རས་རིས་ལ་བརྟེན་པའི་དཀྱིལ་ཆོག

༼ཁ༽

༄༅། །རས་རིས་ལ་བརྟེན་པའི་དཀྱིལ་ཆོག་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ནག་པོ་ཆོ་ག་ལ་བརྟེན་ནས། །བསྡུས་ལ་དགའ་བའི་དོན་གྱི་ཕྱིར། །དབང་བཞིའི་ཆོ་ག་མདོར་བསྡུས་པ། །དམ་པའི་གསུང་ལ་བརྟེན་ཏེ་བྲི། །དང་པོར་དད་པ་ལ་སོགས་པ་དང་ལྡན་པའི་སློབ་མས། བླ་མ་ལ་གསོལ་བ་གདབ་པ་ནི། ཕྱག་དང་མཎྜལ་སྔོན་དུ་འགྲོ་བས། ཁྱོད་ཞབས་པདྨོ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱིས། །བློ་མཆོག་བདག་ལ་གནང་བར་མཛོད། །ཅེས་ལན་གསུམ་དུའོ། །དེ་ནས་བླ་མས། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སོ་སོར་ཐར་པའི་འདུལ་བ་ལ་སྔར་བསྙེན་ཞིང་ད་བསྙེན་པ་ལ་སྤྲོའམ། ཞེས་དྲི། སྔར་བསྙེན་ན་མི་དགོས། མ་བསྙེན་ན་ཕྱིའི་སེམས་བསྐྱེད་བྱ། བླ་མ་ལྔ་བཅུ་པ་ནས་བཤད་པ་ལྟར། གཉིས་ཀའི་རྒྱུད་བརྟག སོ་སོར་མགུ་ན་གསོལ་བ་གདབ་པ་ནི། ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །ཐབས་དང་ཤེས་རབ་བདག་ཉིད་ཅན། །སྟོན་པའི་བསྟན་པ་ལེགས་གནས་པའི། །བདེ་མཆོག་ཆོ་ག་བཤད་དུ་གསོལ། །ཞེས་ལན་གསུམ་དུའོ། །དེ་ནས་བླ་མས་ཡོ་བྱད་འབྱོར་རམ་དྲི་བ་ནི། འཁོར་ལོ་མཆོད་པའི་ཡོ་བྱད་རྣམས། །ཁྱོད་ཀྱིས་ཐམས་ཅད་འབྱོར་གྱུར་ཏམ། །རྣལ་འབྱོར་རྣལ་འབྱོར་མ་དགའ་བར། །གུས་པ་ཡིས་ནི་བྱེད་ནུས་སམ། །ཞེས་གཅིག་གམ་གསུམ་དུ་དྲི། ལན་ཡང་དེ་ཉིད་ཀྱི་མཐར། གུས་པ་ཡིས་ནི་བྱེད་ནུས་སོ། །ཞེས་གདབ་བོ། །དེ་ནས་དམ་ཚིག་དང་སྡོམ་པ་བསྲུང་ནུས་སམ་དྲི་བ་ནི། ཧེ་རུ་ཀ་དཔལ་ཚུལ་འདི་ལ། །བཟའ་དང་སྐུ་ལ་བརྟེན་པ་དང༌། །སྐྱེ་བ་མང་པོའི་སྡིག་པ་ནི། །བསགས་པ་རྣམ་པར་འཇིག་བྱེད་པ། །དཔའ་ཁྱོད་འཁོར་ལོ་སྡོམ་པ་ཡི། །སྡོམ་པ་སོ་སོར་བསྲུང་ནུས་སམ། །ཞེས་གཅིག་གམ་གསུམ་དུ་དྲི། ལན་ཡང་དེ་ཉིད་ཀྱི་མཐར། སྡོམ་པ་སོ་སོར་བསྲུང་ནུས་སོ། །ཞེས་གདབ་བོ། །དེ་ནས་ཚོགས་འཁོར་བྱ། བསྙེན་པའི་ཡོ་བྱད་དབུལ། བླ་མས་བསྙེན་པ་རབ་འབྲིང་གསུམ། ལས་དང་པོ་པས་གྲངས་ཀྱི་བསྙེན་པ་གཙོ་བོར་བྱའོ། །ད་ནི་བསྙེན་པ་སྔོན་དུ་སོང་བ་ལ་རྟེན་ས་ཆོག་འབྱུང་བ་ཡིན་པ་ལས། འདིར་བྲིས་སྐུ་ལ་བརྟེན་པའི་ཕྱོགས་ཡིན་པས་སའི་ཆོ་ག་ནི་མ་བཀོད་དོ། །དེ་ཡང་རྡོ་རྗེ་དྲིལ་བུ་པས་དཀྱིལ་འཁོར་གསུམ་གང་ཡང་རུང་བ་ལ་བརྟེན་ནས་དབང་བསྐུར་དུ་རུང་བར་གསུངས་ཏེ། རི་མོར་གནས་པའི་ལས་དང་ནི། །ཐིག་ལ་ཚོན་དགྱེའི་རིམ་པས་བསྟན། །འགྲོ་བ་ཐམས་ཅད་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །བཅོས་མ་གཉིས་ཀྱི་ངོ་བོ་གང༌། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པས་བསྒྲུབ་བྱ་དེ་མིན་ཏེ། །ཡང་དག་དོན་མཐོང་གྲོལ་ཕྱིར་རོ། །ཞེས་འབྱུང་ངོ༌། །དེ་ནས་སྤྱི་དོན་གསུམ་པ་སྟ་གོན་ནི། ས་ཕྱོགས་བ་བྱུང་དང་བདུད་རྩི་རྣམ་པ་ལྔས་བྱུག དེ་ཡང་ཁྲུ་དོ་ལ་སོགས་པ་ཇི་ལྟར་རིགས་པ་བྱའོ། །མཆོད་པ་ཅི་འབྱོར་པ་བཤམ། དེ་ནས་རང་གི་མངོན་རྟོགས་རྫོགས་པར་བསྒོམ། སངས་རྒྱས་ལ་མཆོད། དམ་ཚིག་ཅན་ལ་གཏོར་མ་གཉིས་དབུལ། བར་འདིར་ཚོགས་ལ་ལོངས་སྤྱད་ལ་འཇིག་རྟེན་པའི་གཏོར་མ་དབུལ། འདས་པའི་བཞག དཀྱིལ་འཁོར་བསྡུས་ལ་རང་ཉིད་ཡབ་ཡུམ་གྱི་ང་རྒྱལ་དུ་གནས་པས། སའི་ལྷ་མོ་སྟ་གོན་དུ་གནས་པ་ནི། མཎྜལ་ལ་དྲིའི་ཐིག་ལེ་དང༌། མེ་ཏོག་གི་ཚོམ་བུ་བྱ། སྲིན་ལག་གཡོན་པའི་རྩ་བར་ཧཾ་ཡིག་བསམས་ལ། སྲིན་ལག་ས་ལ་བརྡབ་ཅིང༌། ཧཾ་ཞེས་བརྗོད་པས་མེ་ཏོག་གི་སྟེང་དུ་སའི་ལྷ་མོ་གསེར་མདོག་ཏུ་སྣང་བ་ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་བསྣམས་པ་བློས་དམིགས་ལ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་པས་མཆོད་ཡོན། བཛྲ་པཱ་དྱཾ་གིས་ཞབས་བསིལ། དེ་བཞིན་དུ་མེ་ཏོག་ལ་སོགས་པ་ཡང་སོ་སོའི་སྔགས་ཀྱིས་ཕུལ་ལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་ལྟར་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་དུ་བརྗོད་པས་སྟ་གོན་དུ་གནས་པ་བྱའོ། །དེ་ནས་མེ་ཏོག་བསལ་ཏེ། ས་ཕྱོགས་དང་སྐྱང་ནུལ་བྱ། དེ་ནས་ལྷ་ལྷག་པར་གནས་པར་བྱ་བའི་ཕྱིར་དྲིའི་ཐིག་ལེ་དང༌། མེ་ཏོག་གི་ཚོམ་བུ་སུམ་ཅུ་རྩ་བདུན། ཐོད་པ་བཞི་དང་ཞེ་གཅིག དུར་ཁྲོད་བརྒྱད་དང་ཞེ་དགུ་བཀོད་ལ། ཚོམ་བུ་དབུས་མའི་སྟེང་དུ་ཨཱ་ལི་ལས་ཟླ་བ། ཀཱ་ལི་ལས་ཉི་མ། བར་དུ་ཧཱུྃ་ལས་རྡོ་རྗེ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས། ལྷ་སུམ་ཅུ་སོ་བདུན་རྟེན་དང་བརྟེན་པར་བཅས་པ་དུས་གཅིག་ལ་བསྐྱེད། ཡབ་ཡུམ་གྱི་གོ་ཆ་བཀོད། ཡེ་ཤེས་པ་དགུག་གཞུག་བྱ། དབང་བསྐུར་ཞིང་རྒྱས་གདབ། སྔགས་མཆོད་ནས་བཟུང་ནས་ཕྱི་མཆོད་དང༌། རས་ཟུང་དང༌། ཀུ་ཤ་དང༌། ཡིད་ལས་བྱུང་བ་དང༌། ནང་མཆོད་དང༌། རབ་ཏུ་མཉེས་པའི་དང༌། བློས་སྤྲུལ་པ་ལ་སོགས་པས་ཅི་ནུས་ནུས་སུ་མཆོད་ཅིང་བསྟོད་ལ་གསོལ་བ་གདབ་པ་ནི། གཉིས་མེད་ཡེ་ཤེས་ལས་བྱུང་བའི། །ཁྱབ་བདག་ཀུན་དངོས་བདག་ཉིད་ཅན། །སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ། །ཕག་མོ་ལྷན་ཅིག་ཡང་དག་སྦྱོར། །གང་ཞིག་ཕྱོགས་བཅུའི་དཔའ་བོ་དང༌། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །སློབ་མ་རྣམས་ལ་ཕན་པ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་པ། །ནང་པར་དཀྱིལ་འཁོར་བྲི་བར་བགྱིད། །རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །ཀུན་གྱི་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་དུ་བདུད་རྩི་ལྔ་དང་ཤའི་བདུག་སྤོས་ཐོགས་ལ་བྱའོ། །བར་འདིར་འཇིག་རྟེན་པའི་གཏོར་མ་བཏང་ཡང་བཏུབ། དེ་ནས་སློབ་མ་ལྷག་པར་གནས་པར་བྱ་བའི་ཕྱིར་ཁྲུས་བྱས་མཎྜལ་འབུལ་དུ་བཅུག་ལ། མྱ་ངན་ལས་འདས་པའི་བསམ་པ་བསྐྱེད་དུ་གཞུག་པའི་ཕྱིར། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདོད་པས་དེ་ལས་གཞན། །བདག་གཞན་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོ་ལྡན་པ་གང༌། །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། །ཚེ་འདིའི