བྷ་ཡ་ན་སའི་སྲུང་འཁོར།

༼ཁ༽

༄༅། །བྷ་ཡ་ན་སའི་སྲུང་འཁོར་བཞུགས།།

༄༅། །ཨོཾ་བྷ་ཡ་ནཱ་ས་ནི། ཏྲཱ་ས་ནི། སརྦ་མཱ་ར་པྲ་ཏྱཱཾ་གི་ར། བི་ནཱ་ས་ནི། ཡེ་གེ་ཙི་ཏ། དུཥྚཱཾ་སཏྭ། མ་མ་བི་རཱུ་པ་ཀཾ ཀུརྦནྟི་ཏཱ་ནི། སརྦ་མ་ར་ཎི་པྲ་ཏྱཱཾ་ཀ་རི་ཎི་པ་ཏ་ཏུ་ཧཱུྃ་ཕཊ་སྭཱ་ཧཱ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །བྷ་ཡ་ནཱ་ས་འདི་ནི་མ་ཧཱ་མཱ་ཡའི་རྒྱུད་སྟོང་ཕྲག་བརྒྱད་ཅུ་པ་ལས་འབྱུང༌། བླ་མ་ཁམས་པ་ལ་མུ་སྟེགས་ཀྱི་དམོད་པ་བྱུང་བ་ལ། བླ་མ་རྡོ་རྗེ་གདན་པ་ཆུང་ངུའི་ཞལ་ནས། ཁྱོད་ལ་མུ་སྟེགས་བྱེད་ཀྱི་དམོད་པ་བྱུང་ནས་འདུག་པས། བཟློག་པ་འདི་གྱིས་ཤིག་གསུངས་ནས་གནང་བ་ཡིན། དེ་ལ་དང་པོ་འཁོར་ལོ་བཅའ་བ་ནི། གྲོ་གའམ་རས་ལ་སོགས་པ་ལ་རྩིབས་བཅུ་པ་ལྟེ་བ་མུ་ཁྱུད་དང་བཅས་པ་བྲིའོ། །ལྟེ་བ་ལ་ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར་བ་བྱའོ། །དེའི་རབ་གནས་ནི་མཆོད་པ་ལྔ་བཤམ། འཁོར་ལོ་ཟངས་སྡེར་ལ་སོགས་པའི་སྟེགས་ལ་བཞག རང་ལྷག་པའི་ལྷར་བསྐྱེད་ལ། ཙཀྲ་སྟོང་པའི་ངང་ལས་ཧཱུྃ་ལས་ཙཀྲ་ཇི་ལྟ་བ་བཞིན་བསྐྱེད་ལ། ཡེ་ཤེས་ཀྱི་ཙཀྲ་སྤྱན་དྲངས་ལ། གཉིས་སུ་མེད་པར་བསྟིམ་སྟེ། རྟེན་འབྲེལ་གྱི་སྙིང་པོ་བདུན་ནམ་ཉེར་གཅིག་ལ་སོགས་པ་བཟླས་ཏེ། མེ་ཏོག་གཏོར་ལ་མཆོད་པ་བྱའོ། །དེ་ནས་ཙཀྲ་ཟངས་ལ་སོགས་པར། རིམ་གྲོ་བྱས་ཏེ་དཔུང་པ་གཡོན་པ་ལ་བཏགས་ལ། དེ་ལ་ལག་པས་འཇུས་ཏེ་ནུབ་གསུམ་དུ་སྔགས་ལྔ་བརྒྱ་ལྔ་བརྒྱ་བཟླས་སོ། །དེའི་ཕྱི་ཉིན་ནང་པར་གྱི་དྲི་ཆུ་བར་པ་ཁྱོར་བ་རེ་ལ་སྔགས་བདུན་བདུན་བཟླས་ལ་དེ་འདྲ་བ་ལན་གསུམ་བཏུང༌། དེས་རིམས་ནད་དང་གདོན་ནད་ལ་སོགས་པ་ཐུབ་པར་འགྱུར་རོ། །འདི་ནི་བསྙེན་པ་དང་ཚུལ་མཚུངས་པའི་དབང་དུ་བྱའོ། །དེ་ནས་ཕྱིས་ཡི་དམ་དུ་ནུབ་རེ་ལ་སྔགས་བདུན་བདུན་ལ་སོགས་པ་ནུས་ཚད་དུ་ལྷའི་ང་རྒྱལ་དང་ལྡན་པས་བཟླས་པ་བྱའོ། །གཞན་ལ་ཙཀྲ་སྟེར་བ་ལ་རྩིབས་བརྒྱད་པ་བྱའོ། །གཞན་ཐམས་ཅད་སྔར་དང་མཚུངས་སོ། །དྲག་པོའི་སྦྱིན་སྲེག་བྱེད་པར་འདོད་ན། གནས་བདུན་གྱི་སའམ། ཕུང་ཤུལ་གྱི་སའམ། གད་པ་ཆད་ལ་ཁད་པའི་ས་བླངས་ལ། ཐབ་ཁུང་གྲུ་གསུམ་པ་ཟབས་སུ་མཐོ་གང་པ་བྱས་ལ། དེར་བསྒྲུབ་བྱའི་གཟུགས་ཟུར་གཅིག་ཏུ་མགོ་བསྟན་ལ། ཟུར་གཉིས་སུ་རྐང་པ་གཏད་པ་བྱས་ལ་གཞུག དེར་ཤིང་སྐྱེར་པ་ལ་སོགས་པ་བརྩིགས་ཏེ། མདུན་དུ་ཚྭ་ཕུལ་གང་ཙམ་བཞག་ལ། དེ་ནས་སྲོད་ཀྱི་དུས་སུ་རང་ལྷའི་རྣལ་འབྱོར་རྫོགས་པར་བསྒོམས་ལ། སྔགས་ཀྱི་བཟླས་པའི་མཇུག་ཏུ། མཱ་ར་ཡ་ཕཊ་དང་བཅས་པ་བཟླས་སོ། །དེ་ནས་མེ་སྦར་ལ་མདུན་གྱི་ཚྭ་ཕྱེ་ནས་བླངས་ཤིང་སྔགས་མཱ་ར་ཡ་ཕཊ་དང་བཅས་པ་བཟླས་ཤིང་ཚྭ་ཕྱེ་ཟད་ཟད་དུ་བསྲེག མེའི་ཤིང་ཡང་བསྣོན་ཞིང་བསྲེག་གོ །ནུབ་བརྒྱད་ཚུན་ཆད་ཀྱིས་གནོད་བྱེད་གང་ཡང་ཚར་གཅོད་པར་འགྱུར་རོ། །ཐལ་བ་དེ་གནས་དབེན་པར་བཞག་གོ །ཨོཾ་བྷ་ཡ་ནཱ་ས་ནི་ཞེས་པའི་སྔགས་གོང་བཞིན་ནོ། །འཁོར་ལོ་མ་བཏགས་པར་ཡི་དམ་དུ་བྱེད་ཅིང་བཟླས་ན་རང་གི་ལྷག་པའི་ལྷའི་ང་རྒྱལ་གྱིས་བྱའོ། །སྲུང་བའི་མཆོག་གོ །རྫོགས་སོ། །ས་མཱཔྟ་མི་ཐི།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*