དཔྱིད་ཐིག་གི་ཊཱིཀྐ། རིམ་པ་བཞི་པའི་གདམས་ངག

༼ཁ༽

༄༅། །དཔྱིད་ཐིག་གི་ཊཱིཀྐ་བཞུགས།།

༄༅། །ན་མོ་གུ་རུ་བྷྱཿ ཤྲཱི་ཙཀྲ་སཾ་བ་ར་མཎྜ་ལཱ་ཡ། སློབ་དཔོན་སྤྱོད་པའི་རྡོ་རྗེའི་དགོངས་པས་འཁོར་ལོ་སྡོམ་པའི་དགོངས་པ། རིམ་པ་བཞིས་ལམ་འབྲས་བུ་དང་བཅས་པའི་སྟོན་པ་ལས། ཐུན་མོང་གི་རིམ་པ་བཞི་ནི་ཨོ་ལ་པ་ཏིར་བསྟན་ནས། ཐུན་མོང་མ་ཡིན་པ་འཁོར་ལོ་སྡོམ་པ་ལ་བརྟེན་ནས། དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བས་རིམ་པ་བཞི་སྟོན་ཏེ། རྒྱུད་ལ་སོགས་པའི་སྒྲ་དོན་ནི། བསྐྱེད་རིམ་གྱི་རྒྱུད་ཅེས་བྱ་བ་ནི། འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་དང༌། སྔགས་ཨོཾ་ལ་སོགས་པ་དང༌། ཡེ་ཤེས་སྤྲོ་བསྡུ་ལ་སོགས་པ་དང༌། གསང་བའི་བདུད་རྩི་ལྔ་ལ་སོགས་པ་བསྟན་པའོ། །དེ་བཞིན་དུ་རྫོགས་པ་ནི་རྒྱུད་རིམ་ལུས་ལ་གནས་པའི་རྩ་རླུང་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་རང་བཞིན་ནོ། །སྔགས་ཨོཾ་ལ་སོགས་པ་ཙཎྜཱ་ལཱི་སྦར་བའི་རང་བཞིན། ཡེ་ཤེས་དགའ་བ་བཞི་ལ་སོགས་པའི་རང་བཞིན། གསང་བ་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་བདེ་བ་ཆེན་པོའི་རང་བཞིན་ནོ། །དེ་རྣམས་ཀྱི་རིམ་པ་ཞེས་བྱ་བ་ནི། དེ་རྣམས་རིམ་པ་བཞིན་དུ་དམིགས་ཤིང་བསྒོམ་པ་དང༌། རྒྱུན་མི་འཆད་པར་མངོན་དུ་བྱེད་ཅེས་པ་ལ་སོགས་པའོ། །དེ་ལྟ་བུའི་རིམ་པ་བཞི་དཔྱིད་ཀྱི་ཐིག་ལེས་སྟོན་པ་ལས། ངག་དང་པོས་རིམ་པ་བཞིའི་ལུས་རྣམ་པར་གཞག་པ་དང༌། ཕྱག་འཚལ་བ་ལ་སོགས་པ་སྟོན། དེའི་ལྷག་མ་ལེའུ་དང་པོ་རྫོགས་པའི་བར་གྱིས་དེ་དག་གི་མཚན་ཉིད་བསྟན། ལེའུ་གཉིས་པ་ནས་བཅུ་པའི་བར་གྱིས་རིམ་པ་བཞིའི་བདག་ཉིད་རྒྱས་པར་སྟོན། དེའང་ལེའུ་གཉིས་པ་ནས་དགུ་པའི་བར་གྱིས་རྒྱུད་ཀྱི་རིམ་པ་སྟོན་ལ། ལེའུ་བཅུ་པས་ནི་སྔགས་ལ་སོགས་པའི་རིམ་པ་གསུམ་ཆར་སྟོན་ཏོ། །དང་པོ་རྒྱུད་རིམ་ལ་གསུམ་སྟེ་མདོར་བསྟན། རྒྱས་པར་བཤད། ཤིན་ཏུ་རྒྱས་པར་བཤད་པ་དང་གསུམ་མོ། །དེ་ལ་ལེའུ་གཉིས་པས་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་རང་བཞིན་གྱིས་ཆོས་ཐམས་ཅད་བསྡུས་པའི་སྒོ་ནས་མདོར་བསྟན། གསུམ་པ་ནས་བདུན་པའི་བར་གྱི་ལེའུ་ལྔས་སྒོ་བཞིའི་སྒོ་ནས་རྒྱས་པར་བཤད། ལེའུ་བརྒྱད་པ་དང་དགུ་པས་དཀྱིལ་འཁོར་དང་སྦྱིན་སྲེག་ལ་སོགས་པའི་སྒོ་ནས་ཤིན་ཏུ་རྒྱས་པར་བཤད་པའོ། །སྒོ་བཞིའི་སྒོ་ནས་རྒྱས་པར་བསྟན་པ་ལ་གཉིས་ཏེ། སྐུ་གསུང་ཐུགས་ཀྱི་སྒོའི་དབྱེ་བ་བསྟན་པ་དང༌། ཡེ་ཤེས་སམ་བྷ་གའི་སྒོའི་དབྱེ་བ་བསྟན་པའོ། །དེ་ལ་ལེའུ་གསུམ་པས་སྐུ་གསུང་ཐུགས་ཀྱི་སྒོའི་དབྱེ་བ་བསྟན་པ། བཞི་པ་ནས་བདུན་པའི་བར་གྱི་ལེའུ་བཞིས་ཡེ་ཤེས་སམ་བྷ་གའི་སྒོའི་དབྱེ་བ་བསྟན་ཏོ། །དང་པོར་ལུས་རྣམ་གཞག་ལའང་བཞི་ལས། མཉམ་དང་མི་མཉམ་ཞེས་བྱ་བ་ནས། རང་སྙིང་དབུས་གནས་ཞེས་བྱ་བའི་བར་གྱིས་རྒྱུད་རིམ་བསྟན། ནམ་མཁའི་ངོ་བོ་ཞེས་བྱ་ནས་མྱ་ངན་འདས་པའི་ངོ་བོ་ཞེས་བྱ་བའི་བར་གྱི་གསང་རིམ་བསྟན། རབ་གསལ་ནས། འབར་བའི་འོད་ཅེས་བྱ་བའི་བར་གྱིས་ཙཎྜཱ་ལཱིའི་རང་བཞིན་སྔགས་རིམ་བསྟན། སྐུ་གསུམ་ན་མར་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡེ་ཤེས་ཀྱི་རིམ་པ་བསྟན་ཏོ། །དེ་རྣམས་ལས་གཅིག་ནི་རྒྱུ། གཅིག་ནི་འབྲས་བུ། གཉིས་ནི་ཐབས་སོ། །དེ་གཉིས་པ་བརྗོད་བྱ་ལ་སོགས་ཀྱང༌། དཔྱིད་ཀྱི་ཐིག་ལེ་བཤད་ཅེས་པ་བརྗོད་བྱ། གསལ་བར་གོ་བྱའི་རྒྱུ་ཕྱིར་རོ། །དགོས་པ་རྣལ་འབྱོར་གནས་ལ་སོགས་རང་བཟོ་སྤང་བར་བསྟན། ཤིན་ཏུ་ཉུང་བར་འདོད་ཀྱིས་ཟློས་སྐྱོན་སྤང་བར་འདོད་པའོ། །འགྲོ་བའི་རང་བཞིན་ལ་སོགས་པས་མཆོད་པས་མཆོད་པ་བསྟན་ཏེ་དེ་ལྟར་ན་ལྔའོ། །རྒྱུད་ཀྱི་རིམ་པའི་སྐབས་སུ། རྟེན་རྩའི་འཁོར་ལོ་བཞི་ལ་བརྟེན་པའི་རང་བཞིན་ཡི་གེ་རྣམས་བཀོད་པ་ནི་དང་པོ་ཆོས་ཀྱི་འཁོར་ལོ་ལ་ཕྱོགས་བཞི་དང་དབུས་སུ་དབྱངས་ཡིག་ལྔར་བཅས། ཞེས་བྱ་བ་སྟེ། མདུན་ནས་གཡོན་སྐོར་དུ། ཨ་ཨི་ཨེ་ཨོ། དབུས་སུ་ཨུ་དང་བཅས་པའི་ཧཱུྃ་ངོ༌། །དེ་ཉིད་ཁོ་ན་ལོངས་སྤྱོད་དུ། མདུན་ནས་ནང་འདབ་ལ། ཨཱ་ཨཱི་ཨུ་ཨེའོ། །དབུས་སུ་ཨོཾ་དང་བཅས་པའི་ཨོཾ་མོ། །དེའི་སྟེང་དུ་ཕྱིའི་འདབ་མ་བཅུ་གཉིས་ལ། བཅུ་གཉིས་དབྱངས་དོན་ཨཱ་ལི་དང༌། ཞེས་བྱ་བ་སྔ་མའི་སྟེང་དུ་བསྣན་པ་སྟེ། སྔར་གྱི་ཨ་ལ་སོགས་པ་ལ་རྀ་རཱྀ་ལྀ་ལཱྀ་བོར་བས་བཅུ། ཨཾ་ཨ་གཉིས་ཏེ་བཅུ་གཉིས་སོ། །དེ་བསྣན་པས་དེ་ལྟར་དབྱངས་ཡིག་འབའ་ཞིག་ཏུ་འགྱུར་ཏེ། ལུས་ཀྱི་ཨོཾ་དང་ཡི་གེ་བཅུ་བདུན་དུ་འགྱུར་རོ། །བདེ་བ་ཆེན་པོའི་ཙཀྲ་ལ་ནི་འདབ་མའི་ངེས་པ་མེད་པར་སྤྱི་ཆོད་ཙམ་སྟེ། ཨི་ཨཱུ་ཨེ་ཨོ་རྣམས་དང་དབུས་སུ་ཨ་དང་བཅས་པའི་ཧཾ་རོ། །བཅུ་གཉིས་དབྱངས་ཀྱི་དོན་ནི་བཞི་པོ་མ་བོར་བར་དེ་ཡང་ཡི་གེ་ནི་བཅུ་བདུན་ནོ། །ཨཱ་ལི་རྣམས་གཡོན་སྐོར་དང༌། གཡས་སྐོར་གཉིས་སོ། །སྤྲུལ་པར་ནི་ཨི་ཨུ་ཨཻ་ཨཽའོ། །དབུས་སུ་ཨ་དང་བཅས་པའི་ཨཾ་སྟེ་བསྣན་པ་ནི་གོང་མའི་དབྱངས་ཀྱི་སྟེང་དུ་གསལ་བྱེད་ཀྱིས་ཀྱང་བརྒྱན་པའོ། །དེ་ལྟར་ཡི་གེ་དེ་རྣམས་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་བརྟེན་པའོ། །དེ་ལྟར་རྟེན་དང་བརྟེན་པ་གཉིས་པོ་ཡང༌། ལུས་ངག་ཡིད་ལ་བརྟེན་པས་སྐུ་གསུང་ཐུགས་ཀྱི་དབྱེ་བས་གནས་པའོ། །དེ་ཡང་གནས་དང་ཉེ་བའི་གནས་ལ་སོགས་པའི་བྱེ་བྲག་གིས་གནས་པས། གནས་ལ་སོགས་ཞེས་གསུངས་སོ། །ཕ་རོལ་ཏུ་ཕྱིན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ས་བཅུ་ལ་ལོངས་སྤྱོད་པ་བཞིན་དུ། སྔགས་པ་ཡང་ལུས་ཀྱི་གནས་ལ་སོགས་པའི་ས་བཅུ་རྣམས་ལ་མགོ་ཟུག་པ་དང༌། ལོངས་སྤྱོད་པ་དང༌། ཐིམ་པའི་ཚུལ་གྱིས་ལོངས་སྤྱོད་དོ། །དེ་བས་ན་ས་བཅུའི་དབང་ཕྱུག་གོ །ཞེས་སོ། །ལེའུ་གཉིས་པ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལྷ་དང་དེའི་ངོ་བོ་ལས་མ་འདས་ཤིང༌། དཔའ་བོ་དང་རྣལ་འབྱོར་མའི་རང་བཞིན་ཡིན་པར་ཤེས་པར་བྱ་བ་ཙམ་མོ། །ལེའུ་གསུམ་པ་ནི། སྐུ་གསུང་ཐུགས་ཀྱི་སྒོའི་དབྱེ་བ་སྟེ། སྐུའི་སྒོ་དགུ། གསུང་གི་སྒོ་བཞི། ཐུགས་ཀྱི་སྒོ་གཉིས་སོ། །དང་པོ་དགུ་ནི། མིག་གཉིས། རྣ་བ་གཉིས། སྣ་བུག་གཉིས་ཏེ་དྲུག ཁ་དང་བཤང་གཅི་གཉིས་ཏེ་དགུའོ། །གཉིས་པ་བཞི་ནི། དྷརྨ་ཙཀྲའི་འདབ་མ་བཞིའོ། །གསུམ་པ་གཉིས་ནི། གནད་འབྱེད་པ་དང་གསེར་གྱི་སྒོའོ། །དེ་དག་སྤྲུལ་བྱེད་ཀྱི་རྩ་ཡང་ཁྲིས་གསུམ་མ་ལ་སོགས་པ་ལྔ། ར་ས་ནཱ། ལ་ལ་ནཱ། ཨ་ཝ་དྷཱུ་ཏཱི་སྟེ་གསུམ་མོ། །དེ་ལྟར་བརྒྱད་ཀྱིས་ནི་སྐུའི་སྒོ་སྤྲུལ་ལ། སྒོ་དགུ་པོ་དེ་ཡང་གཟུགས་ལ་སོགས་པ་སྦོམ་པོ་འཛིན་པའི་ངོ་བོ་ཡིན་ཞིང༌། འཁོར་བ་འབའ་ཞིག་རྒྱུ་བ་ཅན་ཡིན་པས་ན། དེ་རྣམས་ནི་ཐ་མའི་སྒོ་ཞེས་བཤད་དོ། །སྔ་མའི་རྩ་རྣམས་ལས་ལྔ་པོ་བོར་ནས། གསུམ་པོ་ལས་ཡན་ལག་འཕྲོས་པ་ནི་གསུང་གི་སྒོ་བཞིའི་རྩ་སྟེ། དེ་ལས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཆར་རྒྱུ་བས་འབྲིང་དུ་བཤད་དོ། །ཐུགས་ཀྱི་སྒོ་གཉིས་ནི་སྔ་མའི་རྩ་ཨ་ཝ་དྷཱུ་ཏཱི་ཡང་བོར་ནས་རྩ་གཉིས་ལས་སྤྲུལ་པ་སྟེ། དེ་ཡང་ར་ས་ནཱའི་རང་བཞིན་གནད་ཀྱི་སྒོ་དང༌། ལ་ལ་ནཱའི་རང་བཞིན་གསེར་གྱི་སྒོའོ། །དེ་གཉིས་ལས་ནི་མྱ་ངན་འདས་པའམ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་འབའ་ཞིག་རྒྱུ་བས་ན་སྒོའི་དམ་པ་ཞེས་བྱའོ། །སྒོ་དེ་རྣམས་ནས་རླུང་ཕྱིར་འབྱུང་བའི་དབང་དུ་བྱས་ནས། ཕྱོགས་གཅིག་ཉེ་བར་མཚོན་ན། གསུང་གི་སྒོའི་མེའི་རླུང་རྒྱུ་བའི་རྩ། པདྨའི་འདབ་མ་ལྟ་བུ་ནས་བྱུང་ནས། གཡས་པ་ར་ས་ནཱ་ནས་འབྱུང་ཞིང་གནད་འབྱེད་པའི་སྒོར་ཞུགས་ནས། སྤྱི་སྐུའི་སྒོ་དགུ་ཆར་ནས་ཕྱིར་འབྱུང་ཡང་གཙོ་བོར་སྣ་བུག་གཡས་པ་ནས་ཕྱིར་འབྱུང་སྟེ། དེ་ལྟར་ཕྱིར་འབྱུང་བ་ཡང་སྒོ་གསུམ་ཆར་ནས་ཕྱིར་འབྱུང་ངོ༌། །དེ་བཞིན་དུ་འཇུག་པའི་དུས་སུ་ཡང་སྣ་བུག་གཡོན་པ་ལ་སོགས་པ་སྐུའི་སྒོ་དགུ་ནས་ཞུགས་ཤིང༌། སྤྱི་གཙུག་གསེར་གྱི་སྒོ་ནས་ཞུགས་ཏེ། གཡོན་པ་ལ་ལ་ནཱ་ནས་སྔར་གྱི་མེའི་རླུང་ལ་ཞུགས་ཤིང༌། བྱང་ཆུབ་སེམས་ཀྱི་ཐིག་ལེ་རྒྱས་པས་འོག་གི་ཨྃ་དང་སྙོམས་པར་ཞུགས་པའི་ཚུལ་གྱིས་ཡང་སྟེང་དུ་འབྱུང་ཞིང༌། ཡང་ནང་དུ་འཇུག་པ་ལ་སོགས་པའི་ཚུལ་གྱིས་འདུས་ལ། འཕེལ་བ་དང་འགྲིབ་པའི་ཚུལ། བདེ་བ་དང་སྡུག་བསྔལ་གྱི་རང་བཞིན་གྱིས་རྟག་ཏུ་རྒྱུའོ། །དེ་ལ་སྐུའི་སྒོ་དགུ་ནས་འབྱུང་འཇུག་གང་ཡང་ཅིག་ཅར་དུ་བྱེད་དོ། །གསུང་གི་སྒོ་ནས་རེ་རེ་ནས་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རིམ་གྱིས་བྱེད་དོ། །ཐུགས་ཀྱི་སྒོ་གཉིས་ནས་ཕྱིར་འགྲོ་ལ་གནད་འབྱེད་ནས། ནང་དུ་འོངས་ན་གསེར་གྱི་སྒོ་ནས། དེ་ལྟར་རིམ་གྱིས་རྒྱུ་བ་ནི་སོ་སོ་སྐྱེ་བོའི་དབང་དུ་བྱས་པའོ། །རྣལ་འབྱོར་པས་ནི་ཙཎྜཱ་ལཱི། སྦར་བ་ལ་སོགས་པའི་སྒོ་ནས་བསྒོམས་པས། ན་ལི་གཉིས་འགགས་ནས་ཨ་ཝ་དྷཱུ་ཏཱི་ནས་རྒྱུ་བའོ། །དེ་ཡང་ཙཎྜཱ་ལཱིའི་སྔགས་ཀྱི་རིམ་པ། བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་རིམ་པས་རྩ་དབུ་མ་བཀང་པ་ལས་ལྷན་ཅིག་སྐྱེས་པ་མངོན་དུ་འགྱུར་རོ། །དེ་ལྟར་སྒོ་གསུམ་ནས་རྒྱུ་བ་ཡང་དགུ་བརྒྱ་ནས་ཉི་ཤུ་རྩ་ལྔ་རྒྱུ་བས། བཞི་ཆར་རྒྱུས་ཙམ་ན་འགྲོ་འོང་གཉིས་གཅིག་ཏུ་བྱས་པའི་དགུ་བརྒྱ་རྒྱུ་ལ། དེ་ཙམ་རྒྱུས་ཀྱི་བར་དུ་ཡེ་ཤེས་ཀྱི་སྒོའི་དབང་དུ་བྱས་ནས། པུལླཱི་ར་མ་གནས་ལ་སོགས་པའི་གནས་གཅིག་ཏུ་ཡང་ཡུན་དེ་ཙམ་དུ་རླུང་དང༌། བྱང་སེམས་མགོ་ཟུག་པ་དང༌། ལོངས་སྤྱོད་པ་དང༌། ཐིམ་པའི་ཚུལ་གྱིས་གནས་སོ། །དེ་ནས་གཞན་དུ་འཕོའོ། །དེ་ལྟར་གནས་ཐམས་ཅད་ལ་ཡང་རྟོགས་པར་བྱའོ། །འཁོར་ལོ་བཞི་ལ་དང་པོར་བདེ་ཆེན་ནི་སུམ་ཅུ་རྩ་གཉིས་ལ་ཧྃ། དེ་ནས་ལོངས་སྤྱོད་དུ་རྩ་སུམ་སྐོར་སོ་སོར་འོངས་ནས་དེར་འཛོམ་པ་ལས་འདབ་བརྒྱད་དབུས་སུ་ཧཱུྃ་དང་ལྡན་པ། དེ་ལས་ཐུར་དུ་སྦོམ་ཕྲ་མཐེ་བོང་གང༌། དཀྱུས་སོར་ཕྱེད་དང་གསུམ་ལ། མདོག་དམར་པོ་ཏིལ་གྱི་མར་མེ་དང་འདྲ་བ། ཆུ་ཤིང་གི་མེ་ཏོག་ལྟ་བུ་ཁ་འོག་ཏུ་འཕྱང་བའི་རྩའོ། །དེ་ལྟ་བུའི་རྩའི་ནང་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱིས་གང་བའི་རྩ་ཧཱུྃ་གི་དབྱིབས་ཅན། དེའི་ཐིག་ལེ་ལས་བ་མོ་ལྟ་བུ་འཛག་པའོ། །དེ་ནི་དཔྱིད་ཅེས་བྱའོ། །དེའི་འོག་ཨྃ་གི་མེ་ལས་ཀྱི་རླུང་གིས་བསྐུལ་བས་འོད་དང་ཐིག་ལེ་སྙམ་པར་འཇུག་གོ །དེ་ལྟ་བུའི་ཚུལ་གྱིས་སྙོམས་པར་འཇུག་པ་དེ་རྩ་གཡས་གཡོན་གྱི་སྒོ་ནས་སྐུ་གསུང་ཐུགས་ཀྱི་དབྱེ་བས་རྩ་ཐམས་ཅད་དུ་ཁྱབ་པར་རྒྱུ་བ་ནི། རྣལ་འབྱོར་མའི་གཟུགས་བླངས་ནས་ཞེས་པ་ལ་སོགས་པས་བསྟན་ནོ། །དེ་དག་ཀྱང་བཞི་སྟེ་ཨ་ཐུང་ངུ་ཧུྃ་ཐུང་ངུ་གཉིས་ལས་གྲུབ་པ་དེས་ན་ཚད་གཉིས་པ། ཨ་དང་ཨུ་ཨཱུ་གཉིས་ཏེ་གསུམ་ལས་གྲུབ་པ་དེས་ན་ཚད་གསུམ་པ་ཨོཾ་མོ། །བདེ་ཆེན་དུ་ནི་ཧྃ་མི་ཆོམས་པའོ། །དེ་རྣམས་ཀྱང་ཨྃ་ནས་བཟུང་སྟེ་མེའི་རང་བཞིན་དུ་གནས་པ་ནི། ཡས་མར་གྱི་ཆུ་དང་ཉེ་བས་མེའི་ཆ་འགྲིབ་སྟེ། ལྟེ་བ་ལ་མེ་ཆ་བཞིར་གནས། སྙིང་གར་ཆ་གསུམ་གནས་ནས་གཅིག་འགྲིབ། ལོངས་སྤྱོད་དུ་ཆ་གཉིས་གནས་ནས་ཆ་གཅིག་འགྲིབ། བདེ་ཆེན་དུ་མེ་ཆ་གཅིག་ལས་མི་གནས་ཏེ། དེས་ཧྃ་ཆུའི་རང་བཞིན་མི་ཆོམས་པས། ཧྃ་ལ་མི་ཆོམས་པ་ཞེས་བྱའོ། །སྙིང་གའི་ཧཱུྃ་ལ་མི་ཆོམས་པ་ཞེས་བྱ་བ་ནི། ཧྃ་གིས་འབྲས་བུ་ཡིན་པ་ཙམ་ལ་ཉེ་བར་བཏགས་ནས་ཡིན་གྱི་དངོས་སུ་ནི་མ་ཡིན་ནོ། །ཧྃ་ནས་ཟུང་སྟེ་ཆུའི་རང་བཞིན་ཡང༌། མ་ཞར་གྱི་མེས་སྐེམས་ཏེ་དེ་ཡང་བདེ་ཆེན་དུ་ཐིག་ལེ་བཞི་ཆར་གནས། ལོངས་སྤྱོད་དུ་ཐིག་ལེ་གཅིག་བསྐམས་ནས་གསུམ་གནས། དྷརྨ་ཙཀྲར་ཐིག་ལེ་གཉིས་བསྐམས་ནས་གཉིས་གནས། ལྟེ་བར་ཐིག་ལེ་གཅིག་ལས་མི་གནས་སོ། །དེ་ལྟར་ཐིག་ལེའི་ཆས་ཡི་གེའི་ཚད་དམ་ཆ་ཤེས་པར་བྱ་སྟེ། དེ་ཡང་ལྟེ་བའི་ཨ་ཐུང་བརྗོད་པའམ་ཐིག་ལེ་གཅིག་པ་ཡིན་པས་ཆ་གཅིག་པའོ། །དེ་བཞིན་དུ་སྙིང་གའི་ཧཱུྃ་ཆ་གཉིས་ལ། ལོངས་སྤྱོད་ཀྱི་ཨོཾ་ཆ་གསུམ་པ། བདེ་ཆེན་གྱི་ཧྃ་ནི་མེ་གཅིག་ལས་མེད་པས་ཆོམས་པའོ། །དེ་ལྟར་གནས་པ་ལ་བླ་མའི་གདམས་ངག་བསྒོམས་པའི་སྟོབས་ཀྱིས། ལ་ལ་ནཱ་དང་ར་ས་ནཱ་གཉིས་འགགས་ནས། བྱང་ཆུབ་སེམས་ཀྱིས་དབུ་མ་ཡོངས་སུ་གང་བ་ལ་བརྟེན་ནས་བདེ་བ་ཆེན་པོ་མངོན་དུ་འགྱུར་རོ། །འཁོར་ལོ་བཞི་འབྱུང་བ་བཞིའི་རང་བཞིན་ལས་རླུང་ཐུན་བཞིར་རྒྱུ་བ་ལས། ཐུན་བཞིར་བྱིན་གྱིས་བརླབས་ནས་ནི། ཞེས་བྱ་བ་སྟེ་དེ་ཡང་འཁོར་ལོ་བཞི་ལ་རླུང་ཐུན་བཞིར་རྒྱུ་བ་ནི། ནིརྨ་ཙཀྲ་སའི་རང་བཞིན། དྷརྨ་ཙཀྲ་ཆུའི་རང་བཞིན། སཾ་བྷོ་ག་ཙཀྲ་མེའི་རང་བཞིན། མ་ཧཱ་སུ་ཁ་ཙཀྲ་རླུང་གི་རང་བཞིན་ནོ། །དེ་ལ་འཁོར་ལོ་དང་པོའི་དབུས་ན་རྩ་བཞི་གནས་པའི་མདུན་ས། གཡོན་རླུང༌། རྒྱབ་མེ། གཡས་ཆུའོ། །འཁོར་ལོ་གཉིས་པའི་མདུན་ཆུང་བྱས་ལ། དེ་ནས་གཡོན་སྐོར་དུ་བྱས་པས་གཡོན་ས། རྒྱབ་རླུང༌། གཡས་མེ། དེ་བཞིན་དུ་འཁོར་ལོ་གསུམ་པའི་མདུན་མེ། གཡོན་ཆུ། རྒྱབ་ས། གཡས་རླུང་ངོ༌། །འཁོར་ལོ་བཞི་པ་ཡང་དེ་བཞིན་དུ་བསྐོར་བས་མདུན་དུ་རླུང༌། གཡོན་མེ། རྒྱབ་ཆུ། གཡས་སའོ། །དེ་ལྟར་ན་འཁོར་ལོ་ལས་རླུང་རྒྱུ་བ་ཡང་མདུན་དུ་བྱས་པ་དེ་གཙོ་བོ་བསྟན་པས་ཏེ། རྒྱུ་བ་ནི་བཞི་ཆར་ནས་ཀྱང་རྒྱུའོ། །དེ་ལྟར་སྤྲུལ་པའི་འཁོར་ལོའི་དབང་དུ་བྱས་ནས། བཞི་ཆར་པ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རྒྱུས་པ་ནི་ཐུན་གཅིག་གོ །དེ་ལྟ་བུ་བཞི་ལ་ནི་ཐུན་བཞི་ཞེས་བྱའོ། །དེ་ལྟར་ཐུན་བཞིར་ཚང་བར་རྒྱུས་པ་ལས་ནི་དགུ་བརྒྱ་སྟེ། དེ་ཙམ་གྱི་བར་དུ་བྱང་སེམས་པུལླཱི་ར་མཱ་ལ་ཡ་ལ་སོགས་པར་གནས་ཤིང༌། སོ་དང་སེན་མོ་ལ་སོགས་པ་བསྐྱེད་པར་ཐམས་ཅད་དུ་བྱའོ། །དེ་ལྟར་དཔྱིད་དང་ཐིག་ལེ་དང་བཅས་པའི་འཁོར་ལོ་བཞི་བསྟན་ནས། སྙིང་གའི་རྩ་ལྔ་རྩ་སུམ་ཅུ་རྩ་གཉིས་ལས་གཞན་པའི་སྒོ་ནས། རྩ་སུམ་ཅུ་རྩ་ལྔ་བསྒྲུབ་པ་བསྟན་ཏེ། དེ་ཡང་འདབ་མ་བཞི་པོ་ཕྱོགས་ཀྱི་ཡིན་ཞིང༌། དེ་ཉིད་འབྱུང་བ་བཞིའི་རྩ་ཡིན་ལ། དེ་ཡང་ཐུགས་རྡོ་རྗེའི་གནས་ཞེས་བྱ་བས་སྙིང་གར་ཡང་བསྟན་ལ། མཚམས་ཀྱི་བཞི་པོས་ནི་མཆོད་པ་བཞིའི་རང་བཞིན་བདུད་རྩི་ལྔ་འབབ་པས་ཏེ། དེ་ཡང་རྩའི་འབྱུང་བའི་རྩ་ལས་མ་འདས་སོ། །དེ་ཡང་དེ་ཉིད་གསལ་བར། ལུས་ཅན་སྙིང་གི་ནང་དུ་ནི། །རྩ་རྣམས་ལྔ་ནི་ཡང་དག་གནས། །ཞེས་བྱ་བ་དང༌། སློབ་དཔོན་ཤཱནྟི་པས་སྙིང་གའི་ལྔ་པོ་སུམ་ཅུ་རྩ་གཉིས་པོ་ལས་གཞན་དུ་མི་བཞེད་པའང༌། གནས་ཉི་ཤུའི་དབྱེ་བ་བསྟན་ནས། སྤྱི་བོར་ཡང་དག་བྱུང་བ་ཡི། །རྩ་རྣམས་སྤྱི་བོར་སྐྱེས་ཞེས་བརྗོད། །ཅེས་བྱ་བས་སྙིང་གར་གནས་པ་དང༌། སྤྱི་བོར་སྐྱེས་པའི་སྡེ་ཚན་སུམ་ཅུ་རྩ་གཉིས་པོ་ཐ་དད་དུ་བསྟན་ཏོ། །དེས་ནི་སྙིང་གའི་ལྔ་པོ་ཐ་དད་དུ་བསྟན་ཅིང་གྲུབ་བོ། །པུལླཱི་ར་མཱ་ལ་ཡ་ལ་སོགས་པའི་རྩའི་ཆ་ནི། བྱང་ཆུབ་ཀྱི་སེམས་འབའ་ཞིག་གི་ངོ་བོར་བསྐྱེད་པས་ན་མི་ཕྱེད་མ་ལ་སོགས་པར་ཀྱེའི་རྡོ་རྗེ་ལས་གསུངས་སོ། །དེ་རྣམས་ཀྱི་རྩེ་མོ་ཆ་ཕྲ་བ་ལ་སོགས་པར་སོན་ཅིང་གནས་དེ་རྣམས་སུ་རླུང་བརྒྱ་ཕྲག་དགུ་དགུ་རེ་བྱང་ཆུབ་ཀྱི་སེམས་གནས་ནས། གནས་དེ་རྣམས་སུ་སོ་དང་སེན་མོ་ལ་སོགས་པ་བསྐྱེད་དོ། །དེ་བཞིན་དུ་ཐམས་ཅད་ཤེས་པར་བྱའོ། །གོང་གི་ངག་ལྡན་སྒོ་ལ་ནི། །ཞེས་བྱ་བ་ལ་སོགས་པས་གོང་མ་དེ་ཉིད་གསུང་གི་སྒོར་ཡང་སྟོན་ཞིང༌། གཞན་ཡང༌། རྩ་ཡི་སྒོར་ཡང་ཁ་གདོང་མ། །ཞེས་བྱ་བ་ལ་སོགས་པས་སྐུའི་སྒོ་དགུ་ལ་སྣ་བུག་གཉིས་གཅིག་ཏུ་བརྩིས་ན་སྒོ་མཚམས་མ་བརྒྱད་ཀྱི་རྩ་ཡང་བསྟན་ཏོ། །དེ་ལྟར་ན་སུམ་སྐོར་མ་ལ་སོགས་པ་ལྔ་དང༌། ལ་ལ་ནཱ། ར་ས་ནཱ། ཨ་ཝ་དྷཱུ་ཏཱི་གསུམ་གྱིས་ནི་སྐུའི་སྒོ་དགུ་བསྐྱེད་ཅིང༌། ལྷ་མོ་བརྒྱད་ཀྱི་ངོ་བོའོ། །རྩ་གསུམ་པ་དེའི་འདབ་མ་བཞིར་འཕྲོས་པ་ལས་གསུང་གི་སྒོ་བཞི་དང༌། མཁའ་འགྲོ་མ་ལ་སོགས་པ་བཞིའི་རང་བཞིན་ནོ། །གསུམ་པོ་དེ་ལས་ལ་ལ་ནཱ་དང༌། ར་ས་ནཱ་གཉིས་ནི་ཐུགས་ཀྱི་སྒོ་གཉིས་ཏེ། ལྟེ་བའི་ཡབ་ཡུམ་གཉིས་ཀྱི་རང་བཞིན་ནོ། །སྐུ་གསུང་ཐུགས་སྒོའི་ཕྱི་ནང་དུ་བསྡུས་པའོ། །ཡེ་ཤེས་ཀྱི་སྒོ་ནི་ཉི་ཤུ་རྩ་བཞི་སྟེ་དཔྲལ་བ་ལ་སོགས་པ་ན། གནས་པའི་ཚེ་རབ་ཏུ་གཏུམ་མོ་ལ་སོགས་པ་མཁའ་འགྲོ་མ་ཉི་ཤུ་རྩ་བཞིའི་རང་བཞིན་ཅན་ནོ། །དེ་ལྟར་ལྷ་སུམ་ཅུ་རྩ་བདུན་སོན་ནས་ཨོྃ་ལ་རེག་ལ། ཡང་གཡོན་པ་ནས་ཞུགས་ནས་དྷརྨ་ཙཀྲར་ཧཱུྃ་ལ་རེག་ལ། དེ་བཞིན་དུ་ཡང་གཡོན་པ་ནས་སོང་སྟེ། སྤྲུལ་པའི་འཁོར་ལོ་སོང་སྟེ་ཨྃ་ལ་འོད་ཟེར་དེ་དག་ཐིམ་པར་བསམ་ཞིང་རླུང་ཡང་ཇི་ལྟར་ནུས་པ་དེ་ཙམ་དུ་བསྡམ་མོ། །དེ་ནས་ངལ་གསོ་བའི་དོན་དུ་རླུང་ཕྱིར་བཏང་བ་ནི། ཡང་ཡས་མར་རླུང་ཁ་དོག་དཀར་པོ་ཨྃ་ལ་བསྟིམ་པ་ལས་འཐོན་ནས་རྩ་གཡས་ན་ཡར་ཞུགས་ཏེ། དྷརྨ་ཙཀྲར་སོང་ཞིང་ཧཱུྃ་ལ་རེག་པར་བསམས་ལ། དེ་བཞིན་དུ་སཾ་བྷོའི་ཨོཾ་དང༌། སུ་ཁའི་ཧྃ་གིས་བར་དུ་རེག་སྟེ། དེ་ནས་སྣ་བུག་གཡས་ནས་འབྱུང་བར་བསམ་སྟེ། རླུང་ཕྱིར་སྤྲོས་ལ། དེ་བཞིན་དུ་ཡང་སྣ་བུག་གཡོན་པ་ནས་བཅུག་ལ། ཨྃ་གི་བར་དུ་ཡི་གེ་རྣམས་ལ་རེག་པར་བསམ་ཞིང༌། ཨྃ་ལ་བསྟིམ་པའི་དུས་སུ་རླུང་ཅི་ནུས་སུ་དགག་ཅིང༌། དེ་ལྟ་བུའི་ཚུལ་ཡང་དང་ཡང་དུ་བསྒོམས་པས་བརྟན་པར་གྱུར་པའི་རྟགས་ནི། དང་པོར་དྲོད་འབྱུང༌། དེ་ནས་དུ་བ། སྨིག་རྒྱུ། མཁའ་སྣང་དང༌། མར་མེ་སྟེ་ལྔའོ། །མར་མེ་ལྟ་བུ་དེ་སོར་གཅིག་སོར་གཉིས་ལ་སོགས་པའི་ཚུལ་གྱིས་མགྲིན་པའི་བར་དུ། གོང་ནས་གོང་དུ་མེ་ལྕེས་སླེབས་པར་བསམ་ཞིང༌། རེག་བྱ་ཡང་མགྲིན་པའི་བར་དུ་ཚ་བ་སྐྱེས་ཙམ་ན། ཙཎྜཱ་ལཱིའི་ཤུགས་ཀྱིས་གཞན་གྱི་རྒྱུད་ལ་འགྲོ་སྟེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་དུ་སྣ་བུག་གཡོན་པ་ནས་ཞུགས་ནས་སླར་ལོག་སྟེ། བདག་ལ་ཞུགས་པའི་བར་གྱིས་སྔགས་ཀྱི་རིམ་པ་སྟེ། དེ་ཡང་གཞུང་ནི། འདི་ནི་ཤེས་རབ་ལྷན་ཅིག་སྐྱེས། །ཞེས་བྱ་བ་ནས། སྔོན་སྨྲས་ཉིད་ནི་བུ་ག་ནས། །སྤྱི་བོ་ནས་ནི་ཡང་ཞུགས་པས། །ཞེས་བྱ་བའི་བར་རོ། །དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་དུ་ཞུགས་ནས་ཚུར་ལྡོག་པའི་དུས་སུ་ཡང༌། དེ་བཞིན་གཤེགས་པ་ཐམས་ཅད་བསྲེགས་ཞེས་བྱ་བ་ལ། རྩའི་རང་བཞིན་དུ་གནས་པ་རྒྱུད་ཀྱི་རིམ་པ་མི་དམིགས་པར་བྱས་སོ། །དེ་ལྟ་བུའི་ཚུལ་གྱིས་བྱང་ཆུབ་ཀྱི་སེམས་ཁྱེར་ནས་འོངས་ནས། བདག་ཉིད་ཀྱི་སྤྱི་བོ་ན་མར་ཞུགས་ཏེ། མགྲིན་པའི་བར་དུ་སླེབ་པའི་ཚེ་སྔར་གྱི་ཚ་བ་འཇིལ་ཞིང་བདེ་བ་སྐྱེས་པའི་ཚེ། གནས་ན་དགའ་བ་དང་པོ་དང༌། སྐད་ཅིག་མ་དང་པོའོ། །དྷརྨ་ཙཀྲར་ཕྱིན་ཙམ་ན་དགའ་བ་གཉིས་པ་དང་སྐད་ཅིག་མ་གཉིས་པའོ། །དེ་ཉིད་ལ་སཾ་བྷོ་ག་ཞེས་ཀྱང་བྱའོ། །དེ་ནས་དྷརྨ་ཙཀྲའི་ན་ལི་ཆུ་ཤིང་གི་མེ་ཏོག་ལྟ་བུ་ནས་བྱང་ཆུབ་ཀྱི་སེམས་ཁ་ཁྭ་མུ་ཁའི་རྩ་ལ་བརྟེན་ནས་སྤྲུལ་འཁོར་ལ་ཕྱིན་པའི་ཚེ། དགའ་བ་གསུམ་པ་རྣམ་ཉིད་དོ། །དེ་ཉིད་ལ་སྤྲུལ་པའི་འཁོར་ལོ་ཞེས་བྱའོ། །དེ་ནས་སྤྲུལ་པའི་སྐུ་ལ་ཡང་ནུས་པ་ཞེས་པས། ལུས་ཐམས་ཅད་ལ་ཁྱབ་པའི་གནས་སྐབས་ནི། ལྷན་ཅིག་སྐྱེས་པའི་དགའ་བ་དང༌། མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་སྟེ། དེ་ཉིད་ལ་དྷརྨ་ཀཱ་ཡ་ཞེས་ཀྱང་བྱ་སྟེ། དེ་ལྟར་ན་དེ་དག་གིས་ནི་ཡེ་ཤེས་ཀྱི་རིམ་པ་བསྟན་ཏོ། །དེ་དག་གི་གཞུང་ཡང༌། སངས་རྒྱས་རྣམས་ནི་རྣམ་བསྲེགས་ནས། །སྔོན་བཞིན་དུ་ནི་གནས་པར་འགྱུར། །ཞེས་པའི་བར་གྱིས་མདོར་བསྟན། ཡང་འཁྲུགས་ཀྱི་ཚུལ་དུ་ཡང༌། གང་ཚེ་མགྲིན་པར་འདོད་ཆེན་གྱི་ནས། དེ་ནི་རྫོགས་སངས་སེམས། ཞེས་པའི་བར་གྱིས་བསྟན་ཏོ། །དེ་ནས་འགྲོ་བ་དང་འོང་བ་དང་བྲལ་བ། ཆགས་པ་དང་ཆགས་བྲལ་སྤངས་པ་ལ་སོགས་པའི་མཚན་ཉིད། ལ་སོགས་པ་དང་ལྡན་པའི་གསང་བའི་རིམ་པ་རྩ་སུམ་ཅུ་རྩ་བདུན་དུ་འཚམ་མོ། །སློབ་དཔོན་ཤཱནྟི་པ་ལྟར་བྱས་ན་ནི་མཁའ་འགྲོ་མ་ལྔའི་རྩ་མ་ཚང་ཞིང༌། དེ་སཾ་པུ་ཊའི་ལུང་དང་ཡང་འགལ་ལོ། །དེ་ལྟར་རྒྱུད་ཀྱི་རིམ་པ་མདོར་བསྟན་པ་དང༌། རྒྱས་པ་དང༌། རབ་ཏུ་རྒྱས་པ་གསུམ་གྱིས་སྟོན་པ་ལས། སྒོ་གསུམ་གྱི་སྒོ་ནས་རྒྱས་བཤད་སོང་ནས། ཡེ་ཤེས་ཀྱི་སྒོ་ནས་ཀྱང་རྒྱས་པར་བཤད་པ་ནི། གོང་དུ་ལེའུ་བཞི་པ་ནས་བདུན་པའི་བར་གྱིས་བསྟན་ཏེ། དེ་ཡང་ལེའུ་བཞི་པས་རྩའི་རང་བཞིན་དབྱེ་བ་བསྟན། ལྔ་པས་དེ་ཉིད་ཡུལ་གྱི་སྒོ་ནས་བསྟན། དྲུག་པས་དེ་ཉིད་འཁོར་ལོ་བཞི་དང༌། རྩའི་བྱེད་པའི་སྒོ་ནས་ཕྱེ་སྟེ་བསྟན་པ། དེའི་གདམས་ངག་གི་རིམ་པ་ཡང་ཡིག་སྣ་འདི་ཉིད་ལས། གོང་དུ་འཁོར་ལོ་བཞི་ལས། དང་པོ་བདེ་ཆེན་ནི་ཞེས་པ་ལ་སོགས་པས་བསྟན་ཏོ། །བདུན་པས་ནི་རྩ་དེ་དག་ཉིད་ཀྱི་རང་བཞིན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ངོ་བོར་བསྟན་ཏེ། དེ་ལྟར་ན་ལེའུ་གཉིས་པ་ནས་བཟུང་སྟེ་བདུན་པའི་བར་གྱིས་མདོ་དང་རྒྱས་པར་བསྟན་པ་སོང་ནས། ཤིན་ཏུ་རྒྱས་པར་བསྟན་པ་ནི། ལེའུ་བརྒྱད་པ་དང་དགུ་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་ལེའུ་བརྒྱད་པས་ནི་གོང་དུ་བསྟན་པའི་སྒོ་བཞིའི་སྒོ་ནས། རང་གི་ལུས་ལ་རྩ་ལ་སོགས་པའི་གནས་ཐབས་ལ་དམིགས་ནས། བདག་ཉིད་ཀྱི་ལུས་རང་བཞིན་གྱི་དཀྱིལ་འཁོར་ལ་སོགས་པར་གྲུབ་པ་བསྟན། ལེའུ་དགུ་པས་ཕྱི་རོལ་གྱི་དཀྱིལ་འཁོར་བསྒོམས་པས་དངོས་གྲུབ་འགྲུབ་པ་བཞིན་དུ། རང་བཞིན་གྱི་དཀྱིལ་འཁོར་བསྒོམས་པས་ཀྱང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འབྱུང་བར་བསྟན་ཏེ། དེ་ལྟར་ན་ལེའུ་གཉིས་པ་ནས་དགུ་པའི་བར་གྱིས་རྒྱུད་ཀྱི་རིམ་པ་མདོ་དང༌། རྒྱས་པ་དང༌། ཤིན་ཏུ་རྒྱས་པ་གསུམ་གྱིས་གཏན་ལ་ཕབ་ནས། སྔགས་ལ་སོགས་པའི་རིམ་པ་གསུམ་ནི་ལེའུ་བཅུ་པ་ནས་སྟོན་ཏེ། དེ་ཡང་དང་པོ་སྔགས་ཀྱི་ཚུལ་གྱིས་བསྒོམ་པ་ནི་གཉིས་ཏེ། སྟོང་པ་ཉིད་དང༌། བདེ་བ་ཆེན་པོར་བསྒོམ་པའོ། །དེ་ལ་དང་པོ་སྟོང་པ་ཉིད་དུ་བསྒོམ་པ་ཙཎྜཱ་ལཱི་བསྒོམ་པ་སྟེ། དེ་ཡང་སྔོན་དུ་བསྒོམ་པའི་བསྐྱེད་པའི་རིམ་པའི་ལྷ་རྣམས་རྡོ་རྗེ་ཕག་མོའི་བར་དུ་བསྡུས་ལ། རྡོ་རྗེ་ཕག་མོ་ཡང་འོད་དམར་པོའི་རང་བཞིན་ཞུ་བར་བསྒོམས་ལ། འོད་ཟེར་དེ་ཡང་བདག་ཉིད་ཀྱི་སྣ་བུག་གཡོན་པ་ནས་ལྟེ་བའི་ཨྃ་གི་བར་དུ་བཅུག་ལ། དེའི་འོད་ཀྱིས་ནིརྨ་ཙཀྲ་སྣ་ཚོགས་པའི་མདོག་ཅན། རྩ་དང་ཡི་གེ་རྟེན་དང་བརྟེན་པའི་ཚུལ་དུ་གསལ་བར་བསམ། དེ་བཞིན་དུ་དྷརྨ་ཙཀྲ་ནག་པོ། སཾ་བྷོ་ཙཀྲ་དམར་པོ། སུ་ཁཾ་ཙཀྲ་དཀར་པོ་སྟེ། ཇི་ལྟར་གཞུང་ནས་འབྱུང་བ་བཞིན་དུ་འཁོར་ལོ་བཞི་རྟེན་དང་བརྟེན་པར་བཅས་པས་གསལ་བར་དམིགས་རྩ་གཡས་གཡོན་གཉིས་ཀ་ཡི་གེ་དང་བཅས་པ་གཡོན་དཀར་གཡས་དམར་བའི་རང་བཞིན་དུ་སྐད་ཅིག་གིས་གསལ་བར་བསམ་ཞིང༌། རང་གི་ལུས་ཀྱང་འོད་ཟེར་དམར་པོས་ཁྱབ་པ་དེའི་རང་བཞིན་དུ་བསམ་པ་ནི་དམིགས་པའོ། །དེ་ལྟར་བསྒོམས་པའི་རྗེས་ལ། ཡང་འཇུག་པའི་རླུང་ཨཱ་ལི་ཀཱ་ལི་དང་ལྡན་པ་བྱས་ལ་སྣ་བུག་གཡོན་པ་ནས་བཅུག་ལ། སྨིན་མཚམས་ཀྱི་མཛོད་སྤུ་ནས་ཧྃ་གི་བར་དུ་གཞུག་ཅིང་ཧྃ་ལ་རེག་པར་བྱས་ལ། ཡང་དེ་བཞིན་དུ་གཡོན་པ་ནས་རྒྱུས་ནས་ལོངས་སྤྱོད་ཀྱི་འཁོར་ལོ་སྟེ། དེ་དག་གི་གཞུང་ཡང༌། གོང་བུར་གྱུར་པ་རྙོག་པ་མེད། །ཅེས་པ་ནས། རང་བྱུང་ངོ་བོ་ཉིད་འདི་ནི། །ཆོས་ཀྱི་སྐུར་ནི་རབ་ཏུ་གྲགས། །ཞེས་པའི་བར་རོ། །དེ་ནས་དཔྱིད་ཀྱི་ཐིག་ལེར་ཆོས་དང༌། ཞེས་བྱ་བ་ལ་སོགས་པ་གཞུང་ཉེ་བར་བསྡུ་བ་བསྟན་ཏོ། །དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བའི་རྣམ་འགྲེལ་ཨི་ཐི། སློབ་དཔོན་སྤྱོད་པའི་རྡོ་རྗེས་མཛད་པ། ནག་པོ་གཞུང་དྲུག་ཏུ་གྲགས་པའི་ཐོ་ཡིག རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག ས་སྐྱ་པ་ཆེན་པོས་མཛད་པ། ཨི་ཐི། ཤུ་བྷ་མསྟུ་སརྦ་ཛ་ག་ཏཾ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏཾ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བ། སརྦ་སདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་བཱན་བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ་ཧེ་རུ་ཀོ་བྷ་བ། མ་ཧཱ་ས་མ་ཡ་ས་ཏྭ་ཨ་ཧཱུྃ་ཕཊ།།  །། ༄༅། །རིམ་པ་བཞི་པའི་གདམས་ངག་བཞུགས།། ༄༅། །དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །སྲིད་པ་གསུམ་ན་མཚུངས་པ་མེད་པའི་འདྲེན་པ་གཅིག་པུ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་གསུང་རབ་དྲི་མ་མེད་པའི་དགོངས་པ། ལྔ་བརྒྱ་པ་རྣམས་ཀྱི་ཐམས་ཅད་མཁྱེན་པ་གཞན་གྱི་ཐོད་དང་ཅོད་པན་གྱིས་ཞབས་ལ་བཏུད་པ། སངས་རྒྱས་ཀྱི་བཀའ་ལུང་ཐམས་ཅད་ཐུགས་སུ་ཆུད་པ། སློབ་དཔོན་ཆེན་པོ་ནཱ་རོ་པའི་ཞལ་གྱི་གདམས་པ། རིམ་པ་བཞི་ལམ་དུ་སློང་བ། འདི་ལ་དོན་བཞི་སྟེ། ཤེས་བྱ་རྒྱུད་ཀྱི་རིམ་པ་དང༌། བསྒོམ་བྱ་སྔགས་ཀྱི་རིམ་པ་དང༌། སྐྱེ་བ་ཡེ་ཤེས་ཀྱི་རིམ་པ་དང༌། མཐར་ཐུག་གསང་བའི་རིམ་པའོ། །དེ་ལ་དང་པོར་ནི། སྐྱེས་བུ་གཅིག་འཆི་གར་རང་སྣང་གི་རྟགས་རྣམ་པ་བཞི། གཞན་སྣང་གི་རྟགས་རྣམ་པ་བཞི་སྟེ་བརྒྱད་འོང་ངོ༌། །དེ་ལ་དང་པོ་ས་ཆུ་ལ་ཐིམ་པའི་རྟགས་ལུས་ཀྱིས་ཟུངས་མི་ཐུབ་པ་དང༌། ཕྱི་རོལ་དུ་དུ་བ་ལྟ་བུའི་སྣང་བ་འབྱུང་ངོ༌། །ཆུ་མེ་ལ་ཐིམ་པས་ཁ་སྣ་སྐམ། ལྕེ་ལ་རི་མོ་ནག་པོ་འོང༌། ཕྱི་རོལ་དུ་སྨིག་རྒྱུ་ལྟ་བུའི་སྣང་བ་འབྱུང་ངོ༌། །མེ་རླུང་ལ་ཐིམ་པས་རྐང་པའི་མཐིལ་ནས་དྲོད་གྱེན་དུ་ལྡོག་པ་དང༌། ཕྱི་རོལ་དུ་སྲིན་བུ་མེ་ཁྱེར་ལྟ་བུའི་སྣང་བ་འབྱུང་ངོ༌། །རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་སུ། དབུགས་ཤ་ཤ་ཝོར་འོང་བ་དང༌། ཕྱི་རོལ་དུ་མར་མེ་ལྟ་བུའི་སྣང་བ་འབྱུང་ངོ༌། །གཉིས་པ་གཞན་སྣང་གི་རྟགས་རྣམ་པ་བཞི་ནི། རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པའི་དུས་སུ་དཀར་ལམ་མེ་བ་འབྱུང༌། སྣང་བ་མཆེད་པ་ལ་ཐིམ་པའི་དུས་སུ་སྒྱུ་མ་ལྟ་བུ་འབྱུང༌། མཆེད་པ་ཐོབ་པ་ལ་ཐིམ་པས་སྟོང་པ་ཉིད་ཕྱོགས་གཅིག་པ་མཐོང༌། ཐོབ་པ་འོད་གསལ་ལ་ཐིམ་པས་སྤྱི་གཙུག་ན་ཕའི་ཁུ་བའི་ཐིག་ལེ་ཡོད་པ་དང༌། ལྟེ་བ་ན་མའི་ཁྲག་གི་ཐིག་ལེ་ཡོད་པ་གཉིས་སྙིང་གར་རྩ་ཨ་ཝ་དྷཱུ་ཏཱིའི་ནང་དུ་འདུས་པས། དེའི་དུས་སུ་ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བ་རྒྱུད་ལ་སྐྱེ་སྟེ། གསང་སྔགས་ཀྱི་དབང་དུ་བྱས་ན་འཆི་བ་འོད་གསལ་ཆོས་ཀྱི་སྐུ། ཕ་རོལ་དུ་ཕྱིན་པའི་དབང་དུ་བྱས་ན་འཆི་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེའི་དུས་སུ་འཆི་ཁ་མའི་གདམས་ངག་ཟབ་མོ་ཞིག་ཡོད་ན་ཆོས་ཀྱི་སྐུ་ལ་ཆོས་ཀྱི་སྐུར་ངོ་ཤེས་པས། འཆི་ཁ་དེ་ཉིད་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས་རྣམ་ཤེས་སྤྱི་གཙུག་ནས་ཕྱུང་སྟེ་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་སུ་འགྲོ་བར་འགྱུར་རོ། །དེའི་རྟགས་སུ་ཕའི་ཁུ་བ་ཐིག་ལེ་སྣ་བུག་ན་ཚུར་འབྱུང༌། མའི་ཁྲག་གི་ཐིག་ལེ་གསང་བའི་རྡོ་རྗེའི་ལམ་དུ་འབྱུང་ངོ༌། །དེའི་དུས་སུ་འཆི་ཁ་མའི་གདམས་ངག་མེད་ན་སྲིད་པ་བར་དོར་འགྲོ་སྟེ། དེའི་དུས་སུ་ཡང་སྣང་བ་ཚུར་འདུས་པས་རླུང་སོང༌། དེ་ཉིད་སྲོག་འཛིན་པའི་རླུང་ཞེས་བྱ། མཆེད་པ་ཚུར་འདུས་པས་མེ་དང་མཉམ་དུ་གནས་པའི་རླུང་ཐོབ་པ་ཚུར་འདུས་པས་ཁྱབ་བྱེད་ཀྱི་རླུང་འོད་གསལ་ཚུར་འདུས་པས་མ་རིག་པར་སོང་བ་དང༌། རླུང་གསུམ་གྱི་རྩ་བ་མ་རིག་པས་བཅིངས་ནས་དེ་ལ་རྣམ་ཤེས་ཞོན་ཏེ། སྒོ་དགུའི་བུ་ག་རབ་འབྲིང་གང་རུང་ནས་རྣམ་ཤེས་འབྱུང་སྟེ། སྲིད་པའི་བར་དོར་རྣམ་ཤེས་འགྲོ་བར་འགྱུར་རོ། །ཚེ་འདིར་རླུང་བསྒོམས་ན་མཐོ་རིས་དང་ངན་སོང་གར་འགྲོ་ཡང་རྣམ་ཤེས་དབང་ཆེ་སྟེ། རླུང་མ་བསྒོམས་ན་རླུང་དབང་ཆེ་རྣམ་ཤེས་དབང་ཆུང་བ་སྟེ། དེ་ཡང་དཔེར་ན་རྟ་འདུལ་སྦྱང་བྱས་པ་དང་མ་བྱས་པ་ལ་ཞོན་པ་དང་འདྲའོ། །རྒྱུད་འདིར་སྲིད་པའི་བར་དོར་མཁའ་སྤྱོད་དུ་འགྲོ་བར་གསུངས་ཏེ། རྒྱུ་གང་གིས་ཞེ་ན། རྒྱུད་འདིར་དབང་བཞི་རྫོགས་པར་བསྐུར་ནས། དམ་ཚིག་མ་ཉམས་ན་བསྐྱེད་རྫོགས་མ་བསྒོམས་ཀྱང་མཁའ་སྤྱོད་དུ་འགྲོ་སྟེ། དེ་ཡང་རྣམ་པར་ཤེས་པ་བར་མ་དོར་འདུག་པའི་དུས་སུ་སྲོག་འཛིན་པའི་རླུང་གིས་རྒྱུ་བྱས། མ་རིག་པས་རྐྱེན་བྱས་ནས་ནམ་མཁའ་ལས་བྲག་རྡིབ་པ་ལྟ་བུའི་སྒྲའི་སྣང་བ་འབྱུང་བ་དེ་ལ་བྲེད་པས་ཉེ་དུ་འབྲེལ་བའི་རྩར་བྲོས་པ་དང༌། ཉེ་དུ་འབྲེལ་པས་ངོ་མ་ཤེས་ཏེ་དེར་བར་དོའི་རྣམ་ཤེས་ཡིན་པར་ངོ་ཤེས་པ་དང༌། ངན་སོང་གསུམ་གྱི་སྡུག་བསྔལ་དྲན། དེར་གསང་མཚན་འདོགས་མཁན་གྱི་རྡོ་རྗེ་སློབ་དཔོན་དྲན་ནོ། །དེ་ནས་སློབ་དཔོན་གྱིས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་དྲན་ནས། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་སྐྱབས་འགྲོ་བྱས་པ་དང༌། ཞལ་སྟོན་པར་འགྱུར་ཏེ། དེ་ནས་མཁའ་སྤྱོད་དུ་འགྲོ་བར་འགྱུར་རོ། །དཔལ་འཁོར་ལོ་སྡོམ་པའི་ལམ་འདིར་མ་ཞུགས་པ་རྣམས་མའི་མངལ་དུ་འཇུག་སྟེ། དེ་ཡང་བར་དོའི་སྣང་བ་ལ་མི་གཅེར་བུ་ཆར་པས་འདས་པ་ལྟ་བུའི་སྣང་བ་འབྱུང་སྟེ། དེའི་དུས་སུ་མའི་མངལ་ལ་ཁང་བཟང་གི་སྣང་བ་འབྱུང་ལ། དེ་ཡང་ཕ་མ་གཉིས་ནད་མེད་པ་ཁུ་ཁྲག་དང་ལྡན་པའི་དུས་སུ་ཕའི་རྣམ་པར་སྣང་མཛད་ཀྱི་ལམ་དུ་རྣམ་ཤེས་ཞུགས་ཏེ་ཁུ་བ་འབྲུ་གསུམ་སྒྲ་དང་བཅས་པ་དང༌། མའི་ཁྲག་གི་ཐིགས་པ་གསུམ་སྒྲ་དང་བཅས་པའི་ནང་དུ་རྣམ་ཤེས་གྲིལ་ཏེ། ཞག་བདུན་ཟག་མེད་ཀྱི་བདེ་བ་དང་ཞག་བདུན་ཕྲག་དང་པོ་ལ་མེར་མེར་པོ། གཉིས་པ་ལ་ནུར་ནུར་པོ། གསུམ་པ་ལ་ལྟར་ལྟར་པོ། བཞི་པ་ལ་གོར་གོར་པོ། ལྔ་པ་ལ་མཁྲང་འགྱུར། དྲུག་པ་ལ་ཁྱབ་འཇུག་ཉའི་གཟུགས་ཅན་ཏེ། དེའི་དུས་སུ་གཏུམ་མོའི་མེའི་དྲོད་ཅན་རི་དྭགས་ཨེ་ཎ་ལའི་མིག་ལྟ་བུ་ཞིག་འཆགས། བདུན་པ་ལ་ཁྱབ་འཇུག་རུས་སྦལ་གྱི་གཟུགས་ཅན་ཏེ། དཔུང་མགོ་གཉིས་དང༌། བརླ་གཉིས། མགོ་དང་ལྔ་འབུར་གྱིས་འབྱུང་ངོ༌། །དེའི་དུས་སུ་བུ་ཡིན་ན་མའི་ཚིག་པ་ལ་ཁ་བལྟས་ནས་མ་ལ་འདོད་ཆགས་སྐྱེ་ལ། ཕ་ལ་ཞེ་སྡང་སྐྱེ། བུ་མོ་ཡིན་ན་མའི་ཚིག་པ་ལ་རྒྱབ་བསྟན་ནས་མ་ལ་ཞེ་སྡང་སྐྱེས་ལ་ཕ་ལ་འདོད་ཆགས་སྐྱེའོ། །དེ་ལ་ཡང་རྩ་དང་པགས་པ་དང༌། ཤ་དང་གསུམ་སྤྱི་བོ་ནས་ཡས་མར་འཆགས་པ་དང༌། རུས་པ་དང་རུས་མདུད་དང༌། ཆུ་བ་དང༌། ཆུ་རྒྱུས་རྣམས་རྐང་མཐིལ་ནས་མས་ཡར་ཆགས་པ་དང༌། སྤྱིར་རྩ་ལ་དབྱེ་ན་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང༌། བསྡུ་ན་བརྒྱ་ཉི་ཤུ་དང༌། ཤིན་ཏུ་བསྡུ་ན་ལ་ལ་ནཱ། ར་ས་ནཱ། ཨ་ཝ་དྷཱུ་ཏཱི་གསུམ་སྟེ། སྤྱི་བོར་མདུད་པའི་ཚུལ་དུ་ཆགས་པས་སུམ་ཅུ་སོ་གཉིས། དེ་ནས་ལ་ལ་ནཱ་གཡོན་ན་མར་སོང༌། ར་ས་ནཱ་གཡས་ན་མར་སོང༌། ཨ་ཝ་དྷཱུ་ཏཱི་དབུས་ན་མར་སོང་བ་མགྲིན་པར་མདུད་པའི་ཚུལ་དུ་ཆགས་པས་དབུས་སུ་རྩ་འདབ་བཞི། འདབ་མ་རེ་ལ་འདབ་ཆུང་གསུམ་གསུམ་སྟེ་བཅུ་གཉིས། དབུས་ཀྱི་དང་བཅུ་དྲུག་གོ །ཡང་ལ་ལ་ནཱ་གཡོན་དང༌། ར་ས་ནཱ་གཡས་དང༌། ཨ་ཝ་དྷཱུ་ཏཱི་དབུས་ན་སྔར་ལྟར་སོང་སྟེ། སྙིང་གར་མདུད་པའི་ཚུལ་དུ་ཆགས་པས་རྩ་པདྨ་འདབ་མ་བརྒྱད་པ་དང༌། ཡང་གོང་བཞིན་དུ་མར་སོང་བ་ལྟེ་བར་མདུད་པའི་ཚུལ་དུ་ཆགས་པས། འདབ་མ་བརྒྱད་འདབ་ཆུང་རེ་ལ་འདབ་ཆུང་བདུན་བདུན་ཏེ་ལྔ་བཅུ་རྩ་དྲུག་སྔར་གྱི་འདབ་བརྒྱད་དེ་དྲུག་ཅུ་རྩ་བཞིར་འཆགས་སོ། །ཡང་སྔ་མ་ལྟར་མར་སོང་བས། དེ་རྣམས་ཀྱང་གསེར་གྱི་ཐུར་མ་གཤིབས་པ་བཞིན་དུ་སོང་སྟེ། ལྟེ་བ་ནས་སོར་བཞིའི་འོག་ཏུ་འདུག་པས། ཁ་ཁྭ་མུ་ཁ་བྱ་རོག་གིས་གདོང་ཞེས་བྱ་བ་ཟུར་གསུམ་པ་ཅིག་ཏུ་ཆགས་སོ། །དེ་ནས་ཡང་ལྟེ་བའི་འོག་ནས་ར་ས་ནཱའི་ཡལ་ག་གཅིག་དྷཱུ་ཏཱིའི་ནང་དུ་ཟུག་པ་དང་དེས་ཁྲག་ཐུར་དུ་རྒྱུར་མི་སྟེར་ཏེ། དེ་ནི་རྩ་དུང་ཅན་མ་ཞེས་བྱའོ། །ཡང་ལ་ལ་ནཱའི་ཡལ་ག་གཅིག་ཟུར་དུ་ཟུག་པས་དྲི་ཆུ་ཐུར་དུ་འཕུལ་པའི་རླུང་རྒྱུའོ། །གཡོན་ལ་ལ་ནཱའི་ཡལ་ག་གཅིག་དྷཱུ་ཏཱིའི་ནང་དུ་ཟུག་སྟེ་བྱང་སེམས་ཀྱི་ཐིག་ལེ་འབབ་ཏུ་མི་སྟེར། ཡང་ཡལ་ག་གཅིག་ཐུར་དུ་ཟུག་སྟེ་དྲི་ཆེན་ཐུར་དུ་འཕུལ་བའི་རླུང་རྒྱུ་བར་བྱེད་དོ། །དེ་ནས་གསང་བའི་རྡོ་རྗེའི་རྩ་བར་རྩ་དེ་གསུམ་ལུ་གུ་རྒྱུད་ཀྱི་ཆིངས་སུ་ཆགས་པས་རྩའི་རྒྱལ་པོ་བ་ལང་མིག་ཅེས་བྱའོ། །དེ་ནས་ནས་གསུམ་བཅལ་བའི་སར་རིན་པོ་ཆེའི་གཞལ་ཡས་ཁང་ངོ༌། །དེ་ནས་ཡང་ནས་གསུམ་བཅལ་བའི་སར་རྩ་འདབ་མ་ཁ་གསུམ་པའོ། །དེས་ལ་ལ་ནཱ་དང༌། ར་ས་ནཱ་གཉིས་དེར་ཟད་ནས། དེ་ནས་ཨ་ཝ་དྷཱུ་ཏཱི་གསང་བའི་རྡོ་རྗེའི་རྩེ་མོ་ལ། རྩའི་རྒྱལ་པོ་གཞུ་ཅན་གྱི་དབྱིབས་ལྟ་བུར་ཆགས་ཏེ། དེ་ཡང་ལེའུ་ལྔ་བཅུ་རྩ་གཅིག་པ་ལས། ཕ་རོལ་ཕྱིན་བཅུའི་ས་རྣམས་ལ། །རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། །པུ་ལ་སོགས་པ་ཅི་གསུངས་པ། །ཕྱི་ནང་བདག་ཉིད་ཅན་དུ་བསམ། །ཞེས་འབྱུང་བས། ཕྱི་བསྐྱེད་པའི་རིམ་པ་དང༌། ནང་རྫོགས་པའི་རིམ་པ་གཉིས་སྤྲད་ན། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་རྩ་འདབ་སུམ་ཅུ་སོ་གཉིས་ཡོད་པ་དེ་ལ། རྩ་གསུམ་པོ་ནི་རྩའི་འཁོར་ལོ་བྱེད་མཁན་ཡིན་པ་དང༌། ཤུལ་གྱི་ཉི་ཤུ་རྩ་བཞི་ནི་རྩ་རྣམས་ཕྱི་བསྐྱེད་པའི་རིམ་པའི་དབང་དུ་བྱས་ན་མཁའ་འགྲོ་མ་ཉི་ཤུ་རྩ་བཞི། ཤེས་རབ་མའིའོ། །ཡང་ཕྱི་བསྐྱེད་པའི་རིམ་པའི་དབང་དུ་བྱས་ན་དཔའ་བོ་ཉེར་བཞི། ནང་རྫོགས་པའི་རིམ་པའི་དབང་དུ་བྱས་ན་རྩ་ཉེར་བཞིའི་ནང་ནས་བྱང་སེམས་ཀྱི་ཐིག་ལེ་འབབ་པ་ཐབས་སོ། །ལྷག་མའི་རྩ་ལྔ་པོ་ནི་མིག་གཉིས་ལ་རྩ་འཁྲིས་མ། རྣ་བ་གཉིས་ལ་རྩ་འཁྲིས་གསུམ་མ། སྣ་ལ་རྩ་བདུད་རྩིའི་བུ་མོ། ཁ་ལ་རྩ་བདུད་འདྲལ་མ། ཆུ་སོ་དང་བཤང་ལམ་དུ་རྩ་ཁྱི་གདོང་མ་སྟེ། ཕྱི་བསྐྱེད་རིམ་གྱི་དབང་དུ་བྱས་ན་སྒོ་མཚམས་མ་བརྒྱད་ལ་ཡབ་མེད་པ་དང༌། ནང་རྫོགས་རིམ་གྱི་དབང་དུ་བྱས་ན་བདུད་རྩི་མི་འབབ་སྟེ། མི་གཙང་བའི་རྫས་འབབ་པའོ། །ཕྱི་བསྐྱེད་རིམ་གྱི་དབང་དུ་བྱས་ན་བདེ་ཆེན་གྱི་འཁོར་ལོའི་དབུས་ན་དཔལ་ཧེ་རུ་ཀའོ། །ནང་རྫོགས་རིམ་གྱི་དབང་དུ་བྱས་ན་སྙིང་ག་ཆོས་ཀྱི་འཁོར་ལོའི་ནང་ན་ཧེ་རུ་ཀའི་རྩ་ཆུ་ཤིང་གི་སྙེ་མ་ལྟ་བུའོ། །ཕྱི་བསྐྱེད་རིམ་གྱི་དབང་དུ་བྱས་ན་ཡུམ་རྡོ་རྗེ་ཕག་མོ། ནང་རྫོགས་རིམ་གྱི་དབང་དུ་བྱས་ན་གཏུམ་མོའི་མེའི་འཁོར་ལོ་ལྟེ་བའི་འོག་གི་རྩ་ཁ་ཁྭ་མུ་ཁ་ཟུར་གསུམ་མོ། །ཕྱི་བསྐྱེད་རིམ་ལ་མཁའ་འགྲོ་མ་བཞི་ལ་ཡབ་མེད་པ། ནང་རྫོགས་རིམ་ལ་སྙིང་གའི་ཕྱོགས་བཞིའི་རྩ་བཞི་ནས་བྱང་སེམས་ཀྱི་བདུད་རྩི་མི་འབབ་པར་འབྱུང་བ་ལྔའི་རླུང་རྒྱུ་བའོ། །ཕྱི་བསྐྱེད་རིམ་གྱི་དབང་དུ་བྱས་ན་མཚམས་ན་ཐོད་པ་བདུད་རྩིས་གང་བ་བཞི། ནང་རྫོགས་རིམ་གྱི་དབང་དུ་བྱས་ན་མཚམས་བཞིའི་རྩ་ནས་བདུད་རྩི་ལྔ་འབབ་པའོ། །དེ་ཡང་སྤྱིར་རྩ་ལ་འདོད་ལུགས་རྣམ་པ་ལྔ་སྟེ། པཎྜི་ཏ་ཁ་ཅིག་རྩ་ཐམས་ཅད་ཐང་ཤིང་ལྟ་བུར་འདོད་པ་དང༌། ཁ་ཅིག་ཐམས་ཅད་གདུགས་ལྟ་བུར་འདོད་པ་དང༌། ཁ་ཅིག་ཐགས་བརྒྱངས་པ་ལྟ་བུར་འདོད་པ་དང༌། ཁ་ཅིག་ཐམས་ཅད་གྲུ་བུ་དྲིལ་བ་ལྟ་བུར་འདོད་པ་དང༌། ཁ་ཅིག་ཐམས་ཅད་སྐྲ་ཤད་འཛིངས་པ་ལྟ་བུར་འདོད་པ་ལས། སློབ་དཔོན་གནས་ལྔ་རིག་པ་གྲུབ་ཐོབ་ཆེན་པོ་དཔལ་ནཱ་རོ་ཏ་པའི་གསུང་གིས། རྩ་དེ་ཐམས་ཅད་ཀྱང་གང་ཟག་གཅིག་གི་ལུས་ལ་ཚང་སྟེ། པཎྜི་ཏ་དེ་རྣམས་ཐམས་ཅད་ཀྱིས་ཀྱང་རྩའི་ཕྱོགས་རེ་ལས་མ་རྟོགས་པ་ཡིན་གསུང༌། དེ་ཡང་རྩ་ཐང་ཤིང་ལྟ་བུར་འདོད་པ་རྣམས་ཀྱིས་ནི་རྩའི་ཟུགས་ཙམ་ཞིག་རྟོགས་པ་ཡིན་ཏེ། ལྟེ་བར་ཟུག་ནས་ཡོད་པ་དེའི་ཡལ་ག་རྣམས་གྱེན་དུ་ཕྲབ་ཕྲབ་སོང་བས་སྙིང་ག་ཆོས་ཀྱི་འཁོར་ལོར་ཟུག་པའོ། །དེ་ནས་ཡལ་ག་རྣམས་གྱེན་དུ་ཕྲབ་ཟེར་སོང་བས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་ཟུག དེ་ནས་ཡང་ཡལ་ག་རྣམས་གྱེན་དུ་སོང༌། སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་སོང་བས་དེ་རྟོགས་པའོ། །གདུགས་ལྟ་བུར་འདོད་པ་རྣམས་ཀྱིས་རྩའི་དབྱིབས་རྟོགས་པ་སྟེ། དེའང་ལྟེ་བའི་རྩའི་ཡལ་ག་རྣམས་གྱེས་པ་གདུགས་ཁ་གྱེན་ལ་བསྟན་པ་ལྟ་བུར་ཡོད་པ་དང༌། སྙིང་གའི་རྩའི་ཡལ་ག་རྣམས་གྱེས་པ་གདུགས་ཁ་ཐུར་དུ་བསྟན་པ་ལྟ་བུར་ཡོད་པས། དེ་གཉིས་གདུགས་ཁ་སྤྲད་པ་ལྟ་བུའོ། །དེ་བཞིན་དུ་མགྲིན་པ་དང་སྤྱི་བོ་ཁ་སྤྲད་ལྟ་བུར་ཡོད་པས་དེ་གཉིས་རྟོགས་པའོ་གསུང༌། ཐགས་ལྟ་བུར་འདོད་པ་རྣམས་ཀྱིས་ནི་རྩའི་ཚད་རྟོགས་པ་ཡིན་ཏེ། སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་རྩ་རྣམས་ཐགས་བརྒྱངས་པ་ལྟར་ཡོད་པས་དེ་རྟོགས་པའོ། །གྲུ་བུ་ལྟ་བུར་འདོད་པ་རྣམས་ཀྱིས་ནི། རྩ་རྣམས་ཀྱི་ནང་ན་བྱང་ཆུབ་ཀྱི་སེམས་ཡོད་པས། དེས་ལུས་ལ་གྲུ་བུ་བཅིངས་པ་བཞིན་དཀྲིས་པ་དེ་རྟོགས་པའོ། །སྐྲ་ཤད་ལྟ་བུར་འདོད་པ་རྣམས་ཀྱིས་ནི་རྩའི་འབྲེལ་རྟོགས་པ་སྟེ། རྩ་རྣམས་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་སྐྲ་ཤད་འཛིངས་པ་བཞིན་ཕར་འབྲེལ་ཚུར་འབྲེལ་དུ་ཡོད་པའོ། །དེས་ཡི་གེ་བྷ་གའི་དཀྱིལ་འཁོར་རམ། རྩའི་ཚོགས་སོང་ནས། ད་ནི་བྱང་ཆུབ་ཀྱི་སེམས་ཐིག་ལེའི་དཀྱིལ་འཁོར་ནི། མའི་མངལ་དུ་ཕའི་ཁུ་བ་འབྲུ་གསུམ་དང༌། མའི་ཁྲག་གི་ཐིགས་པ་འབྲུ་གསུམ་གྱི་ནང་དུ་རྣམ་པར་ཤེས་པ་གྲིལ་ཏེ་ཕའི་ཁུ་བ་ཐིགས་པ་གཅིག་དང༌། མའི་ཁྲག་ཐིགས་པ་གཅིག་ལུས་སུ་འགྱུར་ལ། ཕའི་ཁུ་བ་ཐིགས་པ་གཉིས་དང༌། མའི་ཁྲག་ཐིགས་པ་གཉིས་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་ཨ་ཝ་དྷཱུ་ཏཱིའི་ནང་དུ་འདྲེས་ནས་གཅིག་ཏུ་གནས་ཏེ། སྟེང་གི་སྣ་བུག་གི་རླུང་ཐུར་དུ་ལོག་པས་དེ་ལ་ཟིན་པ་དང༌། ཐུར་སེལ་གྱི་རླུང་གཉིས་ཀྱང་གྱེན་དུ་ལོག་པས་དེ་ལ་ཟིན་ཏེ། དཔེར་ན་ལྕགས་སྐམ་པས་བཟུང་བ་ལྟ་བུའོ། །རླུང་ཕྱི་ནང་དུ་མི་རྒྱུ་བས་དེའི་ཡོན་ཏན་གྱིས་འཚུབས་ནས་མི་འཆི་བ་དང༌། ཟས་བཟའ་མི་དགོས་པ་དང༌། བདེ་བའི་ཏིང་ངེ་འཛིན་ཡོད་པ་དང༌། མངོན་ཤེས་ཕྲ་མོ་ཡང་ཡོད་པའོ། །དེ་ནས་མས་སྤྱོད་ལམ་ཐང་ཅིག་བྱས་ཤིང་ཟས་ཐང་ཅིག་ཟོས་པས། ཟླ་བ་ཧྲིལ་པོ་དགུ་ངོ་དང་བཅུ་ན་མའི་མངལ་ནས་ཕྱིར་འབྱུང་སྟེ། དེ་ཡང་མངལ་སྒོར་མགོ་ཉུག་བྱུང་བ་དང༌། དེའི་དུས་སུ་ཕྱི་རླུང་སྣ་བུག་ཏུ་ཞུགས་པས་གྱེན་དུ་རྒྱུ་བའི་རླུང་གཉིས་བསྡུས་ཏེ། ཕ་མ་གཉིས་ཀྱི་ཁུ་ཁྲག་གི་ཐིག་ལེ་བྱེ་ནས། ཕའི་ཐིག་ལེ་གཉིས་པོ་གྱེན་དུ་རྒྱུ་བའི་རླུང་གིས་སྤྱི་གཙུག་ཏུ་བསྐྱལ་བ་དང༌། ཡང་རླུང་ནང་དུ་རྔུབས་པའི་དུས་སུ་འོག་ཐུར་སེལ་གྱི་རླུང་གིས་མའི་ཁྲག་གི་ཐིགས་པ་གཉིས་པོའི་གཅིག་ལྟེ་བའི་འོག་གི་གཏུམ་མོ་མེའི་དྲོད་ཅན་གྱི་གནས་སུ་བསྐྱལ་པས་གྲོལ་ལམ་གྱི་སྣ་ཟིན་པ་དང༌། ཐིགས་པ་གཅིག་གསང་བའི་རྡོ་རྗེའི་རྐེད་པར་རྩ་རིན་པོ་ཆེའི་གཞལ་ཡས་ཁང་དུ་བསྐྱལ་པས་ཆགས་ལམ་གྱི་སྣ་ཟིན་པའོ། །དེ་ནས་ཟས་ཟོས་པས་སྤྱི་བོར་ཕའི་ཁུ་བའི་ཐིག་ལེ་འཕེལ་བས་བཞི་དང༌། མགྲིན་པར་ཐིག་ལེ་ལས་ལྟེ་བའི་འོག་གི་གཏུམ་མོའི་ཡེ་ཤེས་ཀྱི་མེས་གཅིག་བསྐམས་པས་གསུམ་དང༌། སྙིང་གར་གཏུམ་མོས་གཉིས་བསྐམས་པས་གཉིས་དང༌། ལྟེ་བར་གསུམ་བསྐམས་པས་གཅིག་གོ །དེ་ཡང་རྒྱུའི་སྐུ་བཞི་དང༌། ལམ་གྱི་སྐུ་བཞི་དང༌། འབྲས་བུའི་སྐུ་བཞིའོ། །དེ་ལ་རྒྱུའི་སྐུ་བཞི་ནི། ལྟེ་བའི་གཅིག་པོ་སྤྲུལ་པའི་སྐུ་དང༌། སྙིང་གའི་གཉིས་པོ་ཆོས་ཀྱི་སྐུ་དང༌། མགྲིན་པའི་གསུམ་པོ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྱི་བོའི་བཞི་པོ་བདེ་བ་ཆེན་པོའི་སྐུའོ། །དེ་ནས་ཐིག་ལེ་འཕེལ་བས་གཡོན་གྱི་རྩ་ལ་ལ་ནཱའི་ནང་ན། ཨཱ་ལི་བཅུ་དྲུག་གི་ཚུལ་དུ་མགོ་ཐུར་དུ་བསྟན་ནས་གནས་པ་ནི་མྱ་ངན་འདས་པ་བསྐྱེད་པའི་རྩ་ཡིག་གམ་ཐིག་ལེ་སྟེ། ལས་གསུམ་བྱེད། དེ་ཡང་རྣལ་འབྱོར་པའི་ལས་ནི་ཐིག་ལེ་ལ་བརྟེན་ནས་བསྒོམ་པས་བདེ་བ་སྐྱེ། བདེ་བ་ལ་བརྟེན་ནས་སྟོང་པ་ཉིད་རྒྱུད་ལ་སྐྱེའོ། །འཇིག་རྟེན་པའི་ལས་ནི་སོ་དང་སེན་མོ་ལ་སོགས་པ་ནང་གི་ཁམས་ཉི་ཤུ་རྩ་བཞི་བསྐྱེད་པ་དང༌། འཕེལ་འགྲིབ་བྱེད་པའི་ལས་ནི་སྤྱི་བོ་ནས་པུས་མོའི་བར་དུ་ཉིན་ཞག་ཕྲུགས་གཅིག་ལ་རླུང་དགུ་བརྒྱ་པ་ཕྲག་ཉེར་བཞིའི་བར་དུ་འཕེལ་འགྲིབ་བྱེད་པ་སྟེ། དེ་ཡང་གཡས་ར་ས་ནཱའི་ནང་ནས་ཀཱ་ལི་སུམ་ཅུ་སོ་གཉིས་ཀྱི་ཚུལ་དུ་མགོ་གྱེན་དུ་བསྟན་ནས་གནས་ཏེ། བྱེད་པའི་ལས་འཁོར་བ་བསྐྱེད་པའི་ཐིག་ལེའོ། །ཨཱ་ལི་དང་ཀཱི་ལི་དངོས་པོ་ལ་གནས་སམ་ཞེ་ན་མི་གནས་ཏེ། འོན་ཀྱང་དེ་ལྟར་སྟོན་པ་ནི་ཐ་མལ་གྱི་རྣམ་རྟོག་བརྟན་པར་བྱས་ནས་འཇོམས་པ་དང༌། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བསྒྲུབ་པའི་ཕྱིར་ཏེ། དེ་ཡང་གཡོན་གྱི་རྩ་ལ་ལ་ནཱའི་ནང་གི་བྱང་སེམས་ཨཱ་ལི་བཅུ་དྲུག་གི་ཚུལ་དུ་ཡོད་པ་དེ་ཉིས་འགྱུར་དུ་བཏང་བས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་རྒྱུའོ། །གཡས་ཀྱི་ར་ས་ནཱའི་ནང་ན་ཀཱ་ལི་སོ་བཞི་རིང་པོ་གཉིས་ཏེ། སོ་དྲུག་ཐུང་ངུ་གཉིས་ཏེ་སོ་བརྒྱད། ཡ་ལ་གཉིས་ཏེ་བཞི་བཅུ་ཐམ་པའོ། །དེ་ཉིས་འགྱུར་དུ་བཏང་བས་དཔེ་བྱད་བཟང་པོ་བརྒྱད་ཅུའི་རྒྱུའོ། །རྒྱུའི་དུས་ན་སྐུ་བཞི། མཚན་བཟང་པོ་སུམ་ཅུ་སོ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུ་ཚང་བ་ནི་ཐིག་ལེའི་དཀྱིལ་འཁོར་རོ། །དེ་ནས་རླུང་གི་དཀྱིལ་འཁོར་ནི། སྤྱིར་རླུང་ལ་དབྱེ་ན་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ། བསྡུ་ན་རྩ་བའི་རླུང་ལྔ། ཡན་ལག་གི་རླུང་ལྔ་སྟེ་བཅུ་དང༌། ཤིན་ཏུ་བསྡུ་ན་འབྱུང་བ་ལྔའི་རླུང་ལྔ་རུ་བསྡུའོ། །དེ་ཡང་གནས་པ་སྙིང་ག་ཆོས་ཀྱི་འཁོར་ལོ་ན་གནས་ཏེ། རྒྱུ་བ་ནི་ལྟེ་བ་སྤྲུལ་བའི་འཁོར་ལོ་ནས་རྒྱུའོ། །དེ་ཡང་དང་པོ་ལྟེ་བའི་ཤར་ཕྱོགས་ནས་འབྱུང་བ་ཆུའི་རླུང་ཁ་དོག་དཀར་པོ་རྒྱུ་སྟེ། སྙིང་ག་ཆོས་ཀྱི་འཁོར་ལོའི་བྱང་ཕྱོགས་ནས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་ནུབ་ཕྱོགས་ནས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་ལྷོ་ཕྱོགས་ནས་སོང་བ་སྣ་བུག་གང་ཡང་རུང་བ་ནས་སོང་བ་སྣ་ནས་ཕྱིར་སོར་བཅུ་བཞི། ནང་དུ་སོར་བཅུ་དྲུག་རླུང་དགུ་བརྒྱ་པ་ཕྲག་གཅིག་གི་བར་དུ་རྒྱུའོ། །ཡང་ལྟེ་བའི་བྱང་ཕྱོགས་སུ་འཕོས་ནས། རླུང་གི་རླུང་ཁ་དོག་ལྗང་སེར་སྙིང་གའི་ནུབ། མགྲིན་པའི་ལྷོ། སྤྱི་བོའི་ཤར་ནས་སྣའི་བར་ཤལ་ལ་འཁྲིས་ཏེ་རྒྱུའོ། །ཡང་ལྟེ་བའི་ནུབ་ཕྱོགས་སུ་འཕོས་པ་དང༌། མེའི་རླུང་ཁ་དོག་དམར་པོ། སྙིང་གའི་ཤར་དང༌། མགྲིན་པའི་གཡས། སྤྱི་བོའི་གཡོན་ནས་མཁུར་ཚོས་ལ་འཁྲིས་ཏེ་རྒྱུའོ། །ཡང་ལྟེ་བའི་ལྷོ་ཕྱོགས་སུ་འཕོས་པ་དང༌། སའི་རླུང་ཁ་དོག་སེར་པོ། སྙིང་གའི་བྱང༌། མགྲིན་པའི་གཡོན། སྤྱི་བོའི་གཡས་ནས་ཐུར་དུ་རྒྱུའོ། །ཡང་དབུས་སུ་འཕོས་པ་དང༌། ནམ་མཁའི་རླུང་ཁ་དོག་ནག་པོ། འཁོར་ལོ་བཞིའི་གཞུང་ཤིང་ལ་འཁྲིས་ཏེ། སྣའི་དབུས་ནས་ཐད་སོར་རྒྱུའོ། །དེ་རྣམས་ཀྱང་ཕྱིར་སོར་བཅུ་བཞི། ནང་དུ་སོར་བཅུ་དྲུག་རྒྱུ་ལ། གྲངས་ནི་དགུ་བརྒྱ་པ་ཁྲག་རེ་རེ་ཀུན་ལ་རྒྱུའོ། །དེ་ལྟར་ལྟེ་བར་དགུ་བརྒྱ་པ་ཕྲག་ལྔ་རྒྱུས་ནས། སྙིང་ག་ཆོས་ཀྱི་འཁོར་ལོར་འཕོས་པའི་དུས་སུ། རླུང་ཨ་ཝ་དྷཱུ་ཏཱིར་རྒྱུ་སྟེ། དེ་ཡང་བཅུ་གཅིག་བཞི་ཆ་གཅིག་རྒྱུའོ། །དེའི་རྟགས་ཀྱང་ཟི་ཐོམ་པ་དང༌། རྣ་བར་སྒྲ་འབྱུང་ངོ༌། །གཞན་ཡང་ཐ་མལ་པའི་བུད་མེད་དང་སྙོམས་པར་བཞུགས་པའི་དུས་དང་བརྒྱལ་བའི་དུས་དང༌། མའི་མངལ་དུ་འཇུག་པའི་དུས་དང༌། འཆི་ཁའི་དུས་དང་ལྔ་ན་རླུང་དྷཱུ་ཏཱིར་རྒྱུ་སྟེ། དེ་རྣམས་ཀྱིས་ཚེ་ཐུང་བ་དང༌། ནད་མང་བ་དང༌། རྒས་པ་དང༌། རྒུད་པར་བྱེད་པས་ངན་པའི་དུས་ཡིན་ནོ། །བསྒོམ་པའི་དུས་སུ་དྷཱུ་ཏཱིར་རྒྱུ་བ་ནི་ཡོན་ཏན་གྱི་དུས་ཏེ། ཏིང་ངེ་འཛིན་འཕེལ་བར་བྱེད། སྐྲ་དཀར་དང་གཉེར་མ་ཉུང་བ་དང་ཡེ་ཤེས་སྐྱེ་བར་བྱེད་པའོ། །དེ་ཡང་སྙིང་གར་སྔ་མ་བཞིན་དུ་དགུ་བརྒྱ་པ་ཕྲག་ལྔ་རྒྱུས་ནས་མགྲིན་པར་འཕོ། དེར་ཕྲག་ལྔ་རྒྱུས་ནས་སྤྱི་བོར་འཕོ། དེར་ཕྲག་ལྔ་རྒྱུས་ནས་ཡང་ལྟེ་བར་འཕོ་སྟེ། ཕྱོགས་བཞི་དབུས་དང་ལྔར་དགུ་བརྒྱ་པ་ཕྲག་ལྔ་སྟེ། དེ་ལྟར་ན་གཞོན་པ་ལས་ལྷག རྒས་པ་ལ་མི་ཚང་བས། ལོ་ཉི་ཤུ་རྩ་ལྔ་ནས་ལྔ་བཅུ་རྩ་ལྔའི་བར་དུ་ནད་མེད་པ། བྱིས་པའམ་སྒོམ་ཆེན་མིན་པ་ཅིག་ལ་ཉིན་ཞག་ཕྲུགས་གཅིག་ལ་དགུ་བརྒྱ་པ་ཕྲག་ཉེར་ལྔ་སྟེ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཡིན་ནོ། །དེ་རྣམས་ཀྱིས་རླུང་གི་དཀྱིལ་འཁོར་བསྟན་ཏེ། དེ་ལྟར་ན་དེ་དག་གིས་ཤེས་བྱ་རྒྱུད་ཀྱི་རིམ་པས་སེམས་ཅན་ཐམས་ཅད་འཁོར་བར་འཇུག་པའི་ཚུལ་བསྟན་ཏོ། །ད་ནི་འཁོར་བ་ལས་བཟློག་ནས་མྱ་ངན་ལས་འདས་པའི་གདམས་ངག་སྟོན་པ་ནི་བསྒོམ་བྱ་སྔགས་ཀྱི་རིམ་པས་སྟོན་ཏོ། །འདི་ལ་བཞི་སྟེ། རྩ་ལ་བརྟེན་ཏེ་གཏུམ་མོའི་གདམས་ངག་གསུམ་དང༌། ཐིག་ལེ་ལ་བརྟེན་ཏེ་ཐིག་ལེའི་གདམས་ངག་གསུམ་དང༌། རླུང་ལ་བརྟེན་ཏེ་རླུང་གི་གདམས་ངག་གསུམ་དང༌། བསམ་མི་ཁྱབ་ལ་བརྟེན་ཏེ་ཕྱག་རྒྱ་ཆེན་པོའི་གདམས་ངག་གསུམ་མོ། །དེ་ལྟར་བཅུ་གཉིས་ཀྱིས་གནད་དང་པོ་གཏུམ་མོའི་གདམས་ངག་ལ། དཔལ་ནཱ་རོ་ཏ་པའི་ཞལ་ནས། གཏུམ་མོ་ལ་སྤྱིར་སུམ་བརྒྱ་དྲུག་ཅུ་ཡོད་ཀྱང༌། བསྡུ་ན་རྣམ་པ་གསུམ་སྟེ། ལྷན་ཅིག་སྐྱེས་པའི་གཏུམ་མོ་དང༌། ལམ་གྱི་གཏུམ་མོ་དང༌། སྦར་བའི་གཏུམ་མོའོ། །དང་པོ་ནི། ལྟེ་བའི་ནང་ན་གནས་པའི་མའི་ཁྲག་ཐིགས་པ་གཅིག་པུ་དེའོ། །གཉིས་པ་ནི་གསང་བའི་རྡོ་རྗེའི་རྐེད་པའི་ཁྲག་དེའོ། །གསུམ་པ་ལ་གསུམ་སྟེ། ཐུགས་གསུང་སྐུའི་གཏུམ་མོའོ། །དང་པོ་ལ་ཡང་གསུམ་ལས། དམ་ཚིག་གི་ཕྱག་རྒྱའི་གཏུམ་མོས་དྲོད་བསྐྱེད། གཉིས་པ་ཆོས་ཀྱི་ཕྱག་རྒྱའི་གཏུམ་མོས་དྲོད་བདེ་བར་བཏང༌། གསུམ་པ་ཕྱག་རྒྱ་ཆེན་པོའི་གཏུམ་མོའི་བདེ་བ་སྟོང་པ་ཉིད་དུ་བཏང་བའོ། །གསུང་དང་སྐུའི་གཏུམ་མོའི་དབྱེ་བ་འདིར་མི་གསུང་ངོ༌། །གཉིས་པ་ཐིག་ལེའི་གསུམ་ནི། ཁ་དོག་ལ་བསླབ་པ་དང༌། དབྱིབས་ལ་བསླབ་པ་དང༌། འཕེན་རྒྱངས་ལ་བསླབ་པའོ། །གསུམ་པ་རླུང་ལ་བསླབ་པ་ལ་གསུམ། ཞི་བ་དང༌། དྲག་པོ་དང༌། དགང་དོན་དུ་བསླབ་པའོ། །བཞི་པ་ཕྱག་རྒྱ་ཆེན་པོ་ལའང་གསུམ། བཙན་ཐབས་སུ་བསླབ་པ་དང༌། ཤེས་པ་ཞུད་དབྱུང་བ་དང༌། རྟོག་བཅས་ལ་བརྟེན་ཏེ་མི་རྟོག་པ་བསྐྱེད་པའོ། །ཞེས་གསུང་ངོ༌། །དེ་ལྟར་གདམས་ངག་གི་གནད་བཅུ་གཉིས་པོ་འདི་ལ། དཔལ་ནཱ་རོ་ཏ་པའི་གསུང་གིས། ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལམ་དུ་འགྲོ་བ་ལ། འབྲེལ་བ་རྣམ་པ་ལྔ་ཚང་དགོས་གསུང༌། དེ་ལ་དང་པོ་དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པ་དང༌། དེ་ནས་གདམས་ངག་ཟབ་མོའི་གནད་བཅུ་གཉིས་ཤེས་པ་དང༌། དེ་རྣམས་བསྒོམས་པ་ལས་རྟགས་འབྱུང་བ་དང༌། དེ་ལམ་དུ་འགྲོ་བ་དང༌། དེ་ཡང་འབྲས་བུ་དང་འབྲེལ་པའོ། །དེ་རྣམས་གང་བསྒོམ་ཡང་རུང་སྟེ་ལུས་སམ་གཏན་ལྔའི་སྦྱོར་བས་ཏེ། སྟེང་རླུང་དང་འོག་རླུང་བསྡེབས་ཏེ་བསྒོམས་པས་ཟིན་པའི་རྟགས་རྣམ་པ་བཞི་དང༌། བརྟན་པའི་རྟགས་རྣམ་པ་དྲུག་དང༌། འབྱོངས་པའི་རྟགས་རྣམ་པ་བཞིའོ། །དང་པོ་ཟིན་པའི་རྟགས་རྣམ་པ་བཞི་ནི། མེའི་རླུང་ཟིན་པའི་རྟགས་དུ་བ་ལྟ་བུ་འབྱུང༌། ཆུའི་རླུང་ཟིན་པའི་རྟགས་སྨིག་རྒྱུ་ལྟ་བུ་འབྱུང༌། རླུང་གི་རླུང་ཟིན་པའི་རྟགས་མེ་ཁྱེར་ལྟ་བུ་འབྱུང༌། སའི་རླུང་ཟིན་པའི་རྟགས་སུ་མར་མེ་ལྟ་བུ་འབྱུང་ངོ༌། །དེ་ནས་བརྟན་པའི་རྟགས་དྲུག་ནི། བཤང་ལམ་དུ་སའི་རླུང་བརྟན་པས། དེའི་རྟགས་སུ་མཚན་མོ་ཉི་མའི་དཀྱིལ་འཁོར་མཐོང་བ་དང༌། སོ་སོ་སྐྱེ་བོའི་སྣང་བ་འཁྲུལ་པ་ལ་སྤྱོད། རྣལ་འབྱོར་པའི་སྣང་བ་ཉམས་ཡིན་པས་དེའི་དུས་སུ་སྣང་བ་འདི་འཁྲུལ་དགོས་པ་ཡིན་པས། ཉི་མ་དང་ཟླ་བར་མཐོང་བ་འཁྲུལ་པའི་རྟོག་པ་ཡིན། སངས་རྒྱས་ཀྱི་སྣང་བ་ཡེ་ཤེས་ཡིན་གསུང༌། ནང་རྣལ་འབྱོར་ཉམས་ཀྱི་སྣང་བ་ལ་ལུས་ལྕི་བ་དང༌། དཔུང་པ་ལ་སོགས་པའི་ལུས་ཐམས་ཅད་སྐྲངས་པ་སྙམ་བྱེད་པ་དང༌། རྨི་ལམ་དུ་འདྲེས་གནོན་པ་ལྟ་བུ་བྱུང་བའི་དུས་སུ་རླུང་དྷཱུ་ཏཱིར་ཆུད་པའི་རྟགས་ཡིན་པས། དེའི་དུས་སུ་མི་རྟོག་པ་སྐྱེ་སྟེ། ཕྱི་རྟགས་ནང་རྟགས་མ་མཐུན་ན་བར་ཆད་ཡིན་ལ། མཐུན་ན་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་ཡེ་ཤེས་སོ། །དྲི་ཆུའི་ནང་དུ་ཆུའི་རླུང་བརྟན་པས། དེའི་ཕྱི་རྟགས་སུ་ཉིན་མོར་ཟླ་བ་དང་སྐར་མའི་ཚོགས་མཐོང་བ་དང༌། ནང་རྣལ་འབྱོར་གྱི་ཉམས་ཀྱི་སྣང་བ་ལ། རང་འོག་ཏུ་འགྲོ་བ་སྙམ་བྱེད་པ་དང༌། རྨི་ལམ་དུ་ཆུ་བོ་ཆེན་པོ་མཐོང་བ་ལ་སོགས་པའི་དུས་སུ་ཆུ་རླུང་དྷཱུ་ཏཱིར་ཆུད་པས་མི་རྟོག་པ་སྐྱེ་སྟེ། ཕྱི་ནང་གི་རྟགས་མ་མཐུན་ན་བར་ཆད་ཡིན་ལ། མཐུན་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་སོ། །ཡང་གཡས་ར་ས་ནཱའི་ཡར་རྩེ་སྣ་བུག་གཡས་པའི་ཐད་སོའི་དཔྲལ་མདོ་ན་ཡོད་དེ། དེར་མེ་རླུང་བརྟན་པས་དེའི་ཕྱི་རྟགས་སུ་མེ་ཆེན་པོ་འབར་བ་མཐོང་བ་དང༌། ནང་རྣལ་འབྱོར་ཉམས་ཀྱི་སྣང་བ་ལུས་ནམ་མཁའ་ལ་འཕར་འགྲོ་བ་སྙམ་བྱེད་པ་དང༌། ལུས་དྲོད་ཚ་ཆིལ་བ་དང༌། རྨི་ལམ་དུའང་མེ་ཆེན་པོ་འབར་བ་མཐོང་བའི་དུས་སུ་མེ་རླུང་དྷཱུ་ཏཱིར་ཆུད་པའི་རྟགས་ཡིན་པས། དེ་ལས་མི་རྟོག་པ་སྐྱེ་སྟེ། ཕྱི་ནང་གི་རྟགས་གཉིས་མ་མཐུན་ན་བར་ཆད་ཀྱི་རྒྱུ་ཡིན་ལ། མཐུན་ན་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་ཡེ་ཤེས་སོ། །ཡང་གཡོན་གྱི་ལ་ལ་ནཱའི་ཡར་རྩེ་སྣ་བུག་གཡོན་པའི་ཐད་སོའི་དཔྲལ་མདོ་ན་ཡོད་དེ། དེར་རླུང་གི་རླུང་བརྟན་པས་ཕྱི་རྟགས་གཞའ་ཚོན་གྱི་དཀྱིལ་འཁོར་ལྟ་བུ་འབྱུང་སྟེ། དེ་ཡང་བད་ཀན་ཤས་ཆེ་ན་དཀར་པོ་དང༌། མཁྲིས་པ་ཤས་ཆེ་ན་སེར་པོ་དང༌། ཁྲག་ཤས་ཆེ་ན་དམར་པོ་ལ་སོགས་པར་མཐོང་བའོ། །ཁམས་འདུས་པ་ཤས་ཆེ་བའི་དུས་སུ་གཞའ་ཚོན་བཞིན་དུ་སྣ་ཚོགས་སུ་མཐོང་བ་སྟེ། རྣལ་འབྱོར་ནང་གི་ཉམས་ལ་ནམ་མཁའ་ལ་འཕོར་བ་སྙམ་བྱེད་པ་འབྱུང༌། རྨི་ལམ་དུ་འཕུར་བ་དང༌། གཡང་ས་ཆེན་པོ་ལ་མཆོངས་པ་སྙམ་བྱེད་པའི་དུས་སུ། རླུང་གི་རླུང་དྷཱུ་ཏཱིར་ཆུད་པའི་རྟགས་ཡིན་པས་མི་རྟོག་པ་སྐྱེ་སྟེ། རྟགས་གཉིས་མ་མཐུན་ན་བར་ཆད་ཡིན་ལ། མཐུན་ན་བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