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་བརྗོད་ལ་བཤད་པ་བྱ། དེ་ནས་སློབ་མ་ཡིད་ཀྱིས་ཁ་ནས་བཅུག་ལ། གསང་བའི་དཀྱིལ་འཁོར་དུ་དབང་བསྐུར། ཡུམ་གྱི་དཀུ་གཡོན་པ་ནས་བཏོན་ལ་དཀྱིལ་འཁོར་གྱི་སྒོར་ཡིད་ཀྱིས་བཞག་སྟེ། གསོལ་བ་འདེབས་སུ་གཞུག་པ་ནི། དགའ་ཆེན་ཁྱོད་བདག་སྟོན་པ་པོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་ལ། སྤྲོ་བ་བསྐྱེད་པ་ནི། བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱིས། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་གང༌། །དེ་དག་ཀུན་ཀྱང་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེས། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེས་བཅོམ་ནས། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །དེ་ནས་ནང་གི་སེམས་བསྐྱེད་པ་ནི་མཎྜལ་ཚོམ་བུ་ལྔ་པ་ལ་བརྟེན་ནས། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་བདག་ནི་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་བཟུང་ནས། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་བསྲུང༌། །དེ་ནས་བྱང་ཆུབ་ཀྱི་སེམས་བསྲུང་བའི་ཕྱིར། །སློབ་དཔོན་གྱི་སྲིན་ལག་གཡོན་པའི་ཁྲག་དང༌། བདུད་རྩི་ལྔ་བསྲེས་ལ། དཔྲལ་བ་མགྲིན་པ་སྙིང་ག་རྣམས་སུ་རེག་ཅིང་འབྲུ་གསུམ་བརྗོད། གནས་གསུམ་པོ་དེར་ཕྱག་རྒྱ་གསུམ་ཡི་གེ་གསུམ་གྱིས་མཚན་པ་བསྒོམ། སློབ་མ་ལྷག་པའི་ལྷར་བསམ་ལ་མཆོད་པ་ལྔས་མཆོད། སྲུང་སྐུད་དམར་པོ་ལ་མདུད་པ་གསུམ་བྱས་ལ་ཧཱུྃ་ལས་དམ་ཚིག་གི་སྐུད་པར་བསྐྱེད་ཅིང༌། ཡེ་ཤེས་ཀྱི་སྐུད་པ་བསྟིམ། ཡི་གེ་བདུན་པ་བཟླས་ཤིང་དཔུང་པ་གཡོན་པར་བཅིངས་ལ་ཡི་གེ་བརྒྱ་པས་བརྟན་པར་བྱ། དེ་ནས་བདུད་རྩི་སྦྱར་བ་ཁར་བླུད་ཅིང༌། ཨོཾ་ཧྲཱིཿབི་ཤུདྡྷཿསརྦ་དྷརྨཱཿསརྦ་པཱ་པཾ་ནི་ཙ་སྱ་སཾ་ཤོདྷ་ཡ་སརྦ་བི་ཀལྤ་ཨ་པ་ན་ཡེ་སྭཱ་ཧཱ། ཞེས་བཟླས་ལ། ལུས་ལ་ཡང་གཏོར། དེ་ནས་སོ་ཤིང་གས་ཆག་མེད་པ་སོར་བཅུ་གཉིས་པ་རྩེ་མོ་ལ་མེ་ཏོག་བཏགས་པ་ལག་པ་གཡོན་པས་བཟུང༌། གསེར་དངུལ་ལས་བྱས་པར་མོས་ལ་སོ་བྲུད་པས་སྡིག་པ་སྐྱུགས་པར་བསམ་ལྟོས་པ་མེད་པར་དོར། དངོས་གྲུབ་བམ་ཕྲིན་ལས་གང་འགྲུབ་བརྟག རང་ལ་བལྟས་ན་མཆོག སྟེང་དུ་བལྟས་ན་མཁའ་སྤྱོད་ལ་སོགས་པ་གྲུབ་པ་བརྒྱད། འོག་ཏུ་བལྟས་ན་ས་འོག ཕྱོགས་མཚམས་སུ་བལྟས་ན་ལས་ཕྲན་ཚེགས་འགྲུབ་བོ། །དེ་ནས་དྷིཿབཟླས་པའི་ཀུ་ཤ་སྟན་དང༌། ཧ་བཟླས་པ་སྔས་སུ་བྱིན་ལ། ཆོས་ཟབ་མོ་བཤད་དེ་སྤྲོ་བ་བསྐྱེད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་འགྱུར། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་ཡང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །ཐམས་ཅད་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་གིས་སྤྱོད་པའི་མཆོག་འདི་ལ། བློ་གྲོས་ཤིན་ཏུ་མི་གཡོ་བས། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པའི། །བདག་ཉིད་ཆེན་པོ་ཐམས་ཅད་ཀྱི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པར། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །ལེགས་པ་ཉིད་དུ་འགྲོ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་བསྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་སྤྲོ་བ་བསྐྱེད་ལ་གློ་གཡས་པ་ས་ལ་ཕབ་སྟེ། དཀྱིལ་འཁོར་གྱི་ཁང་པ་དེ་ཉིད་དུ་ཉལ་བའམ། གཞན་དུ་ཡང་རུང་སྟེ་ཉལ་ལ་རྨི་ལམ་བརྟག ངན་ན་བསྲུང་ངོ༌། །དེ་ལ་ངན་པ་ནི་ཆུས་ཁྱེར་བ་ལ་སོགས་པའོ། །བཟང་བ་ནི་རི་ཕུག་ཏུ་ཉི་མ་འདེ་བ་ལ་སོགས་པའོ། །སློབ་མ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་བུམ་པ་ལྷག་པར་གནས་པའི་ཆོ་ག་ནི། མདོར་བསྡུ་ན་གཉིས་སུ་བཅས་པ་ལྷག་པར་བཀྲུ། སྐྱ་ཞལ་བྱུག རྣམ་རྒྱལ་ལ་ཤོག་བུ་ལ་རིགས་ལྔའི་མཚན་མ་བྲིས་ལ་གདགས། ལས་ཐམས་ཅད་པ་ལ་སྣ་ཚོགས་རྡོ་རྗེ་བྲི། མགུལ་ཆིངས་བཅིང༌། གུ་གུལ་གྱིས་བདུག་ཅིང་སུམྦྷ་ནི་བཟླས། ཡུངས་ཀར་བརྡེག གཉིས་ཀའི་ནང་དུ་སྨན་ལྔ་དང་འབྲུ་ལྔ་དང༌། རིན་པོ་ཆེ་ལྔ་གཞུག བདུད་རྩི་ལྔ་བླུགས། དྲི་ཞིམ་པོའི་ཆུས་དགང༌། ཁ་རྒྱན་མེ་ཏོག་གི་ཕྲེང་བ་གདགས། རྣམ་རྒྱལ་དུ་དཀྱིལ་འཁོར་རྫོགས་པར་བསྐྱེད། གོ་ཆ་དགོད། ཡེ་ཤེས་པ་གཞུག དབང་བསྐུར་ཞིང་རྒྱས་གདབ། ཕྱི་ནང་གི་མཆོད་པས་མཆོད། ལས་ཐམས་ཅད་པར་བདེ་བ་ཆེན་པོའི་ལྷ་ལྔའམ། ཁཎྜ་རོ་ཧཱ་གང་རུང་བསྐྱེད། དེ་ལ་ཡེ་ཤེས་པ་གཞུག་པ་ལ་སོགས་པ་ཐམས་ཅད་རྫོགས་པར་བྱའོ། །དེ་ནས་རྣམ་རྒྱལ་དུ་ལྷ་རྫོགས་པའི་སྔགས་སམ་ཡུམ་གྱི་ཉེ་སྙིང་སརྦ་བུདྡྷ་ལ་སོགས་པ་བརྒྱ་རྩའམ་ཉེར་གཅིག་བཟླས་སོ། །ལས་ཐམས་ཅད་པར་ཡང་དེ་ཉིད་དམ། ཁཎྜ་རོ་ཧཱ་བཟླས། ཡང་ན་བདེ་ཆེན་གྱི་ལྷ་ལྔའི་སྔགས་བཟླས་ཀྱང་རུང་ངོ༌། །དེ་ནས་བུམ་པའི་སྟེང་གི་ཐོད་པའི་བདུད་རྩི་དེ་བུམ་པ་གཉིས་སུ་བགོས་ལ་བླུགས་པས་ལྷ་ཐམས་ཅད་འོད་དུ་ཞུ་བར་བསམ་མོ། །བུམ་པ་སྟ་གོན་ནོ། །དེ་ནས་དཀྱིལ་འཁོར་ཞག་གི་ནུབ་མོ་གནས་ཁང་ཕྱག་དར་བྱས་ལ། བ་བྱུང་དང་བདུད་རྩི་བསྲེས་པས་བྱུག བྲིས་སྐུ་ཞལ་དབྱེ། བྲིས་སྐུའི་ཕྱོགས་མཚམས་བརྒྱད་དུ་མེ་ཏོག་དང་སྤོས་ལ་སོགས་པའི་མཆོད་པའི་ཡོ་བྱད་ཅི་འབྱོར་པ་བཤམ། ནང་མཆོད་དང༌། མེད་དུ་མི་རུང་བ་རས་ཟུང་དང༌། ཀུ་ཤ་དང༌། གཏོར་མ་གཉིས་ལ་སོགས་པའང་བཤམ་མོ། །དེ་ནས་བདག་ཉིད་ལྷའི་རྣལ་འབྱོར་རྫོགས་པར་བསྒོམས་ལ་བདག་ཉིད་ལ་མཆོད་པ་ཅི་འགྲུབ་བྱ། དེ་ནས་རང་གི་དཀྱིལ་འཁོར་སྣ་བུག་གཡས་གཡོན་གཉིས་ནས་ཕྱེད་ཕྱེད་དུ་བྱས་ཏེ་སྙིང་གར་བསྡུ། དེ་ནས་བྲིས་སྐུའི་བགེགས་སྦྱང་བའི་ཕྱིར་གཏོར་མ་གསུམ་ལ། སརྦ་བི་གྷྣན་སརྦ་ཏ་ཐཱ་ག་ཏེ་བྷྱོ་བྷི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ན་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཱཾ། བ་ལིཾ་ཏེ་སྭཱ་ཧཱ། ཞེས་པ་ལན་གསུམ་དུ་བརྗོད་དེ་བསྐོར་ཞིང་གཏང༌། ཏིང་ལོ་ཆང་བུ་གསུམ་ལ་ཡང༌། སུམྦྷ་ནི་བརྗོད་ཅིང་བསྐོར་ལ་གཏང༌། གུ་གུལ་གྱིས་བདུག