གཞུང་དྲུག་སྤྱིའི་རྣམ་གཞག དཀྱིལ་ཆོག་ས་བཅད། སྒྲུབ་ཐབས་ས་བཅད།

༼ཁ༽

༄༅། །གཞུང་དྲུག་སྤྱིའི་རྣམ་གཞག་བཞུགས།།

ཨོཾ་སྭ་སྟི། སློབ་དཔོན་ནག་པོ་པའི་གཞུང་འདི་རྣམས་ཀྱི་སྔོན་དུ་ཕྱག་འཚལ་བ་ལ་སོགས་པའི་དོན་རྣམ་པ་གསུམ་སྟེ། དགོས་པའི་དོན། བསྡུས་པའི་དོན། ཚིག་གི་དོན་ཏོ། །དང་པོ་ནི། གཞན་དག་གཞུང་ལུགས་ལ་འཇུག་པར་འགྱུར་བའོ། །ཕྱག་འཚལ་བས་སློབ་དཔོན་ཉིད་དམ་པར་རྟོགས་ལ། དམ་པའི་གཞུང་ལ་གཞན་འཇུག་པར་འགྱུར་བའི་ཕྱིར་རོ། །ཕྱག་འཚལ་བས་དམ་པར་ཇི་ལྟར་རྟོགས་ན། དམ་པ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་རྟོགས་པ་ཡིན་ཏེ། དེ་ལ་ཡང་གཉིས། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང༌། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བའོ། །དང་པོ་ནི་རྒྱུ་འབྲས་ལ་ཡིད་ཆེས་སྐྱེས་ནས་ཕྱག་འཚལ་བ་ཡིན་ཏེ། རྒྱུ་རང་དད་པའི་ལྷ་ལ་ཕྱག་འཚལ་བ་གཞུང་དུ་མཛད་པ་ཙམ་གྱིས་ཀྱང་འབྲས་བུ་ལྷ་དེ་འདྲ་ཅིག་སློབ་དཔོན་དེ་ཡིས་འདོད་པར་ཤེས་ཏེ། འབྲས་བུ་འབྱུང་བར་ཤེས་ནས་རྒྱུ་ལ་ནན་ཏན་དུ་བྱེད་པ་ཡིན་ནོ། །གཉིས་པ་ནི་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའམ། ཐབས་དང་ཤེས་རབ་གཉིས་སུ་མེད་པའམ། ཆོས་སྐུ་དང་གཟུགས་སྐུ་གཉིས་སུ་མེད་པའི་ཚུལ་གྱིས་བསྟོད་པས། དེ་རྟོགས་པར་ཤེས་ལ། ལ་ལར་ནི་སྐུ་གསུམ་དངོས་སུ་རྟོགས་པར་བསྟན་ཏེ། དེ་ལྟ་བུའི་ཡང་དག་པའི་ལྟ་བ་རྟོགས་པ་དང་ལྡན་པའི་གང་ཟག་དམ་པའི་གཞུང་ལ་གཞན་འཇུག་པར་འགྱུར་བའོ། །བསྡུས་པའི་དོན་ནི་སོ་སོའི་ཚིག་གི་འགྲེལ་པ་མཛད་པས་གསུང་བར་འགྱུར་ལ། ཚིག་གི་དོན་ནི་སོ་སོ་ལས་འཆད་དོ། །བཤད་པར་དམ་བཅའ་བའི་དགོས་པ་ནི། ཁས་བླངས་ཡལ་བར་མི་འདོར་བ་སྐྱེས་བུ་དམ་པའི་ཆོས་ཉིད་དེ་རྩོམ་པ་མཐར་ཕྱིན་པའོ།།  །།

