རྡོ་རྗེ་གླུའི་བཤད་པ།

༼ཀ༽

༄༅། །རྡོ་རྗེ་གླུའི་བཤད་པ་བཞུགས།།

༄༅། །རྡོ་རྗེའི་གླུའི་བཤད་པ་ལ་དོན་གསུམ་སྟེ། ཀླད་ཀྱི་དོན་དང༌། གཞུང་གི་དོན་དང༌། མཇུག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། མཆོད་པ་བརྗོད་པ་དང༌། བཤད་པར་དམ་བཅའ་བའོ། །དང་པོ་ལ་གཉིས་ཏེ། རང་དད་པའི་ལྷ་ལ་མཆོད་པར་བརྗོད་པ་དང༌། བླ་མ་ལ་མཆོད་པར་བརྗོད་པའོ། །གཞུང་གི་དོན་ལ་ལྔ་སྟེ། རྡོ་རྗེ་གླུའི་དོན་བཤད་པ་དང༌། གར་གྱི་དོན་བཤད་པ་དང༌། གླུ་གར་གྱི་ལྷའི་རྣལ་འབྱོར་གང་གིས་བྱ་བ་བསྟན་པ་དང༌། དེ་ལྟར་བྱས་པའི་ཕན་ཡོན་དང༌། གླུ་གར་བྱས་པ་ལས་དངོས་གྲུབ་འགྲུབ་པའི་རྟགས་བསྟན་པའོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་མཇུག་བསྡུ་བའོ། །དང་པོ་ལ་གསུམ་སྟེ། རྡོ་རྗེ་གླུའི་དོན་བསྡུས་པའི་དོན་གྱི་མན་ངག་གིས་བཤད་པ་དང༌། ཡན་ལག་གི་དོན་གྱིས་བཤད་པ་དང༌། ཡི་གེའི་དོན་གྱིས་བཤད་པའོ། །གླུའི་དེ་ཁོ་ན་ཉིད་ལ་གཉིས་ཏེ། རང་བྱིན་གྱིས་བརླབ་པའི་རིམ་པ་གཏུམ་མོའི་རྣལ་འབྱོར་དུ་བཤད་པ་དང༌། དབང་ལྟར་བཤད་པའོ། །དེ་ལ་གསུམ་སྟེ། མ་ནིང་གི་དབང་གི་དེ་ཁོ་ན་ལྟར་བཤད་པ་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་ལྟར་བཤད་པ་དང༌། བཞི་པའི་དབང་ལྟར་བཤད་པའོ། །དེ་ལ་གཉིས་ཏེ། འབྲས་བུའི་བཞི་པ་དང༌། དེ་ཐོབ་པར་བྱེད་པའི་ཐབས་ལམ་གྱི་བཞི་པ་བཤད་པའོ། །བརྡའི་འགྲེལ་པ་ལ་དོན་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དང་པོ་ལ་དྲུག་སྟེ། བཤད་པར་དམ་བཅས་པའི་དོན་དགྲོལ་བ་དང༌། བརྡའི་བྱེད་པའི་དོན་དགྲོལ་བ་དང༌། བརྡ་དངོས་ཀྱི་དོན་དགྲོལ་བ་དང༌། བརྡས་མཚོན་པའི་གྲོགས་དང་འདུ་བའི་གནས་ཀྱི་དོན་དགྲོལ་བ་དང༌། འདུ་བའི་དུས་ཀྱི་དོན་བསྟན་པ་དང༌། འདུས་པའི་བྱ་བའི་དོན་བསྟན་པའོ། །དེ་ལ་གསུམ་སྟེ། བཟའ་བ་ལ་སོགས་པའི་བྱ་བ་དང༌། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་ལ་བརྟེན་ཏེ་བྱ་བའི་ལས་དང༌། དེ་ལྟར་བྱས་པའི་ཕན་ཡོན་བསྟན་པའོ།།  །།སློབ་དཔོན་ཆེན་པོ་དཔལ་ཨུརྻན་པའི་ཞལ་སྔ་ནས་འོངས་པའི་རྩའི་མངོན་པར་རྟོགས་པའི་འགྲེལ་པ་འདི་ལ་དོན་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་གཉིས་ཏེ། རྩ་སུམ་ཅུ་རྩ་གཉིས་ཀྱི་མངོན་པར་རྟོགས་པ་བསྟན་པ་དང༌། སྡོམ་པའི་རབ་ཏུ་དབྱེ་བའི་དོན་གསལ་བར་བསྟན་པའོ། །དང་པོ་ལ་ལྔ་སྟེ། རྩ་སུམ་ཅུ་རྩ་གཉིས་ཀྱི་མཚན་ཉིད་བསྟན་པ་དང༌། དེ་རྣམས་ཀྱི་གཙོ་མོ་གསུམ་དུ་བསྟན་པ་དང༌། གསུམ་པོ་དེའི་མཚན་ཉིད་ལས་དང་བཅས་པར་བསྟན་པ་དང༌། རྩ་སུམ་ཅུ་རྩ་གཉིས་ནས་འབབ་པའི་བྱང་ཆུབ་ཀྱི་སེམས་འཕོ་བ་བཅུ་དྲུག་ཕྲག་གཉིས་ཀྱི་གནས་དང་རང་བཞིན་བསྟན་པ་དང༌། རྩ་དེ་རྣམས་ཀྱི་དོན་དམ་པའི་ལས་ཀྱི་དབང་དུ་བྱས་ནས་སྐུ་གསུམ་གྱི་རང་བཞིན་དུ་བསྟན་པའོ། །གསུམ་པོ་དེའི་མཚན་ཉིད་ལས་དང་བཅས་པར་བསྟན་པ་ལ་གཉིས་ཏེ། མཚན་ཉིད་བསྟན་པ་དང༌། ལས་བསྟན་པའོ། །དེ་ལ་གཉིས་ཏེ། ཀུན་རྫོབ་ཀྱི་ལས་བསྟན་པ་དང༌། དོན་དམ་པའི་ལས་བསྟན་པའོ། །སྡོམ་པའི་རབ་ཏུ་དབྱེ་བའི་དོན་གསལ་བར་བསྟན་པ་ལ་བཞི་སྟེ། ཨཱ་ལི་ཀཱ་ལིའི་དོན་གསལ་བར་བསྟན་པ་དང༌། སྐུ་གསུམ་གྱི་དོན་གསལ་བར་བསྟན་པ་དང༌། ཨེ་ཝྃ་མ་ཡའི་དོན་གསལ་བར་བསྟན་པ་དང༌། ལྟེ་བར་གཏུམ་མོ་འབར་བ་ལ་སོགས་པའི་དོན་གསལ་བར་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཨཱ་ལི་ཀཱ་ལི་རྡོ་རྗེ་དང་པདྨ་ལ་གཞག་པ་དང༌། ཕྲ་བ་དང་རགས་པ་ལ་གཞག་པའོ། །ཨེ་ཝྃ་མ་ཡའི་དོན་གསལ་བར་བཤད་པ་ལ་གཉིས་ཏེ། ཚུལ་བཞིས་བཤད་པ་དང༌། དེ་ཉིད་རང་ལུས་ཐབས་ལྡན་འཁོར་ལོ་བཞི་ལ་རྣམ་པར་གཞག་པའོ། །དེ་ལ་གཉིས་ཏེ། རྟེན་འཁོར་ལོ་བཞིའི་རྩའི་འདབ་མ་ལ་བརྟེན་པ་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་ཡིག་འབྲུ་ཇི་ལྟར་གནས་པ་བསྟན་པ་དང༌། འཁོར་ལོ་བཞི་ལ་རྣམ་པར་གཞག་པ་བསྟན་པའོ། །དེ་ལ་བདུན་ཏེ། སྐད་ཅིག་མ་བཞིར་རྣམ་པར་གཞག་པ་དང༌། བདེན་པ་བཞིར་རྣམ་པར་གཞག་པ་དང༌། དེ་ཁོ་ན་ཉིད་བཞིར་རྣམ་པར་གཞག་པ་དང༌། དགའ་བ་བཞིར་རྣམ་པར་གཞག་པ་དང༌། སྡེ་པ་བཞིར་རྣམ་པར་གཞག་པ་དང༌། ཆེ་འབྲིང་བཞིར་རྣམ་པར་གཞག་པ་དང༌། ཟླ་བ་ཉི་མ་དང་ཨཱ་ལི་ཀཱ་ལིའི་དོན་གསལ་བར་བསྟན་པའོ། །དེ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ།།  །།སློབ་དཔོན་ཆེན་པོ་དཔལ་ཨུརྻན་པས་མཛད་པའི་རྩའི་མངོན་པར་རྟོགས་པ་ཆུང་ངུ་འདི་ལ་དོན་དྲུག་སྟེ། དཔལ་ཀྱེའི་རྡོ་རྗེའི་ཕྱག་དང་ཕྱག་མཚན་གྱི་རྣམ་དག་བསྟན་པ་དང༌། རྣལ་འབྱོར་པས་ལམ་དུ་བྱས་པའི་དབང་དུ་བྱས་ཏེ་རྩ་སུམ་ཅུ་རྩ་གཉིས་ཀྱི་མཚན་ཉིད་སྒྲ་འཇུག་པའི་རྒྱུ་མཚན་དང་བཅས་པ་བསྟན་པ་དང༌། སྙིང་གའི་སྦས་པའི་རྩ་ལྔ་བསྟན་པ་དང༌། འཁོར་ལོ་བཞིར་བདེ་བ་ཆེན་པོར་རོལ་པར་བསྟན་པ་དང༌། རྩ་སུམ་ཅུ་རྩ་གཉིས་ཀྱི་གནས་དང་ཀུན་རྫོབ་ཀྱི་ལས་དང་བཅས་པ་བསྟན་པ་དང༌། རྩ་རྣམས་ལྷ་མོ་བཅོ་ལྔའི་བདག་ཉིད་དུ་དག་པ་བསྟན་པའོ། །གླུའི་དོན་དང་པོར་རང་བྱིན་གྱིས་བརླབ་པའི་རིམ་པ་ལྟར་བཤད་པའི་དབང་དུ་བྱས་ན། ཀོལླ་ཨི་རེ་ཞེས་པས་བདེ་ཆེན་འཁོར་ལོ་བསྟན། ཊཋི་ཏ་ནི། སྠ་ཏིསྟ་ན་བ་སྟེ། དེས་ལྟེ་བའི་ཧྃ་བསྟན། མུམྨུ་ནིས་ལྟེ་བ་སྤྲུལ་པའི་འཁོར་ལོ་བསྟན། ཀཀྐོ་ལཱ་ཞེས་པས་དེའི་ལྟེ་བའི་ཨྃ་བསྟན་ཏེ། དོན་དེ་རྣམས་ཀྱིས་འཁོར་ལོ་གཉིས་ཡིག་འབྲུ་དང་བཅས་པ་བསྟན་ཏོ། །གྷ་ཎེ་ཀྲི་པི་ཊས་ནི་རྒྱུན་ཏུ་ཅང་ཏེའུ་བརྡུང་བ་སྟེ། འཁོར་ལོ་གཉིས་དང་ཡིག་འབྲུ་གཉིས་ཁ་སྦྱོར་གྱི་ཚུལ་དུ་གནས་པ་ལས། རྩ་དབུ་མ་ནས་གཏུམ་མོ་སྦར་བ་དང༌། བྱང་ཆུབ་ཀྱི་སེམས་འབབ་པ་རྒྱུན་ཏུ་ཉམས་སུ་ལེན་པའོ། །ཀཱ་རུ་ཎེ་ཞེས་པས་ཚད་མེད་པ་བཞི་བསྟན་ལ། དེས་ལྷ་མོ་བཞི་བསྟན། དེས་འཁོར་ལོ་བཞི་བསྟན་ཏོ། །ཀི་ཨ་ཨི་ན་རོ་ལཱ་ཞེས་པས་ནི་གཏུམ་མོའི་ཡེ་ཤེས་མངོན་དུ་བྱས་པའི་ཚེ། རྟོག་པའི་གཡུལ་ལམ་རྩོད་པ་མི་བྱ་ཞེས་པའོ། །ཏ་ཧིཾ་བ་ལ་ཁཛྫ་ནི་གཏུམ་མོའི་ཡེ་ཤེས་མངོན་དུ་བྱ་ཞེས་པའོ། །གཱ་ཌྷེཾ་ནི་འདིར་གཏུམ་མོ་སྦར་བ་ལ་བཤད་པའོ། །མཱ་ཨ་ན་བིཛྫ་ཨི། ཕྱི་དོན་དུ་ཆང་བཏུང་བ་ནི། འདི་ཕྱི་རོལ་གྱི་དགའ་བ་ལས་མཆོག་ཏུ་གྱུར་པ་གཏུམ་མོའི་ཡེ་ཤེས་རྟོག་པ་དང་བྲལ་བ་མངོན་དུ་བྱ་ཞེས་པའོ། །འདིར་སྐལ་བ་དང་ལྡན་པ་ནི། གཏུམ་མོ་སྦར་ནས་ཡས་ཕབ་པའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་སྐལ་བ་དང་ལྡན་པ་ལ་བྱའོ། །སྐལ་བ་མེད་པ་ནི་བསམ་གྱིས་མི་ཁྱབ་པའི་དུས་དེར་རྟོགས་པའི་སྐལ་བའམ་སྐབས་མེད་པ་སྟེ། རྟོག་པ་སྤངས་ཏེ་འོང་དུ་མི་གཞུག་པའོ། །ལྷག་མ་རྣམས་ཀྱི་དོན་ཡང་ཅི་རིགས་པར་གཞུང་ཉིད་དུ་གོ་བར་བྱའོ།།  །།ཡང་གླུའི་དོན་ནང་ལྟར་བཤད་པའི་མ་ནིང་གི་དབང་དུ་སྦྱར་ཏེ་བཤད་ན། དོན་ནི་རྩ་གཡས་པ་ལ་སྐྱེས་པ་ཟེར། རྩ་གཡོན་པ་ལ་བུད་མེད་ཀྱི་བརྡས་བསྟན་པས། དབུས་ཀྱི་ཀུན་འདར་མ་ནི་མ་ནིང་གི་བརྡས་བསྟན་ཏེ། བྷ་ར་ཏ་ཀ་རྟོག་པ་མེད་པའི་གནས་རྩ་གསུམ་འཛོམ་པའི་ས་དེར་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་པ་ནི་ནང་ལྟར་བཤད་པའི་མ་ནིང་གི་དབང་ངོ༌། །དེ་ཉིད་མ་ཡིན་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཕྱོགས་གཅིག་ཡིན་ཡང༌། གསང་བའི་དབང་གི་དེ་ཁོ་ན་ཞེས་ཀྱང་བྱ་སྟེ། རྩ་གཡས་གཡོན་གཉིས་ནི་གསང་བའི་ཡབ་དང་ཡུམ་ཡིན་ལ། རྩ་ཀུན་འདར་གྱི་སྣ་ནི་སློབ་མའི་ཁ་སྟེ། དེར་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་ནས་ས་ཧ་ཛ་མངོན་དུ་བྱས་པ་ནི་གསང་བའི་དབང་གི་དེ་ཁོ་ན་སྟེ། ཕྱིའི་བྱང་སེམས་སློབ་མའི་ལྕེ་ལ་བཞག་པ་ལ་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་མེད་པས། དེ་ལྟ་བུའི་དོན་དེ་ཉིད་འདིར་རྩ་བའི་རྒྱུད་ཀྱི་བརྟག་པ་ཕྱི་མའི་ལྔ་པ་ལས། རང་གི་གཡས་དང་ལག་གཞན་གྱི། །ལོངས་སྤྱོད་ཀྱི་ནི་རླབས་གཉིས་ལ། །རང་གི་གཡས་དང་ལག་གཞན་གྱི། །མཐེ་བོང་དང་ནི་སྲིན་ལག་གིས། །དེ་ནི་རྣལ་འབྱོར་པ་ཡིས་བཙིར། །ཞེས་པས་བསྟན་ཏེ། ཀོལླ་ཨི་རེ་ཊཱི་ཨ་བོ་ཞེས་པས་འདིར་གཡས་ཀྱི་རོ་མ་བསྟན་ཏེ། རོ་མ་དེ་ཁ་སྟེང་དུ་བལྟས་པས་སྤྱི་བོ་ཞེས་བྱའོ། །དེ་གཡས་པ་དང་གཡོན་པ་གཉིས་ལས་གཡས་པའོ། །ཨཱ་ལི་ཀཱ་ལི་གཉིས་པོ་ལས་ཀཱ་ལིའོ། །ཟླ་བ་དང་ཉི་མ་གཉིས་ལས་ཉི་མ། ཐིག་ལེ་དྭངས་