མཆོག་སྒྲུབ་པའི་ངང་ལས་རྒྱས་པའི་དཀྱིལ་འཁོར་གྱི་གྲངས།

༼ཀ༽

༄༅། །མཆོག་སྒྲུབ་པའི་ངང་ལས་རྒྱས་པའི་དཀྱིལ་འཁོར་གྱི་གྲངས་བཞུགས།།

༄༅། །འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་འདིས་བསྡུས་ན་དཀྱིལ་འཁོར་གཉིས་སྟོན་ཏེ། རྗེ་བཙུན་གྱི་དཀྱིལ་འཁོར་དང༌། རྗེ་བཙུན་མའི་དཀྱིལ་འཁོར་གཉིས་སྟོན་ཏེ། རྗེ་བཙུན་གྱི་ལ་ཡང་གཉིས་ཏེ། རིགས་བསྡུས་པ་དང༌། རིགས་སོ་སོ་གཉིས་སོ། །བསྡུས་པ་ལ་ཡང་གཉིས་ཏེ། བསྡུས་པ་རབ་ལྷ་བཞི་བཅུ་རྩ་དགུའི་དཀྱིལ་འཁོར་དང༌། བསྡུས་པ་འབྲིང་མཚམས་མ་བོར་བས་ལྷ་ཉི་ཤུ་རྩ་དགུའི་དཀྱིལ་འཁོར་གཉིས་སོ། །རིགས་སོ་སོ་བ་ནི་ལྔའོ། །རྗེ་བཙུན་མའི་དཀྱིལ་འཁོར་ནི་ལྷ་བཅུ་གསུམ་མ་དང༌། བཅོ་ལྔ་མ་གཉིས་སོ། །དེ་ལྟར་ན་གཞུང་འདིས་ཟིན་ཚད་ནི་མཆོག་སྒྲུབ་པའི་དཀྱིལ་འཁོར་བཅུ་བདུན་བསྟན་ཏེ། བསྡུས་པའི་རབ་ལ་མི་བསྐྱོད་པ་ལ་སོགས་པ་རྒྱལ་པ་ལྔ་པོ་གཙོ་བོའི་བྱེ་བྲག་གིས་དཀྱིལ་འཁོར་ལྔ། བསྡུས་པ་འབྲིང་ལ་གཙོ་བོའི་བྱེ་བྲག་གིས་ལྔ་སྟེ་བཅུ་ཐམ་པ། རིགས་བྱེ་བྲག་པ་ལ་ལྔ་སྟེ་བཅོ་ལྔའོ། །དེའི་སྟེང་དུ་རྗེ་བཙུན་མའི་དཀྱིལ་འཁོར་གཉིས་ཏེ་བཅུ་བདུན་ནོ། །དེ་རྣམས་ལ་ཡང་སྲིད་ཚད་ཀྱི་དབང་དུ་བྱས་ནས་དཀྱིལ་འཁོར་དྲུག་ཅུ་རྩ་གཉིས་བསྟན་གསུངས་ཏེ། རྗེ་བཙུན་གྱི་བཅོ་ལྔ་པོ་དེ་ལ། གཙོ་བོ་ཧེ་རུ་ཀ་བཞིའི་འཕོ་བས་དྲུག་ཅུའི། །དེའི་སྟེང་དུ་བདག་མེད་མའི་དཀྱིལ་འཁོར་གཉིས་ཏེ། དྲུག་ཅུ་རྩ་གཉིས་སོ། །སྒྲོལ་མ་ལྷ་བཅུ་གཅིག་གི་དཀྱིལ་འཁོར་ཡང་ལས་རྒྱས་པའི་དཀྱིལ་འཁོར་རོ། །དེ་ལ་སྦྱིན་སྲེག་དང་འབྲེལ་བའི་ལས་ཚོགས་བཅུ་གཉིས་སོ། །ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་ལ་སོགས་པ་གསུམ་ལའང་རིགས་བསྡུས་པའི་དཀྱིལ་འཁོར་ཡང་ཡོད་དེ། ལེའུ་བཅོ་ལྔ་པའི་སྟོད་དུ་བསྟན་པ་ནི་གོང་དུ་བསྟན་པས་གསལ་བར་སྟོན་ཏོ། །ས་ཆེན་གྱིའོ། །རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

 

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*