༄༅། །དཀྱིལ་ཆོག་ས་བཅད་བཞུགས།།

བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །སློབ་དཔོན་སྤྱོད་པའི་རྡོ་རྗེས་མཛད་པའི། བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག་ལ་དོན་གསུམ་སྟེ། ཀླད་ཀྱི་དོན་རྩོམ་པའི་ཡན་ལག་བསྟན་པ་དང༌། གང་བརྩམ་པར་བྱ་བའི་གཞུང་གི་དོན་དང༌། མཇུག་བརྩམས་པའི་དགེ་བ་བསྔོ་བའོ། །དང་པོ་ལ་ལྔ་སྟེ། ཕྱག་འཚལ་ཞིང་བརྩམ་པར་དམ་བཅའ་བའི་སྒོ་ནས་ལུས་རྣམ་པར་གཞག་པ་དང༌། བསྟན་བཅོས་བརྩམ་པའི་རྒྱུ་ཡོད་པ་དང༌། སློབ་དཔོན་ཉིད་ཀྱིས་ཁེངས་བསྐྱུང་པ་དང༌། རྒྱུད་གཞན་དང་ཐུན་མོང་མ་ཡིན་པར་བསྟན་པ་དང༌། བརྗོད་བྱ་ཁྱད་པར་དུ་འཕགས་པར་བསྟན་པའོ། །གཞུང་ལ་དོན་གསུམ་སྟེ། སྔོན་དུ་བསྙེན་པ་དང༌། དཀྱིལ་འཁོར་གྱི་སྤྱོད་པ་བདུན་དང༌། བརྟུལ་ཞུགས་ཀྱི་རིམ་པ་བཅུ་བཞིའོ། །བསྙེན་པ་ལ་ལྔ་སྟེ། སློབ་དཔོན་གྱི་མཚན་ཉིད་བསྟན་པ་དང༌། སློབ་མའི་མཚན་ཉིད་བསྟན་པ་དང༌། ཡོ་བྱད་འཚོགས་པར་བྱ་བ་དང༌། དམ་ཚིག་དང་སྡོམ་པ་བསྒྲག་པ་དང༌། གནས་ལ་སོགས་པ་བསྟན་པའོ། །དཀྱིལ་འཁོར་གྱི་སྤྱོད་པ་ལ་བདུན་ཏེ། སའི་ཆོ་ག་དཀྱིལ་འཁོར་གྱི་སྤྱོད་པ་དང༌། སྟ་གོན་དུ་གནས་པ་དཀྱིལ་འཁོར་གྱི་སྤྱོད་པ་དང༌། ཐིག་གི་ཆོ་ག་དཀྱིལ་འཁོར་གྱི་སྤྱོད་པ་དང༌། ཚོན་གྱི་ཆོ་ག་དཀྱིལ་འཁོར་གྱི་སྤྱོད་པ་དང༌། ལྷ་དགོད་པ་དང་དམ་ཚིག་པ་བསྐྱེད་པ་ལ་སོགས་པ་དཀྱིལ་འཁོར་གྱི་སྤྱོད་པ་དང༌། སློབ་དཔོན་བདག་ཉིད་འཇུག་པ་དཀྱིལ་འཁོར་གྱི་སྤྱོད་པ་དང༌། སློབ་མ་དཀྱིལ་འཁོར་དུ་གཞུག་པ་དཀྱིལ་འཁོར་གྱི་སྤྱོད་པའོ། །དང་པོ་ལ་དྲུག་སྟེ། ས་བརྟག་ཅིང་གཟུང་བ། བསླང་བ། སྦྱང་བ། བྱིན་གྱིས་བརླབ་པ། བསྲུང་བ། སའི་ལྷ་མོ་ལ་མཁྱེན་པ་གསོལ་བའོ། །སྟ་གོན་དུ་གནས་པ་ལ་གསུམ་སྟེ། ལྷ་སྟ་གོན་དུ་གནས་པ། སློབ་མ་སྟ་གོན་དུ་གནས་པ་དང༌། བུམ་པ་སྟ་གོན་དུ་གནས་པའོ། །བརྟུལ་ཞུགས་ཀྱི་རིམ་པ་ལ་གསུམ་སྟེ། རྣམ་པར་གཞག་པ་ཙམ་བསྟན་པ་དང༌། སོ་སོར་རྒྱས་པར་བཤད་པ་དང༌། མདོར་བསྡུས་ཏེ་བསྟན་པའོ། །བར་པ་ལ་བཅུ་བཞི་སྟེ། མེ་ཏོག་ཕྲེང་བའི་དབང་བསྐུར་བ་དང༌། ཆུའི་དབང་དང༌། ཅོད་པན་གྱི་དབང་དང༌། རྡོ་རྗེའི་དང༌། དྲིལ་བུའི་དང༌། མིང་གི་དང༌། ཐུན་མོང་གི་བརྟུལ་ཞུགས་དང༌། ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་དང༌། རྗེས་སུ་གནང་བ་དང༌། བསྲུང་བའི་དམ་ཚིག་ལ་བཀའ་གནང་བ་དང༌། གཟེངས་བསྟོད་ཅིང་ལུང་བསྟན་པ་དང༌། དབུགས་དབྱུང་བ་ཡོན་འབུལ་དང་བཅས་པ་དང༌། གསང་བའི་དབང་བསྐུར་བ་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་བསྟན་པའོ། །རྗེས་གནང་ལ་དོན་བཞི་སྟེ། ལྷ་མཆོད་པའི་རྗེས་སུ་གནང་བ་དང༌། སེམས་ཅན་གྱི་དོན་བྱ་བའི་རྗེས་སུ་གནང་བ་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། གསང་སྔགས་ཀྱི་ཆོས་བཤད་པའི་རྗེས་སུ་གནང་བ་དང༌། ཕྲིན་ལས་བཞི་བསྒྲུབ་པའི་རྗེས་སུ་གནང་བའོ། །དམ་ཚིག་ལ་བཀས་གནང་ལ་གཉིས་ཏེ། དམ་ཚིག་དང་སྡོམ་པ་བསྲུང་བ་དངོས་དང༌། སྤྱོད་པའི་རྗེས་སུ་གནང་བའོ། །ཨི་ཐི།།  །།

༄༅། །སྒྲུབ་ཐབས་ས་བཅད་བཞུགས།།

ཨོཾ་སྭ་སྟི་སིདྡྷཾ། སློབ་དཔོན་ནག་པོ་སྤྱོད་པ་པས་མཛད་པའི། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་མངོན་པར་རྟོགས་པའི་རིམ་པ་ལ་དོན་གསུམ་སྟེ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། མཆོད་པར་བརྗོད་པ་དང༌། བཤད་པར་དམ་བཅའ་བའོ། །གཞུང་གི་དོན་ལ་གཉིས་ཏེ། མཉམ་པར་གཞག་པའི་རྣལ་འབྱོར་དང༌། མཉམ་པ་ལས་ལངས་པའི་རྣལ་འབྱོར་རོ། །མཉམ་གཞག་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའོ། །དང་པོ་ལ་གསུམ་སྟེ། སྦྱོར་བའི་ཏིང་ངེ་འཛིན་དང༌། དཀྱིལ་འཁོར་རྒྱལ་མཆོག་དང༌། ལས་རྒྱལ་མཆོག་གོ །དང་པོ་སྦྱོར་བའི་ཏིང་ངེ་འཛིན་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་བསགས་པ་དང༌། འབྲས་བུ་ལྷ་བསྐྱེད་པའོ། །དང་པོ་ལ་གཉིས་ཏེ། བསོད་ནམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་བསགས་པའོ། །འབྲས་བུ་ལྷ་བསྐྱེད་པ་ལ་གཉིས་ཏེ། རྟེན་བསྐྱེད་པ་དང༌། བརྟེན་པ་བསྐྱེད་པའོ། །དེ་ལ་བཞི་སྟེ། བསྙེན་པ་དང༌། ཉེ་བར་སྒྲུབ་པ་དང༌། སྒྲུབ་པ་དང༌། སྒྲུབ་པ་ཆེན་པོའོ། །དང་པོ་ལ་གཉིས་ཏེ། རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་དང༌། འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་པའོ། །དཀྱིལ་འཁོར་རྒྱལ་མཆོག་ལ་བཞི་སྟེ། རྗེས་ཆགས་ཀྱི་སྔོན་དུ་འགྲོ་བས་དམ་ཚིག་སེམས་དཔའ་བསྐྱེད་པ་དང༌། ཡེ་ཤེས་སེམས་དཔའ་གཞུག་ཅིང་དབང་བསྐུར་བའོ། །ལས་རྒྱལ་མཆོག་ལ་གཉིས་ཏེ། མཆོད་པ་བྱ་བ་དང༌། ལྷའི་དག་པ་དྲན་པའོ། །མཉམ་པ་ལས་ལངས་པའི་རྣལ་འབྱོར་ལའང་གསུམ་སྟེ། གཏོར་མ་དང༌། བཟླས་པའི་སྔགས་དང༌། སྤྱོད་ལམ་དུས་སུ་གོ་ཆའི་བསྲུང་བ་བསྟན་པའོ། །ཡང་ན་འདི་སྐད་ཀྱང་གསུངས་ཏེ་མཉམ་གཞག་དང༌། མཉམ་ལངས་སོ། །དང་པོ་ལ་བཞི་སྟེ། རྣལ་འབྱོར་དང༌། ཤིན་ཏུ་རྣལ་འབྱོར་དང༌། རྗེས་སུ་རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོའོ། །གཞན་རྣམས་གོང་དང་འདྲའོ། །ཨི་ཐི།།  །།