་ཡེ་ཤེས་སོ། །ཡང་ར་ས་ནཱ་དང༌། ལ་ལ་ནཱ་གཉིས་ཀྱི་ཡར་རྩེ་དཔྲལ་མདོར་ཟད་པ་དང༌། ཡལ་ག་རེ་རེ་སྣའི་གཡས་གཡོན་ན་མར་ལ་ཡོང་པས་ཁར་ཟུག་པ་དང༌། ཨ་ཝ་དྷཱུ་ཏཱིའི་ཡལ་ག་དང་ལྕེ་ལྐོག་ཏུ་ཕྲད་དེ། ནམ་མཁའི་རླུང་རྩ་དབུ་མར་འཇུག་པའི་ནང་རྟགས་སུ་བྱད་སྐྲངས་པ་སྙམ་པའམ། སྣའི་གཡས་གཡོན་ན་མར་སྦྲུལ་རྒྱུ་བ་སྙམ་པ་འབྱུང་ཞིང༌། རྣ་བའི་བུ་གར་བུང་བའི་སྒྲ་ལྟ་བུའི་སྒྲ་སྙན་པོ་འབྱུང་བ་དང༌། ལྕེའི་འོག་ཏུ་བདེ་བ་སྐྱེ་བ་དང༌། ལྟེ་བའི་འོག་ཏུ་ནམ་མཁའི་རླུང་བརྟེན་པས། ཕྱི་རྟགས་སུ་ཐིག་ལེ་ནག་པོ་སྒྲ་གཅན་གྱི་རྡོ་རྗེ་མཐོང་བ་དང༌། ནང་རྣལ་འབྱོར་ཉམས་རྟགས་སུ་ཟག་བཅས་ཀྱི་བདེ་བ་ཆེན་པོ་འབྱུང་བ་དང༌། ཟག་བཅས་ཀྱི་བདེ་བའོ་སྙམ་བྱེད་པ་དང༌། རྨི་ལམ་དུའང་ཟག་བཅས་ཀྱི་བདེ་བ་འབྱུང་བ་སྟེ། ཕྱི་ནང་གི་རྟགས་གཉིས་མ་མཐུན་ན་བར་ཆད་ཡིན། མཐུན་ན་བཅོམ་ལྡན་འདས་མི་བསྐྱོད་པའི་ཡེ་ཤེས་སོ། །ལྟེ་བའི་འོག་ཏུ་རྩ་དུང་ཅན་མའི་གནས་སུ་ཡེ་ཤེས་ཀྱི་རླུང་བརྟན་ནས། ཕྱི་རྟགས་སུ་ནམ་མཁའ་ལ་ཨ་ཝ་དྷཱུ་ཏཱི་སྦྲུལ་མགོའི་གདེངས་ཀ་ལྟ་བུར་མཐོང་བ་དང༌། རྐྱེན་དད་པ་རླབས་པོ་ཆེ་སྐྱེས་ནས་ཡི་དམ་གྱི་ལྷ་ནམ་མཁའ་གང་བ་ཞལ་མཐོང་བའི་སྣང་བ་འབྱུང་སྟེ། དེ་ལ་ཡིད་ཆེས་པར་མི་བྱ། ཆོས་ཐམས་ཅད་སྟོང་པ་ཉིད་ལ་ལྷ་ཞེས་བྱ་བ་ག་ལ་ཡོད་སྙམ་དུ་བསམ། བདེན་ཞེན་བྱུང་ན་ནི་ཕུང་པོའི་བདུད་ཀྱིས་ཁྱེར་བ་ཡིན་གསུང༌། ནང་རྣལ་འབྱོར་གྱི་རྟགས་སུ་བདེ་བ་དང༌། སྟོང་པ་དང༌། གསལ་བའི་ཏིང་ངེ་འཛིན་འབྱུང་ཞིང༌། རྨི་ལམ་དུ་ཡང་དེ་ཉིད་འབྱུང་བའི་དུས་སུ་རླུང་རྩ་དབུ་མར་ཆུད་པས་མི་རྟོག་པ་སྐྱེ་སྟེ། ཕྱི་ནང་གི་རྟགས་གཉིས་མ་མཐུན་ན་བར་ཆད་ཡིན་ལ། མཐུན་ན་བཅོམ་ལྡན་འདས་དྲུག་པ་རྡོ་རྗེ་འཆང་གི་ཡེ་ཤེས་སོ། །དེ་ཡན་ཆད་ནི་ངེས་པ་ཅན་གསལ་སྣང་གི་རྟགས་སོ། །མ་ངེས་པ་འཆོལ་བ་འཁྲུལ་སྣང་གི་རྟགས་ལ་ནི་ཅི་འབྱུང་གི་ངེས་པ་མེད་དེ། གཞན་ཡང་ལྟེ་བའི་འོག་ན་རིགས་དྲུག་གི་རྩ་ཡིག་ཡོད་དེ། དེར་རླུང་སེམས་འདུས་ན་དེ་དང་དེའི་སྣང་བ་འབྱུང་བའོ། །དེ་བས་ན་རྟགས་འདི་རྣམས་སྔོན་ལ་གང་འབྱུང་དང་འདི་འབྱུང་གི་ངེས་པ་མེད་དེ། འོན་ཀྱང་བཤད་པའི་གོ་རིམ་ཡིན་ནོ། །སྐྱེ་བ་སྔ་མ་ནས་ཀྱི་སྦྱངས་པ་ཅན་ལ་མགོ་བོ་ནས་རྟགས་ཐོན་པ་འོང་བ་ཡང་སྲིད་གསུང་ངོ༌། །དེ་ནས་གསུམ་པ་འབྱོངས་པའི་རྟགས་རྣམ་པ་བཞི་ནི། ར་ས་ནཱའི་ཡལ་ག་དྲི་ཆུ་ཐུར་དུ་འཕུལ་བའི་ཐུར་སེལ་གྱི་རླུང་གྱེན་དུ་ལོག་སྟེ། རྩ་དུང་ཅན་མའི་ནང་དུ་ཆུད་པ་དང༌། ལ་ལ་ནཱའི་ཡལ་ག་དྲི་ཆེན་ཐུར་དུ་འཕུལ་བའི་ཐུར་སེལ་གྱི་རླུང་གྱེན་དུ་ལོག་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འབབ་པའི་རྩའི་ནང་དུ་ཞུགས་པས། རྩ་དེ་གཉིས་རྩེ་མོ་གྱེན་དུ་བལྟས་ཏེ་དྷཱུ་ཏཱིའི་ནང་དུ་ཡེ་ཤེས་ཀྱི་རླུང་ཟིན་ཏེ། ལྟེ་བར་འཁོར་བས་རྩ་རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་པ་དང༌། ཡི་གེ་ཆའི་རྣམ་པ་ལྟ་བུའོ། །དེའི་དུས་སུ་ལྟེ་བའི་འོག་ཏུ་རྩ་འབུར་བ་གཅིག་འབྱུང་སྟེ། ཡི་དམ་གྱི་ལྷ་ནམ་མཁའ་གང་བ་ཞལ་མཐོང་ཞིང་ཆོས་མཉན་དུ་ཡོང་བ་སྟེ། དེའི་ཕྱི་རྟགས་སུ་ལྟེ་བའི་འོག་ཏུ་འབུར་བ་དེའི་སྟེང་དུ་ལག་པའི་སོར་མོ་རྣམས་བཞག་པ་དང༌། རང་ལྟ་བུ་བཅུ་དང༌། རང་དང་བཅུ་གཅིག་གི་ལུས་ཀྱི་བཀོད་པ་འབྱུང་ངོ༌། །དེར་ལག་པ་ཡ་བ་གཅིག་བཞག་པས། རང་ལྟ་བུ་ལྔ་དང༌། རང་དང་དྲུག་གི་བཀོད་པ་འབྱུང་ངོ༌། །དེར་སོར་མོ་གཅིག་བཞག་པས་རང་ལྟ་བུ་གཅིག་དང༌། རང་དང་གཉིས་ཀྱི་སྣང་བ་འབྱུང་ངོ༌། །ནང་རྟགས་སུ་ཆུ་ལ་མི་འབྱིང་བྲག་ལ་མི་རྡུགས། མངོན་ཤེས་རྫུ་འཕྲུལ་ཡ་མ་ཟུང་སྟོན་ནུས་པ་འབྱུང་ངོ༌། །ལྟེ་བའི་འོག་ཏུ་གཏུམ་མོ་ཡེ་ཤེས་ཀྱི་མེ་སོར་གཉིས་འབར་ནས་ཕྱིར་མཆི། ཕྱིས་རེས་ལ་སོར་བཞི་འབར་ནས་ལྟེ་བར་སླེབ་སྟེ། ཉོན་མོངས་པའི་སྒྲིབ་པ་ཕྲ་རགས་གཉིས་ལས་རགས་པ་ལ་ཕུང་པོ་ལྔའི་རྣམ་རྟོག་ནུབ་སྟེ། ལྟེ་བའི་རྩ་མདུད་གྲོལ་ནས། ནང་རྟགས་སུ་གཏུམ་མོ་ཡེ་ཤེས་ཀྱི་མེ་རང་ཉིད་ཀྱིས་མཐོང་བར་འབྱུང་བ་དང༌། ཕྱི་རྟགས་སུ་འབྱུང་བ་རྣམ་པ་ལྔའི་རླུང་མཐོང་བར་འགྱུར་རོ། །དེ་ཡང་ཆུའི་རླུང་ཁ་དོག་དཀར་པོ་ནམ་མཁའ་ལ་མཐོང་བས་ཞི་བའི་ལས་བསམས་པ་ཙམ་གྱིས་འགྲུབ་པ་དང༌། སའི་རླུང་སེར་པོ་ནམ་མཁའ་ལ་མཐོང་བས་རྒྱས་པའི་ལས་འགྲུབ་པ་དང༌། མེའི་རླུང་དམར་པོ་ནམ་མཁའ་ལ་མཐོང་བས་དབང་གི་ལས་འགྲུབ་བོ། །རླུང་གི་རླུང་ལྗང་གུ་ནམ་མཁའ་ལ་མཐོང་བས་ལས་སྣ་ཚོགས་འགྲུབ་པ་དང༌། ནམ་མཁའི་རླུང་ནག་པོ་ནམ་མཁའ་ལ་མཐོང་བས། ལྟ་སྟངས་ཀྱི་ལས་འགྲུབ་སྟེ། དེ་ཡང་མེ་ཞི་བ་དང༌། དུག་རེངས་པ་དང༌། སྟག་འཆི་བ་ལ་སོགས་པ་དང༌། ནགས་ལ་མེ་ཤོར་བ་ལྟ་སྟངས་བྱས་པས་གསོད་པ་ལ་སོགས་པ་དང༌། དུག་ཁུར་དུ་ལོངས་པ་ཟོས་ཀྱང་མི་འཆི་བ་དང༌། སྟག་དང་སེང་གེ་ལ་སོགས་པ་ལ་ལྟ་སྟངས་བྱས་པས་འཆི་ནུས་པ་དང༌། ཡང་རྨི་ལམ་དུ་སེམས་ཅན་མང་པོ་ངན་སོང་ནས་འདོན་པ་རྨི་བ་དང༌། སངས་རྒྱས་དང་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་པ་དང༌། སེམས་ཅན་མང་པོའི་དོན་བྱེད་པ་རྨི་བའོ། །སྤྱིར་རྒྱུད་ལས་གསུངས་པའི་ལས་ཚོགས་ཐམས་ཅད་བསྡུ་ན་རྣམ་པ་གསུམ་སྟེ། ཐུན་མོང་གི་དངོས་གྲུབ་བརྒྱད་དང༌། གྲུབ་ཆེན་བརྒྱད་དང༌། མཆོག་གི་དངོས་གྲུབ་སྐུ་བཞིའོ། །དང་པོ་ནི། ཞི་བ་དང༌། རྒྱས་པ་དང༌། དབང་དང༌། མངོན་སྤྱོད་དང༌། དབྱེ་བ་དང༌། བསྐྲད་པ་དང༌། དགུག་པ་དང༌། བསྒྲལ་བ་སྟེ་བརྒྱད་འགྲུབ་པའོ། །དེ་ནས་གཉིས་པ་ནི་གཏུམ་མོ་ཡེ་ཤེས་ཀྱི་མེ་སོར་བརྒྱད་འབར་བ་ལན་གཉིས་ཕྱིར་མཆི། ཡང་སོར་བརྒྱད་འབར་ནས་སྙིང་གར་སླེབ་པའི་དུས་སུ། ཁམས་ལྔའི་རྣམ་རྟོག་ནུབ། སྙིང་གའི་རྩ་མདུད་གྲོལ། སྙིང་ལ་གནས་ལུགས་རྣམ་པ་གསུམ་ཡོད་དེ། སངས་རྒྱས་ཀྱི་སྙིང་པདྨ་འདབ་བརྒྱད་ཁ་གྱེན་དུ་བྱེ་བ་དང༌། བྱང་ཆུབ་སེམས་དཔའི་སྙིང་རྩེ་མོ་གྱེན་དུ་བལྟ་བ་དང༌། སེམས་ཅན་གྱི་སྙིང་རྩེ་མོ་ཐུར་དུ་བལྟ་བ་སྟེ། སྙིང་གི་ལུང་ཐག་གྲོལ་ནས་སྙིང་གི་རྩེ་མོ་གྱེན་དུ་བལྟས་པ་ལ། སྙིང་གི་པདྨོ་ཁ་འབྱེད་པའི། །ཞེས་གསུངས་ཏེ། དེའི་ཕྱི་རྟགས་སུ་མངོན་ཤེས་ལྔ་འབྱུང་ངོ༌། །དེ་ནས་ཡང་སོར་བཅུ་དྲུག་འབར་ནས་ལན་གཉིས་ཕྱིར་ཤི ཡང་འབར་ནས་མགྲིན་པའི་རྩ་མདུད་གྲོལ་བས་མགྲིན་པའི་པདྨ་ཁ་ཕྱེ་སྟེ། སྐྱེ་མཆེད་དྲུག་གི་རྣམ་རྟོག་ནུབ་པས། ཕྱི་རྟགས་སུ་ལྕེ་བརྐྱངས་ན་དར་ལེ་བརྒན་བས་ཀྱང་སྲབ་པར་སོང་ནས་གདོང་ཁེབས་པ་དང༌། མིག་རྩ་དམར་བ་དང༌། སེམས་ཅན་མཐོང་བ་ཐམས་ཅད་དབང་དུ་འགྲོ་བའོ། །ནང་རྟགས་སུ་ངག་གི་དབང་ཕྱུག་འགྲུབ་སྟེ། སྡེ་སྣོད་ཀྱི་ཆོས་ཐམས་ཅད་མ་བསླབ་པར་ཤེས་པ་དང༌། བསྒོམས་བྱུང་གི་ཤེས་རབ་མཐར་ཕྱིན་ནོ། །དེ་ནས་ཡང་འབྱོངས་པའི་རྟགས་བཞི་པ་ནི། གཏུམ་མོ་ཡེ་ཤེས་ཀྱི་མེ་འབར་བས་དཔྲལ་བའི་མདོ་དབུ་རྒྱན་གནད་འབྱེད་པའི་སྒོ་རུ་སླེབ་པའོ། །དབུ་རྒྱན་ལ་གནད་འབྱེད་པའི་སྒོ་ཟེར་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། སེམས་ཅན་འཆི་ཁར་ཅིས་ཀྱང་ཡེ་ཤེས་ཀྱི་མེ་སྨིན་མཚམས་སུ་སླེབ་ནས། དེར་ཐུག་པ་དང་སྒོ་དགུའི་བུ་ག་གང་རུང་ནས་ཕར་འགྲོ་བའོ། །ད་རེས་ཀྱི་སྐབས་འདིར་བསྒོམས་པས་གཏུམ་མོ་ཡེ་ཤེས་ཀྱི་མེ་དཔྲལ་མདོ་དབུ་རྒྱན་དུ་ཐུག་པ་སྟེ། སྣ་བུག་གཡས་པ་ནས་བྱུང་བ་དང༌། ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་ཀྱི་ཤངས་བུག་གཡོན་པར་ཞུགས་ཏེ་འཁོར་ལོ་བཞིའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྤྱན་དྲངས་ནས། རང་གི་སྣ་བུག་གཡོན་པར་ཞུགས། སྤྱི་གཙུག་ཏུ་སླེབ་པ་དང༌། བསྒོམ་བྱུང་གི་ཤེས་རབ་མཐར་ཕྱིན་པའོ། །དེ་རྣམས་ཀྱིས་བསྒོམ་བྱ་སྔགས་ཀྱི་རིམ་པ་སྟེ། བསྒོམ་པར་བྱ་བའི་ཐབས་སོ། །དེ་ཡན་ཆད་དུ་ཡོན་ཏན་ཅི་བྱུང་ཡང་རང་གི་རྒྱུད་ཀྱིས་བསྡུས་པའི་ཡོན་ཏན་བཤད་པའོ། །ད་ནི་སྐྱེ་ཚུལ་ཡེ་ཤེས་ཀྱི་རིམ་པ་སྟོན་པ་ནི། ཡོན་ཏན་ཅི་འབྱུང་ཐམས་ཅད་གཞན་གྱི་རྒྱུད་ཀྱིས་བསྡུས་པའི་ཡོན་ཏན་ཡིན་ལ། དེ་ལ་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ནས་དག་པ་འཇིག་རྟེན་པའི་ཡེ་ཤེས་དང༌། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ། །གསང་སྔགས་ཀྱི་ལུགས་ཀྱིས་འཇུག་པ་ཀུན་རྫོབ་ཀྱི་ཡེ་ཤེས་དང༌། བཟློག་པ་དོན་དམ་པའི་ཡེ་ཤེས་གཉིས་ལས། དང་པོ་ནི། སྤྱི་བོའི་ཧྃ་ལ་གཏུམ་མོའི་མེ་ཕོག་པ་དང༌། ཧྃ་ཞུ་བའི་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐིག་ལེས་སོའི་མཚམས་ཡན་ཆད་གང་བས་རྟོག་བཅས་ཀྱི་དགའ་བ་སྟེ། དེའང་རྣལ་འབྱོར་ཉམས་ཀྱི་སྣང་བ་ལས་ཡུལ་དང་ཡུལ་ཅན་ཐམས་ཅད་བདེ་བར་མཐོང་ཡང༌། ཉོན་མོངས་པའི་སྒྲིབ་པ་ཆ་ཕྲ་མོས་བསྒྲིབས་ནས་མི་གསལ་བ་ཙམ་སྟེ། ལྷའི་བུའི་བདུད་བཏུལ་བ་དང༌། དེའི་ཕྱི་རྟགས་སུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཆུང་ངུ་རྒྱུད་ལ་སྐྱེས་ནས་གླང་པོ་ཆེ་བརྒྱ་དང་སྟོབས་མཉམ། ནང་རྟགས་སུ་ཁམ་གྱི་ཟས་ལས་གྲོལ་ཞིང༌། ཟོས་ན་རི་རབ་ཙམ་ཡང་ཡོག མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཡན་ཆད་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐིག་ལེས་གང་བས་མཆོག་དགའ་སྟེ། དེ་ལ་ཉམས་ཀྱི་སྣང་བ་ལ་ཡུལ་དང་ཡུལ་ཅན་བདེ་བར་མཐོང་བ་ལས། ཡུལ་ཉོན་མོངས་པའི་སྒྲིབ་པ་གཏན་སྤངས་ནས། ཡུལ་ཅན་ཤེས་པ་ལ་ཉོན་མོངས་པས་བསྒྲིབས་ནས་མི་གསལ་བ་ཙམ་དུ་སྒྲིབ་པ་ཆ་ཕྲ་མོ་ཡོད་དེ། ཉོན་མོངས་པའི་བདུད་བཏུལ། དེའི་ཕྱི་རྟགས་སུ་ནད་འདུ་བ་རྣམ་བཞི་ནམ་མཁའ་ལ་སྤྲིན་དེངས་པ་བཞིན་འགྲོ་ཞིང༌། ནང་རྟགས་སུ་ཉོན་མོངས་པ་རྣམ་པ་ལྔ་གཏན་སྤོང་ངོ༌། །ཡང་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐིག་ལེས་སྙིང་ག་ཆོས་ཀྱི་འཁོར་ལོ་ཡན་ཆད་གང་བའི་དུས་སུ་དགའ་བྲལ་ཏེ། ཡུལ་དང་ཡུལ་ཅན་ཐམས་ཅད་བདེ་བར་མཐོང༌། ཉོན་མོངས་པའི་སྒྲིབ་པ་ཕྲ་རགས་ཐམས་ཅད་སྤངས། ཕུང་པོའི་བདུད་བཏུལ། ཕྱི་རྟགས་སུ་འབྱུང་བ་ལྔས་མི་ཚུགས་སོ། །གཟུགས་ཀྱི་ཕུང་པོ་ལ་འབྱུང་པ་ལྔས་མི་གནོད་པའོ། །ཡང་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐིག་ལེས་ལྟེ་བ་སྤྲུལ་པའི་འཁོར་ལོ་ཡན་ཆད་གང་བས་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། ཡུལ་དང་ཡུལ་ཅན་ཐམས་ཅད་བདེ་བར་མཐོང་བ་ལས་སྟོང་པ་ཉིད་ཀྱི་རྒྱས་བཏབ་པའོ། །འཆི་བདག་གི་བདུད་བཏུལ་ནས་ཕྱག་རྒྱ་ཆེན་པོ་ཚེའི་རིག་འཛིན་ཐོབ་སྟེ། ཚེ་ཉི་ཟླ་དང་མཉམ་པའོ། །དེའི་རྟགས་སུ་ཐུན་མོང་གི་གྲུབ་ཆེན་བརྒྱད་འབྱུང་སྟེ། དེ་ཡང་དང་པོར་ནམ་མཁའ་ལ་འགྲོ་བ་དང༌། མི་སྣང་བ་དང༌། གཟུགས་སྣ་ཚོགས་སུ་བསྒྱུར་བ་དང༌། རྐང་མགྱོགས་དང༌། བཅུད་ཀྱིས་ལེན་དང༌། རིལ་བུ་དང༌། མིག་སྨན་དང༌། རལ་གྲི་དང་ས་འོག་གཅིག་ཏུ་བརྩིས་པས། བརྒྱད་ནི་བསམ་པ་ཙམ་གྱིས་འགྲུབ་བོ། །དེ་ལ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐིག་ལེས་གང་བྱ་བ་ཡང༌། བདེ་བའི་ཏིང་ངེ་འཛིན་གྱི་ཁྱད་པར་རྒྱུད་ལ་སྐྱེས་པ་ལ་ཐིག་ལེས་གང་བའི་ཐ་སྙད་བྱས་ལ། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེས་གང་བྱ་བ་ཡང་སྟོང་ཉིད་རྟོགས་པ་ལ་ཐ་སྙད་བྱས་ཀྱི། དངོས་པོ་ལ་ཀུན་རྫོབ་ཀྱི་ཐིག་ལེ་དང་དོན་དམ་གྱི་ཐིག་ལེས་གང་རྒྱུ་མེད་གསུང༌། དེ་ནས་ཡང་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐིག་ལེས་ལྟེ་བའི་འོག་རྩ་གསུམ་གཏུམ་མོའི་མེའི་དྲོད་ཅན་གྱི་ནང་དུ་གང་བས་ལོངས་སྤྱོད་རྫོགས་པའི་སྐུ་ནམ་མཁའ་གང་བ་ལ་ཆོས་ཉན་པ་དང༌། ཞིང་ཁམས་དཔག་ཏུ་མེད་པར་འགྲོ་བ་སྟེ། ནང་རྟགས་སུ་ལུས་ལ་འོད་ཀྱི་དཀྱིལ་འཁོར་འབྱུང་བ་དང༌། སྨྱོ་བ་དང༌། གར་བྱེད་སྙིང་འདོད་པ་འབྱུང་ངོ༌། །དེར་ཟག་བཅས་ཀྱི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་ཏེ། མའི་ཁྲག་གི་ཐིག་ལེ་རྐང་འོག་ཏུ་ཉི་མའི་དཀྱིལ་འཁོར་དུ་སོང་ནས། ཕའི་ཁུ་བའི་ཐིག་ལེ་ལྟེ་བའི་དཀྱིལ་འཁོར་དུ་འོངས་པ་དང༌། འཇུག་པ་ཀུན་རྫོབ་ཀྱི་ཡེ་ཤེས་མཐར་ཕྱིན་ནས། བཟློག་པ་དོན་དམ་པའི་ཡེ་ཤེས་ནི། ལྟེ་བ་མན་ཆད་དོན་དམ་བྱང་ཆུབ་སེམས་ཀྱི་ཐིག་ལེས་གང་བས། ལུས་སེམས་ཀྱི་ལུས་སུ་གྱུར་ནས་རྟོག་མེད་ཀྱི་དགའ་བ་སྐྱེ་སྟེ། དེ་ཡང་ཡུལ་དང་ཡུལ་ཅན་ཐམས་ཅད་སྟོང་པར་མཐོང་ཡང༌། ད་དུང་ཤེས་བྱའི་སྒྲིབ་པ་ཕྲ་མོ་ཡོད་པའོ། །ལམ་སྤྲུལ་པའི་སྐུ་འབྱུང་སྟེ། འཁོར་ལོ་སྡོམ་པའི་དཔའ་བོ་དང་དཔའ་མོར་སྤྲུལ་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པ་དང༌། སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་པར་འགྲོ་བ་དང༌། བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་འཆད་པ་དང༌། བ་སྤུའི་བུ་ག་རེ་རེ་ནས་སྤྲུལ་པ་བརྒྱ་འགྱེད་པ་འབྱུང་ངོ༌། །སྙིང་ག་མན་ཆད་དོན་དམ་བྱང་ཆུབ་སེམས་ཀྱི་ཐིག་ལེས་གང་བས་རྟོག་མེད་ཀྱི་མཆོག་དགའ་སྟེ། དེ་ཡང་ཡུལ་དང་ཡུལ་ཅན་ཐམས་ཅད་སྟོང་པ་ཉིད་དུ་མཐོང་བ་ལ། ཡུལ་ལ་ཤེས་བྱའི་སྒྲིབ་པ་མེད་དེ། ཡུལ་ཅན་ཤེས་པ་ལ་ཤེས་བྱའི་སྒྲིབ་པ་ཆ་ཕྲ་མོ་ཡོད་པའོ། །ལམ་ཆོས་ཀྱི་སྐུ་རྒྱུད་ལ་སྐྱེ་སྟེ། དེའི་དུས་སུ་ཞིང་ཁམས་སྟོང་དུ་འགྲོ་ཞིང་དེའི་སངས་རྒྱས་མཆོད་པ་དང༌། སེམས་ཅན་གྱི་དོན་བྱེད་པ་དང༌། བ་སྤུའི་བུ་ག་རེ་རེ་ནས་སྤྲུལ་པ་སྟོང་སྟོང་འགྱེད་ཅིང༌། ཞིང་ཁམས་དེའི་བྱང་ཆུབ་སེམས་དཔའ་ལ་ཆོས་སྟོན་པའོ། །མགྲིན་པ་མན་ཆད་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་གང་ནས་རྟོག་མེད་ཀྱི་དགའ་བྲལ་ཏེ། ཡུལ་དང་ཡུལ་ཅན་ཐམས་ཅད་སྟོང་ཉིད་དུ་མཐོང་བས་ཤེས་བྱའི་སྒྲིབ་པ་གཏན་སྤངས་ནས། ལམ་ལོངས་སྤྱོད་རྫོགས་པའི་སྐུ་རྒྱུད་ལ་སྐྱེ་སྟེ། ཞིང་ཁམས་བྱེ་བར་འགྲོ་བ་དང༌། བ་སྤུའི་བུ་ག་རེ་རེ་ནས་སྤྲུལ་པ་བྱེ་བ་རེ་རེ་འགྱེད་པ་དང༌། དེའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་འཆད་པ་སྟེ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བརྒྱད་ཅུ་མི་གསལ་བ་ཙམ་དུ་འབྱུང་ངོ༌། །སྤྱི་བོ་མན་ཆད་དོན་དམ་བྱང་ཆུབ་སེམས་ཀྱིས་གང་བས་རྟོག་མེད་ཀྱི་ལྷན་ཅིག་པའི་དགའ་བ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཐོང་བས་ཟག་མེད་ཀྱི་བདེ་བ་དང་ལྷན་ཅིག་ཏུ་འབྱུང་བའོ། །ལམ་བདེ་བ་ཆེན་པོའི་སྐུ་རྒྱུད་ལ་སྐྱེ་སྟེ། མའི་ཁྲག་གི་ཐིག་ལེ་རྐང་འོག་ཏུ་ཉི་མའི་དཀྱིལ་འཁོར་དུ་སོང་བ་དང༌། ལུས་གཞའ་ཚོན་ལྟ་བུར་འགྱུར། ཕའི་ཁུ་བའི་ཐིག་ལེ་སྤྱི་གཙུག་ཏུ་ཟླ་ཚེས་སུ་འགྱུར་ཏེ། ལུས་ཡེ་ཤེས་ཀྱི་ལུས་སུ་གནས་འགྱུར་བའོ། །དེ་རྣམས་ཀྱིས་ནང་ཡེ་ཤེས་ཀྱི་རིམ་པའོ། །ད་མཐར་ཐུག་གསང་བའི་རིམ་པ་ནི། འབྲས་བུ་སྐུ་བཞི་ཡེ་ཤེས་ལྔའི་ངོ་བོ་ཉིད་དུ་གྱུར་པ་སྟེ། དེ་ཡང་ཡེ་ཤེས་ཀྱི་ལུས་ཅན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་གང་ཡིན་པ་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། དེའི་རང་བཞིན་སྟོང་པ་ཉིད་དུ་གནས་པ་ནི་ཆོས་སྐུ་ཡིན་ཞིང༌། དེའི་ནང་ནས་སེམས་ཅན་གྱི་དོན་སྣ་ཚོགས་འབྱུང་བ་ནི་སྤྲུལ་པའི་སྐུ་ཡིན་ལ། དེ་གསུམ་ངོ་བོ་གཅིག་ཏུ་གྱུར་པ་ནི་ངོ་བོ་ཉིད་ཀྱི་སྐུའོ། །དེ་ལ་ནི་སྔགས་ཀྱི་ལུགས་ཀྱི་བདེ་བ་ཆེན་པོའི་སྐུ་ཟེར་རོ། །ཡེ་ཤེས་རྣམ་པ་ལྔ་ནི་སྤྱི་གཙུག་གི་ཟླ་ཚེས་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། རྐང་འོག་གི་ཉི་མ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། སྐུ་བཞིའི་ངོ་གཅིག་ལ་ལྡོག་པ་ཐ་དད་པ་སོ་སོར་རྟོག་པའི་ཡེ་ཤེས་དང༌། སེམས་ཅན་གྱི་དོན་འབད་རྩོལ་མི་དགོས་པར་འགྲུབ་པ་བྱ་བ་གྲུབ་པའི་ཡེ་ཤེས་དང༌། དེ་རྣམས་ངོ་བོ་གཅིག་ཏུ་གྱུར་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེ་ལྟར་སྐུ་བཞི་དང་ཡེ་ཤེས་ལྔ་གཅིག་ཏུ་གྱུར་པ་ནི་རྡོ་རྗེ་འཆང་ཡིན་པས་མཐར་ཐུག་གསང་བའི་རིམ་པའོ། །རིམ་པ་བཞི་ཉམས་སུ་ལེན་པའི་མན་ངག བླ་མ་ཆེན་པོ་དཔལ་ནཱ་རོ་ཏ་པའི་གདམས་པ་རྫོགས་སོ།།  །།རིམ་པ་ནི་མན་ངག་གི་རིམ་པའོ། །བཞི་པ་ནི་སངས་རྒྱས་པར་བྱེད་པ་ལ། ལས་དང་པོ་པ་ནས་སངས་རྒྱས་ཀྱི་སའི་བར་ལ་བཞི་པོ་འདིར་འདུས་པས། མང་བ་དང་ཉུང་བ་ཁེགས་གསུང་ངོ༌། །ཨི་ཐི།།  །། ༄༅། །ན་མཿཤྲཱི་ཙཀྲ་སཾ་བ་ར་མཎྜལ་ལེ་བྷྱཿ སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་ནག་པོ་སྤྱོད་པའི་དགོངས་པ། རིམ་པ་བཞི་ལག་ཏུ་བླང་བའི་རིམ་པའི་ཐབས་ནི། དང་པོ་རྒྱུད་ཀྱི་རིམ་པ་ཐོས་བསམ་གྱིས་གཏན་ལ་ཕབ་ནས། བསྒོམ་པའི་དུས་སུ་གསལ་གདབ་པའི་དབང་དུ་བྱས་ན། ཐོག་མར་བསྐྱེད་པའི་རིམ་པ་སྔོན་དུ་སོང་ནས་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་རྣམས་ཕྱོགས་གཡོན་སྐོར་དང༌། མཚམས་གཡས་སྐོར་གྱིས་སྣ་གཡས་གཡོན་ནས་ཕྱེད་ཕྱེད་སྙིང་གའི་ཧཱུྃ་ལ་བསྡུའོ། །ཡུམ་ཡང་ལྟེ་བའི་ཨྃ་ལ་བསྟིམ་ལ། ཨྃ་ལས་འཕྲོས་པའི་འོད་ཟེར་གྱིས་ལྟེ་བ་ལ་སོགས་པའི་འཁོར་ལོ་བཞི་དང༌། རྩ་གསུམ་གཡས་གཡོན་ཡི་གེས་དགག་པ་དང་བཅས་པ་གསལ་གདབ། རླུང་དང་བསྟུན་པ་དང་དུས་ཀྱི་ངེས་པ་མི་བཞེད། རྒྱུད་རིམ་གསལ་གདབ་པའོ། །དེ་ལྟར་འཁོར་ལོ་བཞི་དང༌། རྩ་གསུམ་ཡིག་འབྲུ་དང་བཅས་པ་གསལ་བ་དང༌། རླུང་ལྟེ་བའི་ཨྃ་ལས་བསྟིམ་ཞིང༌། ཤེས་པ་ཨྃ་ལ་གཏད་དེ་ཐུབ་ཚད་དུ་མནན། དེ་ལྟར་དྲག་ལ་ཡུན་ཐུང་བར་བྱས་ཏེ། ཡང་དང་ཡང་དུ་བསྒོམས་པས་ལྟེ་བའི་གནས་སུ་དུ་བ་ལ་སོགས་པའི་རྟགས་ལྔ་སྐྱེས་པའི་མཐར། ཨྃ་གི་མེ་སོར་གཉིས་ལ་སོགས་པ་མགྲིན་པའི་བར་དུ་འབར་བ་སྙམ་བྱེད་པ་ལ་སོགས་པ་ཙཎྜཱ་ལཱི་སྟོབས་སུ་གྱུར་པའི་བར་དུ་སྔགས་རིམ་གྱི་སྔོན་འགྲོའོ། །དེ་ནས་འོག་རླུང་དྲག་ཏུ་བསྐུམ་ལ་ཨྃ་གི་མེ་དབུ་མ་ནས་སྦར་བས་འཁོར་ལོ་གོང་མ་རྣམས་ཀྱི་ཡིག་འབྲུ་རྣམས་ཞེན་ཐོགས་མེད་པར་བསྲེགས། གནད་ཀྱི་སྒོ་ཕྱེ་ནས་སྣ་གཡས་ནས་ཕྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤངས་ཀྱི་བུ་ག་གཡོན་དུ་ཞུགས། གནད་ཀྱི་སྒོ་ཕྱེ་སྟེ་རླུང་རེག་བྱ་དྲོད་ཀྱི་རང་བཞིན་ཅན་དེས་སྤྱི་བོ་ལ་སོགས་པའི་འཁོར་ལོ་རྣམས་རིམ་གྱིས་བཞུ་བཏུལ་བྱས་པའི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་ཤངས་ཀྱི་བུ་ག་གཡས་ནས་ཁྱེར་འོངས་པས་སྤྱི་གཙུག་གི་འཁོར་ལོ་ཁེངས། དེ་ནས་ཡང་རྐྱང་མ་ནས་སོང་བས་མགྲིན་པ་དང༌། སྤྱི་གཙུག་གི་འཁོར་ལོ་གསོས་ཏེ། ལྟེ་བའི་ཨྃ་ལ་ཕོག དེ་ནས་ཨྃ་དྲག་ཏུ་འབར་ཏེ་དབུ་མ་ཕྱེ་ནས་སྙིང་གའི་ཧཱུྃ་དང༌། མགྲིན་པའི་ཨྃ་ཡང་ཞེན་ཐོགས་མེད་པར་བཅོམ་ནས། ཧྃ་ལ་ཕོག་པས། དེ་ལས་བྱང་ཆུབ་ཀྱི་སེམས་འཛགས་པས་མེ་དང་གཉིས་འབར་འཛག་གི་རྩེ་སྤྲད་པས་ཇེ་དམའ་ཇེ་དམའ་འབྱུང་སྟེ། ནས་གང་ཙམ་དུ་ཡིད་འཇུག་པ་རྩེ་སྤྲད་ལ། སེམས་གཏད་དེ་རླུང་ཅི་རིགས་པར་མནན། དེ་ལྟར་བྱས་པས་མཐར་ཕྱིན་པའི་ཚད་ནི་ལུས་འཕར་གཡོ་དང༌། ངག་ཀུ་ཅོ་འདོན་པ་ལ་སོགས་པ་འབྱུང༌། དེ་ཙམ་ན་ཡིག་མགོ་བཅད་པ་ནི། དབུགས་རྔུབ་ཅིང་དྲག་ཏུ་བུད་པ་ལན་གསུམ་བྱ། དེ་ནས་ཧྃ་མི་དམིགས་པར་བྱ། དེས་ཀྱང་མ་ཞི་ན་སྙིང་ག་ཡན་ཆད་ཀྱི་སྟོད་ཁ་ཡེད་དུ་བསམ། དེས་ཀྱང་མ་ཞི་ན་སེམས་སུ་དྲན་པར་བྱའོ། །ཡེ་ཤེས་ཀྱི་རིམ་པ་ནི་བདེ་བ་བསྒོམ་པ་སྟེ། རིམ་པ་ནི་བསྒོམ་པའི་རིམ་པའོ། །སྤྱི་གཙུག་གི་ཧྃ་ལས་ཕབ་པའི་བྱང་ཆུབ་ཀྱི་སེམས་དབུ་མའི་ལམ་ནས་བྱུང་ནས་རྡོ་རྗེ་ནོར་བུའི་ནང་དུ་ཕབ་སྟེ། དེར་ཉམས་མྱོང་སྐྱེས་ནས་མས་བརྟན་པའི་དགའ་བ་བཞི་བསྒོམ་པ་ཡིན་ཏེ། རླུང་སེམས་དབུ་མར་ཐིམ་པ་ལས་མས་བརྟན་པའི་དགའ་བ་བཞི་ཉམས་སུ་མྱོང་བ་གདན་ཐོག་གཅིག་ཏུ་རང་ལ་སྐྱེ་བ་ཡང་སྲིད་གསུང༌། རིམ་པ་བཞིར་བསྒོམ་ན་གོ་རིམ་ནི། འཕྲོ་བཅད་ལ་བདེ་བ་ཆེན་པོ་ལ་ལྟེ་བའི་དཀྱིལ་དུ་སྲོག་གི་རླུང་བཅིངས་ལ། སེམས་རྩེ་གཅིག་ཏུ་བསྒོམས་ལ་ཡང་ནས་ཡང་དུ་གཏད་དོ། །དེ་ལྟར་གཏད་པ་དང་ནོར་བུ་འགས་པ་སྙམ་བྱེད་ཅིང་མི་བཟོད་ན། རྡོ་རྗེ་རྐེད་པར་བདེ་བ་ལ་སེམས་གཏད་དོ། །དེ་ཡང་བདེ་བས་མི་བཟོད་ན་རྩ་བར་བདེ་བ་ལ་སེམས་གཏད་དོ། །དེར་ཡང་མི་བཟོད་ན་གྱེན་དུ་བཞི་ཆ་གཅིག་གི་གནས་སུ་བདེ་བ་ལ་སེམས་གཏད་དོ། །དེར་ཡང་མི་བཟོད་ན་ལྟེ་བའི་བར་དུ་བདེ་བ་ལ་སེམས་གཏད་དོ། །དེར་ཡང་མི་བཟོད་པར་སྙིང་འདར་ཞིང་སྤྲུག་པ་དང་འཕྱོ་ན། ཡང་གྱེན་དུ་བཞི་ཆ་གཅིག་གི་གནས་སུ་བདེ་བ་ལ་སེམས་གཏད་དོ། །ཡང་མི་བཟོད་ན་གྱེན་དུ་བཞི་ཆ་གཅིག་གི་གནས་སུ། ཡང་མི་བཟོད་ན་གྱེན་དུ་བཞི་ཆ་གཅིག་གི་གནས་སུ། ཡང་མི་བཟོད་ན་གྱེན་དུ་བཞི་ཆ་གཅིག་བསྐྱེད་དེ་མགྲིན་པར་བདེ་བ་ལ། དེར་ཡང་མི་བཟོད་ན་གྱེན་དུ་བཞི་ཆ་གཅིག་གི་གནས་སུ། དེར་ཡང་མི་བཟོད་ན་གྱེན་དུ་བཞི་ཆ་གཅིག་གི་གནས་སུ། དེར་ཡང་མི་བཟོད་ན་སྨིན་ཕྲག་ཏུ་བདེ་བ་ལ་སེམས་གཏད་དོ། །དེར་གཏད་པ་དང༌། སྨྱོ་བའམ་མྱོས་པའམ། འགྱེལ་བའམ། དངོས་པོ་གང་ལ་དམིགས་ཤིང་བལྟས་ཀྱང༌། མྱོས་པ་སྙམ་བྱེད་ན་ཡེ་ཤེས་ཀྱི་རིམ་པ་མཐར་ཕྱིན་པ་ཡིན་ཏེ། དེ་འཕྲོ་བཅད་ལ་གསང་བའི་རིམ་པ་བྱའོ། །དེ་ཡང་སྣ་སྒོར་རླུང་བསམས་ལ་དེ་ལྟར་བསྒོམས་པས་ལུས་རས་བལ་གྱི་འདའ་བ་བཞིན་དུ་ཡང་ཞིང་མིག་སྨིག་རྒྱུ་ལྟ་བུ་ལ་སོགས་པའི་རྟགས་ལྔ་མངོན་དུ་གྱུར་པ་དང༌། གསང་བའི་རིམ་པ་སྔོན་དུ་མཐར་ཕྱིན་པ་ཡིན་ཏེ། ཆོས་ཐམས་ཅད་ནང་གི་སེམས་དང་སེམས་ལས་བྱུང་བར་འདུས་པས། ཕྱི་རོལ་གྱི་ཡུལ་ལ་མི་རྟོག་པར་ནང་གི་སེམས་ཀྱི་རྟོག་པ་བྱུང་ཚོར་ཐམས་ཅད་མི་དམིགས་པར་བསྒོམ། དེ་ནས་ནང་གི་སེམས་དང་ཕྱི་རོལ་གྱི་ཡུལ་ཐམས་ཅད་དབྱེར་མི་ཕྱེད་ཅིང་གཉིས་སུ་མེད་པར་མི་དམིགས་པར་བསྒོམ་མོ། །དེ་ལྟར་བསྒོམས་པས་མངོན་པར་ཤེས་པ་ལྔ་རིམ་གྱིས་ཐོབ་ནས་བདེ་བ་ཆེན་པོའང་རིམ་གྱིས་ཐོབ། རོ་སྨད་བཤལ་ཞིང་མི་ཐེག་པ་སྙམ་བྱེད་པ་དང༌། འགྲོ་འོང་གི་བར་དུ་ཟུག་ཅིང་ན་ན་ཐུར་དུ་སེལ་བའི་རླུང་ཟིན་པས་ཤིན་ཏུ་རྒྱས་པ་ཡིན་ཏེ། དེ་ཞི་བར་བྱ་བའི་ཕྱིར་སྨིན་ཕྲག་ཏུ་བདེ་བ་ལ་སེམས་གཏད། དེ་ལྟར་གཏད་པ་དང་སྣ་རུས་ན་བའམ། སྤྱི་གཙུག་ན་བའམ། རྣ་བ་ན་ཞིང་འུར་འུར་ཟེར་ན་གྱེན་དུ་རྒྱུ་བའི་རླུང་ཟིན་པས་རྒྱས་པ་ཡིན་ཏེ། དེ་ཞི་བར་བྱ་བའི་ཕྱིར་ལྟེ་བར་བདེ་བ་ལ་སེམས་གཏད་དོ། །ཡང་ལྟེ་བར་ཟུག་ཅིང་སྦོ་བ་སྙམ་བྱེད་ན། མེ་དང་མཉམ་དུ་གནས་པའི་རླུང་ཟིན་པས་རྒྱས་པ་ཡིན་ཏེ། མགྲིན་པར་བདེ་བ་ལ་སེམས་གཏད་དོ། །ཡང་ཁ་དང་མཆུ་སྦྲིད་ཅིང་འགགས་པ་སྙམ་བྱེད་ན་ལྕེའི་དབང་པོ་ལ་ཟིན་པའི་རླུང་ཟིན་པས་རྒྱས་པ་ཡིན་ཏེ། དེ་ཞི་བར་བྱ་བའི་ཕྱིར་སྙིང་གར་བདེ་བ་ལ་སེམས་གཏད་དོ། །ཡང་སྙིང་འཕྱོ་ཞིང་སྤྲུག་པ་སྙམ་བྱེད་ན་སྙིང་ལ་གནས་པའི་རླུང་ཟིན་པས་རྒྱས་པ་ཡིན་ཏེ། དེ་ཞི་བར་བྱ་བའི་ཕྱིར་ནོར་བུའི་དཀྱིལ་དུ་བདེ་བ་ལ་སེམས་གཏད་དོ། །དེར་གཏད་པ་ལས་ལུས་ཀྱི་ཚིགས་ཐམས་ཅད་ན་ཞིང༌། སྒྲིད་པ་དང་ལུས་ཐམས་ཅད་ལ་བེར་ལངས། ཁྱབ་བྱེད་ཀྱི་རླུང་ཟིན་པས་རྒྱས་པ་ཡིན་ཏེ། དེ་ཞི་བར་བྱ་བའི་ཕྱིར་བདེ་བ་ལ་རང་བཞིན་མེད་པར་བསྒོམ་མོ། །དེ་ལྟར་བསྒོམས་པ་དང༌། རྒོད་པ་དང་ཀུ་ཅོའི་སྒྲ་འདོན་སྙིང་འདོད་ན་ཤིན་ཏུ་བདེ་བ་རྒྱས་པ་ཡིན་ཏེ། ཤིན་ཏུ་ཡང་བསྒོམ་སྟེ་བདེ་བ་ལ་མི་དམིགས་པར་བསྒོམ་མོ། །དེ་ལྟར་བསྒོམས་པས་ཤིན་ཏུ་མྱོས་ཤིང་རྨོངས་ན་ཞི་གནས་ཤས་ཆེ་བ་ཡིན་ཏེ། དེ་མེད་པར་བྱ་བའི་ཕྱིར། ནང་གི་ཆོས་ཐམས་ཅད་སྒྱུ་མར་བསྒོམ་མོ། །དེ་ལྟར་ཆ་མཉམ་སྟེ་ཡང་དང་ཡང་དུ་བསྒོམས་པས་གསལ་ལ་རྟོག་པ་མེད་པ་སྐྱེས་ནས་བདེ་བ་ཆེན་པོ་ཐོབ་པར་འགྱུར་རོ། །གོང་མ་དེ་ལྟར་བསྒོམས་པའི་ཚེ་མཁའ་འགྲོ་མ་རྣམས་ཉམས་སད་དུ་འོང་བས་དེའི་ཚེ་བརྡ་བྱའོ། །དེ་ལྟར་མི་ཤེས་ན་དེའི་ཚེ་རྟོག་པ་མེད་པར་བསྒོམ་མོ། །དེ་ལྟར་བསྒོམས་པས་མཁའ་འགྲོ་མས་བྱིན་གྱིས་རློབ་པར་འགྱུར་རོ། །བསྒོམ་པའི་རིམ་པ་རྫོགས་སོ།།  །། ༄༅། །ན་མོ་གུ་རུ་བྷ་དྲཱ་ཡ། སློབ་དཔོན་བརྟུལ་ཞུགས་སྤྱོད་པ་བའི་ལྟ་བ་ནི། ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་མཐའ་བཞི་ལས་རྣམ་པར་གྲོལ་བའི་དེ་བཞིན་ཉིད་ཡིན་ལ། དེ་རྟོགས་པར་བྱེད་པའི་ཐབས་ནི་ལམ་རིམ་པ་བཞིའམ་ལྔ་ཡིན་ནོ། །དེ་ཡང་རྒྱུད་ཀྱི་རིམ་པ། སྔགས་ཀྱི་རིམ་པ། ཡེ་ཤེས་ཀྱི་རིམ་པ། གསང་བའི་རིམ་པ། གཉིས་སུ་མེད་པའི་རིམ་པ་སྟེ་ལྔ་ཀ་ཡང་བསྒོམ་བྱར་བཞེད་དོ། །ལྔ་ཀས་ཀྱང་འཇིག་རྟེན་པའི་ལམ་ཆོས་མཆོག་མན་ཆད་ཆོད་པར་བཞེད་དོ། །དང་པོ་རྒྱུད་རིམ་ལ། རྒྱུད་ནི་འཁོར་ལོ་བཞི་ལ་སོགས་པ་ཡེ་ནས་གནས་པ། རིམ་པ་ནི་དེ་རིམ་གྱིས་གསལ་འདེབས་པ། མཐར་ཕྱིན་པའི་ཚད་ནི་འཁོར་ལོ་བཞི་དང་རྩ་གསུམ་ཡིད་ལ་གསལ་བར་སྣང་བའོ། །སྔགས་རིམ་ལ། སྔགས་ནི་ལྟེ་བའི་ཨྃ། རིམ་པ་ནི་རིམ་གྱིས་སྦར་ཏེ་རང་གི་འཁོར་ལོ་དང༌། དེ་བཞིན་གཤེགས་པའི་འཁོར་ལོའི་ཡིག་འབྲུ་རྣམས་བསྲེགས་པའི་བར་མཐར་ཕྱིན་པའོ། །ཚད་ནི་འཕར་གཡོ་ལ་སོགས་པའོ། །ཡེ་ཤེས་ཀྱི་རིམ་པ་ལ། ཡེ་ཤེས་ནི་དགའ་བ་བཅུ་དྲུག་གི་མཐར་ལྷན་སྐྱེས་ཉམས་སུ་མྱོང་བ། རིམ་པ་ནི་དེ་བཞིན་གཤེགས་པའི་བདུད་རྩི་བྱིན་པ་གཡས་གཡོན་ནས་བྱོན་པ་ནས། རྡོ་རྗེ་ནོར་བུར་བདེ་བར་བསྒོམ་པ་དང༌། མཛོད་སྤུར་བདེ་བ་བསྒོམ་པའི་བར་དུ་རིམ་གྱིས་ཉམས་སུ་མྱོང་བའོ། །མཐར་ཕྱིན་པའི་ཚད་ནི། བདག་གི་རྒྱུད་བདེ་བས་མྱོས་པ་ལ་སོགས་པའོ། །གསང་བའི་རིམ་པ་ལ། གསང་བ་ནི་སྲོག་འཛིན་པའི་རླུང༌། རིམ་པ་ནི་རླུང་སྐྱོན་རྣམས་རིམ་གྱིས་སེལ་བ། མཐར་ཕྱིན་པའི་ཚད་ནི་ལུས་རས་བལ་གྱི་ཟེག་མ་ལྟར་ཡང་བ། རྟགས་ལྔ་མཐོང་བའོ། །དེ་ཙམ་ན་མཁའ་འགྲོ་མས་ཉམས་སད་པ་དང༌། ཆོ་འཕྲུལ་སྟོན་པའི་བར་ཆད་འབྱུང་བས། དེ་ལ་བརྡ་ཤེས་ན་བྱ། མི་ཤེས་ན་སྟོང་པ་ཉིད་དུ་ཤེས་པས་ཆོག དེ་ནས་གཉིས་སུ་མེད་པའི་རིམ་པ་བསྒོམ་སྟེ། དེ་ཡང་གཉིས་སུ་མེད་པ་ནི་སེམས་ཉིད་གཉུག་མ། རིམ་པ་ནི་ཕྱི་ནང་གི་ཆོས་ཐམས་ཅད་སེམས་ཉིད་ཡོངས་སུ་དག་པ་སྟོང་པ་ཉིད་གཅིག་གི་ངོ་བོ་ཤེས་ཤིང་བསྒོམ་པའོ། །མཐར་ཕྱིན་པའི་ཚད་ནི་མངོན་ཤེས་ཐོབ་པའོ། །དེས་འཇིག་རྟེན་པའི་ལམ་ཆོད་དོ། །དེ་ནས་ཕྱག་རྒྱ་ལུང་བསྟན་པ་འབྱུང་ལ། དེ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པ་ས་དང་པོའི་རྟོགས་པ་འཆར་རོ། །དེ་ནས་གནས་དང་ཉེ་བའི་གནས་ལ་སོགས་པས་བསྟན་པའི་ས་བཅུའི་རྟོགས་པ་རིམ་གྱིས་འཆར་བར་འགྱུར་རོ་གསུང་ངོ༌། །འབྲས་བུ་སྐུ་གསུམ་ཡན་ལག་བདུན་ལྡན་ནི། རང་བཞིན་མེད་པའི་ཡན་ལག རྒྱུན་མི་འཆད་པའི་ཡན་ལག འགོག་པ་མེད་པའི་ཡན་ལག་གསུམ་ནི་ཆོས་སྐུའི་ཡན་ལག ལོངས་སྤྱོད་རྫོགས་པ། ཁ་སྦྱོར། བདེ་ཆེན་གསུམ་ནི་ལོངས་སྤྱོད་རྫོགས་པའི་ཡན་ལག སྙིང་རྗེས་ཡོངས་སུ་གང་བ་ནི་སྤྲུལ་སྐུའི་ཡན་ལག་གོ །ཨི་ཐི།། ༄༅། །དང་པོར་རྒྱུད་ཀྱི་རིམ་པ་ནི། འཁོར་ལོ་དྲུག་སྟེ། བཤང་སྒོར་ཡྃ་ལས་རླུང་གི་དཀྱིལ་འཁོར་གཡོ་བའི་བ་དན་གྱིས་མཚན་པ། སུམ་མདོར་རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བས་མཚན་པ། ལྟེ་བ་སྤྲུལ་པའི་འཁོར་ལོའི་ནང་སྐོར་རྩ་འདབ་མ་བརྒྱད་ལ་སྡེ་ཚན་བརྒྱད་ཀྱི་ཐོག་མ། ཕྱི་སྐོར་དྲུག་ཅུ་རྩ་བཞི་ལ་ཨཱ་ལི་ཕྲག་གཉིས་གཡོན་སྐོར། ཀཱ་ལི་ཕྲག་གཅིག་གཡས་སྐོར། ལྟེ་བར་ཨཾ་ཤིན་ཏུ་ཆ་ཕྲ་བ། ཡི་གེ་རྣམས་མགོ་གྱེན་དུ་བལྟ་བའོ། །སྙིང་གའི་ཡི་གེ་མགོ་ཐུར་དུ་བལྟ་བ། མགྲིན་པའི་ཡི་གེ་མགོ་གྱེན་དུ་བལྟ་བའོ། །སྤྱི་བོའི་ཡི་གེ་མགོ་ཐུར་དུ་བལྟ་བའོ། །རྩ་གཡས་རོ་མ་ཉི་མ་མེའི་རང་བཞིན་དམར་ཞིང་མགོ་གྱེན་ལ་བལྟ་བས། འཁོར་ལོའི་ཡི་གེ་རྣམས་བྱིན་གྱིས་རློབ་པའོ། །གཡོན་རྐྱང་མ་ཟླ་བ་ཆུའི་རང་བཞིན་དཀར་ཞིང་མགོ་ཐུར་དུ་བལྟ་བས་འཁོར་ལོའི་ཡི་གེ་རྣམས་གསོས་འདེབས་པའོ། །འོག་གི་ཡེ་ཤེས་ཀྱི་མེ་གསེབ་ཏུ་ཀྵ་ཡིག་དམར་ནག་གོ །དེ་ལྟར་འཁོར་ལོ་དང་ཡིག་འབྲུ་ལ་སོགས་པ་ཐམས་ཅད་ཇི་སྲིད་གསལ་བར་མ་གྱུར་གྱི་བར་དུ་གསལ་གདབ་བོ། །ཁྱད་པར་དུ་ཨྃ་གི་དམིགས་པ་གསལ་ཞིང༌། སྟེང་རླུང་ཅུང་ཟད་མནན་པ་ལས་དུ་བ་ལ་སོགས་པའི་རྟགས་ལྔ་ཡང་འབྱུང་སྟེ། རྒྱུད་ཀྱི་རིམ་པ་མཐར་ཕྱིན་པའི་ཚད་དོ། །སཾ་པུ་ཊའི་དཔྱིད་ཐིག་ལྟར་ན། ལྟེ་བའི་ནང་སྐོར་སྔར་དང་འདྲ། ཕྱི་སྐོར་ལྔ་བཅུ་རྩ་དྲུག་ལ་ཨཱ་ལི་བཅུ་དྲུག་གཡོན་སྐོར། ཀཱ་ལི་སུམ་ཅུ་རྩ་དྲུག་གཡས་སྐོར། མ་ནིང་བོར་བའི་དབྱངས་བཅུ་གཉིས་ལ་ཐུང་ངུ་དྲུག་བོར་བས་རིང་པོ་དྲུག་སྟེ་ལྔ་བཅུ་རྩ་དྲུག་གོ །ཆོས་འཁོར་གྱི་ཕྱོགས་བཞིར་ཐུང་ངུ་བཞི། མཚམས་བཞིར་ཡ་ར་ལ་ཝ་བཞི། མགྲིན་པའི་ནང་སྐོར་ལ་རིང་པོ་བཞི། ཕྱི་སྐོར་བཅུ་གཉིས་ལ་མ་ནིང་སྤངས་པའི་དབྱངས་བཅུ་གཉིས་སོ། །སྤྱི་བོ་དང་ལྟེ་བའི་ཡི་གེ་འདྲའོ། །རྒྱས་པར་གཞན་དུ་བཙལ་ལོ་གསུང་ངོ༌། །ས་མཱཔྟ་མི་ཐི།།  །།ཨོཾ་«་་་་་ཨོཾ་རྡོ་རྗེ་ཁྲག་འཐུང་དམ་ཚིག་རྗེས་སུ་སྐྱོངས། »བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། ཧེ་རུ་ཀ་«་་་་་ཁྲག་འཐུང་ཉིད་ཀྱིས་ཉེ་བར་གནས་པར་མཛོད། »ཏྭེ་ནོ་པ་ཏིཥྛ། དྲི་ཌྷོ་མེ་«་་་་་བདག་ལ་བརྟན་པར་མཛད་དུ་གསོལ། »བྷ་བ། སུ་ཏོ་ཥྱོ་«་་་་་བདག་ལ་ཤིན་ཏུ་དགེས་པར་མཛོད། »མེ་བྷ་བ། ཨ་ནུ་རཀྟོ་«་་་་་བདག་ལ་རྗེས་སུ་ཆགས་པར་མཛོད། »མེ་བྷ་བ། སུ་པོ་«་་་་་བདག་ལ་ཤིན་ཏུ་རྒྱས་པར་མཛོད། »ཥྱོ་མེ་བྷ་བ། སརྦ་«་་་་་བདག་ལ་དངོས་གྲུབ་ཐམས་ཅད་སྩོལ། »སིདྡྷི་མྨེ་པྲ་ཡཙྪ། སརྦ་«་་་་་ལས་ཀུན་ལ་ཡང་བདག་སེམས་ལ། »ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿ«་་་་་དགེ་ལེགས་སུ་མཛོད་ཧཱུྃ། »ཀུ་རུ་ཧཱུྃ། ཧ་ཧ་«་་་་་ཧ་ཧ་ཧ་ཧ་ཧོཿ »ཧ་ཧ་ཧོཿ བྷ་ག་བཱན་བཛྲ་ཧེ་རུ་ཀ་མཱ་མེ་«་་་་་བཅོམ་ལྡན་རྡོ་རྗེ་ཁྲག་འཐུང་བདག་མ་འདོར། »མུཉྩ། ཧེ་རུ་ཀོ་བྷ་«་་་་་ཁྲག་འཐུང་ཉིད་དུ་མཛོད། »བ། མ་ཧཱ་ས་མ་ཡ་ས་ཏྭ་ཨ་ཧཱུྃ་ཕཊ«་་་་་དམ་ཚིག་སེམས་དཔའ་ཆེན་པོ་ཨ། »།ཅེས་ཨ་བྷི་དྷ་ནའི་ལེའུ་ཉི་ཤུ་རྩ་ལྔ་པ་ལས་འབྱུང་ངོ༌།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*