མངོན་རྟོགས་ཀྱི་ཊཱིཀ་ཆུང༌།

༼ཁ༽

༄༅། །མངོན་རྟོགས་ཀྱི་ཊཱིཀ་ཆུང་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འཁོར་ལོ་སྡོམ་པ་སྒྲུབ་པའི་ཐབས་འདིའི། བསྐྱེད་རིམ་རྩ་རྒྱུད་རྡོ་རྗེ་མཁའ་འགྲོ་ལ་བརྟེན། རྫོགས་རིམ་སཾ་པུ་ཊིའི་དཔྱིད་ཐིག་ལ་བརྟེན་པའོ། །འདིའི་ཕྱག་འཚལ་བ་ལ་སོགས་པའི་དགོས་པའི་དོན་ལ་སོགས་པའང་སྤྱི་དང་འདྲ་བར་ཤེས་པར་བྱའོ། །དེའང་ཡི་དྭགས་གདན་ལ་སོགས་པ་དོན་ཆེན་པོའི་ཡོན་ཏན་གྱི་རྟགས་ཀྱི་སྒོ་ནས་བསྟོད་པའོ། །ཚིག་གི་དོན་ཡང་འདིར་མ་བཀོད་དོ། །བཤད་པར་དམ་བཅའ་བ་ཡང་གཞུང་འདི་ཉིད་དུ་ཤེས་པར་བྱ། མངོན་པར་རྟོགས་པ་ནི། དང་པོར་ཤྲཱི་ཧེ་རུ་ཀ་ཨ་ཧཾ། ཞེས་བརྗོད་ལ་ངག་དག་པར་བྱ་སྟེ། སྙིང་གར་ཧཱུྃ་བསམས་པ་ཙམ་གྱིས་སེམས་དག དེའི་འོད་ཀྱིས་ལུས་ལྷར་བསམ་པ་ནི་སྐུའི་དག་པའོ། །དེའི་སྙིང་གར་ཧཱུྃ་བསམས་ལ། དེའི་འོད་ཀྱིས་བླ་མ་དང་ཡི་དམ་ལྷ་སུམ་ཅུ་རྩ་བདུན་མདུན་གྱི་ནམ་མཁར་སྤྱན་དྲངས་ལ་ཞབས་ལ་ཕྱག་བྱ། མཆོད་པ་རྣམ་པ་ལྔས་ཀྱང་མཆོད། ཡིད་ཀྱིས་མཆོད་པའང་བྱ། དེ་ནས་གུར་ནས་འབྱུང་བའི་ཚིག་བཅད་ཀྱིས་རྒྱུན་བཤགས་བྱ། ཚད་མེད་བཞི་འདིར་མི་བཞེད་ཡེ་ཤེས་ཀྱི་ཚོགས་དང༌། སྭ་བྷཱ་ཝའི་སྔགས་ཀྱིས་ཆོས་ཐམས་ཅད་སྟོང་པར་བསྒོམས་ཏེ་སེམས་ཙམ་དུ་བྱ། ཤཱུ་ནྱ་ཏཱའི་སྔགས་ཀྱི་སེམས་ཉིད་ཀྱང་སྟོང་པར་བྱའོ། །དེ་ཙམ་གྱིས་ནི་རྒྱུ་ཚོགས་གཉིས་བསག་པའོ། །འབྲས་བུ་ལྷ་བསྐྱེད་པ་ལ་དང་པོར་སྲུང་བའི་འཁོར་ལོ་ནི། བླ་མའི་ཞལ་ནས། སྟོང་པའི་ངང་ལས་ནཱ་དའོ། །དེ་ལས་ཐིག་ལེ། དེ་ལས་ཟླ་ཚེས། དེ་ལས་ཧ། དེ་ལས་ཞབས་སྐྱེད། དེ་ལྟར་ན་ཧཱུྃ་ངོ༌། །དེ་ལས་པྃ་འཕྲོས་པས་པདྨ། དེ་ལས་རྃ་འཕྲོས་པས་ཉི་མ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པའོ། །དེ་ནས་ངག་ཏུ་ཧཱུྃ་བཞི་པ་བརྗོད་ཅིང༌། རