འཇིགས་བྱེད་རྟོག་པ་བདུན་པའི་ཊཱིཀྐ།

༼ཁ༽

༄༅། །འཇིགས་བྱེད་རྟོག་པ་བདུན་པའི་ཊཱིཀྐ་བཞུགས།།

བཅོམ་ལྡན་འདས་དཔལ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །འཇམ་དཔལ་ཁྲི་དྲུག་སྟོང་ཡོད་པའི་ལེའུ་དྲུག་པ་འཇམ་དཔལ་གླུ་བླངས་ཀྱི་ལེའུ་སྟོན་པ་མཚན་ཡང་དག་པར་བརྗོད་པའོ། །དེའང་འཇམ་དཔལ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་ཡང་དག་པའི་ཡེ་ཤེས་ལ་འཇམ་དཔལ་དུ་བསྟན་པས། དེའི་མཚན་ནི་བརྗོད་པར་དཀའ་བས་མཚན་ཡང་དག་པར་བརྗོད་པར་ཡང་ཤིན་ཏུ་གསལ་བར་མ་བསྟན་ཏེ། མི་གསལ་ཞིང་བྱིངས་ཆེ་བར་བསྟན་ཏོ། །དེའང་སྐུ་གསུམ་གྱི་སྒོ་ནས་མཚན་པ་ནི། ཆོས་ཀྱི་སྐུའི་སྒོ་ནས་བསྟན་པ་ནི། དང་པོ་སངས་རྒྱས་རྒྱུ་མེད་པ། །ལ་སོགས་པས་བསྟན། ལོངས་སྐུའི་སྒོ་ནས་མཚན་བསྟན་པ། ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཞེས་པ་ལ་སོགས་པས་བསྟན། སྤྲུལ་པའི་སྐུའི་སྒོ་ནས་མཚན་བསྟན་པ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ལ་སོགས་པའོ། །དེ་ལ་སྤྲུལ་པའི་སྐུ་མཚན་གསུམ་གྱིས་བཤད་པ་རྒྱུད་གསུམ་ཡིན་ཏེ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་ཀྱིས་འཇིགས་བྱེད། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས་ཀྱིས་གདོང་དྲུག་པའི་རྒྱུད། མིག་དྲུག་ལག་དྲུག་སྟོབས་དང་ལྡན་གྱིས་དགྲ་ནག་པོའི་རྒྱུད། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་ཀྱིས་རྒྱུད་ཆེན་པོ་ལས་ཐམས་ཅད་མཁྱེན་པའི་འཇིགས་བྱེད་ཞི་བའི་ཆ་ལུགས་ཅན་བསྟན་པའི་རྗེས་ལ། ཁྲོ་བོ་འཇིགས་བྱེད་རྟོག་པ་བདུན་པ་ལས་ཚོགས་ཀྱི་ལེའུ་ཡོད་པ་དེ་སློབ་དཔོན་ལ་ལི་ཏ་བཛྲས་སྟོན་པའོ། །རྟོག་པ་བདུན་པ་དེའང་རྟོག་པ་དང་པོ་ལས་བསྒྲུབ་པའི་རྟེན་དུ་རུང་བར་བྱ་བའི་ཕྱིར་དཀྱིལ་འཁོར་གཉིས་བསྟན། རྟོག་པ་གཉིས་པས་འཁྲུལ་འཁོར་རྣམ་གཉིས་བསྟན། དེ་དག་གིས་བསྒྲུབ་པར་བྱ་བའི་ལས་ཚོགས་བསྟན། རྟོག་པ་གསུམ་པས་ཡིད་ཆེས་སྔགས་ཀྱི་མཐུ་བསྐྱེད་པར་བྱ་བའི་ཕྱིར་སྔགས་བཏུ་བ་བསྟན། རྟོག་པ་བཞི་པས་སྔགས་ཀྱི་དངོས་གྲུབ་ཐམས་ཅད་ལྷའི་རྣལ་འབྱོར་ལ་རག་ལས་པས་དེའི་སྒྲུབ་པའི་ཐབས་བསྟན། རྟོག་པ་ལྔ་པས་དེའི་སྒྲུབ་པའི་རྟེན་བྲིས་སྐུའི་ཆོ་ག་བསྟན། རྟོག་པ་དྲུག་པས་དངོས་གྲུབ་ཁ་སྐོང་སྦྱིན་སྲེག་གི་ལས་བསྟན། རྟོག་པ་བདུན་པས་རྣལ་འབྱོར་བསོད་ནམས་དང་སྐལ་བ་ཆེ་བ་བསམ་གཏན་འབའ་ཞིག་གིས་ལས་སྒྲུབ་པ་བསྟན་ཏེ། རྟོག་པ་བདུན་པོ་དེའང་གང་ཟག་གི་ཆ་རྐྱེན་དུ་བྱ་ན། དབང་པོ་རབ་འབྲིང་གསུམ་ཐུན་མོང་དུ་འགྲོ་བ་ནི། རྟོག་པ་བཞི་པས་ལྷ་བསྒོམ་པ་བསྟན། གསུམ་པ་སྔགས་བཏུ་བས་སྔགས་དག་པར་བྱས་ལ་བཟླས། བཟླས་བསྒོམ་གཉིས་སྔོན་དུ་སོང་བས་གཞན་དོན་དུ་དབང་བསྐུར་བའམ་བདག་ཉིད་སྒྲུབ་པའི་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་རྟོག་པ་དང་པོས་དབང་བསྐུར་བའམ། སྒྲུབ་པའི་དཀྱིལ་འཁོར་གསུངས་ཏེ། གང་ཟག་གསུམ་གྱི་ཐུན་མོང་གི་ལེའུ་གསུམ་མོ། །གང་ཟག་དབང་པོ་ཐ་མ་འབའ་ཞིག་ནི་ལྷའི་རྣམ་པ་ལ་སེམས་བཟུང་དགོས་པས་རྟོག་པ་ལྔ་པ་བྲིས་སྐུ་དང་འབྲེལ། འབྲིང་གིས་བཟླས་བསྒོམ་གཉིས་ཀྱི་སྟེང་དུའང་འཁྲུལ་འཁོར་གྱིས་ལས་འགྲུབ་པར་རྟོག་པ་གཉིས་པ་དང་འབྲེལ། ཡང་འབྲིང་གི་གང་ཟག་གིས་འཁྲུལ་འཁོར་བོར་ཏེ་སྦྱིན་སྲེག་དང་བསྒོམ་བཟླས་གཉིས་ཀྱིས་འགྲུབ་པས་ཡང་རྟོག་པ་དྲུག་པ་སྦྱིན་སྲེག་ནི་འབྲིང་པོ་དང་འབྲེལ་ཏོ། །གང་ཟག་དབང་པོ་ཐ་མས་ནི་བཟླས་བསྒོམ་དང་འཁྲུལ་འཁོར་གཉིས་ཀྱི་ལམ་དུ་ཡང་སྦྱིན་སྲེག་གིས་ལས་མཐར་ཕྱིན་པར་བྱེད་པ་ལས་གསུམ་ཕྲུགས་སུ་སྦྱར་བའི་དབང་དུ་བྱས་ཏེ། རྟོག་པ་དྲུག་པ་སྦྱིན་སྲེག་དང་སྦྱར་ཏེ། དེ་ལྟར་སྦྱིན་སྲེག་ཀྱང་ནི་ཐ་མ་དང་འབྲིང་དང་ཐུན་མོང་ངོ༌། །གང་ཟག་དབང་པོ་རབ་ཀྱིས་ནི་བཟླས་བསྒོམ་གཉིས་སྔོན་དུ་སོང་ནས་འཁྲུལ་འཁོར་དང་སྦྱིན་སྲེག་གང་ལའང་མ་ལྟོས་པར་བསམ་གཏན་ཙམ་གྱིས་གསད་པའི་ལས་གྲུབ་པས་རྟོག་པ་བདུན་པ་དང་སྦྱར་རོ། །དེ་ལྟར་ན་རྟོག་པ་བདུན་གྱིས་གང་ཟག་གསུམ་གྱི་ཆ་རྐྱེན་མ་ཚང་བ་མེད་པར་བསྟན་པ་ཁོ་ན་ཡིན་ནོ། །དེ་ལ་འཇིགས་བྱེད་ཀྱི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཅིག་གིས་བཤད་པར་དམ་བཅའ་བ་དགོས་པ་དང་བཅས་པར་བསྟན། དེ་ལ་ཞེས་བྱ་བ་ལ་སོགས་པ་ནི་རྟོག་པ་དང་པོ་དཀྱིལ་འཁོར་ཀྱི་རྟོག་པའི་དབང་དུ་བྱ་སྟེ། དང་པོ་ལ་གནས་བཤད། སྔགས་པ་རྡོ་རྗེ་འཇིགས་བྱེད་ལ་སོགས་པས་སྒྲུབ་པ་པོ་ཟུར་ཙམ་བསྟན། དབང་དང་ལ་སོགས་པས་ནི་ལས་རྒྱས་པར་བཤད། དེ་ལ་ཆོ་ག་ནི་ཞེས་པ་ལ་སོགས་པས་དཀྱིལ་འཁོར་ལ་བརྟེན་ཏེ་དབང་ཇི་ལྟར་བསྐུར་བ་དང༌། དངོས་གྲུབ་ཇི་ལྟར་སྒྲུབ་པའི་ཆོ་གའམ་ཐབས་སྟོན་ཏོ། །དེའང་མ་ཧེའི་གདོང་ཅན་གྱི་རྣལ་འབྱོར་གྱི་ཞེས་པའི་བར་གྱིས་བསྙེན་པ་བསྟན་ཏེ། འོག་གི་སྒྲུབ་པའི་ཐབས་ལྟར་ལྷ་བསྐྱེད་ནས་ཧྲཱིཿཥྚཱི་འབུམ་དུ་བསྐྱལ། ཐུན་མཚམས་སུ་སུམ་ཅུ་གཉིས་པ་དང༌། ཡི་གེ་བདུན་པ་དང་ཡང་སྟོང་སྟོང་ཙམ་བཟླའོ། །དེ་ནས་དཀྱིལ་འཁོར་གྱི་ལས་ལ་འཇུག་པའི་དུས་སུ་སའི་ཆོ་ག་དང་སྟ་གོན་གྱི་སྐབས་སུ་ཕྱོགས་མཚམས་བརྒྱད། དབུས་དང་དགུ་ཞལ་གྱི་གྲངས་དང་མཐུན་པར་ཡ་མ་རཱ་ཛ་བརྗོད་ཅིང༌། ཐིག་ལེ་རེ་དང་མེ་ཏོག་གི་ཚོམ་བུ་དགུ་དགོད་མཆོད་བསྟོད་སྙན་གསན་དབབ་པ་ལ་སོགས་འདྲ། བུམ་པ་ལྷག་གནས་ལ་བུམ་པ་གཉིས་བཅས་ཏེ། གཉིས་ཀ་ལ་མཚན་མ་རྡོ་རྗེ་རེ་རེ་བྲིས་སྟེ་སྨན་ལ་སོགས་པ་འདྲ། བུམ་པ་གཉིས་ཀར་ལྷ་བསྐྱེད་པ་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ལས་ཞི་བའི་འཇམ་དཔལ། དེ་ལས་ཁྲོ་བོར་བསྐྱེད་དེ། དེ་དག་ལ་དམིགས་ལ་རྣམ་རྒྱལ་ལ་སྔགས་གསུམ་ཚར་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས། ལས་ཐམས་ཅད་པ་ལ་སྙིང་པོ་དེ་ལྟར་བཟླས། སློབ་མ་ལྷག་གནས་གཞན་དང་འདྲའོ། །ཐིག་ཚོན་ཆོ་ག་བྱ། མི་འདྲ་བ་ནི་དཀྱིལ་འཁོར་ཇི་ལྟ་བུ་བྲི་ཞིང་མཚན་མ་དགོད་པ་མི་འདྲའོ། །མཆོད་པའི་ཡོ་བྱད་དང་ཚོགས་ལ་སོགས་པ་བཤམས་ཏེ། དེ་ནས་དཀྱིལ་འཁོར་བྱིན་གྱིས་བརླབས་པ་ནི་བདག་ཉིད་ལྷར་བསྐྱེད་དེ་བྱ་བ་རྫོགས་པར་བྱས་ལ། དེ་ནས་རྡུལ་ཚོན་སྦྱང་བ་ནི་ལྷོ་ཕྱོགས་ཀྱི་སྒོ་ནས་མེ་ལོང་གི་ངོས་ལ་དཀྱིལ་འཁོར་གྱི་གཟུགས་བརྙན་འཆར་བར་བྱས་ལ། དང་པོ་གཏོར་མ། དེ་ནས་ཏིང་ལོ་དང་ཆང་བུས་སྦྱང་ངོ༌། །གུ་གུལ་བདུག