༄༅། །སྦྱིན་སྲེག་ས་བཅད་བཞུགས།།

ཨོཾ་སྭ་སྟི། སློབ་དཔོན་སྤྱོད་པའི་རྡོ་རྗེས་མཛད་པའི། བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་སྦྱིན་སྲེག་གི་ཆོ་ག་ལ་དོན་གསུམ་སྟེ། ཀླད་ཀྱི་དོན་དང༌། གཞུང་གི་དོན་དང༌། མཇུག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། མཆོད་པར་བརྗོད་པ་དང༌། བཤད་པར་དམ་བཅའ་བའོ། །གཞུང་ལ་གསུམ་སྟེ། སྦྱིན་སྲེག་བྱ་བའི་དུས་དགོས་པ་ཁྱད་པར་ཅན་དུ་བསྒྲུབ་པ་བསྟན་པ་དང༌། ལུས་རྣམ་པར་གཞག་པའི་ཚུལ་གྱིས་གཞན་གྱི་གཞུང་ལ་ཟུར་ཟ་བར་བསྟན་པ་དང༌། ཡན་ལག་རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། ནང་གི་སྦྱིན་སྲེག་དང༌། ཕྱིའི་སྦྱིན་སྲེག་གོ །དང་པོ་ལ་གསུམ་སྟེ། ནང་བླ་ན་མེད་པའི་སྦྱིན་སྲེག་དངོས་དང༌། དེ་དང་རྗེས་སུ་མཐུན་པའི་མཚོན་བྱེད་ལ་ཡང་བླ་ན་མེད་པའི་སྦྱིན་སྲེག་ཏུ་བསྟན་པ་དང༌། སྦྱིན་སྲེག་གི་རང་གཞུང་དང་གཞན་གཞུང་གཉིས་མཐུན་པར་མཚམས་སྦྱོར་དང་བཅས་པའོ། །ཕྱིའི་སྦྱིན་སྲེག་ལ་གཉིས་ཏེ། རྒྱུད་སོ་སོ་ལས་སློབ་དཔོན་ཐ་དད་ཀྱིས་རྒྱས་པར་བསྟན་ཡང་རྣལ་འབྱོར་མ་རྒྱུད་ལ་བརྟེན་པའི་སྦྱིན་སྲེག་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དངོས་སོ། །དེ་ལ་གསུམ་སྟེ་སྦྱོར་བ་དང༌། ལས་དང་རྗེས་སུ་མཐུན་པའི་བསྒྲུབ་པ་དང༌། མཇུག་གི་ཆོ་གའོ། །དང་པོ་ལ་གསུམ་སྟེ། ཐབ་ཁུང་མངོན་པར་འདུ་བྱ་བ་དང༌། ཡོ་བྱད་བསགས་པ་འདིར་མདོ་ཙམ་དུ་བསྟན་པ་དང༌། སྒྲུབ་པ་པོ་རང་ཉིད་ཆས་སུ་འཇུག་པ་བསྟན་པའོ། །དངོས་གཞི་ལས་དང་རྗེས་སུ་མཐུན་པའི་བསྒྲུབ་པ་ལ་གཉིས་ཏེ། འཇིག་རྟེན་པའི་མེ་ལྷ་མཆོད་པ་དང༌། འདས་པའི་མེ་ལྷ་མཆོད་པའོ། །དང་པོ་ལ་བཞི་སྟེ། ཐབ་ཁུང་བསྲུང་ཞིང་བྱིན་གྱིས་བརླབ་པ་དང༌། ལས་དང་མཐུན་པའི་མེ་ལྷ་བསྐྱེད་པའི་ཆོ་ག་དང༌། མཆོད་པའི་རྫས་དགྲམ་པ་དང༌། སྦྱིན་སྲེག་བྱ་བའི་རིམ་པ་དངོས་སོ། །འདས་པའི་མེ་ལྷ་མཆོད་པ་ལ་ཡང་གསུམ་སྟེ། སེམས་དཔའ་སུམ་རྩེག་གི་ཚུལ་གྱིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒྲུབ་པ་དང༌། སྦྱིན་སྲེག་བྱ་བའི་རིམ་པ་དངོས་དང༌། རྫས་སྔགས་དང་ལས་སྔགས་ཀྱི་ཁྱད་པར་བསྟན་པའོ། །གཞུང་གི་ཆོ་ག་ལ་གསུམ་སྟེ། མཆོད་བསྟོད་སྔོན་དུ་འགྲོ་བའི་འདས་པའི་མེ་ལྷ་གཤེགས་སུ་གསོལ་བ་དང༌། འཇིག་རྟེན་པའི་མེ་ལྷ་ལ་ལྷག་མའི་སྦྱིན་སྲེག་དབུལ་ཞིང་གཤེགས་སུ་གསོལ་བ་དང༌། ཡི་གེ་བརྒྱ་པ་སྔོན་དུ་འགྲོ་བས། ཕུར་བུ་དབྱུང་བ་ལ་སོགས་པ་མཇུག་གི་ཆོ་ག་བསྟན་པའོ། །ཨི་ཐི།།  །།