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་འོད་ཟེར་འབར་བ་ལས། འཕྲོས་པའི་ཁྭ་གདོང་མ་ལ་སོགས་པ་བརྒྱད་ཀྱི། ཁྭ་གདོང་ལས་ཁྭ་གདོང་མ་གཅིག་སྟེང་དུ་སྤྲོ། ཁྱི་གདོང་ལས་ཁྱི་གདོང་མ་གཅིག་འོག་ཏུ་སྤྲོས་ལ་དེ་དག་གིས་ཕྱོགས་བཅུའི་བགེགས་རྣམས་བཀུག་པར་བསམ། ཡང་ཧཱུྃ་ལས་ཕུར་བུ་དང་ཐོ་བ་སྤྲོས་ཏེ་ཕྱག་གཡས་གཡོན་དུ་གཏད་ལ་གྷ་གྷ་ལ་སོགས་པ་བརྗོད་ཅིང་ཕུར་བུ་བཏབ། དེ་ནས་ཕྱོགས་སྐྱོང་གི་ཕྱོགས་ཀྱི་རོ་རྣམས་ལས་རྭ་བ། མཚམས་ཀྱི་རོ་རྣམས་ལས་དྲྭ་བ། སྟེང་གི་ལས་གུར་དང་བླ་རེ། འོག་གི་ལས་རྡོ་རྗེའི་ས་གཞི་བསམ། དེའི་ཕྱི་རོལ་ཏུ་མེ་རི་འབར་བ་བསམ། དེ་དག་གི་དུས་སུ་སྔགས་རྣམས་ཀྱང་བརྗོད་དོ། །དེར་ཆོས་འབྱུང་གི་ནང་དུ་ལེའུ་སུམ་ཅུ་རྩ་གཉིས་པ་ནས་བརྡས་བསྟན་པའི་འབྱུང་བ་རིམ་བརྩེགས་གྱུར་པ་ལས་གཞལ་ཡས་ཁང་དུ་བསམས་ཏེ། འབྱུང་བའི་གོ་རིམ་ཀྱང་རླུང་ནས་བསྟན་པ་ནི་ཇི་ལྟར་གནས་པའི་རིམ་པ་ཡིན་ལ། འདིར་ས་ནས་བསྟན་པར་འགྱུར་བའི་གོ་རིམ་ཡིན་གསུང༌། འབྱུང་བ་རིམ་བརྩེགས་ལས་བྱུང་བའི་གཞལ་ཡས་ཁང་གི་ནང་དུ། སྣ་ཚོགས་རྡོ་རྗེ་དང་པདྨ་བསམ། དེ་སྟེང་དུ་ཨཱ་ལི་ལས་ཟླ་བ། ཀཱ་ལི་ལས་ཉི་མ། དེའི་བར་དུ་ཧཱུྃ་དང་ཨྃ་ལས་རྡོ་རྗེ་དང་གྲི་གུག་ཧཱུྃ་དང་ཨྃ་གིས་མཚན་པའོ། །དེ་དག་ཡོངས་སུ་གྱུར་པ་ལས་རྒྱུའི་རྡོ་རྗེ་འཆང་སྐུ་མདོག་དཀར་པོ། ཡབ་ཡུམ་ཞལ་བཞི་ཕྱག་བཅུ་གཉིས་པའོ། །དེ་ནས་མངལ་སྐྱེས་ཡིན་པས་འབྲས་བུའི་རྡོ་རྗེ་འཆང་དུ་བསྐྱེད་པའི་ཕྱིར། བཅོམ་ལྡན་འདས་ཀྱི་རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། བུ་གར་བྷྱྃ་གིས་མཚན་པ། ཡུམ་གྱི་པདྨ་སྟོང་པའི་ངང་ལས་ཨ་ལས་པདྨ་ཨས་མཚན་པ་བུ་གར་བྷྱྃ་གིས་མཚན་པའོ། །དེ་ནས་བསྲུབ་པ་དང་སྲུབ་པའི་སྦྱོར་བ་ལས། སྙོམས་འཇུག་གི་སྒྲས་དེ་བཞིན་གཤེགས་པ་རྣམས་བསྡུས་ནས་བདག་གི་ཞལ་ནས་ཞུགས། སྙིང་གར་འོད་དུ་ཞུ། རྡོ་རྗེའི་ལམ་ལས་ཡུམ་གྱི་པདྨར་བབས་པ་ལས་ཡབ་ཡུམ་འོད་དུ་ཞུ་བར་བསམ། དེ་ནས་ཐིག་ལེ་ལས་བྱུང་བའི་སངས་རྒྱས་རྣམས་ཀྱིས། ཨོཾ་མ་ཧཱ་རཱ་ག ལ་སོགས་པའི་སྔགས་ཀྱིས་བསྐུལ་བས་ཐིག་ལེ་ལས་ཡིག་འབྲུ་གཉིས་སུ་གྱུར། དེ་ལས་འབྲས་བུའི་རྡོ་རྗེ་འཛིན་པ་བཞེངས་པར་བསམ་མོ། །དེ་ནས་ཞལ་བཞི་པའི་སྔགས་ཀྱིས། ཞལ་བཞི་ཕྲིན་ལས་བཞི་དང༌། དགའ་བ་བཞི་ལ་སོགས་པའི་ངོ་བོར་བྱིན་གྱིས་བརླབ། དྷརྨ་དྷཱ་ཏུའི་སྔགས་ཀྱིས་སྐུ་ཐམས་ཅད་འབྲས་བུའི་རྡོ་རྗེ་འཆང་དུ་བྱིན་གྱིས་བརླབ། དེ་ནི་བསྙེན་པའོ། །ཉེ་བར་སྒྲུབ་པ་དང༌། སྒྲུབ་པ་ཡང་གོ་སླའོ། །སྒྲུབ་པ་ཆེན་པོ་ནི་ལུས་ཀྱིས་འབར་བའི་ཕྱག་རྒྱ་དང༌། ངག་ཏུ་ཕཻཾ་ཞེས་བརྗོད་དེ། ཡབ་ཡུམ་གཉིས་སྤྱན་དྲངས་ལ་བསྟིམ། དབང་བསྐུར་བ་ཡང་འབར་བའི་ཕྱག་རྒྱ་དང་ཕཻཾ་གྱི་སྒྲས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས་ལ། གསོལ་བ་གདབ་ཅིང་དབང་བསྐུར་བས་ཡབ་ཡུམ་གཉིས་ཀ་ལ་ཅོད་པན་མི་བསྐྱོད་པ་བསམས་ལ། ཕྱི་ནང་གི་མཆོད་པ་ཅི་རིགས་པས་མཆོད་དེ། མཁའ་གསང་བྱིན་གྱིས་བརླབ་པ་སྔར་བཞིན་ཤེས་པར་བྱའོ། །དེས་ནི་དང་པོ་སྦྱོར་བའོ།།  །།ད་ནི་དཀྱིལ་འཁོར་རྒྱལ་མཆོག་ལ། དེ་ཡང་གཙོ་བོའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་བདེ་བར་གཤེགས་པ་སྤྱན་དྲངས། ཡབ་ཡུམ་གྱི་སྨིན་མཚམས་ནས་མར་ཞུགས། སྙིང་གར་བབས། ལྟེ་བའི་ཨྃ་ལས་འོད་བྱུང་བས་དེ་དག་སྙིང་གར་ཞུ། དེ་ཡང་སྐད་ཅིག་ཙམ་གྱིས་བཞུ། དེ་ཡུམ་གྱི་བྷ་གར་བབས། དེ་ལས་རྟེན་དང་བརྟེན་པ་དུས་གཅིག་ཏུ་བསྐྱེད་དོ། །དེ་ནས་ཡུམ་གྱི་བྷ་གའི་ཡབ་རྡོ་རྗེའི་ལམ་ནས་དྲངས་ལ་ཡབ་ལ་བསྟིམ། ཡུམ་པདྨ་ནས་དྲངས་ལ་ཡུམ་ལ་བསྟིམ། དེ་ཡང་གཞུང་ལས་དབྱེ་འདོད་ཅེས་པ་དང༌། ཐ་དད་ཅེས་པ་ཡབ་ཡུམ་ཐ་དད་དུ་དྲང་ཞིང་བསྟིམ་པ་ལ་གསུང༌། ཕྱིན་ཅི་ལོག་ཏུ་