ཡུངས་ཀར་བརྡེག འདི་དག་ནི་ཧྲཱིཿཥྚཱིས་ཏིལ་བསྲེག དེ་ནས་ལས་ཐམས་ཅད་པའི་ཆུས་བཀྲུ་སྟེ་སྦྱང་བའོ། །དེ་ནས་ཐ་མལ་པའི་ཚོན་མི་དམིགས་པ་བྱས་ལ། རྟོག་པ་བཞི་བའི་སྒྲུབ་ཐབས་ལྟར་སྟོང་པ་ནས་དམ་ཚིག་སེམས་དཔའི་བར་དུ་བསྐྱེད། ཡེ་ཤེས་པ་གཞུག རིགས་བདག་གི་མཚན་པའི་བར་དུ་བྱས་ལ་དཀྱིལ་འཁོར་བྱིན་གྱིས་བརླབ་པ་ནི་ཞལ་རེ་རེས་ཡི་གེ་བདུན་པ་བརྒྱ་རྩ་བརྒྱད་བཟླས། དེ་བཞིན་ཞལ་རེ་རེ་ཞིང་ཨཱ་ལི་ཀཱ་ལི་ཕྲག་རེ་རེ་བཟླས། དེ་བཞིན་དུ་ཞལ་རེ་རེ་ཞིང་ཡི་གེ་བརྒྱ་པ་རེ་རེ་བཟླས། དེ་ནས་ཕྱི་ནང་གི་མཆོད་པས་མཆོད། དཀྱིལ་འཁོར་ཞག་གི་ཆོ་གའི་དུས་སུ་དབང་བསྐུར་བ་དང་སིདྡྷི་སྒྲུབ་པ་གཉིས་བདག་ཉིད་འཇུག་པ་མན་ཆད་འདྲ། དེ་ནས་སློབ་མ་འཇུག་པའི་ཆོ་ག་རྣམས་འདྲ། རིག་པའི་དབང་ལྔའི་དུས་སུ་མིང་གི་དབང་ལྔར་མཚན་མ་གང་ལ་མེ་ཏོག་ཕོག་ཀྱང་རྡོ་རྗེའི་རིགས་སུ་མིང་གིས་གདགས། གཞན་རྡོ་རྗེ་སློབ་དཔོན་གྱི་དབང་དང༌། རྗེས་སུ་གནང་བ་དང༌། བརྟུལ་ཞུགས་དང༌། ལུང་བསྟན་པ་དང༌། དབུགས་དབྱུང་དང༌། གཟེངས་བསྟོད་ཐམས་ཅད་ནག་པོའི་དཀྱིལ་འཁོར་ཆོ་གར་ཤེས་པར་བྱའོ། །སྒྲུབ་པའི་དཀྱིལ་འཁོར་ནི་བདག་ཉིད་འཇུག་པའི་བར་དུ་བྱས་ལ་འཇིགས་པ་མེད་པར་གནས་པ་སྦྱིན་ཞིང་དངོས་གྲུབ་མ་བྱུང་གི་བར་དུ་བཟླའོ། །སྒྲུབ་པའི་དཀྱིལ་འཁོར་གྱི་དབང་དུ་བྱས་པའོ། །དེ་ལ་རོ་ལངས་ཆེན་པོ་བྲིའོ། །ཞེས་པ་ཡན་ཆད་ཐུན་མོང་བ་ཡིན་ནའང་དབང་བསྐུར་བའི་དཀྱིལ་འཁོར་དུ་གཙོར་གསུངས། གལ་ཏེ་མཆོག་ཅེས་པ་ལ་སོགས་པ་ཡང་མཆོད་རྫས་ལ་སོགས་པ་དབང་བསྐུར་བ་ལ་ཡང་དགོངས་ནའང༌། མཆོག་སྒྲུབ་པའི་དཀྱིལ་འཁོར་དུ་གཙོར་གསུང༌། ཕྱི་ནས་དངོས་གྲུབ་དང་དངོས་གྲུབ་མ་ཡིན་ཞེས་པ་ལ་སོགས་པ་དངོས་གྲུབ་འབའ་ཞིག་དང་འབྲེལ་ལོ།།  །།རྟོག་པ་གཉིས་པའི་ལས་ཚོགས་ལ། ཡི་གེ་བཅུ་པའི་ལས་ཚོགས་དྲུག་འབྱུང་བ་ནི། འཁོར་ལོ་ལ་བརྟེན་པའི་གསད་པ་དང་པོ། རིམས་ཀྱིས་གདབ་པ་གཉིས་པ། རེངས་པར་བྱ་བ་གསུམ་པ། འཁོར་ལོ་ལ་མི་བརྟེན་པའི་དབྱེ་བ་གཉིས་ཏེ་ལྔ། འཁོར་ལོ་ལ་བརྟེན་པའི་བསྐྲད་པ་གཅིག་སྟེ་དེ་ལྟར་ན་དྲུག ཡི་གེ་སུམ་ཅུ་རྩ་གཉིས་པའི་ལས་ནི་ཉི་ཤུ་སྟེ། དེའང་འཁོར་ལོ་ལ་བརྟེན་པའི་ཞི་བ་གཅིག དབང་དུ་བྱ་བ་གཅིག དགུག་པ་གཅིག གསད་པའི་ལས་ལ་འཁོར་ལོ་ལ་བརྟེན་པ་གསུམ། མི་བརྟེན་པ་གཉིས་ཏེ་ལྔ། མཚོན་གྱིས་ཕོག་པར་བྱ་བ་དེའི་ཕྱོགས་སུ་བསྡུས་པ་སྟེ་དྲུག་གོ །དེ་འཁོར་ལོ་ལ་བརྟེན་པའོ། །བསྐྲད་པའི་ལས་ནི་འཁོར་ལོ་ལ་བརྟེན་པ་གསུམ། མི་བརྟེན་པ་གཉིས་ཏེ་ལྔའོ། །དབྱེ་བ་ལ་འཁོར་ལོ་ཁོ་ན་ལ་བརྟེན་པ་གསུམ། རེངས་པ་ལ་འཁོར་ལོ་ལ་བརྟེན་པ་གསུམ། དེ་ལྟར་ན་ཉི་ཤུའོ། །དེ་ལྟར་ན་སྤྱིར་ཡི་གེ་བཅུ་པ་དང་སུམ་ཅུ་རྩ་གཉིས་པ་སྤྱིར་ལས་ཀྱི་བྱེ་བྲག་ཉི་ཤུ་རྩ་དྲུག་ཏུ་འགྱུར་རོ། །འཁོར་ལོ་ལ་བརྟེན་པའི་དབང་དུ་བྱས་ན་དོན་རྣམ་པ་བརྒྱད་དེ། འཁོར་ལོ་བྲི་བའི་གཞི་དང༌། སྣག་ཚ་དང༌། སྨྱུ་གུ་དང༌། དྲི་བའི་ཐབས་ཀྱི་ཆོ་ག་དང༌། བྲི་བ་དངོས་དང༌། བྲིས་ནས་སྒྲུབ་པའི་ཆོ་ག་དང༌། དེ་ནས་འཁོར་ལོ་དེ་ལས་ལ་སྦྱར་བ་དང༌། མ་གྲུབ་ན་སྤོགས་པའི་ཆོ་གའོ། །དེ་ལ་དང་པོ་བྲི་བའི་གཞི་ནི་དུར་ཁྲོད་ཀྱི་རས་ལ་སོགས་པ་ལས་བཞིའི་བྱེ་བྲག་གིས་སོ་སོར་རྒྱུད་བཞིན་བཙལ་ལོ། །གཉིས་པ་སྣག་ཚ་ཡང་དུག་དང་ཁྲག་ལ་སོགས་པ་ལས་དང་མཐུན་པས་བྱའོ། །གསུམ་པ་མྱུ་གུ་ཡང་བྱ་རོག་ཆེན་པོའི་སྒྲོ་རྩ་ལ་སོགས་པ་ལས་དང་མཐུན་པ་ལ་བྱའོ། །བཞི་པ་བྲི་བའི་ཐབས་ཀྱི་ཆོ་ག་ལ་ལྔ་སྟེ། སྒྲུབ་པ་པོ་བདག་ཉིད་ལྷར་བསྒོམ་པའི་ཁྱད་པར་ལས་ཀྱི་བྱེ་བྲག་གིས་མི་བསྐྱོད་འཇིགས་བྱེད་དམ། སངས་རྒྱས་རིན་འབྱུང༌། རྣམ་སྣང༌། མཐའ་ཡས། དོན་གྲུབ། འཇིགས་བྱེད་དེ་རྩ་ཞལ་མ་ཧེའི་གདོང་ཁ་དོག་བསྒྱུར་ལ་བྱ་གསུང༌། རྒྱས་པ་གཞུང་འདི་ལ་མ་མཐོང་ནའང་རྒྱས་པར་བྱེད་པར་འདོད་ནའང་དེ་ལྟར་བྱ་གསུང༌། རྒྱན་ཆ་ལུགས་ཀྱི་ཁྱད་པར་ནི་ནག་པོ་ལ་སོགས་པའོ། །ཁ་ལྟ་ཕྱོགས་ཀྱི་ཁྱད་པར་ནི་ལྷོ་ཕྱོགས་ལ་སོགས་པ་དང༌། བསམ་པའི་ཁྱད་པར་ནི་དྲག་ཤུལ་ལ་སོགས་པ་དང༌། དབྱིབས་སུ་བཀོད་པ་དང༌། ཡི་གེར་བཀོད་པའི་ཁྱད་པར་རོ། །ལྔ་པ་འཁོར་ལོ་བྲི་བ་ནི་ཡི་གེ་བཅུ་པའམ་སུམ་ཅུ་རྩ་གཉིས་པའི་འཁོར་ལོ་གང་ཡང་རུང་བ་བྱ་སྟེ། རྐྱང་པ་ནི་ཁ་སྦྱར་དང་ལས་སྟོབས་མི་མཚུངས་ཏེ་ཅུང་ཟད་བར་ཆད་ཆེ་ཡང་ལས་ཤིན་ཏུ་མྱུར་ལ་ཙཀྲ་ཁ་སྦྱར་དུ་བྱེད་པ་ནི་ལས་ཅུང་ཟད་བུལ་ཡང་བར་ཆད་ཤིན་ཏུ་ཆུང་ངོ་གསུང་སྐད། ཁ་སྦྱར་དུ་བྱེད་ན་འདི་ལྟར་བྱ་སྟེ། ཙཀྲ་གཉིས་ཆེ་ཆུང་མཉམ་པོར་བསྐོར་ལ། གཅིག་གི་ཡི་གེ་གཡས་སྐོར། གཅིག་གི་ཡི་གེ་གཡོན་སྐོར་དུ་བྱ་སྟེ། ཡི་གེ་རྣམས་རེ་རེ་ཞིང་ཐད་སོར་འཕྲད་ཅིང་འཛོམ་པར་བྱས་ལ་ཁབ་ཀྱིས་ཀྱང་གཙགས་ཏེ་མི་མཛོལ་བར་བྱའོ། །ཡང་ན་རྐྱང་པའི་ཁ་སྦྱོར་གང་རུང་བྱས་ལ་དེ་ལེགས་པར་བལྟབ་སྟེ། གཞོན་ནུ་གདོང་དྲུག་གི་འཁོར་ལོ་བྲིས་པས་བསྒྲུབ་པའི་སྔགས་སུ་སྦྱར་བ་རིམ་པ་བཞིན་བཀོད་ལ་དེའི་ལྟེ་བའི་ནང་དུ་འཁོར་ལོ་ཁ་སྦྱར་རམ་རྐྱང་པ་གང་རུང་ཆུད་པར་བྱའོ། །ཡི་གེ་བཀོད་པ་ཞི་དྲག་གཉིས་སུ་བྱ་སྟེ། དེའང་ཞི་བ་དང་རྒྱས་པ་དང་དབང་དུ་བྱ་བ་དང༌། དགུག་པའི་ལས་བཞི་ཞི་བའི་དབང་དུ་བྱ་སྟེ་ཡི་གེའི་མགོ་ནང་དུ་བསྟན། ལྷག་མ་རྣམས་དྲག་པོའི་དབང་དུ་བྱས་ཏེ་ཡི་གེའི་མགོ་ཕྱིར་བསྟན་པར་བྱའོ། །དྲུག་པ་ཙཀྲ་བསྒྲུབ་པ་ལ་གཉིས་ལས། རབ་གནས་ཀྱི་ཚུལ་དུ་བསྒྲུབ་པ་དང༌། མཆོད་པ་ལ་སོགས་པའི་ཚུལ་དུ་བསྒྲུབ་པའོ། །དང་པོར་རབ་གནས་ཀྱི་ཚུལ་དུ་བསྒྲུབ་པ་ནི། མཆོད་པ་རྣམ་པ་