བླ་མ་མངའ་རིས་པས་མཛད་པའི་བརྟག་གཉིས་ཀྱི་ཚིག་འགྲེལ། ༣

དམན་མ་ཆུ་བོར་དོར་བ་སྟེ་གསུམ་པོ་སོ་སོར་བགྲངས་ན་སུམ་ཅུ་སོ་གཅིག་ཏུ་ཡང་འགྱུར་རོ། །གཞུང་ལས་བཤད་པར་དམ་བཅའ་བ། གང་གིས་ཞེས་པ་དཀྱིལ་འཁོར་གང་གིས་སམ་སློབ་དཔོན་གང་གིས་སོ། །སློབ་མ་དབང་བསྐུར་བའི་ཆོ་གའང་ཞེས་པ་དཀྱིལ་འཁོར་བྲི་བར་མ་ཟད། སློབ་མ་དབང་བསྐུར་བའི་ཆོ་གའང་ཞེས་པའི་དོན་ཏོ། །དོན་དངོས་ལ་གཉིས་ཏེ། དཀྱིལ་འཁོར་བྲི་བའི་དོན་མདོར་བསྟན་ཅིང་དེར་དབང་བསྐུར་བ་དང༌། དཀྱིལ་འཁོར་བྲི་བའི་དོན་རྒྱས་པར་བཤད་ནས་དེར་དབང་བསྐུར་བར་བསྟན་པའོ། །དང་པོ་ལ་གཉིས་ཏེ། དཀྱིལ་འཁོར་བྲི་བའི་ཚུལ་དང༌། དེར་དབང་གང་དག་བསྐུར་བ་བསྟན་པའོ། །གོང་མ་ལ་བཞི་སྟེ། བྲི་བའི་རིམ་པ་དང༌། གནས་དང༌། རྡུལ་ཚོན་དང༌། ཚད་བསྟན་པའོ། །དང་པོ་ནི་བསྙེན་པ་རབ་འབྲིང་གསུམ་གང་རུང་ཅིག་སྔོན་དུ་སོང་བས། དང་པོར་ཞེས་པ་དཀྱིལ་འཁོར་བྲི་བའི་དང་པོར་ལྷའི་བདག་ཉིད་ཧེ་རུ་ཀའི་དཀྱིལ་འཁོར་དུ་ཕྱག་གཉིས་པ་དང༌། བདག་མེད་མའི་དཀྱིལ་འཁོར་དུ་གཙོ་མོའི་ང་རྒྱལ་གྱིས་ནོར་འཛིན་སྦྱང་ཞེས་པ་ཚད་དང་མཐུན་པར་བསྒོམ་སྟེ། སྐྱོན་རྣམས་བསལ་ནས་བསྟར་ཞིང་འཐས་པར་བྱས་ཏེ། སྐྱང་ནུལ་བྱ་བ་ནི་སྐྱོན་སྦྱང་བའོ། །བགེགས་སྦྱང་བ་ནི་ས་དེར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་སྤྲོས་པས་ས་ཕྱོགས་དེ་ཉིད་རྡོ་རྗེའི་རང་བཞིན་གྱི་སར་བསྒོམ་པའོ། །དེ་ལྟར་ས་སྦྱང་བ་ལ། འབད་པས་ཧཱུྃ་ལས་རྡོ་རྗེ་ཅན། །ཞེས་སེམས་ཀྱི་འབད་པས་ངག་ཏུ་ཧཱུྃ་བརྗོད་པའི་སྟོབས་ཀྱིས་ཕྱག་གཉིས་པའམ། བདག་མེད་མ་བསྒོམ་པའོ། །ཕྱི་ནས་ཞེས་པ་ས་སྦྱངས་པའི་ཕྱི་ནས་སོ། །གཉིས་པ་ནི་ཚལ་དང་ཞེས་པ་ལ་སོགས་པས་སོ། །གསུམ་པ་རྡུལ་ཚོན་ཞེས་པ་སྟེ། གནས་དེར་ས་ཆོག སྟ་གོན་ཐིག་གདབ་པ་དང་གསུམ་བྱས་ནས་སོ། །བཞི་པ་དེ་ནས་ཞེས་པ་སྟེ། །མཚོན་བྱ་ཁྲུ་གསུམ་གྱིས་ནི་བྷ་གའི་དཀྱིལ་འཁོར་ཆོས་འབྱུང་གྲུ་གསུམ་མཚོན་ལ། མཐེ་བོང་གསུམ་གྱིས་བྱང་ཆུབ་ཀྱི་སེམས་ཞུ་བདེ་མི་རྟོག་པ་གསུམ་མཚོན་པའོ། །དེར་དབང་བསྐུར་བ་བསྟན་པ་ལ་གཉིས་ཏེ། གསང་བའི་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །དང་པོ་ནི། དེར་ནི་ཞེས་པ་སྟེ་དཀྱིལ་འཁོར་དེར་བུམ་པའི་དབང་བསྐུར་བའི་རྗེས་ལའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ལ་གསུམ་སྟེ། གང་ལ་བརྟེན་ཏེ་དབང་བསྐུར་བ་དང༌། དབང་གི་དོན་དངོས་དང༌། དབང་གི་དོན་བསྒོམས་པའི་ཕན་ཡོན་ཏེ་བསྒྲུབས་པའི་རྟགས་དང་བཅས་པ་བསྟན་པའོ། །དང་པོ་ནི་རོ་མཉམ་ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། སློབ་མའི་སྤྱོད་ཡུལ་ཉིད་ཅེས་པ་གསང་དབང་གི་དུས་སུ་བླ་མས་ཉམས་སུ་མྱོང་བ་ཡིན་ལ། དེ་ཉིད་འདིར་སློབ་མའི་སྤྱོད་ཡུལ་དུ་བྱ་བའི་ཕྱིར། དེ་ཉིད་ལ་ཡང་བྱ་བར་བྱ། །ཞེས་པ་ཕྱག་རྒྱ་གཉིས་མེད་ན་གསང་བའི་དབང་གི་རྟེན་དེ་ཉིད་ཀྱིས་བྱའོ། །དབང་གི་དོན་དངོས་ལ་གསུམ་སྟེ། ཤེས་རབ་ཡེ་ཤེས་ཀྱི་མཚན་ཉིད་དང༌། དེའི་ལྷན་ཅིག་སྐྱེས་པའི་དགའ་བའི་དོན་རྟོགས་པར་བྱ་བའི་ཕྱིར། དགའ་བ་བཞིའི་བྱེ་བྲག་དང༌། དེ་ལ་གཞན་གྱི་ཐེ་ཚོམ་བསལ་བའོ། །དང་པོ་ནི་ཕྱག་རྒྱ་གཏད་དེ། འདུ་ཤེས་གསུམ་དང་ལྡན་པས་བསྟེན་པས་དགའ་བ་བཞིའི་མཐར་ལྷན་ཅིག་སྐྱེས་པའི་མཚན་ཉིད། བེམ་པོ་ལས་ལོག་སྟེ་རང་རིག་པ་གསལ་བའི་ངོ་བོར་སྐྱེ་བས་ན་རང་རིག་གོ །དེ་ཁོ་ན་ཉིད་ཀྱི་དོན་ཤེས་པས་ཡེ་ཤེས་ཉིད་དུ་འགྱུར་བའོ། །རང་སྒྲུབ་པ་པོ། །གཞན་ཕྱག་རྒྱ། ཡང་དག་རིག་པ་སྟེ་རྟོག་པ་སྤངས་པའོ། །མི་རྟོག་པས་མཁའ་མཉམ། རྟོག་པའི་དྲི་མ་དང་བྲལ་བས་རྡུལ་བྲལ། དེ་ཉིད་ཀྱིས་ན་སྟོང་པ་ཉིད་དོ། །དངོས