ངེས་པར་སྦྱར། ཞེས་པ་སྤྱིར་དཀྱིལ་འཁོར་རྒྱལ་མཆོག་སྤྲོ་བ་ནི་ཡུམ་གྱི་བྷ་ག་ནས་སྤྲོ་བ་ཡིན་པ་ལ། འདི་བཟློག་པ་སྟེ་ཡབ་ཀྱི་ཐུགས་ཀར་དྲངས་ལ། དེ་ནས་སྙིང་པོའི་རྣལ་འབྱོར་མ་བཞི་ནས་དམ་ཚིག་གི་འཁོར་ལོའི་བར་དུ། རང་རང་གི་གནས་ནས་སྤྲོས་ཏེ་ཞར་ལ་ནང་གི་དཀྱིལ་འཁོར་གསལ་གདབ་པ་ཡིན་གསུང༌། དེ་ཡང་མགོ་བོར་པུལླཱི་ར་མཱ་ལ་ཡ། ལ་སོགས་པའང་ཕྱི་ནང་གཉིས་ཀར་ཕྱོགས་གཅིག་ཏུ་བསྟན་ཏེ། ཕྱི་ནི་གཙོ་བོ་ཡིན་ལ། ནང་ནི་ཞར་བྱུང་ཡིན་གསུང༌། དེ་ཡང་ཕྱིར་སྤྲོས་པ་དང་ནང་དུ་ལུས་ལ་བསྒོམ་པ་དུས་མཉམ་གསུང༌། དེ་ཡང་མཁའ་འགྲོ་མ་ནི་གཡས་དང་པོའི་ཕྱག་མཚན་རྡོ་རྗེ་ལ། ལཱ་མཱ་གཡོན་གྱི་དྲིལ་བུ་ལ། ཁཎྜ་རོ་ཧཱ་གཡས་འོག་མ་གླང་ལྤགས་འཛིན་པ་ལ། རཱུ་བི་ནི་གཡོན་འོག་མ་ལ། སྒོ་མ་བཞི་གཡས་པའི་ཕྱག་ལྷག་མ་བཞི་ལ། མཚམས་མ་བཞི་ཕྱག་གཡོན་པའི་ལྷག་མ་བཞི་ལ་བསྒོམ། ཁཎྜ་ཀ་པཱ་ལི་དང༌། རབ་ཏུ་གཏུམ་མོ་ལ་སོགས་པའི་དཔའ་བོ་དང༌། རྣལ་འབྱོར་མ་ནི། སྤྱི་བོ་ལ་སོགས་པའི་ཡུལ་སོ་སོར་བསྒོམ་པ་སྟེ། མི་ཕྱེད་མ་ལ་སོགས་པའི་རྩ་སུམ་ཅུ་སོ་གཉིས། སོ་དང་སེན་མོ་བསྐྱེད་པ་ལ་སོགས་པའི་ཁམས་རྣམས་ནི་དཔའ་བོ་ཉེར་བཞི། པུལླཱི་ར་མཱ་ལ་ཡ་ལ་སོགས་པའི་ཡུལ་ཉེར་བཞི་ནི་སྤྱི་བོ་ལ་སོགས་ཀྱི་ལུས་ཀྱི་ཆ་ཤས་སོ། །དེ་ལྟར་ཕྱི་ནང་གཉིས་གྲུབ་སྟེ་གཅིག་ཏུ་བསྒོམ་གསུང༌། བཅོམ་ལྡན་འདས་ཀྱི་ཞལ་ལ་སོགས་པ་འདི་རྡོ་རྗེ་མཁའ་འགྲོའི་རྗེས་སུ་འབྲང༌། ལོ་ཧི་པ་ཨ་བྷི་དྷ་ནའི་རྗེས་སུ་འབྲང་གསུང་ངོ༌། །ཡེ་ཤེས་དམ་ཚིག་ཅེས་པ་ལ་སོགས་པས་ལས་རྒྱལ་མཆོག་སྟོན། དེ་ཡང་ཡེ་ཤེས་པ་གཞུག་པ་དང༌། དབང་བསྐུར་བ་དང༌། མཆོད་པ་དང༌། དག་པ་རྗེས་སུ་དྲན་པ་རྣམས་ཏེ། དང་པོ་ནི་ས་བོན་གྱི་འོད་ཟེར་གྱིས་ལྷ་སུམ་ཅུ་རྩ་བདུན་གྱི་འཁོར་ལོ་སྤྱན་དྲངས་ལ། ཛཿཧཱུྃ་བཾ་ཧོཿ ལན་ལྔ་བརྗོད་པས་བསྟིམ་གསུང༌། དབང་ཡང༌། དབང་གི་ལྷ་སྤྱན་དྲངས་ལ་གསོལ་བ་བཏབ་པས། དབང་བསྐུར་ཏེ་མཁའ་འགྲོ་མ་ལ་སོགས་པ་བཞི་ལ་མི་བསྐྱོད་པ་ནས་རིན་འབྱུང་གི་བར་གཡོན་སྐོར་དུ། གཞན་རྣམས་དམ་ཚིག་གི་འཁོར་ལོའི་བར་དུ་ཕྱོགས་ཀྱི་ལྷ་རྣམས་ལ་མི་བསྐྱོད་པ་ནས་རིན་འབྱུང་གི་བར་དུ་གཡོན་སྐོར་དུ། མཚམས་རྣམས་གཡས་སྐོར་དུ་རྒྱས་གདབ་སྟེ། འདི་སློབ་དཔོན་བྷུ་རི་པའི་དགོངས་པ་དང་གཅིག་གསུང་ངོ༌། །མཆོད་པ་ཡང་ཕྱིའི་མཆོད་པ་ལྔ་དང༌། ནང་གི་བདུད་རྩི་དང༌། གསང་བའི་མཆོད་པ་ཡུམ་གྱི་བདེ་བ་ཉམས་སུ་བསྟར་བའོ། །དེ་ནས་ལྷའི་རྣམ་པར་ཞེན་པ་སྤང་བའི་ཕྱིར། རྣམ་པ་ལྷ་ལ། ངོ་བོ་བྱང་ཆུབ་ཀྱི་ཕྱོགས་སུ་དག་པ་དྲན་པར་བྱ་སྟེ། དེ་དག་གི་བཤད་པ་ལོ་ཧི་པ་ལྟར་གསུང་ངོ༌། །བར་འདིར་འོག་གི་བཟླས་པ་བྱ་སྟེ་རྩ་སྔགས་དང་སྙིང་པོ་ལ་སོགས་སོ་སོའམ། ལོ་ཧི་པར་གསུངས་པ་ལྟར་བཟླས་ཀྱང་རུང་ངོ༌། །དེ་ནས་དེས་སྐྱོ་ན་རྫོགས་རིམ་བསྒོམ་ལ་གཏོར་མ་གཏང༌། རྫོགས་པའི་རིམ་པ་ཡང་འདིར་བསྟན་པར་བྱས་པ་ཡིན་གྱི། ཇི་ལྟ་བར་བསྒོམ་པའི་དམིགས་པ་རྣམས་དཔྱིད་ཐིག་ཏུ་ཤེས་པར་བྱ་གསུང༌། རྣལ་འབྱོར་བཞི་ལས་མཉམ་གཞག་བསྐྱེད་རྫོགས་གཉིས་ཀྱིས་བསྟན་ནས། གཏོར་མའི་རྣལ་འབྱོར་དང༌། བདུད་རྩི་མྱང་བའི་ཆོ་ག་གཅིག་ཏུ་བསྟན་ཏེ། གཞུང་ཉིད་ན་གསལ་ལོ། །གཏོར་མ་དབུལ་བའི་སྔགས་དང༌། སློབ་དཔོན་འདིའི་ཐུགས་དགོངས་ཀྱི་བསྡུས་པ་འདི་ཀ་ཙམ་མོ་གསུང༌། ཆོ་ག་གསུམ་པ་ནི་སྤྱོད་ལམ་གྱི་དུས་སོ། །ཟས་ཀྱི་རྣལ་འབྱོར་ནི། ཙཎྜཱ་ལཱི་སྦར་བའི་མེའི་དུར་ཁྲོད་དུ་སྙིང་གར་ལྷ་སུམ་ཅུ་རྩ་བདུན་གསལ་གདབ། ཡེ་ཤེས་པ་དགུག་ཅིང་ཞལ་ནས་གཞུག དམ་ཚིག་པ་ལ་བསྟིམ། ལྗགས་ཧཱུྃ་ལས་རྡོ་རྗེར་བསམས་ལ། ནང་གི་སྦྱིན་སྲེག་གི་ཚུལ་དུ་ལོངས་སྤྱད་དོ། །ནག་པོ་མངོན་རྟོགས་ཀྱི་ཏི་པ་ན་ཨི་ཐི།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*