ལྔ་དང་གཏོར་མ་གཉིས་བཤམ། ཙཀྲ་ཡང་ཟངས་གཞོང་ལ་སོགས་པའི་ནང་དུ་བཞག་ལ། བདག་ཉིད་སངས་རྒྱས་འཇིགས་བྱེད་ལ་སོགས་པ་སོ་སོའི་ལས་དང་མཐུན་པའི་རྡོ་རྗེ་འཇིགས་བྱེད་དུ་བསྐྱེད་དེ། ཡེ་ཤེས་པ་གཞུག་པ་དང༌། སྐུ་གསུང་ཐུགས་འབྲུ་གསུམ་གྱི་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་བ་དང༌། དེ་ལྟར་ཡན་ལག་རྫོགས་པར་བསྒོམ་སྟེ། སྔགས་ཀྱིས་མཆོད། ཕྱིའི་མཆོད་པས་ཀྱང་མཆོད། ནང་གི་མཆོད་པས་ཀྱང་མཆོད། དེ་ནས་ལག་པ་གཡོན་པ་ལྕགས་ཀྱི་རྡོ་རྗེའམ་ཕུར་པ་དང་བཅས་པས་འཁོར་ལོ་ལ་བཀབ་སྟེ། སྭ་བྷཱ་བ་བརྗོད་པས་སྟོང་པར་བསམ། དེ་ནས་རྃ་ལས་ཉི་མའི་དཀྱིལ་འཁོར་གཅིག་བསམ། ཡི་གེ་བཅུ་པའི་ཙཀྲ་ཡིན་ན་ལས་ཀྱི་ཁ་དོག་དང་མཐུན་པའི་ཧཱུྃ་ལས་འཁོར་ལོ་བྲིས་པ་ཇི་ལྟ་བར་བསྐྱེད། སུམ་ཅུ་རྩ་གཉིས་པ་ཡིན་ན་ལས་མཐུན་པའི་ཡ་ལས་བསྐྱེད་དེ། དེ་ནས་རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་དང་ཙཀྲའི་དབུས་ཀྱི་ཡེ་གེའི་འོད་ཀྱིས་ཏ་ཐཱའི་ཐུགས་ཀ་ནས་རང་བཞིན་གྱིས་གྲུབ་པའི་ཙཀྲ་སྤྱན་དྲངས་ལ་གཉིས་སུ་མེད་པར་བསྟིམ། དེ་ནས་ཕྱི་མཆོད་ལ་སོགས་པའི་མཆོད་པ་གསུམ་གྱིས་མཆོད། གཏོར་མ་དང་པོ་བཏང༌། ཡང་སྙིང་ག་དང་འཁོར་ལོའི་འོད་ཟེར་གྱིས་བསྒྲུབ་བྱ་དེ་ལྷ་སྲུང་དང་ཕྲལ་ནས་དེའི་ལུས་དང་རྣམ་ཤེས་བཀུག་ལ་མིང་རུས་ཀྱི་ཡི་གེ་ལ་བསྟིམ། ཡང་མཆོད་པ་གསུམ་གྱིས་མཆོད། གཏོར་མ་གཉིས་པ་དེ་བཏང་ངོ༌། །དེ་ནས་ལས་དང་མཐུན་པའི་ལྷའི་རྣལ་འབྱོར་དང་ལྡན་པས་ལག་པ་གཡོན་པས་མནན་ཞིང་ཙཀྲ་ལ་བཀོད་པའི་སྔགས་སྤེལ་ཚིག་དང་བཅས་པ་བརྒྱ་རྩ་བརྒྱད་བཟླས། དེ་ནས་ཙཀྲ་དེ་དྲིལ་ཏེ་ཐོད་པ་ཁ་སྦྱར་ལ་སོགས་པ་ལས་དང་མཐུན་པའི་སྣོད་དུ་བཅུག་པ་ལས་དང་མཐུན་པའི་སྐུད་པས་བཅིང་བ་ནི་ཞི་བ་ལ་དགེ་སློང་ངམ་བྲམ་ཟེ་མོས་བཀལ་བའི་སྐུད་པ་དཀར་པོས་བཅིང་ངོ༌། །རྒྱས་པ་ལ་ནི་རྒྱལ་རིགས་མོའམ་ཚོང་དཔོན་གྱི་བུ་མོས་བཀལ་བའི་སྐུད་པ་སེར་པོས་བཅིང་ངོ༌། །དབང་ལ་ནི་སྨད་འཚོང་མའམ་ལམ་ཀར་འཕྲད་པའི་བུ་མོས་བཀལ་བའི་སྐུད་པ་དམར་པོས་བཅིང་ངོ༌། །མངོན་སྤྱོད་ལ་ནི་ཤན་པའི་བུ་མོའམ་རབས་ཆད་མོས་བཀལ་པའི་སྐུད་པ་ནག་པོས་བཅིང་ངོ༌། །དེ་ནས་མཆོད་པ་ལ་སོགས་པའི་ཚུལ་དུ་བསྒྲུབ་པ་ནི། དེ་ལྟར་བཅིངས་པའི་ཙཀྲ་དེ་དག་ཀྱང་མདུན་དུ་སྟེགས་ལ་བཞག་ལ། ཞག་བདུན་ནམ་ལྔ་ལ་སོགས་པར་མཆོད་ཅིང་བཟླས་པ་བརྩམས་ཏེ། ཙཀྲའི་སྣོད་ཀྱི་སྟེང་དུ་ལས་ཀྱི་རྡོ་རྗེ་ལ་གཟུངས་ཐག་བཏགས་ཏེ་དེ་ལ་གཟུང་བ་ལ་ཡི་གེ་བཅུ་པའི་ཙཀྲ་དྲག་པོ་སྒྲུབ་པ་ཡིན་ན་ཨོཾ་ཧྲཱིཿཥྚཱི་ཝི་ཀྲི་ཏཱ་ན་ན་ཨུནྨཱནྟེ་བྷཻ་ར་བ་ཆེ་གེ་མཱ་ར་ཡ་ཧཱུྃ་ཕཊ་ཅེས་པའམ། ཡི་གེ་བཅུ་ག་རྫོགས་པ་ལ་དེ་སྐད་བཏགས་ལ་བཟླས། ཡི་གེ་སུམ་ཅུ་རྩ་གཉིས་པའི་ཡིན་ན་ཨོཾ་ཛ་མཱ་ར་ཡ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ་ཅེས་པ་དང༌། དེ་བཞིན་དུ་ཞི་བ་ལ་སོགས་པ་དེ་དག་ལ་མཱ་ར་ཡའི་སར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བྱ་བ་ལ་སོགས་བཅུག་པ་གལ་ཆེ། དེ་ལྟ་བུ་ཐུན་གསུམ་མམ་བཞིར་བཟླས་ཤིང་དེ་དག་གི་ཐུན་བར་དུ་མཆོད་པ་ནི། ཞི་བ་ལ་མེ་ཏོག་དཀར་པོས་མཆོད། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་མེ་ཏོག་སྔོ་ནག་གིས་མཆོད་དོ། །དྲིའི་བྱེ་བྲག་གིས་བྱུག་པ་ནི་ཞི་བ་ལ་ཙནྡན་དཀར་པོའམ་ག་པུར་གྱིས་བྱུག་གོ །དེ་བཞིན་དུ་རྒྱས་པ་ལ་གུར་གུམ། དབང་ལ་ཙནྡན་དམར་པོ་ལ་སོགས་པ། མངོན་སྤྱོད་ལ་ཨ་ཀ་རུ་ནག་པོ་ལ་སོགས་པས་བྱུག་གོ །དེ་ལྟར་ཞག་བདུན་ལ་སོགས་པས་འཁོར་ལོ་མཆོད་ཅིང་བཟླས་ནས་དེའི་རྗེས་ལ་བདུན་པ་ལས་སྦྱོར་མནན་པ་བྱ་སྟེ། སྤྱིར་ལས་ལ་སྦྱར་བ་གསུམ་ལས་འདི་ནི་འཁོར་ལོའི་སྒོ་ནས་ལས་ལ་སྦྱར་བའོ། །དེ་ལ་གཉིས་ཏེ། རྒྱུད་ལས་བྱུང་བ་བཞིན་ལས་ལ་སྦྱར་བ་དང༌། མན་ངག་གི་གནད་ཀྱིས་སྒྱོགས་བཅས་ཏེ་ལས་ལ་སྦྱར་བ་དང༌། དེའང་འཁོར་ལོ་དེ་གནོད་པའི་དུས་ཧྲཱིཿཥྚཱི་བཟླས་པའམ་ཡང་ན་ཙཀྲ་ལ་གང་བཀོད་པ་དེ་རང་བཟླས་སོ། །མན་ངག་གི་གནད་ཀྱིས་འཁོར་ལོའི་གནས་འཁོར་ལོ་ཉིད་ཀྱིས་བཙལ་ན་ལས་ལ་སྦྱར་ན། གོང་ལྟར་མཆོད་ཅིང་བཟླས་པའི་རྗེས་ལ་རང་གི་གནས་ཀྱི་ཐོག་ཁ་ལ་སོགས་པར་སྒྱོགས་བཅས་ལ་འཁོར་ལོ་དང་ག་འུར་བཅས་པ་སྒུལ་ཏོག་ཏུ་བཅུག་སྟེ། སྒྱོགས་ཐག་ནས་སྒྲུབ་པའི་གྲོགས་མཆོག་གིས་དྲང་ཞིང་རང་གི་འཁོར་ལོ་ལ་སྔགས་གང་བཀོད་པ་མཚན་ཐོག་ཐག་བཟླས་ཤིང༌། སྒྱོགས་མདེའུ་ཡང་ནས་ཡང་དུ་བསྐུལ་ཞིང་ཐོ་རངས་སྐྱ་རེངས་ཤར་བའི་དུས་སུ་ལྷོ་ཕྱོགས་སུ་ཁ་བལྟས་ཏེ། འཕེན་པའི་དུས་སུ་ཧྲཱིཿཥྚཱི་བཟླས་ཤིང་འཕང་ངོ༌། །དེ་ནས་ཙཀྲ་ལྟུང་བ་ཉིད་དུ་གནས་པ་ལ་སོགས་པ་བྱའོ། །འདི་ནི་འཁོར་ལོ་སྔགས་བཀོད་པའི་དུས་སུ་ལས་ཐམས་ཅད་པའི་ཡི་གེ་ཡང་དབུས་སུ་བཀོད་པའི་ལས་ཀྱི་སྦྱོར་བའོ། །དེས་ཞག་བདུན་ནམ་ཟླ་བ་གཅིག་གི་བར་གྱིས་ལས་འགྲུབ་པར་མ་གྱུར་ན། བརྒྱད་པ་སྤོགས་པ་ནི་གཉིས་ཏེ། དྲག་པོའི་ལས་ཀྱི་སྤོགས་པ་དང༌། ཞི་བའི་ལས་ཀྱི་སྤོགས་པའོ། །དྲག་པོའི་ལས་ཀྱི་སྤོགས་པ་ལ་གཉིས་ཏེ། ཡི་གེ་སུམ་ཅུ་རྩ་གཉིས་པའི་སྤོགས་པ་དང༌། ཡི་གེ་བཅུ་པའི་སྤོགས་པའོ། །སུམ་ཅུ་རྩ་གཉིས་པས་དྲག་པོའི་སྒྲུབ་པ་ལ་སོགས་པ་ལྔ་སྟེ། ལྷ་དང་དབྲལ་བས་སྤོགས་པ་དང༌། ལས་ཁ་ཚར་བས་སྤོགས་པ་དང༌། དུག་ཆུའི་སྦྱོར་བས་སྤོགས་པ་དང༌། མའི་གདུང་བས་སྤོགས་པ་དང༌། མཐར་འཁོར་ལོ་ཉིད་སྦྱིན་སྲེག་ཏུ་བྱས་ཏེ་ཁ་བཏུས་པས་སྤོགས་སྦྱར་བའོ། །ཡི་གེ་བཅུ་པས་དྲག་པོའི་བསྒྲུབ་པ་ལ་ལས་ཁ་ཚར་བས་སྤོགས་པ་མེད་དོ། །གཞན་བཞི་ནི་མཐུན་པར་ཤེས་པར་བྱའོ། །དེ་ལ་དང་པོ་ལྷ་དང་དབྲལ་བས་སྤོགས་པ་ནི། གོང་གི་མནན་པའི་ཙཀྲ་དེ་ཕྱུང་ལ་ལྷག་པའི་ལྷ་དང་དབྲལ་བའི་དོན་དུ་སྔར་གྱི་སྤེལ་ཚིག་དེ་ཕྱིས་ཏེ། དབུས་ཀྱི་ཡའི་ཕྱི་རོལ་དུ་ཧྲཱིཿཥྚཱི་གཡས་སྐོར་མགོ་ཕྱིར་བསྟན་པ་དེའི་མཐར་ཆེ་གེ་མོ་ཕོ་ལྷ་དང་ཕྲོལ་ཞིག་ཧཱུྃ་ཕཊ྄་ཅེས་བྲིས་པ་ཞག་བདུན་བདག་ཉིད་ལྷའི་རྣལ་འབྱོར་བསྒོམ་ཞིང་དེའི་