟླུམ་པོ་ཁྲུ་གང་བྱ། །དེ་ཡི་སྟེང་དུ་གྲུ་གསུམ་བྱ། །ཆང་དང་ཁྲག་གིས་བྱུག་པར་བྱ། །ཟུར་གསུམ་དག་ལ་མཆོག་ཕུར་གསུམ། །སྟེང་དུ་མཚན་བཟང་ཀ་པཱ་ལ། །ནང་དུ་ཁ་ཟས་མཆོག་གིས་དགང༌། །ཐབས་དང་ཤེས་རབ་ནོར་བུ་གཉིས། །སྒྲུབ་པའི་རྟེན་དུ་བཅང་བར་བྱ། །དཀར་པོ་དར་གྱི་ཞལ་ཁེབས་བྱ། །དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ། །དམིགས་པའི་རྟེན་དུ་དགྲམ་པར་བྱ། །དེ་ནས་ཡན་ལག་བདུན་པ་བྱ། །ཚད་མེད་བཞི་ཡི་སེམས་ཀྱིས་སྦྱངས། །དེ་ནས་སྟོང་པའི་ངང་ཉིད་ལས། །བདག་ཉིད་ཡི་དམ་ལྷ་རུ་བསྐྱེད། །དཔལ་ལྡན་དུར་ཁྲོད་བདག་པོ་ནི། །སྐུ་མདོག་དཀར་པོ་འཇིགས་པའི་སྐུ། །སྤྱན་གསུམ་ཉི་ཟླའི་དཀྱིལ་འཁོར་བགྲད། །ཕྱག་གཡས་ཐོད་དབྱུག་འབར་བ་སྟེ། །གཡོན་པ་ན་ནི་ཐོད་ཁྲག་འཛིན། །ཞབས་གཉིས་བརྐྱང་བསྐུམ་གར་སྟབས་ཚུལ། །བདག་གི་མདུན་དུ་བསྒོམ་པར་བྱ། །གཡས་སུ་དཔའ་བོའི་ཚོགས་རྣམས་བསྐྱེད། །གཡོན་དུ་དཔའ་མོའི་ཚོགས་རྣམས་བསྐྱེད། །མདུན་གྱི་བར་སྣང་དག་ལ་ནི། །བུདྡྷ་བོ་དྷི་ས་ཏྭ་དང༌། །བླ་མ་ཡི་དམ་རྣམས་ཀྱང་བསམ། །དེ་ནས་གཏོར་མ་དབུལ་བ་ནི། །འབྱུང་པོའི་གཏོར་མ་བཞིན་དུ་བྱ། །དེ་ནས་བཟླས་པ་བྱ་བ་ནི། །ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ། ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། ཚར་གཅིག་བཟླས་ན་ཤེས་རབ་འཕེལ། །བརྒྱ་ཡིས་བདག་ཉིད་སྲུང་བར་བྱེད། །སྟོང་གིས་ཡོན་བདག་སྲུང་བར་བྱེད། །དེ་ནི་སྒྲུབ་པའི་མན་ངག་གོ །ཨི་ཐི།།  །།གུ་ར་ཝེ་ན་མཿ དཔལ་དུར་ཁྲོད་ཀྱི་བདག་པོའི་རྟེན་སྦ་བ་ནི། རཏྣ་བཀྲ་ཤིས་པའི་ས་ལས། དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་སྐུ་བྱས་ལ། དྲི་བཟང་གིས་བྱུགས། རས་སམ་དར་དཀར་ལ་ཙཀྲ་ཟུར་བརྒྱད་པ་བྲིས་ལ་དབུས་སུ་རིན་པོ་ཆེ་ལ་ཨོཾ་བྲི། ཟུར་བརྒྱད་ལ་རིན་པོ་ཆེ་བརྒྱད་བྲིས་ལ། མུ་ཁྱུད་ལ་ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ། ཀུ་མ་ཟ་ཀུ་མ་ཟ་ཁུཾ་ཐིས་སྭཱ་ཧཱ། རཏྣ་གྷྲྀ་ཆེ་གེ་མོ་སེམས་སྒུལ་སྒུལ་བྱ་བ་བྲི། ཙཀྲ་ལ་རབ་གནས་བྱ། ཡབ་ཡུམ་གྱི་སྐུའི་ལྟེ་བར་བཅུག་ལ། དེ་རང་གི་བང་མཛོད་དུ་སྦའོ། །དེས་ནི་མི་རྣམས་གཡོ་བ་དང༌། ནོར་འཕེལ་བ་དང༌། ཚེ་རིང་བ་དང༌། འགྲོ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུར་འགྱུར་རོ། །ཨི་ཐི།།  །།ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་སྐུ་མདུན་དུ་བསམས་ལ། མཆོད་པ་རྣམ་ལྔ་བཤམ། ཨ་ག་རུ་དང༌། ཏུ་རུཥྐ་དང༌། གུ་གུལ་ནག་པོ་དང༌། ཙནྡན་དམར་པོ་ལ་སོགས་པ་འཚོགས་ཚད་བསགས། དཀར་གསུམ་མངར་གསུམ་ལ་སོགས་པའི་ཚོགས་རྒྱ་ཆེན་པོ་བཤམས་ལ། གཏོར་མ་གསུམ་བཤམ། དཀྱིལ་འཁོར་བྲི། ལོགས་བཞིར་གཡུང་དྲུང་རེ་རེ་བྲི། གཡུང་དྲུང་རིས་བཞི་པོ་ལ་དུར་ཁྲོད་བདག་པོ་ཡབ་ཡུམ་གཉིས་པོ་བསམ། བླ་མ་ཡི་དམ་རྣམ་གཉིས་བསམ། དེ་རྣམས་སྤྱན་དྲངས་ལ། ཡན་ལག་བདུན་པ་ཚར་གཅིག་བྱ། རང་གི་ལུས་ལོངས་སྤྱོད་དུས་གསུམ་དུ་བསགས་པའི་དགེ་བ་ཐམས་ཅད་དུར་ཁྲོད་ཡབ་ཡུམ་ལ་དབུལ། སྲོད་ལ་ཚོགས་འཁོར་རྣམས་བླ་མ་དང༌། དུར་ཁྲོད་བདག་པོ་ཡབ་ཡུམ་ལ་དབུལ། རང་རེ་ངོམས་ལ་ཚིམ་པར་བྱ། གཏོར་མ་གསུམ་པོ་གཤེགས་སུ་གསོལ། དུས་བཟང་རྣམས་ལ་མཚམས་རེ་བྱ། ཉི་མ་ཤར་མ་ཐག་རེ་བཟའ། ཡབ་ཡུམ་གྱི་སྦྱོར་མཚམས་ནས་འོད་ཟེར་ཁ་དོག་དཀར་དམར་གཉིས་བྱོན། དེ་རང་གི་ལྕེ་ཐོག་ཏུ་བྱོན་ནས་སྔགས་ཉི་ཤུ་རྩ་གཅིག་བགྲང༌། ཡབ་ཡུམ་གྱི་སྐུ་སོར་གཅིག་པ་བྲིས་ལ། ནུ་མ་གཡོན་པའི་ཐོག་ཏུ་གདགས། སྐྱ་རེངས་ཤར་ཙ་ན་བསྐོར་བ་གསུམ་དང་ཕྱག་གསུམ་བྱ། དེ་བདག་ལ་དགའ་ཞིང་མགུ་བར་འདུ་བ་ཡིན་ནོ། །ཨི་ཐི།།  །།གུ་ར་ཝེ་ན་མཿ དཔལ་དུར་ཁྲོད་ཀྱི་བདག་པོ་ཤ་ཟ་ཆེན་པོ་ཡབ་ཡུམ་གྱིས་དམ་ཉམས་པ་སྒྲོལ་བའི་ཐབས། དུར་ཁྲོད་དམ་དབེན་པའི་གནས་སུ། མི་ཕོ་མོ་ཚད་རིམས་ཀྱིས་ཤི་བའི་ཤུལ་ནས་ས་བླངས་ལ། དེ་ལ་གྲུ་གསུམ་མཁྱིད་གང་བྱ། ནང་དུར་ཁྲོད་ཀྱི་སོལ་བས་བྱུགས། དུར་ཁྲོད་སོལ་བ་ལ་རཏྣ་བརྡར་ལ། ཁྲག་གིས་སྦྲུས་ལ། དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་གཟུགས་སོར་བརྒྱད་པ་བྱས་ལ་ཞལ་སྦྱར། དུག་ཁྲག་གིས་ཆེ་གེ་མོའི་མིང་རུས་བྲིས་ལ། དེའི་བར་དུ་མགོ་ཐུར་དུ་བསྟན་ལ་བཞག གྲུ་གསུམ་ནང་དུ་ལིངྒ་དེ་དང་འདྲ་བ་བྲིས་ལ་གཞུག སྟེང་དུ་དར་གུར་ནག་པོ་ཕུག རྩང་ཉི་ཤུ་རྩ་གཅིག་ལ་དུར་སོལ་གྱིས་བྱུགས། གྲུ་གསུམ་གྱི་ཁ་ལ་སྲིན་མོ་འགྲོས་སུ་བསྐོར། ཤ་ཁྲག་དང་ཆང་ལས་བྱས་པའི་བ་ལིཾ་ཏ་བཤམ། ཐུན་རྫས་ནི་ཟངས་སམ་ལྕགས་ལས་བྱས་པའི་ཕྱེ་མ་དང༌། དུག་སྣ་ཚོགས་བསགས་ལ་ཡི་དམ་བསྒོམ། དེའི་མདུན་དུ་སྐད་ཅིག་གིས་དཔལ་དུར་ཁྲོད་བདག་པོ་ཡབ་ཡུམ་བསྒོམ། སྐུ་མདོག་དཀར་པོ་ནག་པོ་གཉིས་མཆེ་