༄༅། །གསང་བའི་དེ་ཁོ་ན་ཉིད་གསལ་བའི་ས་བཅད་བཞུགས།།

༄༅། །བླ་མ་དམ་པའི་ཞབས་པད་སྤྱི་བོས་ལེན། སློབ་དཔོན་སྤྱོད་པ་པས་མཛད་པའི་གསང་བའི་དེ་ཉིད་རབ་ཏུ་གསལ་བ་འདི་ལ། བསྡུས་པའི་དོན་གསུམ་གྱིས་བསྟན་ཏེ། ཀླད་དང༌། གཞུང་དང༌། མཇུག་གི་དོན་ཏོ། །དང་པོ་ལ་གཉིས་ཏེ། ཕྱག་འཚལ་བ་དང༌། བཤད་པར་དམ་བཅའ་བའོ། །གཞུང་དོན་ལ་གཉིས་ཏེ། ལེའུ་དང་པོས་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་མདོར་བསྟན་པ་དང༌། ལེའུ་གཉིས་པ་ལ་སོགས་པས་དེའི་བསྒོམ་པ་བསྟན་པའོ། །དང་པོ་ལ་གསུམ་སྟེ། རྗོད་བྱེད་དང་བཅས་པའི་བརྗོད་བྱ་ཁྱད་པར་ཅན་བསྟན་པ་དང༌། བརྗོད་བྱའི་མཚན་ཉིད་དངོས་བསྟན་པ་དང༌། དེ་དག་གི་གཞུང་ཉེ་བར་བསྡུ་བའོ། །དང་པོ་ལ་གཉིས་ཏེ། རྗོད་བྱེད་ཀྱི་ཚིག་བསྟན་པ་དང༌། བརྗོད་བྱའི་ཁྱད་པར་དངོས་བསྟན་པའོ། །དེ་ལའང་གཉིས་ཏེ། ཐུན་མོང་གི་བརྗོད་བྱ་དགོངས་པ་དང་བཅས་པ་དང༌། ཐུན་མོང་མ་ཡིན་པའི་བརྗོད་བྱ་ཕན་ཡོན་དང་བཅས་པའོ། །བརྗོད་བྱའི་མཚན་ཉིད་དངོས་ལ་གསུམ་སྟེ། བཤད་པར་དམ་བཅའ་བའི་སྒོ་ནས་མཚན་ཉིད་མདོར་བསྟན་པ་དང༌། དེ་ཉིད་རྒྱས་པར་བཤད་པ་དང༌། དེའི་མཚན་ཉིད་རྟོགས་པར་དཀའ་བའི་བརྟག་པའི་བྱེ་བྲག་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། མཚན་ཉིད་དངོས་ཀྱི་རྗོད་བྱེད་རྒྱུད་ཀྱི་དབྱེ་བ་དང་བཅས་པ་བསྟན་པ་དང༌། གཉིས་སྤྲོད་པ་བླ་ན་མེད་པའི་རྒྱུད་བརྗོད་བྱའི་དེ་ཁོ་ན་ཉིད་འདུས་པ་རྒྱུད་དང་བཅས་པ་བསྟན་པའོ། །བརྟག་པའི་བྱེ་བྲག་ལ་གཉིས་ཏེ། མཚམས་སྦྱོར་དང༌། བརྟག་པ་དངོས་བསྟན་པའོ། །དེ་ལ་གསུམ་སྟེ། དཔེ་དོན་གྱི་སྒོ་ནས་བརྟག་པ་དང༌། རྟོག་བྱེད་ཀྱི་རབ་ཏུ་དབྱེ་བ་དང༌། རྟོག་བྱེད་ཁྱད་པར་ཅན་དུ་བླ་མ་བསྟན་པའོ། །དེ་ལ་གསུམ་སྟེ། ཡིད་ཆེས་ཐམས་ཅད་ཀྱི་བྱེད་པ་པོར་བླ་མ་བསྟན་པ་དང༌། དེའི་དབྱེ་བ་བསྟན་པ་དང༌། དེ་ལ་མཆོད་ཅིང་བསྔགས་ན་ཕན་ཡོན་དང་ལྡན་པར་བསྔགས་པའོ། །དེ་ལ་གཉིས་ཏེ། མཆོད་པ་དང་ཕན་ཡོན་དང་ལྡན་པར་བསྟན་པ་དང༌། བསྔགས་པ་ཕན་ཡོན་དང་ལྡན་པར་བསྟན་པའོ། །དེ་ལ་གཉིས་ཏེ། འཇུག་པའི་ཕན་ཡོན་དང༌། ལྡོག་པའི་ཕན་ཡོན་ནོ། །ལེའུ་གཉིས་པ་ལ་སོགས་པས་དེའི་དོན་བསྒོམ་པ་བསྟན་པ་ལ་གཉིས་ཏེ། བསྒོམ་བྱའི་བརྗོད་བྱ་རྗོད་བྱེད་ཀྱི་ལུས་རྣམ་པར་གཞག་པ་དང༌། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། བསྒོམ་པའི་བརྗོད་བྱའི་ལུས་རྣམ་གཞག་དང༌། དེའི་རྗོད་བྱེད་ཀྱི་ལུས་རྣམ་གཞག་གོ །སྔ་མ་ལ་གཉིས་ཏེ། བསྒོམ་བྱའི་སེམས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཡིན་པར་བསྟན་པ་དང༌། དེ་ཉིད་དེའི་བསྐྱེད་རྫོགས་ལ་སོགས་པའི་འདུས་པ་གཉིས་མེད་ཀྱི་ངོ་བོར་བསྟན་པའོ། །དེ་ལྟ་བུའི་བསྒོམ་བྱའམ་བརྗོད་བྱ་གཅིག་པོ་དེ་ཉིད་རྗོད་བྱེད་ནི་གཉིས་ཏེ། རྗོད་བྱེད་དངོས་དང༌། དེ་དག་གི་གཞུང་ཉེ་བར་བསྡུ་བའོ། །དང་པོ་ལ་གཉིས་ཏེ། རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཀྱི་ཚིག་གི་ཚོགས་ཐ་དད་ཀྱིས་སོ། །ཡན་ལག་རྒྱས་པར་བཤད་པ་ལ་གསུམ་སྟེ། རྣལ་འབྱོར་རྒྱུད་ཀྱི་སྒོ་ནས་དང༌། དེ་དག་གི་གཞུང་ཉེ་བར་བསྡུ་བའོ། །དེ་ལ་དང་པོ་རྣལ་འབྱོར་རྒྱུད་ཀྱི་རྒྱས་བཤད་ལ་གསུམ་སྟེ། དོན་རིམ་པ་བཞི་ལ་སྦྱར་བ་དང༌། དཔེ་ལས་ཀྱི་ཕྱག་རྒྱ་ལ་སྦྱར་བ་དང༌། དེ་དག་གི་གཞུང་ཉེ་བར་བསྡུ་བའོ། །དང་པོ་ལ་བཞི་སྟེ། རྒྱུད་ཀྱི་རིམ་པ་མདོར་བསྟན་པའི་ཚུལ་གྱིས་གཏན་ལ་དབབ་པ་དང༌། སྔགས་ཀྱི་རིམ་པ་གཞན་ལ་ལྟོས་པའི་ཚུལ་དུ་བསྟན་པ་དང༌། ཡེ་ཤེས་ཀྱི་རིམ་པ་བརྗོད་བྱེད་ཀྱི་ཡི་གེ་དང་བཅས་པ་དང༌། གསང་བའི་རིམ་པ་མཚན་གཞི་དང་མཚན་ཉིད་དུ་བཅས་པ་གཏན་ལ་དབབ་པ་བསྟན་པའོ། །རྒྱུད་རིམ་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། དེ་གཏན་ལ་དབབ་པའོ། །དེ་ལ་གཉིས་ཏེ། རྫས་དང་བཏགས་པའི་ཡི་གེ་བཞིའི་སྒོ་ནས་འཁོར་ལོ་བཞི་གཏན་ལ་དབབ་པ་དང༌། ཡི་གེ་གཉིས་ལྡན་གྱི་ཚུལ་གྱིས་འཁོར་ལོ་བཞི་པོ་དེ་ཉིད་ཐབས་དང་ཤེས་རབ་ཏུ་གཏན་ལ་དབབ་པའོ། །སྔགས་རིམ་ལ་དབྱེ་བ་མེད་དོ། །གསུམ་པ་ཡེ་ཤེས་ཀྱི་རིམ་པ་ལ་གཉིས་ཏེ། རྫས་དང་བཏགས་ཀྱི་ཡི་གེས་ཡེ་ཤེས་ཀྱི་རིམ་པའི་རྟོགས་པའི་ས་ཕྱེ་ནས་གཏན་ལ་དབབ་པ་དང༌། ཡི་གེ་གཉིས་ཀྱང་ཐབས་དང་ཤེས་རབ་ལ་སོགས་པའི་རྣམ་གྲངས་སུ་བསྟན་པའོ། །སྔ་མ་ལ་གཉིས་ཏེ། བཏགས་པའི་ཡི་གེ་བདག་གིས་ཞེས་བྱ་བས་འཁོར་ལོ་གསུམ་ལ་བརྟེན་པའི་ལོངས་སྐུ། ཟླ་བ་ལ་སོགས་པ་གཏན་ལ་དབབ་པ་ལ་རྫས་ཀྱི་ཡི་གེ་ཐོས་པས། འཁོར་ལོ་གཅིག་ལ་བརྟེན་པའི་སྤྲུལ་སྐུ་དང་ཡུངས་ཀར་ལ་སོགས་པ་བསྟན་ཏོ། །བཞི་པ་གསང་རིམ་ལ་གསུམ་སྟེ། དུས་གཅིག་ན། ཞེས་བྱ་བ་བརྗོད་བྱ་དང་བཅས་པའི་གསང་རིམ་རྟོགས་པའི་མཚན་གཞི་བསྟན་པ་དང༌། དེའི་མཚན་ཉིད་བསྟན་པ་དང༌། དེ་དག་གི་གཞུང་བསྡུ་བའོ། །བར་པ་ལ་གཉིས་ཏེ། མཚམས་སྦྱོར་དང༌། མཚན་ཉིད་དངོས་སོ། །དེ་ལ་གཉིས་ཏེ། ཐོག་མཐའི་ཚིག་བསྡུས་པ་བཅོམ་ལྡན་འདས་དང་བཞུགས་པའི་ཚིག་དོན་གྱི་སྒོ་ནས་མཚན་གཞི་བསྟན་པ་དང༌། ཏ་ཐཱ་ལ་སོགས་པའི་ཚིག་དོན་གསུམ་གྱི་སྒོ་ནས་མཚན་ཉིད་བསྟན་པའོ། །སྔ་མ་ལ་གཉིས་ཏེ། བཅོམ་ལྡན་འདས་ཀྱི་ཚིག་དང༌། བཞུགས་པའི་ཚིག་དོན་བསྟན་པའོ། །དེའི་སྔ་མ་ལ་གཉིས་ཏེ། བྷ་གའི་སྒྲ་འདི་བཅོམ་པ་ལ་སྦྱར་ལ་སྤངས་པ་ཕུན་སུམ་ཚོགས་པ་ལ་བྱ་བ་དང༌། བྷ་གའི་སྒྲ་འདི་དབྱིངས་ལ་དེ་ལ་དམིགས་པའི་ཡེ་ཤེས་དང་རྟེན་དང་བརྟེན་པ་དབྱེར་མེད་རྟོགས་པ་ལ་བྱས་ཏེ་རྟོགས་པ་ཕུན་སུམ་ཚོགས་པར་བསྟན་པའོ། །གཉིས་པ་བཞུགས་པའི་ཚིག་དོན་ལ་གསུམ་སྟེ། འཕེལ་འགྲིབ་མེད་པའི་དུས་རོ་གཅིག་དབྱེར་མེད་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བཞུགས་པ་དང༌། འཇིག་རྟེན་སྣོད་བཅུད་ལ་སོགས་པའི་ཆོས་དང་ཆོས་ཉིད་དབྱེར་མེད་པ་རྡོ་རྗེ་སེམས་དཔའི་རང་བཞིན་དུ་རྟོགས་པ་དང༌། རྒྱུད་རིམ་གྱི་གནས་སྐབས་དགའ་བ་དང་སྐད་ཅིག་མ་རྣམས་རྡོ་རྗེ་སེམས་དཔའ་ལ་སོགས་པར་བསྟན་པའོ། །གཉིས་པ་ཏ་ཐཱ་ལ་སོགས་པའི་ཚིག་དོན་ལ་གསུམ་སྟེ། དེ་བཞིན་གཤེགས་པའི་ཚིག་དོན་དང༌། སྐུ་གསུང་ཐུགས་རྡོ་རྗེའི་ཚིག་དོན་དང༌། བཙུན་མོའི་བྷ་ག་རྣམས་ཀྱི་ཚིག་དོན་དང་གསུམ་མོ། །དེ་བཞིན་གཤེགས་པའི་གཞིའམ་རྒྱུར་གྱུར་པའི་ཆོས་ཐམས་ཅད་ཀྱི་སྒྲ་དོན་བསྟན་པ་དང༌། ཏ་ཐཱའི་ཚིག་དོན་དངོས་བསྟན་པའོ། །དེ་ལ་བཞི་སྟེ། དེ་ཉིད་ལས་འོངས་པའི་ཚུལ་གྱིས་དང༌། དེ་བཞིན་ཉིད་ལས་འགྲོ་འོང་གཉིས་ཀའི་ཚུལ་གྱིས་དང༌། ཡུལ་རྣམས་དེ་བཞིན་གཤེགས་པར་གྲུབ་པས་དེ་རྣམས་ཡུལ་དུ་བྱེད་པའི་སྒོ་ནས་དབང་པོ་རྣམས་དེ་བཞིན་གཤེགས་པར་བསྟན་པ་དང༌། དེ་དག་གི་གཞུང་ཉེ་བར་བསྡུ་བའི་ཚུལ་གྱིས་ཆོས་ཐམས་ཅད་དེ་ཉིད་ལ་འགྲོ་འོང་གི་ཚུལ་གྱིས་ཏ་ཐཱར་བསྟན་པའོ། །གཉིས་པ་སྐུ་གསུང་ཐུགས་རྡོ་རྗེའི་ཚིག་དོན་ལ་གཉིས་ཏེ་རྒྱུད་རིམ་གྱིས་ལུས་ངག་ཡིད་གསུམ་ཐ་མལ་པ་ཆོས་ཅན་དུ་བཞག་པ་དང༌། དེ་ཉིད་ཆོས་གསང་རིམ་དབྱེར་མེད་དུ་བསྟན་པའོ། །རྡོ་རྗེ་བཙུན་མོའི་ཚིག་དོན་ལ་གཉིས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དེ་ལ་གཉིས་ཏེ། ཐུན་མོང་མ་ཡིན་པའི་བཙུན་མོ་དེས་གསོས་ཤིང་བསྐྱེད་པའི་འབྲས་བུ་སྐུ་བསྟན་པ་དང༌། དེ་དག་གི་རྒྱུ་དེ་ཁོ་ན་མིང་གི་རྣམ་གྲངས་ཀྱི་སྒོ་ནས་ཐ་མི་དད་ཀྱི་ཚུལ་གྱིས་བཞུགས་པ་བཅོམ་ལྡན་འདས་ལ་སོགས་པ་རྗོད་བྱེད་དང་བཅས་པར་བསྟན་པའོ། །རྣལ་འབྱོར་གྱི་རྒྱུད་ཀྱི་རྒྱས་བཤད་ཀྱི་གཉིས་པ་དཔེ་ལས་ཀྱི་ཕྱག་རྒྱ་ལ་སྦྱར་བའི་ལེའུ་གསུམ་པ་ལ་གསུམ་སྟེ། ལེའུའི་མཚམས་སྦྱོར་དང༌། གཞུང་དང༌། མཚན་ནོ། །གཞུང་ལ་བཞི་སྟེ། ཨེ་བཾ་ལ་སོགས་པའི་རྗོད་བྱེད་ཀྱི་བརྡས་མཚོན་པའི་ཡེ་ཤེས་བསྟན་པ་དང༌། དེས་མཚོན་པའི་དོན་གྱི་ཡེ་ཤེས་ཨེ་བཾ་ལ་སོགས་པའི་སྒྲས་དངོས་སུ་མི་རྟོགས་པ་དཔེ་དང་བཅས་པ་བསྟན་པ་དང༌། སྒྲས་མི་རྟོགས་ཀྱང་དེས་མཚོན་ནས་བརྒྱུད་པའི་དཔེས་རྟོགས་པ་དཔེ་དང་བཅས་པ་བསྟན་པ་དང༌། དེས་མཚོན་པའི་དོན་མཐར་ཐུག་གི་དེ་བཞིན་ཉིད་དངོས་པོ་ཐམས་ཅད་ཀྱི་སྐྱེད་བྱེད་དུ་བསྟན་པའོ། །དེ་དག་གི་གཞུང་ཉེ་བར་བསྡུ་བ་ལ་གཉིས་ཏེ། དེ་ཁོ་ན་ཉིད་སངས་རྒྱས་ཀྱིས་གསུངས་པའི་ཚུལ་དཔེ་དང་བཅས་པར་བསྟན་པ་དང༌། གསུངས་པའི་དེ་ཁོ་ན་ཉིད་དཔེ་དང་རྗོད་བྱེད་དང་བཅས་པར་བསྟན་པའོ། །མ་རྒྱུད་ཀྱི་སྒོ་ནས་བསྟན་པ་ལ་བཞི་སྟེ། མཚམས་སྦྱར་གྱི་སྒོ་ནས་སྤྱིའི་རྗོད་བྱེད་ཀྱི་ཚིག་གི་གསང་བ་དང༌། རྒྱུད་རིམ་མདོར་བསྟན་པ་དང༌། ཁྱད་པར་གྱི་རྗོད་བྱེད་ཀྱི་སྒོ་ནས་གསང་བའི་རིམ་པ་རྒྱས་པར་བཤད་པ་དང༌། རིམ་པ་བཞི་པོ་སྤྱིའི་རྗོད་བྱེད་མདོར་བསྟན་པའི་རྣམ་གྲངས་དང་བཅས་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། གསང་བའི་རིམ་པ་མདོར་བསྟན་པ་དང༌། རྒྱུད་ཀྱི་རིམ་པ་མདོར་བསྟན་པའོ། །མཇུག་གི་དོན་ལ་གཉིས་ཏེ། བསྟན་བཅོས་བརྩམ་པའི་རྒྱུ་དང༌། བརྩམས་པའི་བསོད་ནམས་བསྔོ་བའོ། །གསང་བའི་དེ་ཉིད་རབ་ཏུ་གསལ་བའི་བྱེད་འགྲེལ། ཨི་ཐི།།  །།

༄༅། ཨོ་ལ་པ་ཏིའི་ས་བཅད་བཞུགས།།

༄༅། །ན་མཿཤྲཱི་ཙཀྲ་སམྦ་ར་མཎྜ་ལེ་བྷྱཿ ཨོ་ལ་པ་ཏི་རིམ་པ་བཞི་པ་ཞེས་བྱ་བ་ལ་དོན་རྣམ་པ་གཉིས་ཏེ། གསང་སྔགས་ཐེག་པ་ཆེན་པོ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་སྦྱར་ཏེ་རྒྱས་པར་བཤད་པ་དང༌། ཕ་རོལ་ཏུ་ཕྱིན་པའི་བདེན་བཞི་སྟོན་པའི་རྗོད་བྱེད་ཀྱི་སྒྲ་དང་སྦྱར་ནས་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས་ཏེ། བརྗོད་བྱའི་དོན་རྒྱུད་གསུམ་ཀ་དང་ཐུན་མོང་མ་ཡིན་པའི་ཕྱིར་རིམ་པ་བཞིར་རྒྱས་པར་བསྟན་པ་དང༌། རིམ་པ་བཞིའི་མཇུག་བསྡུས་ཏེ་བསྟན་པའོ། །དང་པོ་ལ་བཞི་སྟེ། རྒྱུད་ཀྱི་རིམ་པ། སྔགས་ཀྱི་རིམ་པ། ཡེ་ཤེས་ཀྱི་རིམ་པ། གསང་བའི་རིམ་པའོ། །དང་པོ་ལ་གསུམ་སྟེ། རྟེན་དང་བརྟེན་པའི་ལུས་ཀྱི་དཀྱིལ་འཁོར་སྦོམ་པ་དང་ཕྲ་བ་གཏན་ལ་དབབ་པ་དང༌། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཁམས་དྭངས་མ་གཏན་ལ་དབབ་པ་དང༌། དེ་དག་སྐྱེད་བྱེད་རླུང་གི་དཀྱིལ་འཁོར་གཏན་ལ་དབབ་པའོ། །དང་པོ་ལ་གསུམ་སྟེ། ཕུང་པོ་ལྔ་སྦོམ་པའི་ལྷ་ལ་འཁོར་ལོ་བཞི་དང་རྩ་གཉིས་ཇི་ལྟར་གནས་པའི་དབང་དུ་བྱས་ནས་ཇི་སྙེད་པའི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་ནང་དུ་གཏན་ལ་དབབ་པ་དང༌། འཁོར་ལོ་བདེ་མཆོག་གི་རྗོད་བྱེད་ཀྱིས་ཞིང་སྐྱེས་དང་སྔགས་སྐྱེས་ཀྱི་ཡུལ་དང་ལྷ་རྣམས་བདག་ཉིད་ཀྱི་ཡུལ་ལ་ཇི་ལྟ་བ་བཞིན་གཏན་ལ་དབབ་པ་དང༌། བྱ་བའི་རྒྱུད་ལ་སོགས་པ་དམན་པའི་རྒྱུད་རྣམས་ཀྱི་བཟླས་བརྗོད་དང་དཀའ་ཐུབ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བདག་ཉིད་ཀྱི་དཀྱིལ་འཁོར་གསུམ་ལ་ཚང་བར་གཏན་ལ་དབབ་པའོ། །དང་པོ་ལ་གསུམ་སྟེ། གཏན་ལ་དབབ་པའི་གཞི་འཁོར་ལོ་བཞི་དང༌། རྩ་གཉིས་དང༌། གཏན་ལ་དབབ་པའི་ཆོས་བཞི་ཚན། གསུམ་ཚན། གཉིས་ཚན་རྣམས་ཀྱང་གཏན་ལ་ཕབ་པའི་དོན་སྔགས་ཀྱི་དམིགས་པའི་རྟེན་དུ་དམིགས་ཡུལ་དུ་བྱའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །འཁོར་ལོ་བཞིའི་མིང་དང༌། གནས་གང་ན་གནས་པ་དང༌། ཡི་གེ་ཇི་ལྟར་དགོད་པའོ། །གཏན་ལ་དབབ་པའི་ཆོས་ལ་དོན་གསུམ་སྟེ། བཞི་ཚན་དུ་གཏན་ལ་དབབ། གསུམ་ཚན་དུ་གཏན་ལ་དབབ། གཉིས་ཚན་དུ་གཏན་ལ་དབབ་པའོ། །བཞི་ཚན་དུ་གཏན་ལ་དབབ་པ་ལ་བཅུ་གསུམ་སྟེ། ཡིག་འབྲུ་བཞི་དང༌། ཕྱག་རྒྱ་བཞི་དང༌། སྦྱོར་བ་བཞི་དང༌། ཡན་ལག་བཞི་དང༌། བདེན་པ་བཞི་དང༌། སྡེ་པ་བཞི་དང༌། དབྱེ་བ་བཞི་དང༌། བཟང་པོ་བཞི་དང༌། དགའ་བ་བཞི་དང༌། སྐད་ཅིག་བཞི་དང༌། འབྲས་བུ་བཞི་དང༌། གདན་བཞི་དང༌། དེ་ཁོ་ན་ཉིད་བཞིའོ། །གསུམ་ཚན་དུ་གཏན་ལ་དབབ་པ་བཞི་ནི། ཏིང་ངེ་འཛིན་གསུམ། ལས་གསུམ། དཀྱིལ་འཁོར་གསུམ། སྐུ་གསུམ་མོ། །གཉིས་ཚན་ནི། ཡི་གེ་གཉིས། ཐབས་དང་ཤེས་རབ་གཉིས། དབུགས་འབྱུང་རྔུབ་གཉིས། ཤེས་རབ་གཉིས། རིམ་པ་གཉིས་ལ་སོགས་པའོ། །ཨི་ཐི།།  །།