མ་བཅོས་པ་དང་མ་བཅོས་པ་ལས་མ་བཅོས་པའོ། །ཁ་འོག་ཟེར་ཡང་སྟེང༌། ཡང་ན་ལུས་འོག་ཁ་སྟེང་ངོ༌། །ངག་གི་རྡོ་རྗེ་ཟེར་ཡང་སྐུ་གསུང་གཉིས་ལས་སྐུའོ། །ཐབས་ཤེས་རབ་གཉིས་ལས་ཐབས། རྡོ་རྗེ་དང་པདྨ་གཉིས་ལས་རྡོ་རྗེའོ། །འབར་བ་དང་ཁུ་བ་གཉིས་ལས་འབར་བ་སྟེ། རྩ་དེ་ནས་གཏུམ་མོ་སྦར་བའི་ལས་བྱེད་པའོ། །མདོར་ན་གཡས་པ་ལ་སོགས་པའི་མིང་གི་རྣམ་གྲངས་དེ་རྣམས་ཀྱི་བརྡས་རྩ་རོ་མ་སྟོན། མུམྨུ་ནི་རེ་ཀཀྐོ་ལའི་དོན་ནི། ཡང་རྒྱུད་ཕྱི་མའི་གཞན་ཞེས་པས་བཤད་དེ། གཡོན་པ་ལ་སོགས་པའི་རྣམ་གྲངས་ཀྱི་བརྡས་བསྟན་ནས། ར་ས་ནཱ་རྩ་གཡོན་པར་གོ་བཟློག་སྟེ་སྔ་མ་བཞིན་ཤེས་པར་བྱའོ། །དེ་ལྟར་ན་གཡས་གཡོན་གཉིས་བསྟན་པས་ལག་པ་ཞེས་པས། རྩ་དབུས་ཀྱི་ཀུན་འདར་མ་བསྟན་པ་ཤེས་པར་བྱའོ། །ལོངས་སྤྱོད་ཀྱི་ནི་རླབས་གཉིས་ལ། །ཞེས་པ་ནི། བཙིར་བ་ནི་འོ་དང་འཁྱུད་པ་ལ་སོགས་པ་སྔོན་དུ་འགྲོ་བས་རྡོ་རྗེ་དང་པདྨ་སྦྱོར་བ་ལ་བྱའོ། །རླབས་གཉིས་ནི་ཞུ་བདེ་གཉིས་ལ་བྱའོ། །བཟའ་བ་ནི་དྷཱུ་ཏཱིར་མངོན་དུ་བྱས་པ་ལ་བྱའོ། །ཡང་ན་བཟའ་བ་ནི་ཐབས་དང་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་འདྲེས་པ་ལ་བྱའོ། །ལོངས་སྤྱོད་ནི་བདེ་བ་ལ་ལོངས་སྤྱོད་པ་ལ་བྱའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་དངོས་ལྟར་བཤད་ན། སློབ་དཔོན་འདིས་ས་ལ་ཧ་ཛ་བཞི་པར་སྐྱེ་བར་བཞེད་དེ། དགའ་བྲལ་གྱི་དགའ་བའི་མཐའ་དགའ་བྲལ་གྱི་དང་པོར་གསང་རྩ་གཉིས་དང༌། བྱང་ཆུབ་སེམས་ཀྱི་ཐིག་ལེ་གཉིས་དང༌། དལ་བར་རྒྱུ་བའི་རླུང་གཉིས་འཛོམ་པ་སྟེ་འཛོམ་པ་གསུམ་ལ་བརྟེན་ནས་སྐྱེ་བར་བཞེད་དོ། །དེ་ཉིད་གཞུང་དང་སྦྱར་ན་ཀོལླ་ཨི་རེ་ཞེས་པས་རྡོ་རྗེའི་མགོ་བོ་བསྟན་ཏོ། །བོལླ་དེའི་ཁར་བཟུང་བའི་བྱང་ཆུབ་ཀྱི་སེམས་བསྟན། ཡང་མུམྨུ་ནི་ཞེས་པས་ཤེས་རབ་ཀྱི་ཆོས་ཀྱི་འབྱུང་གནས་བསྟན། ཀཀྐོ་ལཱ། ཞེས་པས་དེར་མངོན་དུ་བྱས་པའི་བྱང་ཆུབ་ཀྱི་སེམས་བསྟན་ཏེ། དེ་ལྟ་བུའི་ཐབས་ཀྱི་བྱང་ཆུབ་ཀྱི་སེམས་དང༌། ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་གཉིས་ལ་གོ་རིམ་བཞིན་དུ་བོལླ་དང༌། རོ་མ་དང༌། གསང་བའི་རྡོ་རྗེའི་བརྡ་དང༌། ཡང་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་ལ་ཀཀྐོ་ལཱ་དང༌། རྐྱང་མ་དང་པདྨའི་བརྡས་བསྟན་ནོ། །དེ་ལྟར་ན་ཐབས་དང་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་འདྲེས་པ་ལ་ནི་ཀུན་འདར་མའི་བརྡས་བསྟན་པར་གོ་བར་བྱའོ། །ལྷག་མ་རྣམས་ཀྱང་གཞུང་ཉིད་དུ་གོ་བར་བྱའོ། །ཡང་འབྲས་བུའི་བཞི་པར་བཤད་ན། དེ་ལྟར་དང་པོར་ཤེས་རབ་ཡེ་ཤེས་ཀྱི་དུས་སུ་ཉམས་སུ་མྱོང་བར་བྱས་ནས། དེ་ནས་ཡང་རབ་ཏུ་དབྱེ་བ་བཞི་པས་ཕྱག་རྒྱ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་ཆོས་བརྒྱད་དམ་དྲུག་གི་བདག་ཉིད་ཅན། དབང་གི་གནས་སུ་མངོན་དུ་བྱས་པ་ལས་ས་བཅུ་གསུམ་པ་ཐོབ་པའོ། །དེ་ཉིད་གཞུང་དང་སྦྱར་ན་མུམྨུ་ནི་ཞེས་པས། མུ་དྲའི་རྩ་ཁ་ཁྭ་མུ་ཁས་གདོང་བསྟན། ཀཀྐོ་ལཱ་ཞེས་པས་གསང་རྩའི་ཁར་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་སིཧླ་དང་བཅས་པ་མངོན་དུ་བྱས་པ་བསྟན། ཀོལླ་ཨི་རེ་ཊཱིཋས་ཐབས་ཀྱི་རྡོ་རྗེ་བསྟན། བོལླ་ཞེས་པས་དེར་ཐབས་ཀྱི་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་པ་བསྟན་ཏོ། །དེ་ལྟར་ཐབས་དང་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་གཉིས་དབང་གི་གནས་སུ་འདྲེས་པའི་ཚེ། བྱང་ཆུབ་ཀྱི་སེམས་ཕྱེད་ཕྱི་རོལ་དུ་སོན་པའང་མ་ཡིན། ཕྱེད་ནང་དུ་གནས་པའང་མ་ཡིན་པ་ནི་རཱ་ག་དང་བྲལ་བ་ལ་སོགས་པས་བསྟན་ཏོ། །དེ་བཞིན་དུ་ཡང་ཞེས་པ་ལ་སོགས་པས་ནི་དབང་གི་གནས་སུ་ས་ཧ་ཛའི་རྟོགས་པ་སྐྱེས་པ་དེ་ཉིད་རཱ་ག་དང་བྲལ་བའམ། ཐབས་དང་ཤེས་རབ་འདྲེས་པར་ཁུངས་ཀྱིས་བསྟན་ཏོ། །ལྷག་མ་རྣམས་གཞུང་ཉིད་དུ་གོ་བར་བྱའོ། །ཡང་ལམ་གྱི་བཞི་པའི་དོན་ནི་ལས་ཀྱི་ཕྱག་རྒྱ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པར་བྱས་ཤིང་གོམས་པར་བྱེད་པའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*