ཉུངས་ཀར་གྱིས་བྲབ། དྲག་པོས་སྦྱང་བའོ། །གཡས་སུ་མེ་གཡོན་དུ་ཆུ་བཞག་ལ། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་ཡ་སྭཱ་ཧཱ། ཞེས་བརྗོད་དེ་ལག་པ་གཡས་པས་ཏིལ་མེར་བསྲེག གཡོན་པས་ཏིལ་ཆུར་དོར། དེ་ནས་མེ་ཡང་ཆུར་བླུགས་ལ་བཞི་མདོར་དོར་རོ། །སློབ་དཔོན་དང་སློབ་མ་གཉིས་ཀའི་སྡིག་པ་སྦྱང་བའོ། །དེ་ནས་བྲིས་སྐུ་ལ་མེ་ལོང་བསྟན་ལ་དེའི་གཟུགས་བརྙན་ཤར་བ་ལ། ཇི་ལྟར་བལྟམས་པ་ལ་སོགས་པའི་ཚིགས་བཅད་བརྗོད་ཅིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་བྱ་བ་ལ་སོགས་པས་མི་གཙང་བའི་དྲི་མ་བཀྲུའོ། །དེ་ནས་བྲིས་སྐུ་དེ་སྟ་གོན་གྱི་སྐབས་སུ་བཤད་པ་ལྟར། དམ་ཚིག་སེམས་དཔའ་བསྐྱེད་པ་ལ་སོགས་པ་ཡན་ལག་བཞིས་ལྷར་རྫོགས་པར་བསྐྱེད་ལ། ལྷ་རྣམས་རྫོགས་པའི་སྔགས་དང༌། ཡུམ་གྱི་ཉེ་སྙིང་དང༌། སྒོ་མ་བཞིའི་ཕྲེང་སྔགས་དང༌། ཨཱ་ལི་ཀཱ་ལི་དང༌། ཡི་གེ་བརྒྱ་པས་བྱིན་གྱིས་བརླབས་པས་བརྟན་པར་བྱ། དེ་ནས་དངོས་སུ་འབྱོར་པའམ་ཡིད་ལས་བྱུང་བའི་མཆོད་པའི་རྣམ་པ་ཐམས་ཅད་དང༌། ནང་བདུད་རྩི་དང༌། འཁྱུད་བའི་དང༌། བླ་ན་མེད་པའི་དང་བསྟོད་པའི་བར་ནི་སངས་རྒྱས་ལ་མཆོད་པའོ། །དེ་ནས་དུར་ཁྲོད་ཀྱི་བདག་པོ་རྣམས་ལ་གཏོར་མ་རྒྱ་ཆེན་པོ་གཏང༌། དམ་ཚིག་ཅན་གྱི་སྐྱེ་བོ་ཚོགས་པ་རྣམས་ལ་བཟའ་བཏུང་གི་ལོངས་སྤྱོད་ཀྱིས་ཚིམ་པར་བྱས་ཏེ། སློབ་དཔོན་བདག་ཉིད་ཀྱིས་དཀྱིལ་འཁོར་དུ་འཇུག་པ་ནས་བརྩམས་ཏེ། སློབ་མ་ལ་ཇི་ཙམ་བསྐུར་གྱི་དབང༌། དཀྱིལ་འཁོར་གྱི་གཙོ་བོ་ལས་བླང་ངོ༌། །དེ་ཙམ་གྱིས་ནི་དཀྱིལ་འཁོར་ཆེན་པོ་མཆོད་པ་དང༌། བདག་ཉིད་འཇུག་པའི་ཆོ་ག་བསྟན་ཏོ། །དེ་ནས་སློབ་མ་དཀྱིལ་འཁོར་དུ་འཇུག་པ་ནི། སློབ་དཔོན་གྱིས་ལས་ཐམས་ཅད་པའི་བུམ་པ་དང༌། གདོང་གཡོགས་དང་རྡོ་རྗེ་ཁྱེར་ལ་ལྷའི་ང་རྒྱལ་བརྟན་པར་བྱས་ཏེ། བདེན་པའི་སྟོབས་བརྗོད་པ་ནི། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །དེ་ཉིད་དེ་བཞིན་ངེས་པར་འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག །ཅེས་ལན་གསུམ་བརྗོད་དོ། །དེ་ནས་སློབ་མ་རྣམ་སྣང་དུ་དམིགས་ལ་ཨ་ཁཾ་བཱི་ར་ཧཱུྃ། ཞེས་བརྗོད་ལ་གདོང་གཡོགས་དམར་པོ་བཅིང༌། ལག་ཏུ་མེ་ཏོག་གི་ཕྲེང་བ་གཏད། ལས་ཐམས་ཅད་པའི་ཆུས་སྤྱི་བོ་ནས་བྲན་ཞིང་སུམ་བྷ་ནི་བཟླས་སོ། །དེ་ནས་འཇུག་པའི་དྲི་བ་ནི། བུ་ཁྱོད་སུ་ཡིན་ཅི་ལ་དགའ། །ཞེས་བཟླས་སོ། །སློབ་མས། སྐལ་བཟང་བདག་བདེ་བ་ཆེན་པོ་ལ་དགའ་འོ། །ཞེས་ལན་བཏབ། དེ་ནས་ཕྱིའི་འཇུག་པའི་ཕྱིར། སྙིང་གར་རྡོ་རྗེ་བཟུང་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡ་མི། སུ་ར་ཏེ་ས་མ་ཡ་སྟྭཾ། ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད་དོ། །དེ་ནས་སློབ་དཔོན་གྱིས་འདི་སྐད་བརྗོད་པར་བྱ་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རློབ་པར་འགྱུར་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་བརྗོད་དོ། །དེ་ནས་ཧཱུྃ་ཛཿཧཱུྃ་ཞེས་བརྗོད་ལ་སློབ་མའི་ལག་པ་ནས་རྡོ་རྗེས་དྲངས་ནས་ཡོལ་བའི་ནང་དུ་གཞུག་གོ །དེ་ཙམ་གྱིས་ནི་ཕྱིའི་འཇུག་པའོ། །དེ་ནས། གོང་ནས་གོང་གི་སྡོམ་པ་ནི། །བུ་ཁྱོད་ཀྱིས་ནི་བཟུང་བྱས་ཏེ། །གྲོལ་བའི་རྒྱུ་ནི་དེ་ལས་གཞན། །ཐབས་ནི་ཅུང་ཟད་ཡོད་མ་ཡིན། །ཞེས་དམ་ཚིག་བསྒྲག་གོ །དེ་ནས་ཉེ་སྙིང་བརྗོད་ཅིང༌། བདུད་རྩི་ཁར་བླུགས་སོ། །དེ་ནས་ཡང་ལྷག་པའི་ལྷར་མོས་ལ། སློབ་མ་ལ་གོ་ཆ་བསྐོན། སློབ་མའི་ལག་པ་གཡས་པ་ནས་བཟུང་ལ། ཨོཾ་ཤྲཱི་ཧེ་རུ་ཀཱ་ཡ་བིད། མ་ཧཱ་བི་དྱ་རཱ་ཛཱ་ཡཱ་དྷི་མ་ཧེ་སྭཱ་ཧཱ། ཞེས་རང་གི་སེམས་ཉིད་ལ་དཔའ་བོས་བསྐུལ། དེ་ནས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་པས་བླ་མ་ལ་ཕྱག་འཚལ། ཡང༌། དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །རྣལ་འབྱོར་གནས་ལ་བདག་སྐྱབས་མཆི། །ཞེས་ཞེ་ཐག་པས་ལྷག་པའི་ལྷ་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་བྱའོ། །དེ་ནས་སློབ་མས་སློབ་དཔོན་ལ་གསོལ་བ་གདབ་པ་ནི། དོན་དམ་སྨྲ་བའི་སེང་གེ་རྣལ་འབྱོར་ཞེས་བྱ་བ། །ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉེས་བརྒྱ་བསྐྱེད་རྩ་ཉོན་མོངས་ཆོམ་མཛོད་ལ། །རྣལ་འབྱོར་རྒྱལ་པོ་དོན་དམ་དེ་ཉིད་བདག་ལ་གྲུབ་པར་མཛོད། །ཅེས་ལན་གསུམ་དུ་གསོལ་བ་གདབ། དེ་ནས་སློབ་དཔོན་གྱིས་ལྷ་ལ་གསོལ་བ་གདབ་པ་ནི། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི། །ཞེས་ལན་གསུམ་དུ་གསོལ་བ་གདབ་བོ། །དེ་ནས་གྲུབ་ན་སྔར་དཀྱིལ་འཁོར་ལ་བྱས་པ་བཞིན། སློབ་མ་ལ་བགེགས་དང༌། སྡིག་པ་དང༌། དྲི་མ་སྦྱང་བ་གསུམ་ཀར་བྱའོ། །མ་གྲུབ་ན་བགེགས་སྦྱང་བ་ཙམ་ལ་བརྟེན་ནས། སློབ་མ་སྐད་ཅིག་ཙམ་གྱིས་སྟོང་པར་བསྒོམ་ལ། མངོན་པར་བྱང་ཆུབ་པ་ལྔའམ། སྐད་ཅིག་གིས་སློབ་མ་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པར་བསྐྱེད་ལ། དེའི་སྙིང་གར་ཡང་ཡེ་ཤེས་ཀྱི་དཀྱིལ་འཁོར་རྫོགས་པར་བསྐྱེད་ལ། ཡེ་ཤེས་སེམས་དཔའ་རྣམས་ལྷའི་རྣམ་པའམ། ཨཱ་ལི་ཀཱ་ལིའི་རྣམ་པར་བཀུག་སྟེ། སློབ་མའི་སྙིང་གར་བསྟིམ། སློབ་མའི་ལུས་ཐམས་ཅད་ལྷའམ་ཡིག་འབྲུས་ཁྱབ་པར་བསམ། དེ་ཙམ་གྱིས་ལྷ་དང་སྐལ་བ་མཉམ་པར་བྱས་ཤིང༌། དཀྱིལ་འཁོར་དུ་འཇུག་པའི་ངོ་བོ་ཡིན་ནོ། །དེ་ནས་བྱིན་གྱིས་བརླབ་པའི་ཕྱག་ནི། ཨོཾ་ན་མསྟེ་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ན་མ་ཧཱུྃ་སྭཱ་ཧཱ། ཞེས་བྱ་བས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་འཇུག་པའི་སྒོ་ལྷོ་ཕྱོགས་ནས་ཕྱག་གསུམ་བྱའོ། །སྤྲོས་པ་ལ་དགའ་བས་ནི། གཡོན་སྐོར་གྱིས་ཕྱོགས་ཐམས་ཅད་ནས་ཕྱག་བྱའོ། །དེའི་སྔགས་རྒྱས་པ་ནི་འདིར་མ་བཀོད་དོ། །དེ་ནས་སྡོམ་པ་དབོག་པ་ནི། འདིའི་ལུགས་ཀྱི་སྡོམ་པ་བསྒྲགས་པ་ཙམ་གྱིས་ཀྱང་དབོག་པར་བཞེད་པས་སོ། །དང་པོར་སྡོམ་པ་བསྒྲག་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་ཡིད་འོང༌། །སྡོམ་པ་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །བློ་ཆེན་ཁྱོད་ཀྱིས་གཟུང་བྱ་སྟེ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བསྒྲགས་སོ། །སློབ་དཔོན་ཁྱོད་ཀྱིས་གཟུང་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པར་གསུངས་པའོ། །རིན་ཆེན་རིགས་ལ་རྟག་ཏུ་ནི། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང༌། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་གྱིས། །མཆོད་པའི་ལས་ཀྱང་ཅི་ནུས་གྱིས། །ཞེས་བསྒྲགས་སོ། །སློབ་དཔོན་གྱིས་བསྒྲགས་པའི་རྗེས་སུ། སློབ་མས་ཀྱང་བཟླས་པ་བྱ་བ་ནི། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་རྡོ་རྗེ་འདི་ཞེས་པ། །དུས་འདི་ཉིད་ནས་བཟུང་ནས་ནི། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་སོ་སོར་བརྟན་པོར་བཟུང༌། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་བཟུང༌། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང༌། །ལས་ཆེན་རིགས་ནི་བསྡུས་པ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །བདག་གིས་སྡོམ་པ་མ་ལུས་བསྲུང༌། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་བརྗོད་དོ། །དེ་ནས་ཡེ་ཤེས་དབབ་པའི་དམ་ཚིག་བསྒྲག་པ་ནི། དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང༌། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་བརྗོད་དོ། །ཡང་སྙིང་གར་རྡོ་རྗེ་བཞག་སྟེ་བརྗོད་པ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །དེ་ནས་བདུད་རྩི་བླུད་ལ་བརྗོད་པ་ནི། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་པཉྩ་ཨ་མྲི་ཏ་ཨུ་ད་ཀ་ཋཿཋཿཋཿཧཱུྃ། དེ་ནས་བླ་མའི་བཀའ་མཉན་པར་གདམས་པ་ནི། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི་ཧེ་རུ་ཀ་ང་ཡིན་གྱིས། ངས་གང་འདི་གྱིས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱའོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཁྱོད་ཡིད་མི་བདེ་བ་མ་སྤངས་པར་ཚེའི་དུས་བྱས་ནས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཞེས་བརྗོད་དོ། །དེ་ནས་ནང་གི་འཇུག་པ་ཡེ་ཤེས་དབབ་པར་གསོལ་བ་གདབ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་བྱིན་གྱིས་རློབས་ཤིག བདག་ལ་དཔལ་ཧེ་རུ་ཀ་དབབ་ཏུ་གསོལ། ཞེས་སྨྲར་གཞུག་གོ །དེ་ནས་རྫས་དང་སྔགས་དང་ཏིང་ངེ་འཛིན་གྱིས་བསྐུལ་ལ་དབབ་སྟེ། དེའང་གཞུང་ལས་འབྱུང་བའི་རྫས་ཀྱིས་བདུག་ཅིང༌། སྐུའི་སྦྱོར་བ་ཐམས་ཅད་ཀྱི་རོལ་མོའི་སྒྲ་བྱའོ། །ངག་ཏུ་ཡབ་ཡུམ་གྱི་སྙིང་པོའི་རྗེས་ལ། ཨོཾ་ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཧཱུྃ། ཨོྃ་ཤྲཱི་ཧེ་རུ་ཀཱ་ཡ་བིད་མ་ཧེ་བིདྱ་རཱ་ཛཱ་དྷི་མ་ཧེ་སྭཱ་ཧཱ། ཞེས་བརྗོད་དེ། དེ་ནས་ཏིང་ངེ་འཛིན་གྱིས་དཔའ་བོ་དང་རྣལ་འབྱོར་མ་དཔག་ཏུ་མེད་པ་རྣམས། དེའི་བ་སྤུའི་བུ་ག་ནས་འཇུག་པར་བསམ་ཞིང་སྙིང་གར་ཐིམ་པར་བསམ་མོ། །དེ་ནས་ལུས་ལ་འབྱུང་བའི་དཀྱིལ་འཁོར་ཡང་བཀོད་དེ། རྐང་མཐིལ་དུ་ཡྃ་ལས་རླུང་གི་དཀྱིལ་འཁོར་གཡོ་བ་བ་དན་དང་བཅས་པ་བསམ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ཛྷཻཾ་ལྗང་གུ་བསམ། སྙིང་གར་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་རྡོ་རྗེས་མཚན་པ། མགྲིན་པར་བྃ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། སྤྱི་བོར་ཡྃ་ལས་རླུང་བསམ་མོ། །དེ་ནས་རྐང་མཐིལ་གྱི་རླུང་དང་མེས་ནམ་མཁའ་ལ་བཏེག སྤྱི་བོའི་རླུང་གིས་མར་ཕུལ་བར་བསམ་མོ། །དེ་ལྟར་སློབ་དཔོན་དང་སློབ་མ་གཉིས་ཀས་བསྒོམས་ན་མྱུར་དུ་འབབ་པར་འགྱུར་རོ། །དེ་ནས་སྐུ་གསུང་ཐུགས་གང་བབས་ཀྱང་སྤྱི་བོར་རྡོ་རྗེ་བཞག་ལ་ཏིཥྛ་བཛྲ་ཞེས་པས་བརྟན་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷའི་ཁ་དོག་བརྟགས་ལ་ལྟོས་པ་མེད་པར་མེ་ཏོག་ཕྲེང་བ་དོར། སླར་ཡང་བླངས་ཏེ་ཨོཾ་པྲ་ཏི་གྲྀཧྞ་ས་མི་མཾ། ས་ཏྭ་མ་ཧཱ་བཱ་ལ། ཞེས་བརྗོད་ལ་མགོ་ལ་བཅིང༌། དེ་ནས། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་རྩོམ་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་བརྗོད་ལ་གདོང་གཡོགས་དགྲོལ། དེ་ནས་དཀྱིལ་འཁོར་གྱི་ལྷ་ངོ་བསྟན་པ་ནི། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱའི་བྱིན་གྱིས་བརླབས། །འགྲོ་བའི་ཕུན་སུམ་ཚོགས་དོན་དང༌། །དངོས་གྲུབ་ཀུན་ནི་མངོན་དུ་གྱུར། །དམ་ཚིག་ཐམས་ཅད་བསྲུང་བ་དང༌། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །ཞེས་བརྗོད་ལ་ལྷ་གང་ལ་མེ་ཏོག་ཕོག་པ་གཙོ་བོར་བསྟན་ཅིང༌། གཞན་སྒོ་སྲུང་ནས་གཙོ་བོའི་བར་དུ་བསྟན་ཏོ། །དེ་ཡང༌། སྣ་ཚོགས་པདྨོའི་ལྟེ་བར་བཞུགས། །གཉིས་མེད་གཉིས་མེད་པང་ན་གནས། །བརྟན་གཡོ་ཀུན་གྱི་བདག་ཉིད་ཅན། །སྤྱོད་དང་གྲོལ་བར་རབ་བརྩོན་པ། །ཀུན་མཁྱེན་ཀུན་མཛད་གཙོ་བོ་སྟེ། །དཔའ་བོ་ཆེ་ལ་བུ་ཁྱོད་ལྟོས། །ཞེས་ཀྱང་བརྗོད་དོ། །དེ་དག་ཙམ་གྱིས་ནི་སློབ་མ་དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ། །དེ་ནས་སློབ་མ་དབང་བསྐུར་བར་བྱ་བའི་ཕྱིར། ཅི་འབྱོར་པའི་ཡོན་བླ་མ་རྡོ་རྗེ་སློབ་དཔོན་ལ་ཕུལ་ལ། གསོལ་བ་གདབ་པ་ནི། ཧེ་རུ་ཀ་དཔལ་དབང་བསྐུར་བ། །ཇི་ལྟར་ཡོན་ཏན་འབྱུང་གནས་གཙོ། །དེ་བཞིན་བདག་ལ་དེང་སྩོལ་ཞིག །ཅེས་ལན་གསུམ་དུའོ། །རྡོ་རྗེ་སློབ་དཔོན་དུ་འོས་པས་དེའི་སྟེང་དུ་ཡང༌། དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །ཞེས་ལན་གསུམ་དུའོ། །དེ་ནས་སྣ་ཚོགས་པདྨའམ་སེང་གེའི་ཁྲིའི་སྟེང་དུ་སློབ་མ་བཞག་ལ། ལྷའི་རྣལ་འབྱོར་འཛིན་དུ་གཞུག སྦྱོང་བ་རྣམ་པ་གསུམ་འཇུག་པའི་སྐབས་བཞིན་དུ་བྱའོ། །དེ་ནས་དབང་བསྐུར་བ་བཅུ་བཞི་ལས། ཐོག་མར་མེ་ཏོག་ཕྲེང་བའི་དབང་བསྐུར་བ་ནི། སྔར་གྱི་མེ་ཏོག་གང་ཡིན་པ་དེ་ལྷ་ལ་དབུལ་ཏེ་དྲིན་ལན་ལན་གྱིས་བླན་པའི་ཚུལ་ལོ། །སླར་ཡང་བླངས་ལ་མགོ་ལ་བཏགས་ཏེ། དེའི་རིགས་དང་རྗེས་སུ་འབྲེལ་བའི་མིང་གདགས་སོ། །དེ་ནས་ལྷ་དེ་ཉིད་ཀྱི་སྙིང་པོའམ། གཙོ་བོའི་སྙིང་པོ་ཡི་གེ་ཉི་ཤུ་རྩ་གཉིས་པའི་རྗེས་སུ་བཟླས་པ་ལན་གསུམ་གྱིས། ལྷ་ཐམས་ཅད་ཀྱི་བཟླས་པའི་ལུང་ཐོབ་པར་འགྱུར་རོ། །དེ་ནས་རིག་པའི་དབང་ལྔ་ལ་ཐོག་མར་ཆུའི་དབང་ནི། བུམ་པའི་ནང་དུ་མི་བསྐྱོད་པ་སྐད་ཅིག་མའམ་ཆོ་ག་གསུམ་གྱིས་བསྐྱེད་ལ། དེ་འོད་དུ་ཞུ་བའི་ཆུར་བསམ། སློབ་མ་ཡང་སྐད་ཅིག་གིས་མི་བསྐྱོད་པར་བསྒོམ་དུ་གཞུག