བདེ་མཆོག་ནག་པོ་པའི་ལུགས་ཀྱི་བླ་མ་བརྒྱུད་པའི་ལོ་རྒྱུས།

༼ཁ༽

༄༅། །ཡོགེཤྭརཤྲཱིབྷཱུམཱིཔཱཎྜརྻོམཧཱཀྲྀཔཱནནྡགརྦྷསྱཔྲཝཙནཾཔུསྟཀོདཱིཏཱིཡབྷྱཾསམྦརདཀྲྀཥྞཀདྷརྨ

སྱགུརྭཝལིཀྲམསྱཔྲཀྲིཡཾབིཛཧཱར།།

༄༅། །རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་སྐྱ་པ་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོའི་གསུང་རབ་གླེགས་བམ་གཉིས་པ་ལས་བདེ་མཆོག་ནག་པོ་པའི་ལུགས་ཀྱི་བླ་མ་བརྒྱུད་པའི་ལོ་རྒྱུས་བཞུགས་སོ།།

ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སློབ་དཔོན་བརྟུལ་ཞུགས་སྤྱོད་པ་པས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་འདི། རྩ་བའི་རྒྱུད་དང་བཤད་པའི་རྒྱུད་གཉིས་ལས། བཤད་པའི་རྒྱུད་ལ་བརྟེན། བཤད་རྒྱུད་ལྔ་ལས། རྡོ་རྗེ་སློབ་དཔོན་གྱི་ལས་གཙོ་བོར་སྟོན་པ་ཧེ་རུ་ཀ་མངོན་འབྱུང་གི་རྒྱུད་ལ་བརྟེན་ཏེ། དེའི་ལེའུ་བཅུ་བཞི་པ་ནས་སའི་ཆོ་ག་བསྟན། བཅོ་ལྔ་པ་ནས་ཚོགས་དང་དབང་བསྟན། བཅུ་དྲུག་པ་ནས་དམ་ཚིག་དང་སྡོམ་པ་བསྟན་ཏེ། དེ་དག་ལ་བརྟེན་ནས་མཛད་དོ། །དེ་ཡང་སློབ་དཔོན་ཀརྞ་པ་ཞེས་བྱ་བ། ཡུལ་ལྷོ་ཕྱོགས་ཀརྞ་ཌའི་རྒྱལ་ཁམས་སུ་སྐྱེས་པས་ཀརྞ་པ་ཞེས་ཟེར། ཡང་ཀརྞ་ཞེས་པ་རྣ་བ་ལ་ཟེར་ཏེ། སྙན་རིང་བས་ཀྱང་ཀརྞ་པ་ཞེས་ཟེར། སྐུ་མདོག་ནག་པས་ཀྲྀཥྞ་པ་ཞེས་གྲགས་སོ། །འདིའི་སློབ་དཔོན་ཤྲཱི་ཛཱ་ལནྡྷ་ར་པ་ཞེས་བྱ་བ་ལུས་ཛཱ་ལནྡྷ་རར་ཙཀྲ་སཾ་བ་རའི་གྲུབ་པ་བརྙེས་པ་དེ་ཡིན་ཏེ། དེའི་གདམས་ངག་ལ་བརྟེན་ནས་སྒྲུབ་པ་མཛད་ནས། ནུས་པ་ཅུང་ཟད་བརྙེས་ནས། འཁོར་རྣལ་འབྱོར་ཕོ་མོ་མང་པོས་བསྐོར་ནས་བཞུགས་པ་ལ། སྤྱོད་པ་བྱ་སྙམ་ནས་སློབ་དཔོན་ལ་ཞུས་པས། སློབ་དཔོན་ན་རེ་སྤྱོད་པ་ལ་ནུས་པ་ཐོབ་དགོས་ན། ཁྱོད་ལ་ནུས་པ་ཡོད་དམ་གསུང་བ་ལ། ང་ལ་ནུས་པ་ཡོད་གསུང༌། འོ་ན་སྟོན་དང་གསུངས་པས། དང་པོར་ཀྲྀཥྞ་པས་རི་དྭགས་ཀྲྀཥྞ་སཱ་རི་ལ་དགུག་པའི་ལྟ་སྟངས་མཛད་པས་མདུན་དུ་ཁུགས། སྟག་ལ་རེངས་པའི་ལྟ་སྟངས་བྱས་པས་རེངས། མ་ཧེ་ལ་དབང་གི་ལྟ་སྟངས་མཛད་པས་མདུན་དུ་འོངས་ནས་སྤྱི་བོས་བཏུད། ཤིང་ལྗོན་པའི་ཡལ་ག་ལ་མེ་ཏོག་ཡོད་པ་ལ་ལྟུང་བའི་ལྟ་སྟངས་མཛད་པས་ལྷུང་ནུས་པ་ལ། བླ་མའི་ཞལ་ནས། དེ་ནི་ཚར་གཅད་པ་བྱ་བ་རྣམ་པར་ཤེས་པའི་ལས་ཡིན་གྱིས། ད་ཡེ་ཤེས་ཀྱི་ལས་རྗེས་སུ་གཟུང་བ་བྱ་བ་དགོས་པས་དེ་རྣམས་ཁྲོལ་ཅིག་གསུང་བ་ལ། དགྲོལ་བར་མ་ནུས་སོ། །དེར་བླ་མའི་ཞལ་ལས་སྤྱོད་པ་བྱེད་པའི་དུས་བྱ་བ་རྣམ་ཤེས་དང་ཡེ་ཤེས་ཀྱི་རླུང་ཆ་མཉམ་པས་ཚར་གཅད་པ་དང༌། རྗེས་སུ་གཟུང་བ་གཉིས་ཀ་ནུས་པའི་དུས་སུ་བྱེད་པ་ལ། ཁྱོད་ཀྱིས་རྗེས་སུ་གཟུང་མི་ནུས་པར་འདུག་པས། ད་དུང་སྤྱོད་པའི་དུས་ལ་མ་བབ་བོ་གསུངས་ནས། དུད་འགྲོ་དེ་རྣམས་སློབ་དཔོན་གྱིས་བཀྲོལ་ནས་བཏང་ངོ༌། །དེ་ལྟར་སློབ་དཔོན་གྱི་མ་གནང་བཞིན་དུ་སྤྱོད་པ་བྱེད་དོ་ཞེས་ང་རྒྱལ་སྐྱེས་པ་ལས། སློབ་དཔོན་ན་རེ། དི་ཝཱི་ཀོ་ཊ་སྟེ་ལྷ་མོའི་མཁར་དུ་མ་འགྲོ། མཁའ་འགྲོས་བར་ཆད་བྱེད་དོ་གསུང༌། དེ་ནས་ཀྲྀཥྞ་པ་འཁོར་དང་བཅས་པས་ཤར་ཕྱོགས་བྷཾ་ག་ལ་རུ་བྱོན་ནས་ཆུ་ཁ་ཅིག་ཏུ་བཞུགས་པ་ན། མཛེ་མོ་ཞིག་ང་སྒྲོལ་ཟེར་བ་ལ། འདི་ཁུར་ན་མཛེ་འགོས་པས་དངོས་གྲུབ་ཚེ་གཅིག་གིས་བསྒྲུབ་པའི་བར་ཆད་དུ་འགྲོ་སྙམ་ནས་མ་བསྒྲལ་ལོ། །འཁོར་ཀུ་ས་ལི་པ་ཅིག་གིས་བསྒྲལ་བས། ཀུ་ས་ལི་པ་དེ་ཧེ་རུ་ཀར་བྱས། མཛེ་མོ་དེ་རྣལ་འབྱོར་མར་བྱས་ཏེ་མཁའ་སྤྱོད་དུ་སོང་ངོ༌། །དེ་ནས་ཕར་ཕྱིན་པས་ཞིང་རྨོད་པ་ཅིག་དང་ཕྲད་པས། རྨོད་པ་དེས་ཐུག་ཆང་ས་འོག་ཏུ་སྦས་ནས་འདུག་པ་ལ་བསླངས་པས་མ་སྟེར། མ་ཟད་ན་རྡོ་ཞིག་གི་བར་ནས་ཆུ་བག་ཙམ་འཛག་པ་ཅིག་འདུག་པ་ལ་འཐུངས་ཟེར། དེས་ང་མི་ངོམས་བྱས་པས། འཐུང་ནུས་པར་གྱིས་ཤིག་ངོམས་པར་བྱའི་ཟེར། དེར་སློབ་དཔོན་གྱིས་འཐུངས་པས་ཆུ་ཟད་པར་མ་གྱུར་ཏོ། །དེར་ཆང་མ་བྱིན་པ་ལ་གླང་ལ་སྡིགས་མཛུབ་བསྟན་པས་གླང་དེ་ཤི་བ་ལ། རྨོད་པ་དེ་ན་རེ་ཁྱེད་ནང་པ་སངས་རྒྱས་པའི་རྣལ་འབྱོར་པར་འདུག་པས། ད་འདི་རྗེས་སུ་གཟུང་དགོས་ཀྱིས་གསོས་ཤིག་ཟེར་བ་ལ་གསོ་བར་མ་ནུས་སོ། །དེར་རྨོད་པ་དེ་རང་གིས་གསོས་ཏེ་སློབ་དཔོན་སྐྱེངས་པར་གྱུར་ཏོ། །ཡང་དེ་ནས་ཕར་ཕྱིན་པ་དང་སྐྱེད་མོས་ཚལ་ཞིག་ན། ན་ཆུང་གཞོན་ནུ་ཞིག་འདུག་པ་ལ་ཤིང་ཐོག་སྐྱུར་མོ་འཛམ་བུ་ཞེས་བྱ་བ་ཆུ་འབྱུང་བ་ཞིག་ཡོད་པ་བསླངས་པས། ཁྱོད་རང་ནུས་པ་དང་ལྡན་པར་རློམ་པ་ཅིག་འདུག་པ། ནུས་པས་ལོང་ཟེར། དེར་སློབ་དཔོན་གྱི་ཤིང་ཐོག་ལ་ལྟུང་བའི་ལྟ་སྟངས་བྱས་པས་མར་ལྷུང་གིན་བྱུང་བ་ལ། མོས་མིག་གི་རྫི་མ་བཏེག་བྱས་པ་ཙམ་གྱིས་སླར་ཡང་འབྱར་ཞིང་སོང་སྟེ་སློབ་དཔོན་སྐྱེངས་སོ། །ཡང་ཕར་ཕྱིན་པ་ན་ལྷ་ཁང་ཞིག་ན་མི་ཞིག་བརྒྱད་སྟོང་པ་ཅིག་ཀློག་གིན་འདུག་པ་ལ། ཁྱོད་པཎྜི་ཏའམ་རྣལ་འབྱོར་པའམ། རབ་ཏུ་བྱུང་བའམ་ཅིས་གནས་བྱས་པས། དེ་ན་རེ། རྣལ་འབྱོར་པའི་ཆ་ལུགས་ཀྱིས་གནས་སོ་ཟེར་བ་ལ། སློབ་དཔོན་གྱིས་འོ་ན་ཁྱོད་རྣལ་འབྱོར་པ་ཀློག་བྱེད་པ་ཨང་གསུངས་པས། འོ་ན་ཁྱོད་ཀྱིས་ཀློགས་དང་ཟེར། བཀླགས་པས་མ་ཤེས་ཏེ་སློབ་དཔོན་ཕམ་མོ། །དེ་ནས་སློབ་དཔོན་གྱིས་ཤར་ཕྱོགས་བྷཾ་ག་ལར་རྒྱལ་པོ་ཤི་རི་སུ་ཙནྡྲ་དང༌། བློན་པོ་ཀུ་ཤ་ལ་ནཱ་ཐའི་གྲོང་དང་ཉེ་བར་བྱོན་པ་ན། རྒྱལ་པོ་མུ་སྟེགས་པ་ཡིན། བློན་པོ་སངས་རྒྱས་པ་ཡིན་པས། བློན་པོས་སློབ་དཔོན་ཀརྞ་པ་གྲོང་དུ་བྱོན་པ་ཐོས་ནས། བསུ་རུ་ཕྱིན་པས། སློབ་དཔོན་ན་རེ་ཁྱོད་ང་ལ་བསུ་བ་དང་བསྙེན་བཀུར་བྱེད་པ་འདི་ཅི་དོན་དུ་གཉེར་བྱས་པས། གཞན་ཅི་ཡང་དོན་དུ་གཉེར་རྒྱུ་མེད་ལྷ་ཁང་ཞིག་ན་ལོ་ཀི་ཤྭ་རིའི་སྐུ་ཞིག་ཏིར་ཏི་ཀ་དང་མཐུན་པར་བྱས་ཡོད་པས་དེ་ལ་རབ་གནས་ཤིག་ཞུའོ་ཟེར། བྱ་གསུང་ནའང་ཡུན་རིང་པོ་བྱེད་དུ་མ་འདོད། ལན་ཅིག་གི་ཚེ་དེ་རིང་བྱའོ་གསུང༌། འོ་ན་རབ་གནས་ལ་འཚོགས་ཆས་བསྒྲུབ་བོ་ཞུས་པས། ཅི་ཡང་མི་དགོས་གསུངས་ནས་མེ་ཏོག་ཅིག་སྐུའི་སྤྱི་བོར་བཞག་སྟེ། སུ་པྲ་ཏིཥྛ་བཛྲ་ཧོཿ པྲ་ཏི་ཞེས་གསུངས་ནས་རབ་གནས་ཟིན་ནོ་གསུངས་པས། བློན་པོ་ཡིད་མ་ཆེས་སོ། །དེར་སློབ་དཔོན་གྱིས་སྐུའི་སྤྱི་བོའི་མེ་ཏོག་བསྡུས་ནས། སྐུ་དེ་སློབ་དཔོན་གང་འགྲོ་བའི་ཕྱི་ལ་ཁྲིད་པས། ད་གཟོད་བློན་པོ་ཡིད་ཆེས་ནས། ད་བདག་ཡིད་ཆེས་པས་གཞག་པར་ཞུ་ཞེས་ཞུ་ཕུལ་བས། ཡང་མེ་ཏོག་སྐུའི་སྤྱི་བོར་བཞག་ནས། སུ་པྲ་ཏིཥྛ་བཛྲ་ཞེས་གསུངས་པས་དེ་རང་དུ་བཞུགས་ཏེ་མི་མང་པོས་ནང་དུ་གདན་དྲངས་ཀྱང་མ་དྲངས་པར། དེ་ཉིད་དུ་ལྷ་ཁང་ཞིག་བརྩིགས་སོ། །སྔར་གྱི་ལྷ་ཁང་གི་སྐུའི་ཤུལ་དུ་མཆོད་རྟེན་ཞིག་བཞེངས་སོ། །དེ་ནས་སློབ་དཔོན་ལ་ནང་པའི་རས་བྲིས་ཤིག་མཛད་པར་ཞུས་པས་གནང་ནས། སློབ་དཔོན། བློན་པོ། འབྲི་མཁན་དང༌། གསུམ་ལས་གཞན་ལ་གསང་སྟེ། རྒྱལ་པོའི་ལྷ་འཇིགས་བྱེད་དང༌། དུས་མཚན་གདན་དུ་བཏིང་བ་ཅིག་དྲིས་པ་ལས། གཅིག་ནས་གཅིག་ཏུ་གཏམ་འཛག་སྟེ་རྒྱལ་པོས་བློན་པོ་གཞན་ལས་ཐོས་པས། བློན་པོ་འདི་ངའི་སྙིང་དང་འདྲ་བས་འདི་མི་བདེན་མི་སྲིད་ཟེར་རོ། །དེ་ལྟར་ཟེར་ཀྱང་ཡང་ཡང་གྲགས་པས་རྒྱལ་པོའང་ཐེ་ཚོམ་དུ་གྱུར་འདུག་པ་ལ། བློན་པོ་གྲོགས་ཤིག་གིས་ཐང་སྐུ་འདི་སྤོངས་ཁྱོད་རང་འཁོར་དང་བཅས་པ་ལ་རྒྱལ་པོས་ཆད་པ་ཆེན་པོ་གཅོད་པར་འདུག་གོ་ཟེར། དེ་ལྟར་བྱའོ་ཟེར་ཏེ་རས་མང་པོས་གྲིལ་རྒྱས་བཏབ་ནས་ལྷོ་ཕྱོགས་ན་ཕར་བསྐུར་བཏང་བས། རྒྱལ་པོའི་ཁབ་ཀྱི་ཕྱོགས་བཞི་ན་སྒོ་བ་བཞི་ཡོད་པའི་སྒོ་བ་ཀུན་ན་རེ་འདི་ཙམ་དུ་ངོ་མཚར་བའི་རྒྱས་འདེབས་པ་ཅི་ཡོད་ཟེར་ནས་གཡེངས་པས་བྲིས་སྐུ་དེ་བྱུང་བ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། རྒྱལ་པོའི་ཕོ་བྲང་དུ་ཁྱེར་བས། རྒྱལ་པོའི་འཁོར་ཐམས་ཅད་ན་རེ་འདི་སྲོག་དང་ཕྲལ་ལ་ནོར་ཐམས་ཅད་བླང་ངོ་ཞེས་ཟེར་བ་ལ། བྱ་བ་ཐམས་ཅད་བརྟགས་ནས་བྱེད་པས། གཅིག་ཏུ་ཆད་པས་མི་གཅོད་ཀྱིས་འུ་རང་ཡང་བདེ་མཆོག་གདན་དུ་བཏིང་བའི་འཇིགས་བྱེད་དང་དུས་མཚན་མ་བྲིས་ལ། བདེན་པའི་བྱིན་རླབས་འགྲན་ནོ་ཟེར་ནས། མུ་སྟེགས་ཀྱི་རྡེའུ་ལའི་ནང་དུ་བཅུག་ནས་ཁྱེད་རང་གི་ལྷ་ཡང་མཆོད་ཅིག