་དང་ཞུ་བ། དངོས་མེད་བདེ་བ། བདག་ཉིད་རང་རིག་པ་གསལ་བ། མཆོག་མི་རྟོག་པ་སྟེ་ཞུ་བདེ་ཆོས་བཞི་ལྡན་ནོ། །ཐབས་དང་ཞེས་པ་ཐབས་ཀྱི་བྱང་ཆུབ་ཀྱི་སེམས། ཤེས་རབ་སྟེ་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས། ཤིན་ཏུ་འདྲེས་པ་དབང་གི་གནས་སུའོ། །ཡང་ཐབས་ཞུ་བ། ཤེས་རབ་བདེ་བའོ། །ཆགས་དང་སྟེ་དགའ་བ་མཆོག་དགའ་ཆགས་བྲལ་དགའ་བྲལ་རྣམ་པར་འདྲེས་ལྷན་སྐྱེས་སུ་རོ་གཅིག་པའོ། །དེ་ཉིད་ཅེས་པ་དེར་མྱོང་བའི་མཚོན་བྱ་རང་རིག་པའི་ཡེ་ཤེས་རང་བཞིན་ལྷན་སྐྱེས་དེས་འཚོ་བར་བྱེད་པས་ན་སྲོག་ཆགས་རྣམས་ཀྱི་སྲོག་གོ །ཡི་གེ་དེ་ནི་ཨཀྵ་ར་སྟེ་དུས་ཐམས་ཅད་དུ་མི་འགྱུར་བས་ཡི་གེ་དམ་པ་ཉིད་དོ། །དེ་ཉིད་འགྲོ་བའི་བདག་ཉིད་ནི། ཐམས་ཅད་ཀྱང་དེའི་བདག་ཉིད་ལས་མ་འདས་པའོ། །དེ་ཉིད་ཐམས་ཅད་ཁྱབ་པ་པོ། །ཞེས་པ་ཀུན་འགྲོའི་དབང་ཕྱུག་ཡིན་པས། དག་པ་དང་མ་དག་པའི་འགྲོ་བ་ཐམས་ཅད་ལ་ཁྱབ་པའོ། །དེ་ཉིད་བཤད་པ། ཐམས་ཅད་ལུས་ལ་རྣམ་པར་གནས། །ཞེས་པའོ། །དངོས་པོ་དང་སྟེ་གཟུགས་ཀྱི་ཕུང་པོ་དང༌། དངོས་མེད་མིང་བཞིའི་ཕུང་པོ་སྟེ་ཚོར་བ། འདུ་ཤེས། འདུ་བྱེད། རྣམ་པར་ཤེས་པའོ། །དེ་ལས་བྱུང་སྟེ་དེ་ཉིད་ཐམས་ཅད་དུ་སྣང་བའོ། །གཞན་རྣམས་དབང་པོ་དྲུག གང་རྣམས་བརྟན་པ་སྣོད་ཀྱི་འཇིག་རྟེན། དེ་རྣམས་གཡོ་བ་བཅུད་ཀྱི་སེམས་ཅན། རྣམ་པར་ཤེས་པ་རྣམ་ཤེས་དྲུག་གམ་བརྒྱད། ཀུན་གྱི་ཚུལ་ཡང་དེ་ཐམས་ཅད་དུ་སྣང་བའོ། །སྐྱེས་བུ་སྟེ་མུ་སྟེགས་པས་བཏགས་པའི་བྱེད་པའི་སྐྱེས་བུ་སྔོན་རབས་འཇིག་རྟེན་ཐམས་ཅད་ཀྱི་མེས་པོ་ཚངས་པས་བྱས་པར་འདོད་པ། དབང་ཕྱུག་བྱེད་པ་པོར་འདོད་པ། བདག་རྟག་པ་བྱེད་པ་པོར་འདོད་པ་དང༌། གསོ་བ་དང༌། སེམས་ཅན་དང༌། དུས་ལ་སོགས་པའི་དངོས་པོ་ཀུན་གྱི་རང་བཞིན་འདི་ཞེས་པ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ལ་ལོག་རྟོག་གིས་བཏགས་པའོ། །སྣ་ཚོགས་སུ་སྣང་ཡང་དེའི་ངོ་བོ་ཉིད་མ་གྲུབ་པས། སྒྱུ་མའི་གཟུགས་ཀྱིས་ཡང་དག་གནས། །ཞེས་པའོ། །གཉིས་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཡང་དགའ་བ་གསུམ་སྔོན་དུ་སོང་ནས་སྐྱེ་བ་ལས་དང་པོར་ཞེས་པ་རྣམས་པ་སྣ་ཚོགས་པའི་སྐད་ཅིག་ལ་དགའ་བ་ཙམ་ཉིད་དེ་བདེ་བའི་ཉམས་མྱོང་ཆུང་བའོ། །གཉིས་པ་ནི་གྲངས་ལ་སྟེ། རྣམ་པར་སྨིན་པའི་སྐད་ཅིག་ལ་མཆོག་དགའ་ཉིད་དེ་དགའ་བ་ལས་མཆོག་ཏུ་དགའ་བར་གྱུར་པའོ། །གསུམ་པ་ལ་ནི་སྟེ་རྣམ་པར་ཉེད་པའི་སྐད་ཅིག་ལ་དགའ་བྲལ་བཤད་དེ། བདེ་བ་མི་རྟོག་པ་དང་ལྡན་པའོ། །བཞི་པ་མཚན་ཉིད་དང་བྲལ་བའི་སྐད་ཅིག་ལ་ལྷན་ཅིག་སྐྱེས་པ་བརྗོད་ཅེས་པ་བདེ་སྟོང་དུ་གོང་དུ་བཤད་པའི་མཚན་ཉིད་དང་ལྡན་པས་སྐྱེ་བའོ། །གསུམ་པ་ལ་ཐེ་ཚོམ་ཇི་ལྟར་སྐྱེས་པ་ནི། རྡོ་རྗེ་སྙིང་པོ་ཞེས་པ་ལ་སོགས་པ་སྟེ། དེ་སྐད་ངེས་ཐོས་ནས། ཞེས་པ་དགག་པ་ཙམ་ཞེས་ལྷག་པ་འགོག་པའི་ཚིག་གསུངས་པས་སོ། །འགྲོ་བའི་གཟུགས་ཞེས་པ་འགྲོ་བའམ་འཁོར་བ་སྟེ་རྟོག་པ་སྐྱེས་པའོ། །གསུམ་ལ་ལྷན་ཅིག་སྐྱེས་པ་མེད། །ཅེས་པ་དགའ་བ་གསུམ་ལ་ལྷན་ཅིག་སྐྱེས་པ་མེད་དམ། ལྷན་སྐྱེས་ལ་ཡང་དགའ་བ་གསུམ་པོ་མེད་དམ་སྙམ་དུ་ཐེ་ཚོམ་སྐྱེས་པའི་ཚུལ་དུ་སྟོན་པའོ། །དེ་བསལ་བ། བཅོམ་ལྡན་ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་ཀུན་གྱི་སྐུ་གཅིག་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པའོ། །འདོད་ཆགས་མེད་ཅེས་པ་ལྷན་སྐྱེས་ལ་དགའ་བའི་རྟོག་པ་མེད་པའོ། །ཆགས་བྲལ་དགའ་བྲལ་གྱི་རྟོག་པ། དབུ་མ་མཆོག་དགའི་རྟོག་པའོ། །ལྷན་ཅིག་སྐྱེས་པ་བྱང་ཆུབ་བརྗོད། །མི་རྟོག་པའོ། །ཡང་ན་དེ་ཉིད་ཐམས་ཅད་བདག །ཅེས་པ་སྣང་ལུགས་ཀྱི་དབང་དུ་བྱས་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་ཐམས་ཅད་དུ་སྣང་བས་སོ། །གྲུབ་ལུགས་ཀྱི་དབང་དུ་བྱས་ན་གང་གིའང་ངོ་བོར་མ་གྲུབ་པས། ཡང་ན་ཀུན་གྱིས་རྣམ་པར་སྤངས། །ཞེས་པའོ། །དེ་མཚོན་པའི་དུས་དགའ་བྲལ་དང་པོ་ཞེས་པ་བདེ་བའི་རྟེན་ཉམས་པའི་དང་པོ་དགའ་བ་གསུམ་གྱི་ཐ་མ་མཚན་ཉིད་དང་བྲལ་བའི་སྐད་ཅིག་གི་དུས་སུའོ། །དེ་ལ་དགའ་བ་གསུམ་གྱི་རྟོག་པའང་མེད་པས། དགའ་བ་གསུམ་པོ་རྣམ་པར་སྤངས། །ཞེས་པའོ། །དེ་རྣམས་ཀྱི་ལྷན་སྐྱེས་ལ་དགའ་བ་གསུམ་གྱི་རྟོག་པ་མེད་པར་བསྟན་པས་དགའ་བ་གསུམ་ལ་ལྷན་སྐྱེས་མེད་པར་ཡང་དོན་གྱིས་བསྟན་ཏོ། །དབང་དེའི་ཕན་ཡོན་གྲུབ་པའི་རྟགས་དང་བཅས་པ་ནི། དང་པོར་དབང་དུས་སུ་མཚོན་ནས་ལམ་དུས་སུའང་ལམ་དུ་བྱེད་པའི་བཞི་པ་གོམས་པར་བྱས་པ་ལས། དང་པོར་སྤྲིན་དང་འདྲ་བ་ཡིན། །ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མི་གསལ་བ་ཙམ་དུ་རྟོགས་པ་སྟེ་དྲོད་ཆུང་ངུའི་དུས་སོ། །འབྲིང་གི་དུས་སུ་གྲུབ་པ་ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཉམ་གཞག་ལ་གསལ་བར་མངོན་དུ་གྲུབ་པས་སྒྱུ་མ་ལྟ་བུར་གྱུར་ཞེས་པ་རྗེས་ཀྱི་དུས་ནའོ། །ཆེན་པོའི་དུས་ན་མཉམ་རྗེས་མེད་པར་ཆོས་ཐམས་ཅད་ལྷན་སྐྱེས་ཀྱི་ངོ་བོར་རྟོགས་པས། ཉལ་དང་ལོག་པའི་ཁྱད་པར་ལས། །རྟག་ཏུ་རྨི་ལམ་འདྲ་བར་འགྱུར། །ཞེས་པའོ། །དྲོད་གསུམ་ཐོབ་ནས་སྤྱོད་པ་སྤྱད་པའི་མཐར། མིའི་ཕྱག་རྒྱ་ལ་བརྟེན་ནས་ཉེ་བའི་རྒྱུ་མངོན་དུ་བྱེད་པ་ནི་འབྲས་བུ་མངོན་དུ་བྱེད་པའི་བཞི་པ་སྟེ། དེས་མངོན་དུ་བྱས་པའི་འབྲས་བུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་ནི། དངོས་གྲུབ་མཚན་ཉིད་མི་ཕྱེད་པའི། །ཞེས་པ་མཚན་མ་དང་རྣམ་རྟོག་གིས་མི་ཕྱེད་པའོ། །དེ་ཡང་ཉེ་བའི་རྒྱུ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