དེ་ནས་བུམ་པ་ཐོགས་ལ་ནམ་མཁའ་ལ་སྐད་ཅིག་གིས་སྒོ་མཚམས་མ་བརྒྱད་བྱོན་པར་བསམ་སྟེ། བུམ་པའི་ཆུས་དབང་བསྐུར་བར་བསམ་ཞིང༌། དངོས་སུའང་བུམ་པའི་ཆུ་བླུགས་ཏེ། སྒོ་མཚམས་མའི་སྔགས་ཀྱི་མཐར་བཛྲ་ཨ་བྷི་ཥིཉྩ་བརྗོད་དོ། །དེ་ནི་ཕྱིའི་དབང་ངོ༌། །དེ་ནས་སློབ་དཔོན་གྱི་སྙིང་གའི་ས་བོན་གྱི་འོད་ཀྱིས་མི་བསྐྱོད་པ་དཔག་ཏུ་མེད་པ་བཀུག་སྟེ། སློབ་མའི་སྤྱི་བོར་ཟླ་བ་ལ་ཨཾ་བསམ་པའི་བུ་ག་ནས་ཞུགས་ཏེ། ལུས་ཐམས་ཅད་མི་བསྐྱོད་པའི་རྡུལ་ཕྲ་རབ་ཀྱིས་ཁྱབ་པར་བསམ་མོ། །དེ་ནས་མཆོད་པ་ལྔས་མཆོད། ཕུང་པོ་ལྔ་ལས་རྣམ་ཤེས་དག ཉོན་མོངས་པ་ཞེ་སྡང་དག ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང༌། མི་བསྐྱོད་པའི་དངོས་གྲུབ་ཐོབ་པ་ཡིན་ནོ། །ཞེས་བསྟན་ཏོ། །གཉིས་པ་དབུ་རྒྱན་གྱི་དབང་ནི་དབུ་རྒྱན་སྐད་ཅིག་མའམ་ཆོ་ག་གསུམ་གྱི་རིན་འབྱུང་དུ་བསྐྱེད། སློབ་མའང་རིན་འབྱུང་དུ་བསྒོམ་དུ་གཞུག དེ་ནས་ཕག་མོའི་སྙིང་པོའི་རྗེས་ལ། ཨོཾ་པྲ་ཏཱིཙྪ་མཧཱ་མུ་ཀུ་ཊ་ཧོ། ཞེས་བརྗོད་དེ་དབུ་རྒྱན་མགོ་ལ་བཞག བུམ་པའི་ཆུས་ཀྱང་སྔར་བཞིན་དུ་ལྡུགས་པ་ནི་ཕྱིའི་དབང་ངོ༌། །ཡང་སྙིང་གའི་ས་བོན་གྱི་འོད་ཀྱིས་རིན་ཆེན་བྱུང་ལྡན་དཔག་ཏུ་མེད་པ་སྤྱན་དྲངས་ལ། སློབ་མའི་སྤྱི་བོའི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་བུ་ག་ན་མར་བསྟིམ་ལ། ལུས་ཐམས་ཅད་རིན་ཆེན་འབྱུང་ལྡན་གྱི་རྡུལ་ཕྲ་རབ་ཏུ་བསམ། མཆོད་པ་ལྔས་མཆོད། ཚོར་བ་དང་སེར་སྣ་དག མཉམ་པ་ཉིད་དང༌། རིན་ཆེན་འབྱུང་ལྡན་གྱི་སྐལ་བ་དང་མཉམ་པར་བསྟན་ཏོ། །གསུམ་པ་རྡོ་རྗེའི་དབང་ནི་ཆོ་ག་གསུམ་མམ་སྐད་ཅིག་མས། རྡོ་རྗེ་སྣང་བ་མཐའ་ཡས་སུ་བསྐྱེད། སློབ་མའང་སྣང་མཐར་བསྒོམ་དུ་གཞུག དེ་ནས། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཧེ་རུ་ཀ་དཔལ་དབང་བསྐུར་བས། །དེ་རིང་ཁྱོད་ལ་དབང་བསྐུར་ཏེ། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ལོང༌། །ཞེས་བརྗོད་ལ་ལག་ཏུ་སྦྱིན། ཡང་བུམ་ཆུས་བྲན། ཡང་སྙིང་གའི་ས་བོན་གྱི་འོད་ཀྱིས་སྣང་བ་མཐའ་ཡས་དཔག་ཏུ་མེད་པ་སྤྱན་དྲངས་ལ་མགྲིན་པར་པདྨའི་ལྟེ་བ་ནས་ཞུགས་པས། སློབ་མའི་ལུས་ཐམས་ཅད་འོད་དཔག་མེད་ཀྱི་རྡུལ་ཕྲ་རབ་ཀྱིས་ཁེངས་པར་བསམ་པ་ནི་ནང་གི་དབང་ངོ༌། །ཡང་མཆོད་པ་ལྔས་མཆོད། འདུ་ཤེས་དང་འདོད་ཆགས་གཉིས་དག སོ་སོར་རྟོག་པ་དང་སྣང་བ་མཐའ་ཡས་ཀྱི་སྐལ་བ་བཞག་གོ་ཞེས་དྲན་པར་བྱའོ། །བཞི་པ་དྲིལ་བུ་ནི། སྐད་ཅིག་མའམ་ཆོ་ག་གསུམ་གྱིས་དོན་ཡོད་གྲུབ་པར་བསྐྱེད། སློབ་མའང་དོན་གྲུབ་ཀྱི་ང་རྒྱལ་བསྐྱེད་དུ་བཅུག་ལ། དེ་ནས། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པ་དམ་པ་བྱེད་པར་འགྱུར། །ཞེས་བརྗོད་དེ་ལག་པ་གཡོན་པར་སྦྱིན། ཡང་བུམ་པའི་ཆུས་ཀྱང་དབང་བསྐུར་བ་ནི་ཕྱིའི་དབང་ངོ༌། །ཡང་སྙིང་གའི་ས་བོན་གྱི་འོད་ཀྱིས་དོན་ཡོད་གྲུབ་པའི་རྡུལ་ཕྲ་རབ་ཀྱིས་གང་བར་བསམ་པ་ནི་ནང་གི་དབང་ངོ༌། །ལྔ་པ་མིང་གི་དབང་ནི་དབང་རྫས་དངོས་སུ་མེད་པས་རྣམ་སྣང་དུ་བསྐྱེད་པ་མེད་ལ། སློབ་མ་རྣམ་སྣང་དུ་བསྒོམ་དུ་བཅུག་སྟེ། དེ་ནས་སློབ་དཔོན་གྱིས་རྡོ་རྗེ་དྲིལ་བུ་བཟུང་སྟེ། མཁའ་འགྲོ་མ་ལ་སོགས་པ་བཞིའི་མཐར། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མི། ཤྲཱི་ཧེ་རུ་ཀ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཞེས་བརྗོད་ལ་གང་ལ་མེ་ཏོག་ཕོག་པའི་ལྷ་ལས་དྲས་པའི་མིང་གདགས་ཏིང་ངེ་འཛིན་གྱིས་ནམ་མཁའ་ལས་མཁའ་འགྲོ་མ་ལ་སོགས་པ་བཞིས་མིང་འདོགས་པར་བསམ། ཡང་བུམ་པའི་ཆུས་སྤྱི་བོ་ནས་གཏོར་བ་ཕྱིའི་དབང་ངོ༌། །ཡང་ས་བོན་གྱི་འོད་ཟེར་གྱིས་རྣམ་སྣང་དཔག་ཏུ་མེད་པ་སྤྱན་དྲངས་ལ། སློབ་མའི་སྤྱི་བོ་ནས་ཨོཾ་མགོ་ཐུར་ལྟས་ཀྱི་བུ་ག་ན་མར་བསྟིམ་པས། ལུས་ཐམས་ཅད་རྣམ་སྣང་གི་རྡུལ་ཕྲ་རབ་ཀྱིས་གང་བར་བསམས་ལ། མཆོད་པ་ནི་ནང་གི་དབང་ངོ༌། །སྤང་བྱ་གཟུགས་དང༌། གཏི་མུག་གཉིས་དག གཉེན་པོ་མེ་ལོང་ལྟ་བུ་དང༌། རྣམ་སྣང་གི་སྐལ་བ་དང་ལྡན་པར་བྱས་པའོ་ཞེས་བརྗོད་པའོ། །དེ་ལྟར་ན་མེ་ཏོག་ཕྲེང་བ་དང་རིག་པའི་དབང་ལྔ་དང་དྲུག་གོ །དེ་ནས་རང་གི་ལྷག་པའི་ལྷའི་སྐུ་གསུང་ཐུགས་རྡོ་རྗེ་དང་མི་འབྲལ་བར་བྱ་བའི་ཕྱིར། ཐུན་མོང་གི་བརྟུལ་ཞུགས་ནི། ཡང་སློབ་མ་མི་བསྐྱོད་པར་བསྒོམ་དུ་གཞུག སློབ་དཔོན་གྱིས་དེའི་སྙིང་གར་ཡང་མི་བསྐྱོད་པ་གཅིག་བསྒོམ་པ་ནི་ནང་གི་དབང་ངོ༌། །དེ་ནས། འདི་དེ་སངས་རྒྱས་ཐམས་ཅད་དེ། །ཧེ་རུ་ཀ་དཔལ་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི། བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ། དྷཱ་ར་ཡ་མི་ཧཱུྃ་ཧ་ཧ་ཧ་ཧོ་ཞེས་བརྗོད་ལ་ལག་ཏུ་རྡོ་རྗེ་སྦྱིན་པ་ནི་རྡོ་རྗེའི་བརྟུལ་ཞུགས་སོ། །དེ་ནས་སྤྱོད་པ་ལ་ནུས་མཐུ་དང་ལྡན་པར་བྱ་བའི་ཕྱིར། ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་ནི། སློབ་མ་ཕྱག་བཅུ་གཉིས་པའི་ང་རྒྱལ་འཛིན་དུ་བཅུག་ལ། སྙིང་གར་ཡང་དེ་འདྲ་གཅིག་བསམས་ལ། ཁ་ཊྭཱཾ་ག་ལག་ཏུ་བྱིན་ལ་འདི་སྐད་དུ་བརྗོད་དེ། ཁ་ཊྭཱཾ་ཅང་ཏེའུ་ལྷུང་བཟེད་བཟང༌། །ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ག །རྣལ་འབྱོར་མ་ནི་ཌཱ་མ་རུ། །རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེ་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཤིང༌། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །ཁ་ཊྭཱཾ་ག་དང་རྣལ་འབྱོར་སྣོད། །དཔའ་བོ་ཆེན་པོས་བླང་བར་གྱིས། །ཞེས་བརྗོད་དོ། །དེ་ནས་ལྷ་མཆོད་པའི་རྗེས་སུ་གནང་བ་ནི། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་ལ་རྣམ་རོལ་ཕྱིར། །ཤེས་རབ་ཐབས་ཀྱིས་སྙེམས་བཅས་པས། །གར་མཆོད་བདེ་བའི་དགའ་སྟོན་གྱིས། །ཨ། སྒེག་མོ་ཡིའོ། །སྒེག་དང་བཅས་པས་ཕྲེང་བ་འཕང༌། །སངས་རྒྱས་ཀུན་རྫོགས་རྣལ་འབྱོར་དང༌། །དེ་ཡིས་འབྲལ་བར་མི་འགྱུར་རོ། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ཨོཾ། ཕྲེང་བ་མ་ཡིའོ། །ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་བྱ། །དེ་ནས་རྣལ་འབྱོར་མ་དེ་དང༌། །མྱུར་དུ་བདེ་བ་མྱོང་བར་འགྱུར། །གཱི། གླུ་མ་ཡིའོ། །དེ་ཉིད་ཐལ་མོའི་གར་གྱིས་ནི། །སངས་རྒྱས་ཐམས་ཅད་ཆགས་པར་བྱ། །སངས་རྒྱས་འདུས་པའི་ཕྲིན་ལས་ཀྱི། །གར་མཁན་ཚུལ་དུ་བསྒྱུར་བར་གྱིས། །ཧོཿ གར་མ་ཡིའོ། །སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པས། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་གྱིས། །བྷྲཱུྃ། མེ་ཏོག་མ་ཡིའོ། །རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། །ཨཿ བདུག་པ་མ་ཡིའོ། །ཆོས་ཀྱི་མར་མེ་ལེགས་སྦར་བས། །པདྨ་གར་དབང་རང་ཉིད་དེ། །སེམས་ཅན་མ་རིག་ལྡོངས་པ་ལ། །ཡེ་ཤེས་སྒྲོན་མེ་འབར་བར་གྱིས། །པྲ། མར་མེ་མ་ཡིའོ། །ཁྱོད་ཀྱིས་རྒྱལ་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང༌། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡིས། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོས། །གྷ། དྲི་ཆབ་མ་ཡིའོ། །དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་རྗེས་སུ་གནང་བ་ནི། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཐོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནེ་ཏྲ་ཡ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ ཐུར་མ་ཡིའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །ངོ་བོ་མེད་ཅིང་གནས་མེད་པ། །ཆོས་རྣམས་དེ་ལྟར་ཤེས་གྱིས་ལ། །སེམས་ཅན་དོན་ནི་བླ་མེད་བྱོས། །འོན་ཀྱང་རྣལ་འབྱོར་མ་སྲས་བསྐྱེད། །མེ་ལོང་གིའོ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །འཁོར་ལོ་ཡིའོ། །ཁྱོད་ཀྱི་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །དུང་གིའོ། །དེ་དག་གིས་ནི་ཆོས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ནས་བསྒྲུབ་པའི་རྗེས་སུ་གནང་བ་ནི། ཞི་རྒྱས་དབང་དང་དགུག་པ་དང༌། །སྡང་བར་བྱ་དང་གནོད་སོགས་དང༌། །གསོད་དང་སྐྲོད་པ་ཐམས་ཅད་དེ། །ལས་དེ་རྣམས་ནི་བསྒྲུབ་པར་གྱིས། །རལ་གྲི་མིག་སྨན་ས་འོག་དང༌། །མཆིལ་ལྷྭམ་དེ་བཞིན་རིལ་བུ་སྟེ། །རྣལ་འབྱོར་མ་ཡི་དངོས་གྲུབ་ནི། །དེ་ནི་ཅི་དགའ་ཐོབ་པར་གྱིས། །གནང་བའོ། །དེ་ནས་དམ་ཚིག་ལ་བཀའི་གནང་བ་ནི། ནང་པར་སྔར་ལངས་སེམས་དག་ཉིད། །མ་ལུས་ལས་ནི་བྱས་ནས་སུ། །བསྲུང་དང་བཟའ་བ་ལ་སོགས་པའི། །སྡོམ་པ་བདག་ཉིད་ཅན་བསྲུང་ངོ༌། །ལུས་སྲོག་ལྟོས་པ་མེད་པར་ཡང༌། །དམ་ཚིག་དང་ནི་སྡོམ་པ་བསྲུང༌། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ནི་བཟླ་བར་བྱ། །གང་ཚེ་ཉམས་ན་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ། །ཟླ་བ་རེ་རེས་བསྲུང་བ་ནི། །གཉིས་མེད་གཉིས་མེད་འཁོར་ལོ་གནས། །ཚེས་བཅུ་ལ་ནི་དེ་རབ་མཆོད། །ཤ་དང་ཆང་སོགས་གང་ཅིའང་རུང༌། །དཔའ་བོ་རྣལ་འབྱོར་མ་ཡི་ཚོགས། །ཐམས་ཅད་གཉིས་མེད་པང་ན་གནས། །ཧེ་རུ་ཀ་དཔལ་རབ་ཏུ་མཆོད། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་ལ་ཡང་རྒྱབ་མི་ཕྱོགས། །འཁོར་བ་དག་ཀྱང་མི་སྤང་ཞིང༌། །མྱ་ངན་འདས་ལ་དགར་མི་འགྲོ། །དཔའ་བོ་རྣལ་འབྱོར་མ་ཀུན་ལ། །ཁྱོད་ཀྱིས་བརྙས་པར་མི་བྱ་སྟེ། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་འགོམ་པར་མི་བྱའོ། །དམ་ཚིག་རབ་བསྲུངས་བསོད་ནམས་ཀྱིས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །བུད་མེད་ཐམས་ཅད་མཐོང་བ་ན། །གཡོན་ནས་ལན་གསུམ་བསྐོར་བྱས་ཏེ། །སྤྱི་བོས་ཕྱག་ནི་བྱས་ནས་ཀྱང༌། །ལན་གསུམ་བར་དུ་གསོལ་བ་གདབ། །བདག་ནི་མ་ཁྱོད་བུ་ཡིན་པས། །ཇི་སྲིད་བྱང་ཆུབ་འབྱུང་བར་དུ། །བྱང་ཆུབ་ཡན་ལག་ནུ་མ་ལས། །བྱུང་བའི་རང་གི་འོ་མས་སྐྱོངས། །གཉིས་མེད་ཡེ་ཤེས་སྤྱོད་ལྡན་པའི། །བསླབ་པ་བླངས་པ་སྔོན་འགྲོ་བས། །སྒྲ་སོགས་སྟོང་པ་སྔོན་འགྲོ་བའི། །ཚངས་པར་སྤྱོད་པ་ཤིན་ཏུ་བསྲུང༌། །དམ་ཚིག་དེ་ལ་རྟག་གནས་ཏེ། །དེ་སྔོན་འགྲོ་བས་སྦས་པའི་ཡིད། །སྤྱོད་དང་གྲོལ་བའི་འབྲས་འདོད་པའི། །ཡིད་ལ་འདོད་པའི་དངོས་གྲུབ་འགྱུར། །ཞེས་བརྗོད་ལ། སློབ་མས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་གིས་བགྱིད་པར་འཚལ། །ཞེས་ལན་གསུམ་བརྗོད་ལ་དམ་ཚིག་དང་སྡོམ་པ་བསྲུང་བར་ཁས་བླང་ངོ༌། །སྤྱོད་པའི་རྗེས་སུ་གནང་བ་ནི། གཉིས་མེད་ཡེ་ཤེས་སེམས་ལྡན་པའི། །མི་བྱ་བ་ནི་ཅི་ཡང་མེད། །ཚངས་པར་སྤྱོད་པ་རྟག་ནོས་ལ། །འདོད་པ་ལྔ་ལ་སྤྱད་པར་གྱིས། །གཉིས་མེད་ལ་གནས་ཟས་ལ་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་བརྡས། །གཉིས་སུ་མེད་དང་ཐོགས་མེད་དང༌། །དམ་ཚིག་སྤྱོད་པ་སྤྱད་པ་ཡིན། །སྣ་ཚོགས་དབང་ཕྱུག་ལེགས་སྤྱད་དེ། །ཚངས་སྤྱོད་དེ་བཞིན་བསམ་གཏན་ནོ། །ཁྲོ་བ་མེད་པའི་རྒྱུན་བཅད་པའི། །སྒྲུབ་པ་པོ་ཡིས་ཡོངས་སུ་བསྲུང༌། །རྟག་ཏུ་བསྒྲུབ་ལ་གནས་བྱ་ཞིང༌། །ཡུལ་ཀུན་ལ་ནི་རྣལ་འབྱོར་མར། །གཉིས་མེད་གྲུབ་པའི་རྣལ་འབྱོར་མའོ། །མི་བརྟན་སྲོག་ནི་ཇི་སྲིད་པར། །བུ་ཁྱོད་ཀྱིས་ནི་བསྒྲུབ་པར་བྱ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་འདོད་པར་ནི་ལོངས་སྤྱོད་ཅིག །ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེར། །བསམས་ནས་ཐམས་ཅད་རབ་ཏུ་བརྟག །བདག་ཉིད་དཔའ་བོ་ཐམས་ཅད་དང༌། །རྣལ་འབྱོར་མ་ནི་ཀུན་གྱི་དངོས། །དེ་བས་འབད་པ་ཐམས་ཅད་ཀྱིས། །ཧེ་རུ་ཀ་དཔལ་བདག་མཆོད་དོ། །འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མ་ཡིན་ནོ། །བསྲུང་བའི་དམ་ཚིག་གོ །ལུང་བསྟན་པ་དང་གཟེངས་བསྟོད་པ་ནི། གཡོན་པ་ཡིས་ནི་ཆོས་གོས་མཐའ། །གཡས་པས་མི་འཇིགས་སྩོལ་མཛད་པ། །འཁོར་ལོ་ཐམས་ཅད་རྣམ་པར་གནས། །ཧེ་རུ་ཀ་དཔལ་ལུང་སྟོན་བཞིན། །མགྲིན་གཅིག་ཏུ་ནི་ཐམས་ཅད་ཀྱིས། །འདི་ལྟར་ང་ཡིས་ལུང་བསྟན་ཏེ། །ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །དཔའ་བོ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ཨཾ་གུ་རི། ན་མ་སྶརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾཿ བྷུརྦྷ་ཝཿསྭ། ཞེས་ལུང་བསྟན་ཅིང་གཟེངས་བསྟོད་པའོ། །དབུགས་དབྱུང་བ་ནི། ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །རྒྱལ་བའི་བདག་པོས་གནས་པ་དང༌། །ད་ནི་བདུད་རྣམས་ལས་རྒྱལ་ཞིང༌། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །དེ་ནས་སངས་རྒྱས་ཉིད་ཐོབ་པར། །ཁྱེད་རྣམས་ཐེ་ཚོམ་མེད་པ་ཡིན། །དབང་འདི་བསྐུར་བ་ཙམ་གྱིས་ནི། །སློབ་མ་ཡོན་ཏན་བདག་པོར་འགྱུར། །སློབ་དཔོན་ཉིད་ཀྱི་བདེ་བ་ཡིས། །བརྟན་གཡོ་ཀུན་གྱི་དམ་ཚིག་ཡིན། །དབུགས་དབྱུང་བའོ། །དེ་ནས་དྲིན་ལ་ལན་གྱིས་བླན་པའི་ཕྱིར་བླ་མ་ལ་ཅི་འབྱོར་པའི་ཡོན་དབུལ་ལོ། །དེ་ལྟར་སློབ་དཔོན་གྱི་དབང་དང་འབྲེལ་པ་བཅུ་གཉིས་བསྟན་ཏོ། །དེ་ཚོས་དཀྱིལ་འཁོར་གསུམ་ལས་རི་མོར་བྲིས་པའི་དཀྱིལ་འཁོར་ཡིན། དམ་ཚིག་རྩ་ལྟུང་བཅུ་བཞི་ཡན་ལག་དང་བཅས་པ་བསྲུང་དགོས། དྲི་མ་གང་དག་པར་བྱེད་ན། གཙོ་བོར་ལུས་ཀྱི་དྲི་མ་དག་པར་བྱེད། བསྐྱེད་པའི་རིམ་པ་བསྒོམས་པ་ལ་དབང་ངོ༌། །དེ་ནས་གསང་བའི་དབང་ནི། ས་ཕྱོགས་ཤིན་ཏུ་དབེན་པར་བྱས་ལ་བླ་མ་ཡོན་གྱི་མཉེས་པར་བྱ་ཚོགས་ཀྱི་འཁོར་ལོས་མཆོད། གསང་བའི་ཡུམ་དབུལ། དེ་ནས་གསོལ་བ་གདབ་པ་ནི། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང༌། །བདག་ཉིད་ཆེན་པོ་ཁྱེད་ཇི་བཞིན། །མངའ་བདག་དེ་འདྲར་བདག་ལའང་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཅེས་ལན་གསུམ་དུ་བརྗོད་དོ། །དེ་ནས་ཡོལ་བས་བར་བཅད་ལ། བླ་མ་དང་གསང་བའི་ཡུམ་ཧེ་རུ་ཀ་ཡབ་ཡུམ་དུ་བསྐྱེད། ཡུམ་གྱི་མཁའ་སྟོང་པའི་ངང་ལས་པདྨ་འདབ་མ་གསུམ་པར་བསྐྱེད་ལ་བུ་གའི་ནང་དུ་དྷྱྃ་དགོད། ཡབ་ཀྱི་གསང་བ་སྟོང་པའི་ངང་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པར་བསྐྱེད་ལ་བུ་གའི་ནང་དུ་བྷྱྃ་དགོད། ཡབ་ཡུམ་གཉིས་ཀའི་དཔྲལ་བ་གཉིས་སུ་རྩ་སྔགས་གཉིས་པོ་ཐིག་ལེ་བསྣོལ་དུ་དགོད། མགྲིན་པར་སྙིང་པོ་གཉིས། སྙིང་གར་ཉེ་སྙིང་གཉིས་ཀྱང༌། དེ་བཞིན་དུ་བསྣོལ་ལ་དགོད། ཡང་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། དཀར་དམར་ནག་གསུམ་དུ་དགོད། ལྟེ་བར་སྭ་སེར་པོ། བརླ་གཉིས་ལ་ཧ་ལྗང་གུ་བསམ། དེ་ནས་སྒྲུབ་པའི་གྲོགས་མཆོག་གཅིག་ཨཱ་ལི་ཀཱ་ལི་བགྲང་དུ་གཞུག་པའམ། ཡང་ན་ཀཱ་ལི་བོར་ལ་ཨཱ་ལི་འབའ་ཞིག་བགྲང་ངོ༌། །ཡང་ན་སློབ་དཔོན་ཉིད་ཀྱིས་ཡིད་ཀྱིས་བགྲངས་ལ་དབང་རྫས་རྣམས་མངོན་དུ་གྱུར་པའི་ཚེ་བརྡ་བྱ། དེ་ནས་སློབ་མའི་གདོང་གཡོགས་ལ། ཡབ་ཀྱི་གསང་གནས་ལས། བྱང་ཆུབ་ཀྱི་སེམས་སྟེར་ན། རྗེ་བཙུན་ཡབ་ལས་ཐོབ་པའི་གསང་བའི་དབང་ངོ༌། །ཡུམ་གྱི་མཁའ་ལས་སྟེར་ན་ཡུམ་ལས་ཐོབ་པའི་གསང་བའི་དབང་ངོ༌། །ཐོད་པ་ལ་སོགས་པར་བཞག་ནས་སྟེར་བ་རང་རིག་པའི་སྟོབས་ལས་ཐོབ་པའོ། །ཤིན་ཏུའང་རྟོག་པ་ཆེ་ན་ཞོའམ་ཆང་ལ་སྦྱར་ལ་སྦྱིན་ནོ། །དེའི་དུས་སུ་སློབ་མ་འོད་དཔག་མེད་པར་བསམས་ལ། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་བ། །བདག་གི་གསང་བའི་དབང་གིས་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །ཞེས་བརྗོད་ལ། ཨོཾ་ཨཱཿཧཱུྃ་ཞེས་པས་གདོང་གཡོགས་བཀྲོལ་ལ། ཁྱོད་ཀྱིས་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་མཐོང་བ་ཡིན་ཞེས་བསྟན་ལ་མིང་གདགས། དམ་ཚིག་ཤ་ལྔ་དང་སྦྱོར་བ་དང་བརྟེན་པ་ལ་དབང༌། དྲི་མ་གཙོ་བོར་ངག་གི་དག་པར་བྱེད། རླུང་གི་རྣལ་འབྱོར་བསྒོམ་པ་ལ་དབང་ངོ༌། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། བླ་མ་ཡོན་གྱིས་མཉེས་པར་བྱ། དེ་ནས་ལུས་ཐམས་ཅད་ཕབ་པའི་ཕྱག་འབུལ། གསང་བའི་དབང་དང་མཐུན་པའི་གསོལ་བ་ལན་གསུམ་གདབ། དེ་ནས་བླ་མས་སློབ་མའི་ལག་པ་གཡས་པར། ཕྱག་རྒྱའི་ལག་པ་གཡོན་པ་གཏད་ལ། བླ་མ་ཉིད་ཀྱི་ཕྱག་སློབ་མའི་མགོ་བོར་བཞག་ལ། ཚིགས་སུ་བཅད་པ་འདི་བརྗོད་དོ། །འདི་ནི་བྱང་ཆུབ་གྲུབ་རྣལ་འབྱོར། །ཁམས་ལྔ་བཅུད་ཀྱི་བདག་ཉིད་ཅན། །ཧེ་རུ་ཀ་དཔལ་བདག་སྦྱོར་བས། །ཡང་དག་བདེ་བ་མྱོང་བར་གྱིས། །དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི། །བརྟུལ་ཞུགས་བཟང་པོས་འགྲོ་དོན་གྱིས། །བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང༌། །དམངས་རིགས་མཐར་སྐྱེས་དག་སྤྱོད་ཅིག །བྷ་གའི་པདྨར་ཙུམྦ་དང༌། །བདུད་རྩི་རྣམས་ནི་ལེགས་གྲུབ་ཀྱིས། །ཞེས་གནང་བ་སྦྱིན། དེ་ནས་ཕྱག་རྒྱ་གོས་དང་བྲལ་བ་དེས། རང་གི་དྲི་ཞིམ་པོའི་པདྨ་ཁ་ཕྱེ་ནས། གྲོགས་མཆོག་ལ་བསྟན་ཏེ་འདི་སྐད་ཅེས་སྨྲའོ། །བྲམ་ཟེ་རྒྱལ་རིགས་རྗེ་རིགས་དག །དམངས་རིགས་མཐར་སྐྱེས་བུད་མེད་ཀུན། །གུས་དང་བཅས་པར་མཆོད་པ་དང༌། །གཉིས་མེད་ཚུལ་གྱིས་ཙུམྦ་ནི། །དཔའ་བོ་ཁྱོད་ནི་སྤྲོ་གྱུར་ཏམ། །སྨྲོས་ཤིག་དཔའ་བོ་བདེ་བ་ཆེ། །བཤང་གཅི་དག་ནི་ཟ་བ་དང༌། །ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་བུ་སྤྲོའམ། །ཞེས་དྲིའོ། །དེ་ནས་གྲོགས་ཀྱིས་ལན་བྱ་བ་ནི། ཅི་གསུངས་དམ་ཚིག་བསྟེན་པར་ནི། །ལྷ་མོ་བདག་གིས་བྱེད་པར་ནུས། །ཞེས་ལན་གདབ་བོ། །དེ་ནས་གདོང་གཡོགས་སོ་སོར་བཅིང༌། དེ་ནས་གསང་དབང་གི་སྐབས་ལྟར་དཔའ་བོ་དང་རྣལ་འབྱོར་མ་གཉིས་ཀར་བསྐྱེད་དེ། གནས་ལྔ་དང་མཁའ་གསང་བྱིན་གྱིས་བརླབས་ཏེ་སྙོམས་འཇུག་བྱེད་དུ་གཞུག སྐད་ཅིག་མ་དང་དགའ་བའི་བྱེ་བྲག་བསྟན། ཐིག་ལེ་འཛིན་པའི་འཁྲུལ་འཁོར་བཅའ། དཔེའི་ཡེ་ཤེས་ཉམས་སུ་མྱོང་བ་དང༌། གདོང་གཡོགས་དབྱེ། ཁྱོད་ཀྱིས་དཀྱིལ་འཁོར་ལས་བྷ་གའི་དཀྱིལ་འཁོར་མཐོང༌། ཤེས་རབ་མ་ལ་བརྟེན་ནས་ཡེ་ཤེས་དགའ་བ་བཞིའི་དབང་ཐོབ། སེམས་ཀྱི་དྲི་མ་དག