ངེད་ཀྱི་ལྷ་ཡང་མཆོད་དོ་ཟེར་ནས་ཞག་བདུན་ན་ཆོ་འབྱེད་པ་ལ། བློན་པོ་ཀུ་ཤ་ལ་ནཱ་ཐས། སློབ་དཔོན་ལ་ད་ནི་ཞག་བདུན་ན་ཆོ་འབྱེད་པས་ནུས་པ་བསྟན་འཚལ་ལོ་བྱས་པས། ནུས་པ་བསྟན་ནོ་གསུང༌། དེ་ནས་ནམ་ཕྱེད་ན་ཏིར་ཏི་ཀའི་མཚན་མ་འཛིན་པའི་མི་སྔོན་པོ་ཐོད་པ་ཅན་ཅིག་བྱུང་ནས་ངས་ཚོགས་དཔོན་བྱའོ་ཟེར་བ་ལ། སློབ་དཔོན་གྱིས་ཁྱེད་ཀྱིས་ཚོགས་དཔོན་མི་བྱེད་དོ་བྱས་པས། ཧེ་རུ་ཀར་བྱས་ཏེ་ནམ་མཁའ་ལ་འཕུར་ནས་སོང༌། བདག་རྗེས་སུ་གཟུང་དུ་གསོལ་བྱས་པས་ཧེ་རུ་ཀའི་ཞལ་ནས་མཛེ་མོ་དེ་ཡང་མཛེ་མོ་མ་ཡིན་ཏེ་རྡོ་རྗེ་ཕག་མོའི་རྣམ་འཕྲུལ་ཡིན་ལ་སོགས་པའི་སྒོ་ནས་ཁྱོད་ལ་ཚེ་འདི་ལ་ཕྱག་རྒྱ་ཆེན་པོ་འགྲུབ་པའི་སྐལ་བ་མི་འདུག་པས་གཞུང་དྲུག་རྩོམས་ཤིག བར་དོར་མཆོག་གི་དངོས་གྲུབ་ཐོབ་བོ་ཞེས་གནང་བ་བྱིན་ཞིང་ལུང་བསྟན་ནས། གཞུང་དྲུག་མཛད་དེ་བཞི་ཐུན་མོང་མ་ཡིན་པ། གཉིས་ཐུན་མོང་པའོ། །དེ་ནས་སློབ་དཔོན་གྱིས། ཁྱོད་ཀྱི་ཞབས་ཀྱི་ལྗིད་ཀྱིས་མནན་ན་འོག་གི་རླུང་ཡང་འཇིག་འགྱུར་ལ་སོགས་པས་བསྟོད་པ་མཛད་གསུང༌། དེ་ནས་བློན་པོ་ན་རེ། འོ་སྐོལ་གྱི་ལྷ་འཇིག་རྟེན་པའི་ཞབས་ཀྱི་འོག་ན་ཡོད་ན་བྱས་པས། སློབ་དཔོན་ན་རེ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་དུ་འཇིག་རྟེན་པས་བརྫི་བར་མི་ནུས་ཀྱིས་གསུང་ངོ༌། །དེ་ནས་ཞག་བདུན་ན་བལྟས་པས་འཇིགས་བྱེད་དང་དུས་མཚན་མནན་པའི་བཅོམ་ལྡན་འདས་འོད་དང་བཅས་པར་སོང་འདུག་པ་མཐོང་བས་ཐམས་ཅད་ངོ་མཚར་དུ་གྱུར་ཏེ། སློབ་དཔོན་རྒྱལ་པོའི་ཕོ་བྲང་དུ་སྤྱན་དྲངས་ནས་དབང་བསྐུར་བ་ནོད་དེ། རྫས་ལ་སོགས་པ་མང་དུ་ཕུལ་ནས། རྒྱལ་པོའི་མངའ་འོག་བྷཾ་ག་ལ་ཙམ་སངས་རྒྱས་པའི་བསྟན་པ་ལ་བཀོད་དོ་གསུང༌། དེ་ནས་སློབ་དཔོན་གྱིས་གཞུང་དྲུག་པོ་བརྩམས་གསུང་ངོ༌། །དེ་ནས་ཛཱ་ལནྡྷ་རར་དགོན་པ་བྱེད་གསུང་བ་ལ་བསྙུང་བས་ཐེབས་ནས། གཡོག་པོ་རྣམས་གནས་ཉི་ཤུ་རྩ་བཞིར་སྨན་ལེན་དུ་བཏང་སྟེ། བླ་མའི་བཀའ་བཅག་པ་ལ་བཤགས་པ་བྱ་དགོས་གསུང༌། དེ་རྣམས་ཀྱི་མེ་ཏོག་དང་སྨན་བླངས་འོངས་པའི་ལམ་ཀ་ན། ཁྲུས་ཀྱི་རྫིང་བུ་ཡོད་པ་ན་བུད་མེད་མང་པོ་ཁྲུས་བྱེད་ཀྱིན་འདུག