༄༅། །དཔྱིད་ཀྱི་ཐིག་ལེའི་ས་བཅད་བཞུགས།།

༄༅། །དཔྱིད་ཀྱི་ཐིག་ལེ་ལ་དོན་གསུམ་སྟེ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་བསྡུ་བའོ། །དང་པོ་ལ་གཉིས་ཏེ། རིམ་པ་བཞིའི་དོན་ལ་མཆོད་པར་བརྗོད་ཅིང་ལུས་མདོར་བསྟན་པ་དང༌། དགོས་འབྲེལ་བཤད་པར་དམ་བཅའ་བའོ། །དང་པོ་ལ་གཉིས་ཏེ། དཔྱིད་ཀྱི་ཐིག་ལེ་གསུམ་བསྟན་པ་དང༌། དེ་གསུམ་འབྱུང་བའི་རྒྱུ་མཚན་བསྟན་པའོ། །དང་པོ་ལ་གསུམ་སྟེ། རྒྱུ་ཐབས། འབྲས་བུ་དཔྱིད་ཀྱི་ཐིག་ལེའོ། །གཞུང་དོན་རིམ་པ་བཞི་རྒྱས་པར་སྟོན་པ་ལ་ལེའུ་བཅུ་ཡོད་པ་ལས། ལེའུ་དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། གཞུང་བསྡུ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་དེ་ཁོ་ན་ཉིད་རྟོགས་ན་བཅོས་མའི་དཀྱིལ་འཁོར་ལ་སོགས་པ་སྤང་བར་བསྟན་པ་དང༌། ལས་དང་པོ་པས་རྒྱུད་སྦྱང་བའི་ཕྱིར་བྱ་དགོས་པར་བསྟན་པ་དང༌། ལེའུ་གཉིས་པ་ནས་བཅུ་པའི་བར་གྱིས་རིམ་པ་བཞིའི་བདག་ཉིད་རྒྱས་པར་སྟོན་པ་ལ་དོན་གཉིས་ཏེ། གཉིས་པ་ནས་དགུ་པའི་བར་གྱིས་རྒྱུད་རིམ་རྒྱས་པར་སྟོན་པ་དང༌། བཅུ་པ་ནས་སྔགས་དང༌། ཡེ་ཤེས་དང༌། གསང་བའི་རིམ་པ་རྒྱས་པར་བསྟན་པའོ། །དང་པོ་ནི་ལེའུ་དང་པོས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་དུ་ཆོས་ཐམས་ཅད་འདུས་པའི་སྒོ་ནས་མདོར་བསྟན་ནོ། །ལེའུ་གསུམ་པ་ནས་བདུན་པའི་བར་གྱི་སྒོ་བཞིའི་སྒོ་ནས་རྒྱས་པར་བཤད་དོ། །ལེའུ་བརྒྱད་པ་དང་དགུ་པས་དཀྱིལ་འཁོར་དང་སྦྱིན་སྲེག་ལ་སོགས་པའི་སྒོ་ནས་ཤིན་ཏུ་རྒྱས་པར་སྟོན། བར་པ་ལ་གཉིས་ཏེ། སྐུ་གསུང་ཐུགས་ཀྱི་སྒོའི་དབྱེ་བ་བསྟན་པའོ། །ཡེ་ཤེས་སམ་བྷ་གའི་སྒོའི་དབྱེ་བ་བསྟན་པའོ། །ལེའུ་བཅུ་པ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། ལེའུའི་གཞུང་བསྡུ་བའོ། །བར་པ་ལ་གསུམ་སྟེ། སྔགས་ཀྱི་རིམ་པ། ཡེ་ཤེས་ཀྱི་རིམ་པ། འབྲས་བུ་གསང་བའི་རིམ་པའོ།།  །།རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*