དམ་ཚིག་དངོས་སམ་འོད་ཀྱི་རིག་མ་བསྟེན་པ་ལ་དབང་ངོ༌། །ཞེས་བརྗོད་དེ། ཐུགས་ཀྱི་རིགས་མས་གང་འདོད་ཀྱི་མིང་གདགས། ཕོ་ཉའི་ལམ་བསྟན་ཏོ། །དབང་བཞི་པ་ཚིག་ཙམ་གྱིས་བསྐུར་ན། བླ་མ་ལ་ཡོན་དབུལ། དེ་ནས། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བདག་ལ་བཀའ་དྲིན་བསྐྱབ་ཏུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་གདབ། ཡང་གདོང་གཡོགས་བཅིངས་ལ། དེ་ནས། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་སྙིང་པོ་མཁའ་དང་མཚུངས། །རྡུལ་བྲལ་མཐར་སྟེར་ཞི་བ་ཉིད། །ཁྱོད་ཀྱི་ཕ་ཡང་ཁྱོད་ཉིད་དོ། །ཞེས་བརྗོད་དེ། སེམས་ཉིད་གཉུག་མ་དང༌། དབང་གསུམ་པའི་ཉམས་སུ་མྱོང་བ་གཉིས། རོ་གཅིག་པར་ཉམས་སུ་ལོང་ཤིག་ཅེས་ངོ་སྤྲོད་ཅིང་གདམས་སོ། །དེ་ནས་གདོང་གཡོགས་ཕྱེ་ལ། ཁྱོད་ཀྱིས་དཀྱིལ་འཁོར་ལས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང༌། དབང་ལས་ཚིག་ཙམ་ལ་བརྟེན་ནས་བཞི་པ་མཆོག་དབང་རིན་པོ་ཆེ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག ལུས་ངག་ཡིད་གསུམ་མི་ཕྱེད་པ་རྡོ་རྗེ་ལྟ་བུར་བྱས་པ་ཡིན་ནོ། །ཞེས་བརྗོད་ལ། ལམ་བསམ་གྱིས་མི་ཁྱབ་པའི་རིམ་པ་བསྟན་ནོ། །དམ་ཚིག ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ལ་སོགས་པ་དགོངས་ཏེ་གསུངས་པ་མཐའ་དག་བསྲུང་བ་ལ་དབང་ངོ་ཞེས་བརྗོད་དོ། །ས་མཱཔྟ། སློབ་དཔོན་ནག་པོ་པའི་དཀྱིལ་འཁོར་གྱི་ཆོ་ག་ལ་བརྟེན་ནས་དབང་བཞིའི་ཆོ་ག་མདོར་བསྡུས་པ་རྫོགས་སོ།།  །།དེ་ལྟ་བུའི་ཚུལ་གྱིས་དབང་བཞི་བསྐུར་བ་ནི། སྒྲུབ་པ་པོར་འོས་པ་གང་ཡིན་ཡང་རུང༌། གཅིག་ནས་ཉི་ཤུ་རྩ་ལྔའི་བར་དུ་ཇི་ཙམ་ཡོད་པ་ལ་སྦྱིན་ཏེ། གསང་བ་སྤྱི་རྒྱུད་ལས། མཁས་པས་སློབ་མ་གཅིག་གམ་གསུམ། །ལྔའམ་ཡང་ན་བདུན་དག་གམ། །ཉི་ཤུ་རྩ་ནི་ལྔ་ཡི་བར། །ཟུང་དུ་མ་གྱུར་སློབ་མ་གཟུང༌། །དེ་བས་ལྷག་པའི་སློབ་མ་དག །ཡོངས་སུ་གཟུང་བར་མི་ཤིས་སོ། །ཞེས་གསུངས་སོ། །ཉེར་ལྔ་པོའི་ནང་ནས་སློབ་དཔོན་དུ་འོས་པ་གཅིག་ཡིན་ཏེ། སྤྱི་རྒྱུད་ལས། སློབ་དཔོན་བློ་གྲོས་ཆེན་པོ་ཡིས། །སྔགས་དང་རྒྱུད་རྣམས་འཛིན་པ་པོར། །སློབ་མ་དམ་པ་སྙིང་རྗེ་ཅན། །གཅིག་ནི་ནན་ཏན་བསྐྱེད་དེ་གཟུང༌། །ཞེས་གསུངས་པས་སོ། །དེ་ལྟ་བུའི་སློབ་དཔོན་དུ་འོས་པ་དེས། དཔའ་བོ་ཆེན་པོ་ལ་སོགས་པ་གསོལ་བ་ལན་གསུམ་དུ་གདབ། དབང་གི་སྐབས་དེ་ཉིད་དམ། གཞན་དུ་ཡང་རུང་སྟེ། སློབ་དཔོན་དུ་འོས་པ་དེ་སེང་གེའི་ཁྲིའི་སྟེང་དུ་བཞག མངོན་པར་བྱང་ཆུབ་པ་ལྔའམ། ཆོ་ག་གསུམ་གྱིས་རྡོ་རྗེ་འཆང་ཆེན་པོར་བསྐྱེད། གོ་ཆ་བཅིང༌། ཡེ་ཤེས་པ་དང་རོ་གཅིག་ཏུ་བྱས་ཏེ། སྤྲོས་པ་ལ་དགའ་ན་ཆུའི་དབང་ནས་བརྟུལ་ཞུགས་ཀྱི་བར་དུ་ལྡབས་ལ་བསྐུར་གསུང༌། ཕྱག་ལེན་ནི། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཧེ་རུ་ཀ་དཔལ་ཕྱག་ན་བསྣམས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ། ཏིཥྛ་ཨེ་ཥ་སྟྭཾ། དྷཱ་ར་ཡ་མི་ཧཱུྃ་ཧ་ཧ་ཧ་ཧོ། ཞེས་བརྗོད་དོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་བརྗོད་བྱའི་རང་བཞིན་ཅན་གཉིས་སུ་མེད་པའི་རྡོ་རྗེ་ལག་པ་གཡས་པར་བྱིན་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཀྱེ་བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཞེས་བརྗོད་དེ་སེམས་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཨོཾ་བཛྲ་གྷཎྜེ་ཨཿཨཿ ཞེས་བརྗོད་དེ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་རྗོད་བྱེད་ཀྱི་རང་བཞིན་ཅན་གྱི་དྲིལ་བུ། ལག་པ་གཡོན་པར་བྱིན་ལ། ཨཿ སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པ་དམ་པ་བྱེད་པར་འགྱུར། །ཞེས་བརྗོད་དེ་ངག་གསུང་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ། དེ་ནས་རྡོ་རྗེ་དྲིལ་བུ་སྙིང་གར་བསྣོལ་དུ་བཅུག་ལ། རྡོ་རྗེ་རབ་གནས་རྡོ་རྗེ་ཆེ། །ཆེ་དང་དྲིལ་བུ་ཆེན་པོ་ཟུང༌། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ལ་སོགས་པ་བརྗོད་ཅིང༌། ལུས་རྡོ་རྗེ་འཆང་ཡབ་ཡུམ་དུ་བསམ་པ་སྐུ་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །དེ་ཙམ་གྱིས་རྡོ་རྗེ་སློབ་དཔོན་གྱི་དབང་གི་ངོ་བོ་སྟེ། ཀྱེའི་རྡོ་རྗེ་ལས། ཤེས་རབ་བཅུ་དྲུག་ལོན་པ་ལ། །རྡོ་རྗེ་དྲིལ་བུས་ཡང་དག་འཁྱུད། །ཐབས་དང་ཤེས་རབ་མཉམ་སྦྱོར་ལ། །སློབ་དཔོན་དབང་དུ་བརྗོད་པ་ཡིན། །ཞེས་གསུངས་སོ། །དེ་ནས་དེ་ལ་དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་བསྟན་ཞིང༌། བསྙེན་པ་དཀྱིལ་འཁོར་བྱ་བ་ལ་སོགས་པ། རྡོ་རྗེ་སློབ་དཔོན་གྱི་བྱ་བ་རྣམས་ཀྱང་བསླབས་ལ། རྡོ་རྗེ་སློབ་དཔོན་རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ། སེམས་ཅན་མཆོག་དེ་ལ་འདི་སྐད་དུའོ། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སྔགས་དང་རྒྱུད་རྣམས་འཛིན་འགྱུར་བར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་བཞེད་པ་ཡིན། །སེམས་ཅན་རྣམས་ནི་རྗེས་གཟུང་ཕྱིར། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་སུ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །ཞེས་རྗེས་སུ་གནང་བ་བྱིན་ལ། བདག་གི་དོན་ལ་ཆགས་པ་ཐ་མལ་གྱི་འདུ་ཤེས་དང༌། མྱ་ངན་ལས་འདས་པ་ལ་ཆགས་པ་ཉན་རང་གི་འདུ་ཤེས་སྤངས་ལ། འཁོར་བར་སྣང་བ་འདི་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པའི་ངང་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་གདམས་སོ། །དེ་ནས་དབང་གི་སྐབས་ཡིན་ན་ལྷ་མཆོད་པ་ལ་སོགས་པའི་རྗེས་གནང་རྣམས་སྒྲུབ་པ་པོ་དང་ཐུན་མོང་དུ་སྦྱིན། སྐབས་གཞན་ཡིན་ན་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་དང༌། བླ་མ་ལ། ལུས་དང་ལོངས་སྤྱོད་ཐམས་ཅད་སེམས་ཅན་གྱི་དོན་དུ་ལྟོས་པ་མེད་པར་ཕུལ་ལ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །ལ་སོགས་པས་བཀའ་བཞིན་བསྒྲུབ་པར་ཁས་བླང་ངོ་གསུང་ངོ༌། །ཨི་ཐི།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*