ཁྱེད་ཀྱང་ཁྲུས་ཀྱིས་ཟེར་བ་ལ། ལོང་མེད་ཨཱ་ཙརྻ་ན་བས་ངེད་རིངས་བྱས་པས། སློབ་དཔོན་དྭངས་ཡོད་ཟེར། དེར་ཁྲུས་བྱེད་ཅིང་བསྡད་པས་སྨན་རྣམས་བུད་མེད་ཀྱིས་ཁྱེར་ནས། བུད་མེད་རྣམས་གར་སོང་ཆ་མེད། དེར་ཁྱིམ་དུ་ཕྱིན་ཙ་ན་སློབ་དཔོན་མ་དྭངས་པར་འདུག ལོ་རྒྱུས་བསྙད་པས་ང་ལ་བླ་མའི་བཀའ་བཅག་པའི་ཉེས་པས་མཁའ་འགྲོའི་བར་ཆད་བྱུང་བ་ཡིན་ཏེ་འོང༌། ད་ཚེ་འདི་ལ་ཕྱག་རྒྱ་ཆེན་པོ་ཐོབ་པའི་སྐལ་བ་མེད་པས། བར་དོར་རྟེན་འདི་ལ་ཞུགས་ནས་ཕྱག་རྒྱའི་དངོས་གྲུབ་མངོན་དུ་བྱེད་པས་ངའི་ལུས་འདི་ཞག་བདུན་དུ་མ་སྲེགས་ཤིག་གསུངས་ནས་སྐུ་ནོངས་སོ། །དེ་ནས་ཞག་བདུན་དུ་གསང་ཐུབ་ཏུ་རེ་བ་ལ་ལྔ་ན་རྒྱལ་པོའི་རྩིས་པས་ཚོར་ནས། ཡུལ་ཕྱོགས་ན་རོ་ཡོད་པས་ཡུལ་པ་ཐམས་ཅད་འཚོགས་ཤིག་ཅེས་དིང་དིང་དུ་གྲགས་ནས་བསྲེགས་པས་གདུགས་དང་རྒྱལ་མཚན་དང༌། མེ་ཏོག་གི་ཆར་ལ་སོགས་པ་ལུས་མི་སྣང་བའི་མཆོད་རྫས་དུ་མ་དང༌། ཌཱ་མ་རུ་དང༌། ཏིང་ཏིང་ཤག་ལ་སོགས་པ་བཀྲོལ་མཁན་མེད་པའི་རོལ་མོ་དུ་མ་དང༌། ལྷའི་བདུག་སྤོས་དྲི་ཞིམ་པོ་རྒྱ་ཆེར་བྱུང་ངོ༌། །ལོ་རྒྱུས་ཁ་ཅིག་ལས་ནི། གྲོངས་ནས་ཞག་བདུན་ན་གདུགས་དང་ཌཱ་མ་རུའི་སྒྲ་དང་བཅས་ཏེ་རྟེན་ལ་འཇུག་ཏུ་བྱུང་ཞེས་གྲག་གོ །དེ་ནས་གཞན་དུ་སྐུ་འཁྲུངས་པ་ན་ཡང༌། བླ་མས་མ་གནང་བཞིན་སྤྱོད་པ་མཛད་པ་དང༌། མཁའ་འགྲོ་མའི་བར་ཆད་ཀྱི་སྐུ་འགྱུར་བ་ལ་སོགས་པ་དྲན་ཏེ། ད་ནི་སྤྱོད་པའི་དུས་ལ་བབ་པ་ན་ལུས་ལ་རུས་པའི་རྒྱན་ཆས་སུ་ཤོག་ཅིག་ཅེས་སྨོན་ལམ་བཏབ་ནས་རྡོ་རྗེ་ཐེག་པའི་སྒྲུབ་པ་མཛད་པས་དུས་ལ་བབ་པ་ན་རྒྱན་རང་ཆས་སུ་བྱུང་ནས་སྤྱོད་པ་མཛད་དེ་སངས་རྒྱས་སོ། །ཞེས་གྲགས་ལ། ཁ་ཅིག་ནི་བར་དོ་ཉིད་དུ་མྱ་ངན་ལས་འདས་སོ་ཞེས་གསུངས་ཏེ་ཧེ་རུ་ཀའི་ལུང་དང་ཡང་དེ་མཐུན་ནོ། །དེ་ལྟ་བུའི་སློབ་དཔོན་ཁྱད་པར་ཅན་དེས་ཧེ་རུ་ཀས་གནང་བ་བྱིན་ནས་བརྩམས་སོ། །གནང་བ་ཇི་ལྟར་ཐོབ་ཅེ་ན། དུར་ཁྲོད་ན་ཚོགས་འཁོར་བྱེད་པའི་དུས་སུ་ཏིར་ཏི་ཀའི་རྣལ་འབྱོར་པའི་ཆ་བྱད་དུ་བྱོན་པའི་ཚེ། སློབ་དཔོན་ལ་ཚིགས་སུ་བཅད་པས་གསུངས་པ། མཛེ་མོ་དེ་ཡང་མཛེ་མོ་མ་ཡིན་རྡོ་