ཕོ་ལྷ་ལ་སོགས་པ་ལ་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་ལེགས་ཉེས་ཀྱི་གཏམ་དང་བདག་ཉིད་མ་ཉེས་པའི་དཔང་གཟུགས་ཤིང་དམ་བརྡར་ཏེ་འདི་མ་བསྲུངས་ཞེས་བསྒོའོ། །ཡི་གེ་བཅུ་པའི་ཙཀྲ་ཡིན་ནའང་སྔར་གྱི་སྤེལ་ཚིག་དེ་ཕྱིས་ཏེ། དེའི་ཤུལ་དུ་ཆེ་གེ་མོ་ལྷ་དང་ཡུལ་ལྷ་དང་ཞང་ལྷ་ལ་སོགས་པའི་ལྷ་ཐམས་ཅད་དང་ཕྲོལ་ལ་སོད་ཅིག་ཧཱུྃ་ཕཊ་ཅེས་པ་ལ་སོགས་པ་གོང་དང་མཐུན་པར་བྱའོ། །དེ་ནས་ཙཀྲ་དེ་ལྷྭམ་འབོབ་ལ་སོགས་པས་བདུགས་ལ་ཡང་སྔར་མནན་པ་དེའམ་གཞན་དུ་མནན་ནོ། །དེས་ཀྱང་ཞག་བདུན་ཟླ་བ་གཅིག་གི་བར་དུ་མ་གྲུབ་ན། གཉིས་པ་ལས་ཁ་ཚར་བས་སྤོགས་པ་ནི། དེ་ནས་ཡང་འཁོར་ལོ་གཉིས་པ་གཅིག་བཅས་ལ། གསད་པ་དབུས་མ་བཀོད་ལ། མའི་གོ་སར་ཡ་སྤོའོ། །དེ་བཞིན་དུ་དབང་དུ་བྱ་བ་ལ་རཱ། རེངས་པར་བྱེད་པ་ལ་ཀྵེ། དགུག་པ་ལ་ད། རྨོངས་པ་ལ་མེ། སྟོབས་མེད་པ་ལ་དོ། ཞི་བ་ལ་ས། བསྐྲད་པ་ལ་ཙྪའོ། །རིམས་ཀྱིས་ཐེབས་པར་བྱེད་པ་ལ་ཎའོ། །སྐྱོད་པ་ལ་རུའོ། །ཟློག་པ་ལ་ཛའོ། །ཡང་དག་པར་ཚ་བ་ཞི་བ་ལ་ཡའོ། །དགྲ་སྤོ་བར་བྱེད་པ་ལ་ནི་སྟེ། དེ་ལྟར་ཞི་བར་བྱེད་པ་ལ་ཡ་དབུས་སུའོ། །ལྷག་མ་ལས་གང་བྱེད་པའི་ཡི་གེ་དང་ཡ་གོ་ས་བརྗེས་ལ་བྱའོ། །དེ་ལྟར་ལས་ཁ་ཚར་བས་སྤོགས་པས་ཀྱང་འགྲུབ་པར་མ་གྱུར་ན། གསུམ་པ་དུག་ཆུའི་སྦྱོར་བས་སྤོགས་པ་ནི་འཁོར་ལོ་དེའང་བཏོན་ལ་རྣལ་འབྱོར་པའི་ལག་པ་དུག་ཆུར་བཅུག་སྟེ། ཙཀྲ་དེ་ཨ་ཀ་རུ་ནག་པོ་ལ་སོགས་པའི་དྲིའི་ཆུ་ནས་བཏོན་ལ་མདུན་དུ་བཞག་སྟེ་དུག་ཆུས་བྲབ་ཅིང་འཁོར་ལོའི་སྔགས་དྲག་ཏུ་བཟླའོ། །དེས་ཀྱང་མ་གྲུབ་ན་བཞི་པ་མེའི་གདུང་བས་སྤོགས་པ་ནི། ཐོད་པའམ་གའུ་ནས་བཏོན་ལ་སྤྲ་ཚིལ་གྱིས་དཀྲིས་ཏེ་འབྲས་ཀྱི་ཕུབ་མའི་དུད་པ་ལ་བདུག་ཅིང་སྔགས་སྤེལ་ཚིག་དང་བཅས་པ་དྲག་ཏུ་བཟླའོ། །དེས་ཀྱང་མ་གྲུབ་ན་ལྔ་པ་མཐར་འཁོར་ལོ་སྦྱིན་སྲེག་གི་སྤོགས་པ་ནི། ཡང་ཙཀྲ་དེ་བཏོན་ལ་མཚོན་རྣོན་པོས་དུམ་བུར་བཅད་ལ་སྔགས་སྤེལ་ཚིག་དང་བཅས་པས་དུར་ཁྲོད་དུ་སྦྱིན་སྲེག་བྱའོ། །དེས་ངེས་པར་འགྲུབ་བོ། །དེ་དག་ནི་གཙོ་ཆེར་གསོད་པ་ལ་སོགས་པ་རྩུབ་པའི་ལས་རྣམས་ཀྱི་སྤོགས་པའི་ཆོ་གའོ། །གཉིས་པ་ཞི་བ་ལ་སོགས་པ་རྣམས་ལའང་སྤོགས་ཆོག་བཞི་སྟེ། ཞི་རྒྱས་གཉིས་ལས་ཐམས་ཅད་པའི་ཙཀྲས་མ་གྲུབ་ན་ལས་ཁ་ཚར་བའི་ཙཀྲ་སྤོགས། དབང་ལ་ནི་ལས་ཐམས་ཅད་པའི་ཙཀྲས་མ་གྲུབ་ན་ལྷ་དང་བྲལ་བས་སྤོགས། དེས་མ་གྲུབ་ན་ལས་ཁ་ཚར་བའི་ཙཀྲས་སྤོགས། དེས་ཀྱང་མ་གྲུབ་ན་ཞག་གསུམ་སྤོགས་ཏེ་ཙནྡན་དཀར་པོའི་དྲི་ཆུ་ལ་སོགས་པ་སོ་སོའི་རྫས་ཀྱིས་བྲབ་ཅིང་ནུབ་ཐ་མ་ལ་མནན་པར་བྱའོ། །དེས་ཀྱང་མ་གྲུབ་ན་ཙཀྲ་དེ་བཏོན་ཏེ་མངོན་པར་མཐོ་བ་ལ་གཞག་ལ་མཆོད་པའི་ཡུལ་དུ་སྤོགས། སོ་སོའི་རྫས་ཀྱིས་ཅི་ནུས་སུ་སྦྱིན་སྲེག་བྱས་པས་འགྲུབ་བོ། །དེ་ནས་སུམ་ཅུ་རྩ་གཉིས་པས་ཞི་བ་ལ་སོགས་པའི་ལས་གྲུབ་ནས། ལས་ཐམས་ཅད་པའི་འཁོར་ལོ་དེ་བཏོན་ལ་དབྱི་བར་བྱ་སྟེ། དེའང་ཁྱད་པར་དུ་ཞི་བ་ལྟ་བུའི་དབང་དུ་བྱས་ན་ལས་གྲུབ་ནས་དང་པོར་རྩིབས་ཀྱི་ཡ་གཉིས་དབྱི། དེ་ནས་རྩིབས་ཀྱི་ནི་དབྱི། དེ་ནས་དབུས་ཀྱི་ཡ་ཡང་དབྱི་སྟེ། ཡི་གེ་ལྷག་མ་རྣམས་ནི་ཅི་དགར་ཕྱིས་པས་མཆོག་གོ །དེས་ནི་ཞི་བའི་ལས་ལ་དབྱི་བའི་གོ་རིམ་ངེས་པར་བསྟན་ནོ། །ལས་ཁ་ཚར་བའི་འཁོར་ལོ་ནི་ཡི་གེ་སྤོས་པས་དབྱི་བའི་གོ་རིམ་ངེས་པ་མེད་དེ་སྤོས་པ་ཉིད་ཀྱིས་ཕྱིས་པ་དང་འདྲའོ། །ལས་གཞན་ལའང་གོ་རིམ་ངེས་པ་མེད། ལས་གྲུབ་ནས་ཡི་གེ་རྣམས་ཅི་དགར་ཕྱིས་པས་ཆོག ལས་གྲུབ་བཞིན་དུ་མ་ཕྱིས་ན་བདག་དམ་ཚིག་ཉམས་ཤིང་འཁོར་ལོ་ཡང་བདག་ཉིད་ལ་ལྡོག་པར་འགྱུར་རོ། །གདོང་དྲུག་གི་ལས་བྱེད་ནའང་དང་པོར་འཁོར་ལོ་བྲིས་ལ་དེ་ལིངྒའི་སྙིང་གར་བཅུག་སྟེ་དེ་ཐོད་པ་ཁ་སྦྱར་ལ་སོགས་བར་བཅུག་ལ་དེ་ནས་མཆོད་པ་དང་བཟླས་པ་ཟིན་ནས་སྒྱོགས་བྱེད་ན་སྒུལ་ཏོག་ཏུ་བཅུག་སྟེ་འཕངས་ལ་མནན་པའི་ས་བཅལ་ཏེ། ཐོད་པ་དང་ཙཀྲ་ཆག་ན་སྤོས་ལ་ས་དེར་མནན་པ་བྱའོ། །འབྲས་ཕུབ་ལ་གདུང་བའི་དུས་སུ་ལྕགས་ཀྱི་ཐུར་མས་འཕངས་ནས་སྤྱི་བོར་བརྒྱུས་ཏེ། འཁོར་ལོའི་སྔགས་ཀྱི་མཇུག་ལ། ཨུནྨཱནྟ་བྷཻ་ར་བ་ཆེ་གེ་མོ་ཨུ་ཙ་ཏ་ཡ་ཞེས་པ་ལ་སོགས་པས་བསྐུལ་ཞིང་གང་ཞུ་བ་ངོས་བསྒྱུར་ལ་ལག་པ་ཚ་བ་ལ་ཁབ་མ་བྱས་ཏེ་བུག་པ་ནས་ཐུར་མ་བཏོན་ཏེ་བཟུང་ནས་བྱེད་དོ། །འདི་ཡུན་རིང་དུ་མཛད་ཅིང་འདུག་གསུང༌། དེ་ལྟར་ན་འཇིགས་བྱེད་ལས་སྔགས་བཏུ་བའི་ཁྱད་པར་སྟོན་པ་ལས་སྔགས་བཏུ་ལ། གདོང་དྲུག་ལས་འཁྲུལ་འཁོར་གྱི་ཁྱད་པར་སྟོན་པས་དེའི་ལུགས་ཀྱི་འཁོར་ལོ་ཁ་བསྐངས་ལ། ནག་པོ་ལས་འཁོར་ལོའི་ཆོ་ག་རྒྱས་པར་སྟོན་པ་ལས། འཁོར་ལོ་བཅིང་བའི་སྐུད་པ་ནས་ལས་གྲུབ་ནས་འཁོར་ལོ་བྱ་ལུགས་ཀྱི་བར་དུ་ནག་པོ་ལས་ཁ་བསྐངས་ལ་བྱ་སྟེ། དེ་ལྟར་ན་རྒྱུད་གསུམ་གྱི་དགོངས་པ་མི་འགལ་ཞིང་གཅིག་ཏུ་སྡེབ་པའི་སྒོ་ནས་བསྒྲུབ་པའི་མན་ངག་གོ །དེའང་འཁོར་ལོ་དེ་མནན་པའི་དུས་སུ་ནུབ་བདུན་དུ་མཆོད་ཅིང་བསྐུར་ཙམ་ན་སྔགས་བཟླས་གསུང༌། མནན་པའི་དུས་སུ་ཧྲཱིཿཥྚཱིས་བྱ་བའམ། འཁོར་ལོ་ལ་གང་བཀོད་བཟླས། འཁོར་ལོའི་གནས་རང་གི་མཚན་ཐོག་ཐག་བསྐུལ་བའི་དུས་སུ་འཁོར་ལོ་ལ་གང་བཀོད་པ་བཟླས་པའམ། ཡང་ན་གསུམ་ཀ་བཟླས་པར་གསུང༌། འཕེན་པའི་དུས་སུ་ཧྲཱིཿཥྚཱི་བཟླས་ཞིང་འཕང༌། སྤོགས་པའི་ཆོ་ག་རྣམས་གཞན་ན་ཞི་བ། དེའང་རྒྱས་པའི་ལས་བསྒྲུབ་ན་གཞུང་ན་མེད་ཀྱང་བསྒྲུབ་ལུགས་གདམས་ངག་ལྟར་བྱ། ཡིག་མགོ་ནང་དུ་བསྟན། ཡི་གེ་དབྱི་མི་དགོས། ལས་ཁ་ཚར་བ་སྤོ་བའི་ལུགས་རྒྱས་པ་ལ་མེད། སྤྱིར་ཡང་ཁ་ཚར་བ་ལ་སྤོ་བ་དང་ཡི་གེ་དབྱི་ལུགས་གཉིས་ཀ་ཡང་ཡི་གེ་སུམ་ཅུ་རྩ་གཉིས་པའི་དབང་དུ་བྱས་པ་ཡིན་གྱི་བཅུ་པ་ལ་དབྱི་ལུགས་ལ་སོགས་པ་མེད། གདོང་དྲུག་གི་ལས་བྱེད་ནའང་དབྱི་ལུགས་ལ་སོགས་པ་འདྲ། འཁོར་ལོ་ཡང་དང་པོར་འཁོར་ལོ་བྲིས་ལ་དེ་ལིངྒའི་སྙིང་གར་བཅུག་ལ། དེ་ཐོད་པ་ཁ་སྦྱོར་ལ་སོགས་པར་བཅུག་ལ། དེ་ནས་མཆོད་པ་དང་བཟླས་པ་ཟིན་ནས་སྒྱོགས་བྱེད་ན་སྒུལ་ཏོག་ཏུ་བཅུག་