བ་གཙིགས་པ། གཡས་ཁྲམ་ཤིང་དང༌། གཡོན་ཞགས་པ་བསྣམས་པ། འཇིགས་སུ་རུང་བའི་བརྐྱང་བསྐུམ་གྱིས་བཞུགས་པ། འཁོར་ཤ་ཟའི་བདག་པོ་དང་བདག་མོ་དཔག་ཏུ་མེད་པས་བསྐོར་བར་བསམ། དེ་ནས་རང་གི་ཐུགས་ཀའི་འོད་ཟེར་གྱིས། ཡེ་ཤེས་པ་བསྟིམ། ཡང་གཏོར་མ་ཤ་ཁྲག་གི་བདུད་རྩིར་དམིགས་ལ། རྩ་སྔགས་བདུན་གྱིས་དབུལ། ཐལ་མོ་བརྡབ། ཕྲིན་ལས་བཅོལ། དེའི་རྗེས་ལ་ཐུན་རྫས་རྣམས་དུར་ཁྲོད་ཀྱི་བདག་མོ་ཡུངས་འབྲུ་ཙམ་མང་པོར་བསམས་ལ་ཐུན་བྱ། ཨོཾ་གྷྲྀ་རཱ་ཛ། གྷྲྀ་རཱ་ཛ། ཆེ་གེ་མོ་ཏིཾ་ཏིཾ་ཀུ་མ་ཀུ་མ་ཁུཾ་ཐིས། དགྲ་བོ་མཱ་ར་ཡ་རྦད་རྦད། ཅེས་མང་དུ་བཟླས་སོ། །དེ་ལྟ་བུ་ཟླ་བ་ཕྱེད་ཕྱེད་བར་དུ་སྨྲ་བཅད་བྱ། མཚན་མ་ནི་ངེས་པ་མེད། ཆོ་འཕྲུལ་ཅི་ཡང་སྟོན་ཏེ་སྐྲག་པར་མི་བྱའོ། །དེ་ནས་ལིངྒ་དང་སྐུ་དེ་རྣམས་དར་ནག་ཏུ་གྲིལ་ནས། ལྷོ་ཕྱོགས་ཀྱི་དུར་ཁྲོད་དུ་མནན་ནོ། །ལོ་མ་འགོར་བར་ཆད་པའི་ལས་ཀྱིས་འཆིའོ། །དཔལ་དུར་ཁྲོད་ཀྱི་བདག་པོ་ཤ་ཟ་ཆེན་པོ་ཡབ་ཡུམ་གྱི་དྲག་པོའི་ལས་རྫོགས་སོ། །ཤིན་ཏུ་གསང་བ་གལ་ཆེའོ། །དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གྱིས་ལུས་དང་གྲིབ་མ་བཞིན་དུ་སྒྲུབ་པའི་སྟོང་གྲོགས་མཛོད་ཅིག མ་གཡེལ་ཅིག ཟབ་བོ། །འདི་ལ་ཡིད་ཆེས་སོ། །ཉམས་མྱོང་ཅན་ཡིན་ནོ། །ཨི་ཐི།།  །།ཨོཾ་ཤང་ཀ་ར། ཤང་ཙེར། ཤག དུག་རཾ་དུག་ཙེར་ནན། བྲག་དང་བྲག་ཏུ་ཤག ལུག་རུ་ཕོ་མཆིན་ཤག་ཁས།།  །།སྨྱོ་འདུལ་ན། ཤ་ཆེན། ཡུངས་ཀར། གུ་གུལ་ནག་པོ། སོ་བ། རྒྱ་སྐྱེགས། ལྡོང་རོས། མུ་ཟི། རོ་བསྲེགས་ཐལ་བ་རྣམས་ནད་པས་མ་ཚོར་བར་བསྲེག རང་ཁྲོ་བོའི་ང་རྒྱལ་གྱིས་ནད་པའི་མདུན་དུ་སོལ་མེ་ལ་རྫས་བརྒྱད་པོ་བསྲེགས་པའི་དུད་པ་ཕྱིར་མི་འཆོར་བར་བྱས་ལ་འདུག ཡུགས་སའི་སྐྲ་ཤད་ཀྱིས་ནད་པའི་སྐེ་ནས་བཅིངས་ལ། རང་གི་ལག་པ་གཡོན་པས་བཟུང་སྟེ། སྔགས་བཟླ་ཞིང་ཁས་མ་བླངས་བར་དུ་ལག་པ་གཡས་པས་ཡུངས་ཀར་དང༌། སོ་བས་བྲབ་སྔར་དང་མི་འདྲ་བའི་རྣམ་འགྱུར་བྱུང་བྱུང་བྱ། དེ་མ་བྱུང་ན་འདྲེ་མ་ཡིན་པས་སྨན་བཅོས་བྱ། འཕར་བ་དང༌། འདར་བ་དང༌། ངུ་བ་དང༌། དགོད་པ་ལ་སོགས་བྱུང་ན་འདྲེ་ཡིན་པས། སྔར་བཞིན་གཟིར་ཞིང་གཞན་ཅིག་འདྲིར་བཅུག་ཀྱང་ཐུལ་ལོ། །ཟབ་བོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན། 2

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*