རྗེ་ཕག་མོའི་རྣམ་འཕྲུལ་ཡིན། །ཞིང་རྨོད་དེ་ཡང་ཞིང་རྨོད་མ་ཡིན་ཧེ་རུ་ཀ་ཡི་རྣམ་འཕྲུལ་ལོ། །མཛེས་ལྡན་དེ་ཡང་བུ་མོ་མ་ཡིན་རྡོ་རྗེ་ཕག་མོའི་རྣམ་འཕྲུལ་ཡིན། །ཀློག་མཁན་དེ་ཡང་ཀློག་མཁན་མ་ཡིན་ཧེ་རུ་ཀ་ཡི་རྣམ་འཕྲུལ་ལོ། །འདི་རུ་མཆོག་མིན་དངོས་གྲུབ་གཞན་འགྲུབ་གཞུང་རྣམས་རྩོམས་ཤིག་བར་དོར་ཡང་ནི་སངས་རྒྱས་འགྱུར། །ཞེས་གསུངས་པ་ལ་སློབ་དཔོན་གྱིས། ཁྱོད་ཀྱི་ཞབས་ཀྱི་ལྗིད་ཀྱི་མནན་ན་འོག་གི་རླུང་ཡང་འཇིག་འགྱུར་ཞེས་ཏེ་ཐུགས་རྗེས་ཞབས་གཡོན་བསྐུམ་པར་མཛད། །ཁྱོད་ཀྱི་ཕྱག་རྣམས་དྲང་པོར་བསྲང་ན་ཕྱོགས་སྐྱོང་རྣམས་ཀྱང་སྐྲག་འགྱུར་ཞེས་ཏེ་བྱམས་པས་ཕྱག་རྣམས་བསྐུམ་པར་མཛད། །དབུ་ཡི་གཙུག་ཏོར་དྲང་པོར་བསྲང་ན་ཚངས་པའི་འཇིག་རྟེན་འཇིག་འགྱུར་ཞེས་ཏེ་ཐུགས་རྗེས་ཅུང་ཟད་ཡོ་བར་གནས། །རྗེ་བཙུན་ཁྱོད་ཀྱི་སྐུ་ཡི་གར་ནི་དགོས་པ་དང་ལྡན་མཐོང་བས་དད་དེ་མཆོག་ཏུ་གུས་པས་ཁྱོད་ལ་བསྟོད། །སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་འབར་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་དཔར་ལྡན། །ཧེ་རུ་ཀ་དཔལ་དེ་དང་སྔགས་པས་ལྷན་ཅིག་གར་བྱེད་ཤོག །ཅེས་བསྟོད་ཅིང་སྨོན་ལམ་བཏབ་པས། ཧེ་རུ་ཀའི་ཞལ་ནས། ཧ་ཧ་ཧ། ཧོ་ཧོ་ཞེས་གསུངས་ནས་མི་སྣང་བར་གཤེགས་སོ། །དེ་ལྟ་བུའི་སློབ་དཔོན་བརྟུལ་ཞུགས་ནག་པོ་སྤྱོད་པ་པའི་བཞེད་པས། དཔལ་འཁོར་ལོ་བདེ་མཆོག་གི་རྩ་བ་དང་བཤད་པའི་རྒྱུད་རྣམས་ཀྱི་དོན་མཐའ་དག་བསྡུ་ན་གསུམ་དུ་འདུས་པར་བཞེད་དེ། སྦྱིན་བྱ་དབང་བཞི་བྱིན་པའི་གང་ཟག་ལ། བསླབ་བྱ་རིམ་པ་གཉིས་ལ་བསླབས་ནས་གྲོགས་སྤྱོད་པ་གསུམ་མམ་བཞིས་མཚམས་སྦྱར་བས། འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་འགྲུབ་པའོ། །དེ་ལ་ཐོག་མར་དབང་རྣམ་པ་བཞིས་སློབ་མའི་རྒྱུད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། རྩ་བའི་རྒྱུད་བདེ་མཆོག་ཉུང་ངུ་དང༌། བཤད་པའི་རྒྱུད་ཧེ་རུ་ཀ་མངོན་བྱུང་དང༌། རྡོ་རྗེ་མཁའ་འགྲོ་དང༌། བླ་མའི་མན་ངག་ལ་བརྟེན་ནས་དང་པོར་དཀྱིལ་འཁོར་གྱི་ཆོ་ག་མཛད་དོ། །དེ་ནས་བསླབ་བྱ་རིམ་པ་གཉིས་ལ་སློབ་པ་ལ་ཐོག་མར་བསྐྱེད་པའི་རིམ་པའི་དབང་དུ་བྱས་ཏེ། ལྷ་མ་གྲུབ་པ་གྲུབ་པར་བྱེད་པ་ནི། རྩ་རྒྱུད་དང་ཨ་བྷི་དྷ་ན་དང༌། རྡོ་རྗེ་མཁའ་འགྲོ་ལ་བརྟེན་ནས། ནག་པོ་མངོན་རྟོགས་མཛད་ཅིང༌། དེ་ཡང་ཏིང་ངེ་འཛིན་གསུམ་མམ་བསྙེན་སྒྲུབ་བཞིས་བསྡུས་པ་ཡིན་ལ། སྔགས་མ་གྲུབ་པ་གྲུབ་པར་བྱེད་པ་ནི་རིན་ཆེན་བཞི་ཡིན་ལ། དེ་སྒྲུབ་པའི་བར་ཆད་སེལ་བ་ནི་སུམ་བྷ་ནིའོ། །ཐུན་མོང་གི་དངོས་གྲུབ་ལ་དགོངས་ནས་གྲུབ་པའི་འབྲས་བུ་མྱུར་དུ་འབྱིན་པའི་ཐབས་སྦྱིན་སྲེག་ནི། རྩ་རྒྱུད་དང༌། སཾ་པུ་ཊ་དང༌། རྡོ་རྗེ་མཁའ་འགྲོ་ལ་བརྟེན་ནས་མཛད་དོ། །གཉིས་པ་རྫོགས་རིམ་གྱི་དབང་དུ་བྱས་ནས་གཞུང་གསུམ་དུ་འབྱུང་བའི་རྒྱུ་མཚན་ནི། དང་པོ་རྣལ་འབྱོར་ཆེན་པོའི་ཐབས་ཀྱི་རྒྱུད་གསང་བ་འདུས་པ་དང༌། ཤེས་རབ་ཀྱི་རྒྱུད་འཁོར་ལོ་བདེ་མཆོག་གཉིས་གླེང་གཞི་རྗོད་བྱེད་ཀྱི་སྒྲ་དང་ཡི་གེ་ཐ་དད་ཀྱང༌། བརྗོད་བྱའི་དོན་གཅིག་པར་བསྟན་པའི་ཕྱིར། དེ་གཉིས་ཀྱི་གླེང་གཞི་ལ་བརྟེན་ནས་གསང་བའི་དེ་ཉིད་རབ་ཏུ་གསལ་བ་མཛད་དོ། །རྣལ་འབྱོར་མའི་རྒྱུད་ཉིད་ལ་ཡང༌། སྙིང་པོ་ཀྱེའི་རྡོ་རྗེ་དང༌། འཁོར་ལོ་བདེ་མཆོག་ལ་སོགས་པ་རྗོད་བྱེད་ཀྱི་སྒྲ་ཐ་དད་ཀྱང༌། བརྗོད་བྱའི་དོན་གཅིག་པར་བསྟན་པའི་ཕྱིར་འཁོར་ལོ་སྡོམ་པའི་རྩ་བ་དང་བཤད་པའི་རྒྱུད་རྣམས་དང༌། ཀྱེའི་རྡོ་རྗེའི་རྒྱུད་གསུམ་རྡོ་རྗེ་གདན་བཞི་ལ་སོགས་པ་ལ་བརྟེན་ནས་ཨོ་ལ་པ་ཏི་མཛད་དོ། །འཁོར་ལོ་སྡོམ་པ་ཉིད་ལ་ཡང་བརྗོད་པར་བྱ་བའི་དོན་དེ་རིམ་པ་བཞི་ལས་མེད་དོ། །ཞེས་བསྟན་པའི་ཕྱིར་རྩ་རྒྱུད་དང༌། སཾ་པུ་ཊའི་བརྟག་པ་དྲུག་པ་ལ་སོགས་པ་ལ་བརྟེན་ནས། དཔྱིད་ཀྱི་ཐིག་ལེ་མཛད་དོ། །གྲོགས་སྤྱོད་པ་གསུམ་མམ་བཞི་དང༌། འབྲས་བུ་རྣམ་པ་གཉིས་ནི་གཞུང་དྲུག་པོ་དེ་དག་གིས་གསེབ་ཚགས་ནས་སྟོན་པ་ཡིན་གསུང་ངོ༌།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*