ཏེ་འཕངས་ལ། མནན་པའི་ས་བཙལ་ཏེ། ཐོད་པ་དང་ཙཀྲ་ཆག་ན་སྤོས་ལ་ས་དེར་མནན་པར་བྱའོ། །འབྲས་ཕུག་ལ་གདུང་བའི་དུས་སུ་ཡང་འཁོར་ལོའི་སྔགས་ཀྱི་མཇུག་ལ། ཨུནྨཱད་བྷཻ་ར་ཆེ་གེ་མོ་ཨུ་ཙ་ཏ་ཡ་ཞེས་པ་ལ་སོགས་པས་བསྐུལ་ཞིང་ལྕགས་ཀྱི་ཐུར་མས་འཕངས་ནས་སྤྱི་བོར་བརྒྱུས་ཏེ་གང་ཞུ་བ་ལས་སྒྱུར་ཞིང་ལ་སོགས་པའི་དུས་སུ་གཙོ་བོར་ཟློས་པས་དེའི་ལས་སུ་བྱས། རྫས་ཀྱི་སྐབས་སུ་རྣམ་སྣང་ཆེ་ཆུང་བྱུང་བ་ཐམས་ཅད་བསྒྲུབ་བྱའི་ཡིན་གསུང༌། འཁོར་ལོ་མནན་པའི་དུས་སུ་ནུབ་བདུན་དུ་མཆོད་ཅིང་བསྐུལ་ཙམ་ན་སྔགས་གསུམ་ག་བཟླས་གསུང༌། སྒྲུབ་པ་དང༌། ལས་ལ་སྦྱོར་བ་ཐམས་ཅད་ལ་སྨྱོན་པ་འཇིགས་བྱེད་ལ་གཏོར་མ་ཆེན་པོ་ཤ་དང་བདུད་རྩིས་སྦགས་པ་གཏའ་མར་བཟུང་ལ། ཞག་བདུན་ནམ་ཉི་ཤུ་རྩ་གཅིག་རེས་ཀྱིས་བཏང་གསུང༌། གཏོར་མའི་སྔགས་བརྗོད་དེ། གཏོར་ཆུང་རེ་ཡང་བཏང༌། བསྟོད་པ་བྱ། ཕྲིན་ལས་བཅོལ། མགྲོན་དེ་ཀ་ལྟར་བཞག་གསུང་ངོ༌།།  །།རྟོག་པ་གསུམ་པ་སྔགས་བཏུ་བ་ནི། གནས་ཡིད་དང་མཐུན་པར་ཕྱག་དར་བྱ། རྟེན་དགྲམ། མཆོད་པ་བཤམ། རྡོ་ལེབ་བམ་མཎྜལ་ལ་དྲི་དང་བདུད་རྩི་ལྔས་བྱུགས་ལ། དེ་ལ་ཆོས་འབྱུང་བྲི། དེའི་ནང་དུ་པདྨ་འདབ་མ་བརྒྱད་པ་གཅིག་བྲིས་ལ། དེ་ལ་ཨཱ་ལི་ཀཱ་ལི་བཀོད་ལ། ཡེ་ཤེས་པའི་ཨཱ་ལི་ཀཱ་ལི་སྤྱན་དྲངས་ལ་བསྲེའོ། །དེ་ལ་ཕྱི་ནང་གི་མཆོད་པས་མཆོད། རང་རྡོ་རྗེ་འཇིགས་བྱེད་དུ་བསྐྱེད་ལ་ཚོགས་བྱིན་གྱིས་བརླབས་ཏེ་ཚོགས་ལ་ལོངས་སྤྱད་དེ། དེ་ནས་ཡི་གེ་བཏུ་བ་ནི་ཆོས་འབྱུང་གཉིས་པ་གཅིག་བྲིས་ལ་དེར་སྔགས་བཏུ་ཞིང་བྲི་སྟེ། ཐོན་ནས་བཏུས་པ་དེ་ལའང་ཡེ་ཤེས་པ་སྔགས་གསུམ་སོ་སོར་བཅུག་ལ་ཡང་དེ་ལ་ཕྱི་ནང་གསང་བས་མཆོད་ལ། དེ་ནས་དེ་ལ་སྔགས་ཀྱི་ལུང་སྦྱིན་པ་ནི། སློབ་དཔོན་རྡོ་རྗེ་འཇིགས་བྱེད་ཀྱི་ང་རྒྱལ་དང་ལྡན་པ་དང༌། སློབ་མ་དང་གཉིས་ཀས་སློབ་དཔོན་གྱི་སྤྱི་བོ་དང༌། མགྲིན་པ་དང༌། སྙིང་ག་གསུམ་དུ་ཟླ་བ་དང་པདྨ་ཉི་མ་སྟེ་གསུམ་ལ། ཨོཾ་དང་ཨཱཿདང་ཧཱུྃ་དང་གསུམ་དཀར་དམར་ནག་པའོ། །དེ་དག་ལ་རིམ་པ་བཞིན་དུ་རྩ་བའི་སྔགས་དང་སྙིང་པོ་ཉེ་སྙིང་གསུམ་ག་ཡང་ཁ་དོག་དེ་ལྟར་གཡས་སུ་བསྐོར་བར་བསྒོམ་མོ། །བསྒོམ་པ་ཡང་སློབ་དཔོན་དང་སློབ་མ་གཉིས་ཀས་བྱའོ། །དེའི་རྗེས་སུ་སྔགས་གསུམ་པོའི་ལད་མོ་ལན་རེ་རེའམ་གསུམ་གསུམ་དེ་གཉིས་ཀ་ཚར་རེ་རེ་དང་པོ་ལ་སློབ་དཔོན་གྱི་གནས་དེ་དག་ནས་ཨོཾ་ལ་སོགས་པ་རེ་རེ་ཆད་ཅིང་སློབ་མའི་གནས་དེ་དག་གི་ཟླ་ཉི་སྟོང་པ་ལ་གནས་པ་ལ་སོགས་པ་ལ་སྔགས་རྣམས་རིམ་གྱིས་ཆད་ཅིང་གཡས་སྐོར་དུ་བསྐོར་ཏེ་གནས་པར་བསམ། ཚར་གཉིས་པ་དང་གསུམ་པ་ལ་ཆད་ཅིང་དེ་དག་གནས་པ་ལ་ཐིམ་པར་བསམས་ལ་བཟླས་སོ། །དེ་ནས་བླ་མ་བྷཻ་ར་བ་གསལ་བར་དམིགས་ཏེ་མ་ཧེའི་རུས་པའི་ཕྲེང་བ་ཐོགས་ཏེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ལན་གསུམ་བརྗོད་དེ། དེ་ནས་ཕྲེང་བ་ལག་ཏུ་བྱིན་ཏེ། སློབ་མས། བཅོམ་ལྡན་བདག་ལ་ཞེས་པ་ལ་སོགས་པ་ལན་གསུམ་བརྗོད། དེ་ནས་རྩ་བའི་སྔགས་ལ་སོགས་པ་གསུམ་པོ་བརྒྱ་རྩ་བརྒྱད་ལ་སོགས་པ་ཕྲེང་བ་དེ་ལ་ཟློས་གཞུག སློབ་དཔོན་གྱི་སྔགས་དེ་རྣམས་དྲིའི་ཆུས་བཀྲུས་ཏེ་སྙིང་གར་བྱུག གཏོར་མ་གཏང༌། ཨཱ་ལི་ཀཱ་ལིའི་ཡེ་ཤེས་སེམས་དཔའ་གཤེགས། དེ་ལུང་བརྒྱུད་པ་བར་མ་ཆད་པར་འབྱུང་བ་ནི་བྱིན་རླབས་འབྱུང་ངོ༌།།  །།ད་རྟོག་པ་བཞི་པ་བསྒོམ་པའི་རྟོག་པ་ནི། བསྙེན་པ་དང་སྒྲུབ་པ་ལས་ལ་སྦྱོར་བ་གསུམ་ཐུན་མོང་ལས། དེའང་དཀྱིལ་འཁོར་ལ་བརྟེན་པ་དང༌། བྲིས་སྐུ་ལ་བརྟེན་པ་གཉིས་སུ་བྱ་སྟེ། གང་ལྟར་ཡིན་ཡང་རྟེན་བཤམས་ལ། མཆོད་པའི་ཡོ་བྱད་ནི། མཆོད་ཡོན་ལ་སོགས་པ་བདུན་ཕྱི་མཆོད། གཏོར་མ་ནི་བསྙེན་པ་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་བཤམ། སྒྲུབ་པ་མན་ཆད་དྲག་པོ་སྨྱོན་པ་མཁའ་འགྲོ་མ་དང་བཅས་པ་ཁྱད་པར་གྱི་གཏོར་མ་ཤ་ཁྲག་གིས་བརྒྱན་པ་བཤམ། དེ་སྐད་ཅིག་གིས་རྡོ་རྗེ་འཇིགས་བྱེད་དུ་དྲན་པར་བྱས་པའི་སྙིང་གའི་ནང་དུ་ཧཱུྃ་མཐིང་ནག་ཅིག་བསམ། དེ་ལས་འོད་འཕྲོས་པས་བླ་མ་དང་འཇིགས་བྱེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་བ་ཅིག་སྤྱན་དྲངས་ལ་དང་པོར་ཕྱག་བྱ་སྟེ། ཨོཾ་ན་མོ་གུ་རུ་བྷྱཿ ཞེས་པས་བླ་མ་ལ་ཕྱག་བྱ། ན་མཿཤྲཱི་བཛྲ་བྷཻ་ར་བེ་བྷྱཿཞེས་པས་དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །དེ་ནས་མཆོད་པ་དབུལ་བ་ནི། དེ་ལ་དང་པོར་མཆོད་པ་བཤམ་པ་ནི། དང་པོར་མཆོད་ཡོན། དེ་ནས་ཞབས་བསིལ། མེ་ཏོག སྤོས། མར་མེ། དྲི་ཆབ། ཞལ་ཟས་དང་བདུན་ནོ། །དེ་དག་བྱིན་གྱིས་བརླབ་པ་ནི་བཞི་སྟེ། དང་པོར་ཡི་གེ་སུམ་ཅུ་གཉིས་པས་བསང༌། དེ་ནས། ཨོཾ་སྭ་བྷཱ་ལ་སོགས་ཀྱིས་སྟོང་པར་བསྒོམ་སྟེ་སྦྱང་བའོ། །དེ་ནས་ཨཱཿལས་ཐོད་པ་ཧཱུྃ་ལས་བདུད་རྩི་ལྔས་ཁྱད་པར་དུ་བྱས་པའི་མཆོད་པ་ཐམས་ཅད་བསྐྱེད། དེ་ནས་རང་གི་སྔགས་རེ་རེས་བྱིན་གྱིས་བརླབས་ཏེ་དབུལ་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་བྷཻ་ར་བ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་དང༌། པཱ་དྱཾ་སྭཱ་ཧཱ། དེ་བཞིན་དུ་བཛྲ་པུཥྤེ། བཛྲ་དྷཱུ་པེ། བཛྲ་ཨཱ་ལོ་ཀེ བཛྲ་གནྡྷེ། བཛྲ་ནཻ་བི་དྱེཿཨཱ་ཧཱུྃ་སྭཱ་ཧཱ། ཞེས་པས་མཆོད་དོ། །དེ་ནས་བདུད་རྩི་ཡང་གཏོར་མ་བཞིན་བྱིན་གྱིས་བརླབས་ལ་རྩ་སྔགས་བརྗོད་པས་མཆོད་ལ་བསྟོད་པ་བྱའོ། །ཡང་ན་འབྱོར་པ་དངོས་མེད་ན་ཨོཾ་སརྦ་བིཏ་པུ་ར་པུ་ར་སུ་ར་སུ་ར་ཨཱ་བརྟ་ཧོ་ཞེས་པས་ཡིད་ཀྱིས་མཆོད། དེ་ནས་བདག་གི་སྐྱེ་བ་ཐོག་མ་མེད་པ་ནས་སྡིག་པ་མི་དགེ་བའི་ལས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་སོ་སོར་བཤགས་པར་བགྱིའོ། །དེ་ནས་སྡིག་པ་ལས་སྐྱབས་མཛད་པ་འབྱུང་བས། སྐྱབས་སུ་འགྲོ་བ་ནི་བླ་མ་དང་རྡོ་རྗེ་འཇིགས་བྱེད་འཁོར་དང་བཅས་པ་ལ་སྐྱབས་སུ་མཆིའོ། །དེ་ནས་སྐྱབས་མཛད་པ་ལ་དེའི་བཀའ་བཞིན་བསྒྲུབ་དགོས་པས་དམ་ཚིག་དང་སྡོམ་པ་བླང་བ་ནི། ཐུན་མོང་དང་ཁྱད་པར་གྱི་དམ་ཚིག་དང་སྡོམ་པ་རྣམས་བླང་ཞིང་བསྐྱངས་བར་བགྱིའོ། །དེ་དག་ལ་རྗེས་སུ་ཡི་རང་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། རང་སངས་རྒྱས་དང༌། ཉན་ཐོས་དང༌། སོ་སོ་སྐྱེ་བོའི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བར་བགྱིའོ། །དེས་རྒྱུད་དག་པ་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བས་སྨོན་པའི་སེམས་བསྐྱེད་པ་ནི། བདག་གིས་འཁོར་བའི་རྒྱ་མཚོ་ལས་མ་བརྒལ་བ་རྣམས་བསྒྲལ་བར་བགྱི། མ་གྲོལ་བ་རྣམས་དགྲོལ་བར་བགྱི། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བགྱི། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །དེ་ལྟར་བྱེད་པ་ལ་དངོས་པོ་ཆུང་ངན་གྱིས་སེམས་ཅན་གྱི་དོན་མི་ཡོང་བས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བར་བྱའོ། །དེའང་དུས་ཡུད་ཙམ་གྱིས་མི་ཕན་པས། འཁོར་བ་མ་སྟོངས་ཀྱི་བར་དུ་མྱ་ངན་ལས་མི་འདའ་བར་གསོལ་བར་བགྱིའོ། །དེ་ལྟར་སྨོན་པའི་སེམས་བསྐྱེད་ནས་འཇུག་པའི་སེམས་བསྐྱེད་པར་བགྱིའོ། །བདག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བཟླས་བསྒོམ་གཉིས་ལ་གནས་པར་བྱའོ། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་དགེ་བ་མི་ཟད་པར་བྱ་བའི་དོན་དུ་བསྔོ་བ་ནི་བདག་སེམས་ཅན་ཐམས་ཅད་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་ཅེས་ལན་གསུམ་བརྗོད་དོ། །དེ་ནས་བརྟན་པའི་ཡན་ལག་ཏུ་གནང་བ་ནོད་པ་ནི། བླ་མ་དང་འཇིགས་བྱེད་ཀྱི་ཞལ་ནས་དེ་ལྟར་སྒྲུབ་པའི་ལམ་ལེགས་པ་ལ་གནས་པ་ཡིན་ནོ། །ཞེས་གསུང་བར་བསམ། ཐུན་མཚམས་ཀྱི་རྣམ་པར་དབྱེ་བ་ཤེས་པར་བྱ་བའི་ཕྱིར་ཡིད་ཀྱིས་ཕྱག་དང་མཆོད་པ་ཙམ་བྱ་སྟེ་གཤེགས་སུ་གསོལ་བ་དང་བཅུ་གསུམ་མོ། །དེ་ནས་ཚད་མེད་པ་བཞི་བསྒོམ། དེ་ནས་སྟོང་པ་ཉིད་བསྒོམ་པ་ནི། ཨོཾ་སརྦ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ། ཤུདྡྷོ྅ཧྃ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅ཧྃ། ཞེས་བྱ་བས་དེ་རྣམས་ཀྱི་དོན་དམིགས་ལ་ནམ་མཁའི་དཀྱིལ་དུ་ཡྃ་ལས་རླུང་གི་དཀྱིལ་འཁོར་དུ་བའི་མདོག་ཅན་བསམ་མོ། །དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་དྷཱིཿཡོངས་སུ་གྱུར་པ་ལས་འཇམ་དཔལ་ཞི་བའི་གཟུགས་སུ་བསམ་མོ། །དེའི་མདུན་དུ་ཨོཾ་ལས་ཉི་མའི་དཀྱིལ་འཁོར་བསམ། དེའི་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། རིག་པའི་ལྷ་མོ་ཁྲོ་བོ་ལ་སོགས་པ་བསྐུལ་ཏེ་བསྡུས་ནས་ཉི་མ་ལ་ཞུགས་པར་བསམ། དེ་ནས་འཇམ་དཔལ་ལ་སོགས་པ་རྣམས་གཅིག་ཏུ་གྱུར་ཏེ་ཉི་མར་གྱུར་པར་བསམ། དེའང་འོད་ཀྱི་ཕྲེང་བ་དང་ལྡན་པས་ཁྱབ་པར་བསམ་མོ། །ཉི་མ་དེའི་སྟེང་དུ་ཧཱུྃ་ནག་པོ་འོད་ཟེར་ལྔ་དང་ལྡན་པ་བསམས་ཏེ། དེའི་འོད་འཕྲོས་པ། སླར་འདུས་པ་དེ་རྡོ་རྗེ་ནག་པོ་གདེངས་པ་འོད་ཟེར་ལྔ་དང་ལྡན་པར་བསམ། དེའི་ལྟེ་བ་ལ་ཧཱུྃ་བསམས་ལ་དེའི་འོད་ཟེར་ལས་སངས་རྒྱས་ལ་སོགས་པའི་སྐུ་ཕྲ་མོ་ཏིལ་གྱི་གང་བུ་སྙེད་བསྡུས་ནས་ཉི་མ་ལ་ཞུགས་པར་བསམ། དེ་ནས་དེ་རྣམས་ཀྱིས་སེམས་ཅན་གྱི་དོན་བྱས་ནས་གཅིག་ཏུ་གྱུར་ཏེ། དེའི་གཟུགས་བརྙན་ལ་ཞུགས་པར་བསམ་མོ། །དེ་ལྟ་བུའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་འཇིགས་བྱེད་བསྲུང་བ་དང་བཅས་པའི་གཞལ་ཡས་ཁང་སྐད་ཅིག་གིས་དུར་ཁྲོད་བརྒྱད་དང་བཅས་པའི་དམ་ཚིག་སེམས་དཔའ་བསྒོམ་མོ། །དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་སེམས་དཔའ་སྤྱན་དྲང་ཞིང་གཞུག དབང་བསྐུར་ཞིང་སྤྱི་བོར་མི་བསྐྱོད་པ་བསམ། དེ་ལྟར་ལྷ་བསྐྱེད་པ་རྫོགས་ནས་དང་པོ་སྔགས་གསུམ་གྱི་མཆོད། དེ་ནས་སྔར་བྱིན་གྱིས་བརླབས་པའི་མཆོད་ཡོན་ལ་སོགས་པ་བདུན་གྱིས་མཆོད། འདོད་ཡོན་ལྔའི་མཆོད་པ་འདིར་བྱས་ན་འོག་ཏུ་མི་དགོས། འདིར་མ་བྱས་ན་གཞན་དུ་ནང་མཆོད་ཀྱང་དེ་དང་འདྲ། བསྟོད་པ་ཡང་དེ་བཞིན་དུ་ཤེས་པར་བྱ། དེ་དག་གིས་ནི་སངས་རྒྱས་ལ་མཆོད་པའོ། །དེ་ནས་ལྷའི་རྣལ་འབྱོར་གསལ་བཏབ་ལ། སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ས་བོན་ཧཱུྃ་མཐིང་ནག་ལ་ཡི་གེ་བཅུ་པའི་སྔགས་ཀྱིས་བསྐོར་ལ་དེ་ལ་དམིགས་པ་གཏད་དེ་བཟླས་པ་བྱའོ། །ཧྲཱིཿཥྚཱི་སྟོང་ཕྲག་ལ་སོགས་པ་བཟླས་པ་དང་ཡང་ཐུན་མཚམས་སུ་སྙིང་གའི་ཧཱུྃ་མི་དམིགས་པར་ཉི་མ་ལ་ཡའམ་མ་བསམས་ཏེ། དེ་ལ་གཡས་སུ་བསྐོར་ལ་ཡི་གེ་སུམ་ཅུ་རྩ་གཉིས་པ་དང༌། བདུན་པའང་བརྒྱ་བརྒྱ་ཙམ་ལ་སོགས་པ་བཟླས་པར་བྱའོ། །དེ་ནས་ཐུན་མོང་བ་དང་ཁྱད་པར་གྱི་མཆོད་པ་དང་བསྟོད་པ་བྱ། དེ་ནས་དམ་ཚིག་ཅན་ལ་གཏོར་མ་སྦྱིན་པ་ནི་རང་གི་མདུན་དུ་ཡྃ་ལས་རླུང༌། རྃ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཨཱཿལས་ཐོད་པ། དེའི་ནང་དུ་གོ་ཀུ་ད་ན་ཧ་ལས་ཤ་ལྔ། བི་མུ་ཤུ་མ་ར་ལས་བདུད་རྩི་ལྔ། དེ་དག་གི་སྟེང་དུ་ཡེ་ཤེས་ལྔར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་བྷྲཱུྃ་ཧཱུྃ་ཁྃ་ཛྲཱི་ཏྲཱྃ་རྣམས་བསམས་ཏེ། དེ་རྣམས་རིམ་པ་བཞིན་དུ་བུདྡྷ་ལྔ་དང་ཆོས་ཀྱི་དབྱིངས། མེ་ལོང་ལྟ་བུ་དང༌། བྱ་བ་གྲུབ་པ། སོ་སོར་རྟོག་པ། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྔར་མོས་པས་དེ་དག་བྱིན་གྱིས་བརླབས། ཡང་དེའི་མཐོ་གང་ཙམ་གྱི་ཚད་དུ་ཨ་ལས་ཟླ་བ་དེའི་འོག་ཏུ་ཨོཾ་དཀར་པོ་མགོ་ཐུར་དུ་བསྟན་པ་གཅིག་དེ་ལས་འཕྱང་བ། ཟླ་བའི་སྟེང་དེར་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་དེའི་ལྟེ་བ་ལ་ཟླ་བ་ལ་ཧཱུྃ་དེའི་འོད་ཀྱིས་རླུང་ལ་ཕོག་པས་རླུང་དེས་མེ་སྦར། མེ་དེས་ཐོད་པ་བསྐོལ་བས་རྫས་རྣམས་ཞུ་སྟེ། རླངས་པ་ཟླ་བའི་འོག་གི་ཨོཾ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཧཱུྃ་ལ་ཕོག་པས་དེ་དག་ལས་ཀྱང་ཡེ་ཤེས་ཀྱི་བདུད་རྩི་འཛག་ཅིང་ཧཱུྃ་ལས་འོད་ཟེར་འཕྲོས་ཏེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིས་ཐོད་པ་གང་བ་བཀུག་ལ་མདུན་གྱི་བདུད་རྩིའི་སྣོད་ལ་སྣོད་ཐིམ། བཅུད་ལ་བཅུད་ཐིམ་པར་བསམས་ལ། ངག་ཏུ་ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། རང་རྡོ་རྗེ་འཇིགས་བྱེད་དུ་གསལ་བར་བསྐྱེད་ལ། མདུན་དུ་ཡང་རྡོ་རྗེ་འཇིགས་བྱེད་གསལ་བར་བསམ་ཞིང༌། དེའི་གཡོན་དུ་སྨྱོན་པ་འཇིགས་བྱེད་ཀྱང་གསལ་བར་མདུན་ན་བཀའ་ནོད་པར་བསམ། དུར་ཁྲོད་ཀྱི་བདག་པོ་རྣམས་ཀྱང་གསལ་བར་བསམས་ལ། ཨུནྨཱ་ད་བྷཻ་ར་བ་ཨ་གྲ་ཏི་ཏིཥྛ་བཛྲ་བྷཻ་ར་བ་ཨ་གྲ་ཏེ་ཏིཥྛི་ཏ་བཛྲ་ཞེས་པས་མདུན་དུ་བརྟན་པར་བཞུགས་སུ་གསོལ་ལ་ས་སྭ་སྟི་ཨ་དྷི་པ་ཏི་ཨ་གྲ་ཏི་ཏིཥྛི་ཏ་ཞེས་པའམ། ཡང་དུར་ཁྲོད་ཀྱི་བདག་པོ་རྣམས་ཀྱང་བརྟན་པར་མནོས་ཤིག་ཅེས་བཞུགས་སུ་གསོལ་ལོ། །དེ་ནས་ལྗགས་ཀྱི་འོད་ཟེར་གྱིས་གསོལ་བར་བསམས་ཏེ། འཇིག་རྟེན་ལས་འདས་པ་ལ་རྩ་སྔགས་ཀྱི་རྗེས་སུ། ཨོཾ་བྷཻ་ར་བ་གྲིཧྣེ་དཾ་བ་ལིཾ་སྭཱ་ཧཱ། དེ་ནས་འཇིག་རྟེན་པ་ཨོཾ་ཨུནྨཱ་ད་བྷཻ་ར་བཱ་ཡ་བ་ལིཾ་གྲིཧྣ་གྲིཧྞ་མ་མ་ཀཱརྻ་སྭ་ད་ཡ་སྭཱ་ཧཱ། དུར་ཁྲོད་བརྒྱད་ལ་ཨཥྚ་སྨ་ཤ་ན་སྟིཥྛ་བྷཱུ་ཏ་སྨཱ་ཤཱ་ན་རཀྵནྟ་སརྦ་གྲིཧྣ་དཾ་བ་ལིཾ། མ་མ་སརྦ་ཀཱརྻ་སྭ་ད་ཡ་སྭཱ་ཧཱ་ཞེས་པ་ཀུན་ལ་གསུམ་གསུམ་གྱིས་དབུལ་ལོ། །བསྟོད་པ་བྱ། ལས་བཅོལ་ལོ། །ཡི་གེ་བརྒྱ་པ་བརྗོད་ལ་མགྲོན་གཤེགས་སུ་གསོལ་ལོ། །དེ་ནས་བདག་ཉིད་བསྲུང་བའི་ཕྱིར་བདུད་རྩི་ལྔའི་ཐིག་ལེ་དཔྲལ་བ་དང༌། མགྲིན་པ་དང༌། སྙིང་གར་བྱས། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པར་བྱའོ། །དེ་ནས་ཐུན་མཚམས་ལ་འཇུག་པར་བྱའོ། །བཟླས་པ་ལ་འཇུག་ཀ་དང་རྫོགས་པ་གཉིས་ཀའི་མཆོད་པ་ནི་དང་པོར་སྔགས་ཀྱི་མཆོད་པ་སྔགས་སུམ་ཅུ་རྩ་གཉིས་པ་དང་སྙིང་པོ་དང་ཉེ་སྙིང་ལན་ཅིག་བཟླས། དེ་ནས་ཕྱིའི་མཆོད་པས་མཆོད། དེ་ནས་འདོད་ཡོན་ལྔས་མཆོད། དེ་ནས་ནང་གི་མཆོད་པས་མཆོད། དེ་ནས་བསྟོད་པས་བསྟོད། བསྐྱེད་རིམ་སྔོན་དུ་སོང་ནས་རྫོགས་པའི་རིམ་པ་བསྒོམ་པར་འདོད་ན་འདི་ལྟར་བྱ་སྟེ། རྡོ་རྗེ་བསླང་བ་རྟག་ཏུ་བྱ། །ཟླ་བ་ཉི་མའི་འགྲོ་འོང་དགག །གཞན་དུ་ཨ་བ་དྷཱུ་ཏཱིའི་ཆར། །མི་འཇུག་པ་སྟེ་སྲོག་གི་རླུང༌། །མཚན་མ་དུ་བ། སྨིག་རྒྱུ། སྲིན་བུ་མེ་ཁྱེར། མར་མེ་འབར་བ། ཉིན་མོ། ཟླ་བ། ཉི་མ། ཟླ་བ། སྔོན་པོ། གཟུགས་བརྙན་མཐོང་བ། སྐུ་གསུམ་མཐོང་བ་དང༌། དེ་རྣམས་རྫོགས་པ་སངས་རྒྱས་ཉིད།།  །།རྟོག་པ་དྲུག་པ་སྦྱིན་སྲེག་ནི་ལས་ཀྱི་ཁ་བསྐངས་ཏེ། གསད་པའི་ལས་ལྟ་བུའི་དབང་དུ་བྱས་ན་དང་པོར་བསམ་གཏན་གྱི་སྐབས་ནས་འབྱུང་བའི་གསད་པའི་ལས་ཀྱིས་གསད། དེ་ནས་འཁྲུལ་འཁོར་གྱི་སྐབས་ནས་འབྱུང་བའི་གསད་ལུགས་ཀྱིས་གསད། དེ་ནས་སྦྱིན་སྲེག་གི་སྐབས་ནས་འབྱུང་བའི་གསད་ལུགས་ཀྱིས་མཐར་ལས་ཀྱི་ཁ་བསྐངས་ལ། དེ་ལྟར་ལས་གསུམ་འཁྲུགས་སུ་འགྱུར་རོ། །དབང་དང་དགུག་པ་ལ་སོགས་པ་ལའང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལ་སྦྱིན་སྲེག་ནི་དང་པོ་གང་ཡང་རུང་སྦྱིན་སྲེག་གི་ཡོ་བྱད་ཐམས་ཅད་བསགས་ལ། ལས་དང་མཐུན་པའི་ཐབ་ཁུང་བརྩིགས་ལ། བསྲེག་རྫས་གཡས་སུ། མཆོད་རྫས་གཡོན་དུ། དགང་གཟར་བླུགས་གཟར་མདུན་དུ་བཞག་ལ། བདག་ཉིད་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་དབུ་རྒྱན་གྱི་ལྷ་དྲན་པ་ནས་ཕྱི་ནང་གི་མཆོད་པའི་བར་དུ་བྱས་ལ་ཐུན་བུམ་པ་ལྷག་གནས་ལྟར་བྱས་ལ་ཡི་གེ་སུམ་ཅུ་རྩ་གཉིས་པ་ཅི་རིགས་གཅིག་བཟླས་ལ་བཞག དེ་ནས་ཐབ་ཁུང་ལས་དང་མཐུན་པའི་མེ་ཏོག་དང་དྲིས་བསང་གཏོར་བར་བྱས་ལ། མཆོད་པ་ལ་སོགས་པས་བསང་ཞིང་བྱིན་གྱིས་བརླབས་ལ། ལས་དང་མཐུན་པའི་བུད་ཤིང་གིས་བརྩིགས་ལ། ལས་དང་མཐུན་པའི་མེ་བླངས་ལ་བསང་ཞིང་བཅུག་ལ་རླུང་ཡབ་ཀྱིས་སྦར། དེ་ནས་མར་གྱི་དགང་བླུགས་གསུམ་གྱིས་ཀྱང་སྦར་ལ་ལྟས་བརྟགས་ནས། ཨོཾ་ཨི་དཾ་ཀུ་ཤ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཀུ་ཤ་དགྲམ། དེ་ནས་ཨོཾ་ཏྲཱྃ་ཨཱྃ་ཧཱུྃ་ཞི་རྒྱས་དབང་དྲག་ཡང་ན་ཧཱུྃ་ཁ་དོག་བཞི་ལས་ཐབ་བསྐྱེད། རྃ་ལས་མེ་བསྐྱེད། མེ་གསེབ་ཏུ་ཨ་ལས་དབྱུག་ཏོ། དེ་ལ་ཨས་མཚན་པ་ལས་འཇིག་རྟེན་པའི་མེ་ལྷ་ར་སྐྱེས་ལ་ཆིབས་པ། སྐུ་མདོག་དམར་སེར་ཞལ་གཅིག་པ་ཕྱག་བཞི་པ། གཡས་པ་ན་རྡོ་རྗེ་དབྱུག་ཏོ། གཡོན་པ་གྲང་ཕྲེང་དང་གུནྡྷེ་བསྣམས་པ་བསམས་ལ། དད་པ་དང་ནི་དམ་ཚིག་གིས། །ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་པ་སྤྱན་དྲངས། དགུག་གཞུག་བྱ། མཆོད་ཡོན་དང་ཞབས་བསིལ་དབུལ། རྒྱ་བཞིས་གདབ། དབང་བསྐུར། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །གལ་ཏེ་དམ་ལ་འདས་གྱུར་ན། །འཇིག་པར་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བས་དམ་ལ་བཞག་ལ། ལས་བཅོལ་ཉེ་རེག་བྱིན་ལ་མཆོད། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ཅེས་བྱ་བ་ལ་སོགས་པས་བསྟོད། དེ་ནས་ལས་དང་རྗེས་སུ་མཐུན་པའི་ཡམ་ཤིང་ལ་སོགས་པ་དབུལ་ཞིང་མཐར་མཆོད་བསྟོད་བྱས་ལ། འཐོར་འཐུང་ལ་སོགས་པ་བྱིན་ལ་འཇིག་རྟེན་པའི་མེ་ལྷ་འབར་བའི་རྣམ་པར་བཏང༌། དེ་ནས་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པའི་རིམ་པ་ནི་རྩ་བའི་སྔགས་ཀྱིས་ཐབ་བསང་བའམ་མ་བསངས་ཀྱང་བཏུབ་སྟེ། ཐབ་དེ་ཡྃ་ལས་རླུང་གི་དཀྱིལ་འཁོར་ནས་བཟུང་སྟེ། འབྱུང་བ་རིམ་བརྩེགས་དང༌། དེར་སུྃ་ལས་རི་རབ་བསྐྱེད། ཡང་ན་དེ་དག་མ་བསྐྱེད་ཀྱང་རུང་སྟེ། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་གཞལ་ཡས་ཁང་གདན་དང་བཅས་པ་བསམ་མོ། །དེར་དཔལ་རྡོ་རྗེ་འཇིགས་བྱེད་དམ་ཚིག་སེམས་པར་བསྐྱེད་པ་དང༌། གནས་གསུམ་བྱིན་གྱིས་བརླབ་པ་དང་ཡེ་ཤེས་པ་ཚུལ་བཞིན་དུ་གཞུག་པ་དང༌། སྔར་བུམ་པ་ལྷག་གནས་ལྷར་བསྐྱེད་ལ་དེ་སུམ་ཅུ་སོ་གཉིས་པ་བཟླས་པའི་ཆུས་མེ་ལོང་ལ་དབང་བསྐུར་བའི་བུམ་པའི་ཆུས་བཀྲུ་ཞིང༌། ཇི་ལྟར་བལྟམས་པ་ཙམ་ཞེས་བརྗོད་ཅིང་དབང་བསྐུར་བའམ། ཡང་ན་བུམ་པའི་ཆུས་ཐབ་ཏུ་གཏོར་ཞིང་དབང་བསྐུར་བའི་མཐར་ཞི་བ་ལ་རྣམ་པར་སྣང་མཛད། རྒྱས་པ་ལ་རིན་ཆེན་འབྱུང་ལྡན། དབང་ལ་སྣང་བ་མཐའ་ཡས། དྲག་པོ་ལ་མི་བསྐྱོད་པས་དབུར་བརྒྱན་པར་བསམ་མོ། །དེ་བཞིན་དུ་ལས་བཞིའི་བྱེ་བྲག་གིས་རྩ་བའི་ཞལ་ཡང་འགྱུར་བར་ཤེས་པར་བྱའོ། །དེ་ནས་ཨརྒྷཾ་ལ་སོགས་པས་མཆོད་ཅིང་ནང་གི་མཆོད་པས་ཀྱང་མཆོད་ལ། བསྟོད་པས་ཀྱང་བསྟོད་དེ། ཨོཾ་ཧཱུྃ་གིས་འཐོར་འཐུང་སྦྱིན། དེ་ནས་བསྲེག་རྫས་རྣམས་རིམ་པས་དབུལ་ཏེ། ཡམ་ཤིང་ནི་འོད་ཀྱི་དཀྱིལ་འཁོར་ལ་དབུལ་ལོ། །རྫས་ཆོས་རྣམས་ནི་སྔར་འཇིག་རྟེན་པའི་མེ་ལྷ་ལ་མཆོད་པའི་རིམ་པ་ཇི་ལྟ་བ་བཞིན་འདིར་ཡང་ཤེས་པར་བྱའོ། །དེ་ལ་དབུལ་བའི་སྔགས་ནི་འདི་ཡིན་ཏེ། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུྃ་ཕཊ། ཨགྣ་ཡེ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བྱ་བ་ནི་ཞི་བའི་ཕྱོགས་ལ་མར་གྱི་སྔགས་སོ། །དེ་བཞིན་དུ་བསྲེག་རྫས་ཐམས་ཅད་ལས་ལ་བསྒྲུབ་པ་དང་པོར་ལྷའི་སྔགས་དང་བར་དུ་རྫས་ཀྱི་སྔགས་དང་ཐ་མར་ལས་ཀྱི་སྔགས་གསུམ་དུ་སྦྲགས་ལ་བྱའོ། །ལས་སྒྲུབ་པའི་ལས་ཀྱི་ཤམ་བུ་ནི་གོང་དུ་བརྗོད་པས་འདིར་མ་བྲིས་སོ། །དེའང་ཕྱིའི་པཱུ་ཛ་དང་ནང་གི་པཱུ་ཛས་ཀྱང་མཆོད་ཅིང་བསྟོད་དེ། ཆོ་ག་ལྷག་པ་དང་མ་ཚང་བ་ཁ་བསྐང་བའི་ཕྱིར་བཟོད་པར་གསོལ་ལ། ལས་དང་མཐུན་པའི་སྐུ་མདོག་དང་མ་ཧེའི་ཞལ་བསྒྱུར་བ་དེའི་ཁ་དོག་སོ་སོ་ལ་དམིགས་ཏེ་རྩ་བའི་སྔགས་ལ་སོགས་པ་གསུམ་ཆར་ལ། ལས་ཀྱི་ཤམ་བུ་དང་བཅས་པ་ཅུང་ཞིག་བཟླའོ། །དེ་ནས་འཐོར་འཐུང་ཕུལ་ཏེ་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་ལ། དམ་ཚིག་པ་རང་ལ་བསྡུའོ། །དེ་ཙམ་གྱིས་ནི་འཇིག་རྟེན་ལས་འདས་པའི་ལྷ་མཆོད་པའོ། །མཇུག་གི་ཆོ་ག་ནི་སྔར་གཏོར་མ་བཤམས་པ་གྲུབ་ན་དུར་ཁྲོད་བརྒྱད་ལ་བར་འདིར་དབུལ་ལོ། །མ་གྲུབ་ན་འཇིག་རྟེན་པའི་མེ་ལྷ་ཐབ་ཏུ་དམིགས་ལ། ཕྱི་ནང་གི་མཆོད་པས་མཆོད་ཅིང༌། བསྲེག་རྫས་ལྷག་མ་རྣམས་རེ་རེ་ཞིང་ལན་གསུམ་མམ་བདུན་ལ་སོགས་པ་སྔ་མའི་རིམ་པས་དབུལ་ཏེ། ཡང་མཆོད་བསྟོད་བྱས་ལ། དེ་ནས་བཟོད་པར་གསོལ་ལོ། །འཐོར་འཐུང་སྦྱིན་ལ། མེ་ལྷ་ཁྱེད་ཀྱིས་རང་གཞན་དོན། །བསྒྲུབ་པ་ཚུལ་བཞིན་བྱས་ཟིན་གྱིས། །རང་གནས་བདེ་བར་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་དངོས་གྲུབ་མཛོད། །ཅེས་པའི་ཚིག་བརྗོད་ལ། ཨོཾ་ཨགྣ་ཡེ་ཡ་ཧི། ཞེས་བརྗོད་ལ་ཕྱག་རྒྱ་དང་བཅས་པས་གཤེགས་སུ་གསོལ་ལོ། །དེ་ནས་རང་ཉིད་བསྲུང་བར་བྱ་བའི་ཕྱིར་གནས་གསུམ་བྱིན་གྱིས་བརླབས་ལ། སླར་ཡང་ཡི་གེ་བརྒྱ་པ་བརྗོད་པར་བྱའོ། །སྦྱིན་སྲེག་ཤིན་ཏུ་བསྡུས་པ་བྱེད་པར་འདོད་ན། སྦྱོར་བ་དངོས་གཞི་མཇུག་གསུམ་མོ། །སྦྱོར་བ་ལ་ཆོ་ག་རྒྱས་པ་དང་མཐུན་ནོ། །དངོས་གཞི་ལ་བདག་རང་ལྷའི་རྣལ་འབྱོར་རྫོགས་པར་བསྒོམས་ཏེ་མེ་སྦར་ལ་ཐབ་བསངས་ཏེ་མེ་ལྷ་ཞལ་གཅིག་ཕྱག་གཉིས་པ་སྐད་ཅིག་མས་བསྒོམས་ལ། དེ་ནས་རྒྱུད་ནས་གསུངས་པའི་ལས་གང་བསྒྲུབ་པའི་རྫས་གཅིག་གམ་གསུམ་མམ་ལྔ་དབུལ་ཏེ། སྔགས་ནི་ཨོཾ་ཨགྣ་ཡེ་ཆེ་གེ་མོ་མཱ་ར་ཡ་ཕཊ་ཅེས་བྱ་བ་ལ་སོགས་པས་དབུལ་ཏེ། རྫས་སྔགས་ཀྱང་དགོས་གསུང༌། གོང་འོག་གཉིས་ཀའི་མཆོད་བསྟོད་ཀྱང་མེད་དོ། །དེ་ནས་འབར་བར་ཐིམ་པར་བསམ། དེ་ནས་འཇིག་རྟེན་ལས་འདས་པའི་མཆོད་པ་ནི་དཔལ་རྡོ་རྗེ་འཇིགས་བྱེད་སྐད་ཅིག་གིས་ཐབ་ཏུ་བསྒོམས་ལ། ཡང་སྐད་ཅིག་གིས་རྩ་ཞལ་ལས་དང་མཐུན་པར་བསྒྱུར་ཏེ། ལས་གང་བསྒྲུབ་པའི་རྫས་རྒྱུད་ནས་གསུངས་པ་བཞིན་དུ་གཅིག་པུ་དབུལ་ལོ། །ལྷ་སྔགས་ཡི་གེ་བཅུ་པའམ། ཡང་ན་ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་བྷཻ་ར་བ་ཆེ་གེ་མོ་མཱ་ར་ཡ་ཕཊ་ལ་སོགས་པ་ལས་དང་མཐུན་པའི་སྤེལ་ཚིག་གིས་བྱའོ། །བསྲེག་རྫས་དབུལ་བ་རྫོགས་པ་དང༌། ལྷ་དེ་བདག་རང་ལ་བསྡུས་ཏེ། ཡང་མེ་ལྷ་ལ་བསྲེག་རྫས་གསུམ་མམ་ལྔ་དབུལ་ཏེ། འདོད་པའི་དོན་ལ་གསོལ་བ་གདབ། མེ་ལྷ་གཤེགས་སུ་གསོལ།།  །།རྒྱུད་ནས་ཇི་ལྟར་འབྱུང་བའི་ཚུལ་གྱིས་སྦྱིན་སྲེག་བྱེད་པར་འདོད་པས། དང་པོ་ཕྲིན་ལས་བཞི་ཡན་ལག་དང་བཅས་པའི་ཐབ་རེ་ཁས་ཡོངས་སུ་བཅད་དེ། དེ་ཉིད་ལས་བྱུང་བའི་ཚུལ་གྱིས་བུད་ཤིང་ཡང་བརྩིགས་ལ་བསྲེག་རྫས་རེ་རེས་ལས་གྲུབ་པ་ཡིན་པས། དེ་ཡང་ཇི་ལྟ་བ་བཞིན་བཤམས་ལ། མཆོད་པ་རྣམས་ནི་ཡིད་ལས་བྱུང་བའི་ཚུལ་གྱིས་མཆོད་པས་ཆོག་སྟེ་བཤམ་མི་དགོས། དེ་ནས་དུས་དང་འབྲེལ་བའི་ལྷའི་རྣལ་འབྱོར་རྫོགས་པར་བསྒོམས་ལ། མ་ཧེའི་ཞལ་ཡང་ལས་དང་མཐུན་པར་གྱུར་ཏེ། ལས་ཀྱི་ཤམ་བུ་དང་བཅས་པའི་སྔགས་ཅུང་ཟད་ཙམ་བཟླས། དེ་ནས་མདུན་གྱི་ཐབ་ཀྱི་བུད་ཤིང་ལ་མེ་རབ་ཏུ་སྦར་ཏེ་ཐབ་ཏུ་ཁྲོ་བོ་རྡོ་རྗེ་འཇིགས་བྱེད་ལས་དང་མཐུན་པར་བསྐྱེད་ལ་ཡིད་ལས་བྱུང་བའི་མཆོད་པས་མཆོད། དེ་ནས་བཅོམ་ལྡན་འདས་ཞལ་གདངས་པར་དམིགས་ཏེ། སྙིང་པོ་དང་རྩ་སྔགས་གཞུང་ནས་འབྱུང་བ་གང་རུང་ལས་ཀྱི་ཤམ་བུ་དང་བཅས་པས། བསྲེག་རྫས་གཞུང་ནས་འབྱུང་བ་བརྒྱ་རྩ་བརྒྱད་ལ་སོགས་པ་བསྲེགས་པ་ལས་དེ་དང་དེ་འགྲུབ་པ་ཁོ་ནར་ངེས་སོ། །མཐར་ནི་མཆོད་པ་བྱས་ཀྱང་རུང་མ་བྱས་ཀྱང་རུང་སྟེ། ཐབས་ཀྱི་ལྷ་བདག་ཉིད་ཀྱི་སྙིང་གར་བསྡུ་བ། ལས་སོ་སོ་དང་པོར་ཡང་ཞལ་ནས་དམིགས་ཏེ་སྔར་བཞིན་ཅུང་ཟད་ཙམ་བཟླས་པ་བྱའོ། །དེ་ལྟར་སྦྱིན་སྲེག་གསུམ་པོ་གང་མོས་གཅིག་གིས་བསྒྲུབ་བྱ་གྲུབ་པ་དེ་སྙེད་དུ་བྱའོ། །དེ་ལྟར་རྣལ་འབྱོར་པ་རབ་ཀྱིས་ནི་བསམ་གཏན་ཙམ་གྱིས་འགྲུབ་པར་འགྱུར་ལ། འབྲིང་གིས་བསམ་གཏན་དང་འཁྲུལ་འཁོར་གཉིས་ཀྱིས་འགྲུབ། རྣལ་འབྱོར་པ་བསོད་ནམས་ཐ་མས་ནི་བསམ་གཏན་དང༌། འཁྲུལ་འཁོར་དང༌། སྦྱིན་སྲེག་གསུམ་གྱིས་ཞི་བ་ལ་སོགས་པའི་ལས་གང་འདོད་པ་འགྲུབ་པར་འགྱུར་རོ། །ཐོག་མ་ཛ་རུ་ཀློག་པ་ནི། །དགུག་པའི་སྔགས་སུ་སྦྱར་བ་ཡིན། །ཐ་མ་ཡ་རུ་བཀླག་པ་ནི། །གསང་བའི་ལས་སུ་སྦྱར་བ་ཡིན། །ས་མཱཔྟ། ཨི་ཐི།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*