་པས་འགྲུབ་ཅེས་པའོ། །དེའི་དོན་གུར་ལས། མི་ཡི་ཕྱག་རྒྱ་བླངས་ནས་ནི། །དེ་དང་ལྷན་ཅིག་དངོས་གྲུབ་འགྱུར། །ཕྱག་རྒྱའི་དངོས་གྲུབ་ཅེས་སུ་གྲགས། །ཞེས་གསུངས་སོ། །དཀྱིལ་འཁོར་བྲི་བའི་དོན་རྒྱས་པར་བཤད་ནས། དེར་དབང་བསྐུར་བ་ལ་བཅུ་གཅིག་སྟེ། རྟེན་གྱི་དཀྱིལ་འཁོར་བྲི་བའི་ཚུལ་དང༌། དེར་བུམ་པ་དབུལ་བ་དང༌། དེའི་སྔོན་དུ་ཐིག་གདབ་པ་དང༌། དེའི་སྔོན་དུ་གྲངས་ཀྱི་བསྙེན་པ་དང༌། དེ་ནས་ས་སྦྱང་བའི་ཆོ་ག་དང༌། དེར་བུམ་པའི་དབང་ཇི་ལྟར་བསྐུར་བ་དང༌། ཕྱག་རྒྱ་ཇི་ལྟར་དགོད་པ་དང༌། དེར་སློབ་དཔོན་བདག་ཉིད་འཇུག་པའི་ཆོ་ག་དང༌། སྟ་གོན་གྱི་དུས་སུ་སློབ་དཔོན་གྱིས་ལྷའི་ང་རྒྱལ་ཇི་ལྟར་བྱ་བ་དང༌། ཚིག་གི་དབང་བཞི་པ་ཇི་ལྟར་བརྗོད་པ་དང༌། དེའི་དོན་ལྷན་ཅིག་སྐྱེས་པའི་མཚན་ཉིད་བསྟན་པའོ། །དང་པོ་ནི་སྟོན་པས་ཞེས་པ་ལ་སོགས་པ་སྟེ། བསྙེན་པ་རབ་འབྲིང་གསུམ་གང་ཡང་རུང་བ་ནས། ཐིག་གདབ་པའི་བར་སྔོན་དུ་སོང་བས་ཚོན་འགྱེད་པ་དང་འབྲེལ་ལོ། །གཉིས་པ་ནི་བུམ་པ་བརྒྱད་ནི་ལྷ་མོ་བརྒྱད་ཀྱི་བུམ་པ་ཡིན་ལ་ཞེས་པ་ཧེ་རུ་ཀའི་དབང་དུ་བྱས་ནས་རྣམ་པར་རྒྱལ་བའི་བུམ་པ་དང༌། ལས་ཐམས་ཅད་པའི་བུམ་པ་གཉིས་ཏེ་བཅུ་ཡིན་ལ། བདག་མེད་མའི་དབང་དུ་བྱས་ན་ནང་གི་ལྷ་མོ་བདུན་དང་ལས་ཐམས་ཅད་པའི་སྟེ་བཅུ་དྲུག་གོ །རིན་ཆེན་ལྔ་ནི་ཡོངས་སུ་གཞུག །ཅེས་པས་མཚོན་ནས་སྨན་ལྔ་འབྲུ་ལྔ་གཞུག་ལ། ལྷར་བསྐྱེད་ནས་བཟླས་པ་བྱ་བ་སྟེ། དེ་རྣམས་ནི་སྟ་གོན་གྱི་ཆོ་ག་ཚིག་ཟོར་ཡང་བའི་དོན་དུ་ཕྱོགས་གཅིག་ཏུ་གསུངས་པ་ཡིན་ལ། དབུལ་བ་ནི། རྣམ་པར་རྒྱལ་བ་ཤར་དུ་སྦྱིན། །ཞེས་པ་ལ་ཤར་ལ། པཱུརྦ་ན་ཞེས་པ་ཡོད་པས་དེ་ནི་དབུས་སམ། སྔོན་ལའང་འགྲོ་བས་འདིར་དབུས་ལ་སྦྱར་བས། གཞན་རྣམས་ཀྱང་རང་གནས་སུ་དགོད་པའོ། །གསུམ་པ་རང་འདོད་ལྷ་ཡི་ཞེས་པ་ལ་སོགས་པའོ། །བཞི་པ་འཁོར་ལོའི་བདག་པོ་ཞེས་པ་ཧེ་རུ་ཀའམ་བདག་མེད་མའོ། །ལྔ་པ་གོང་དུ་གསུངས་པ་ཡི། །ཞེས་པ་ལེའུ་གཉིས་པར་གསུངས་པའི་སྔགས་ཉིད་ཀྱིས། མཁས་པས་འཛིན་མ་རྣམ་པར་སྦྱང༌། །ཞེས་པ་ཏིང་ངེ་འཛིན་གྱིས་སྦྱོང་བའི་དུས་རཀྵ་ལ་སོགས་པ་ཟློས་པའོ། དེའི་སྔོན་དུ་ས་སློང་བ་ན་སའི་ལྷ་མོ་ལ་གོང་གི་ཨ་སོགས་ཞེས་པ་ཨ་ཀཱ་རོའི་སྔགས་ཀྱིས་སོ། །ཇི་ལྟར་བསམ་གཏན་ཞེས་པ་དང༌། །བསྲུང་བ་ཇི་ལྟར་གསུངས་པ་ཉིད། །དེ་བཞིན་འདིར་ཞེས་སྦྱར་ཏེ། སྲུང་བའི་འཁོར་ལོ་བསྒོམ་པ་དང༌། རྐང་སྟབས་ཀྱི་བཀོད་པ་བྱ་བ་སྟེ་ས་བཟུང་བའོ། །དྲུག་པ། གང་ཞིག་དབང་ནི་རབ་ཕྱེ་བས། །ཞེས་པ། བུམ་དབང་བདུན། རང་གི་དཀྱིལ་འཁོར་ཆོ་གས་སྦྱིན། །ཞེས་པ་འཆད་པར་འགྱུར་བ་གྱུར་ལ་བྱའོ། །མཆོད་དང་གསོལ་བ་གདབ་པ་ཉིད། །ཇི་ལྟར་བཤད་པ་དེ་བཞིན་འདིར། །ཞེས་པ་དབང་རེ་རེ་ལའང་མཆོད་པ་དང་གསོལ་བ་གདབ་པ་སྔོན་དུ་འགྲོ་བར་གསུངས་པ་བཞིན་དུ་འདིར་ཡང་བྱའོ། །བདུན་པ་ནི། འཕར་མ་གཉིས་བཟང་ཞེས་པ་ལ་སོགས་པ་སྟེ་འོག་གི་ནུབ་སྨད་དུ་བྲིས་ལ། སྟེང་གི་ཤར་སྟོད་དུ་བྲིའོ། །བརྒྱད་པ་ནི། རྡོ་རྗེ་སེམས་དཔའ་སྙེམས་བྱས་ནས། །ཞེས་ཧེ་རུ་ཀའི་དབང་དུ་བྱས་ན་ཕྱག་གཉིས་པའི་ང་རྒྱལ་གྱིས་བྱ་ལ། རྗེ་བཙུན་མའི་བདག་མེད་མ་ཉིད་ཀྱིས་བྱའོ། །དགུ་པ་ཁྲུས་དང་ཞེས་པ་ལ་སོགས་ཏེ། ཧཱུྃ་ཧཱུྃ་ཞེས་པ་སྙེམས་པའི་ང་རོ་སྟེ། ལྷའི་ང་རྒྱལ་བརྟན་པོའི་ཚིག་ཡིན་ལ། ཧི་ཧི་ཞེས་བརྗོད་པ་འཇིགས་པའི་ང་རོ་སྟེ་བགེགས་ལ་སོགས་པ་སྐྲག་པར་བྱེད་པའོ། །བཅུ་པ་ནི་ཚིག་དབང་རིན་པོ་ཆེ་བཞི་པ་སྟེ། གོང་དུ་བཤད་པ་བཞིན་དུ་དབང་གསུམ་པ་བསྐུར་བ་སྔོན་དུ་འགྲོ་བས། ཕྱི་ནས་ཞེས་པ་ཤེས་རབ་ཡེ་ཤེས་བསྐུར་བའི་རྗེས་ལ། དེ་ཉིད་ཡང་དག་བཤད་ཅེས་པ་དེ་ཁོ་ན་ཉིད་ཚིག་གིས་འཆད་པའོ། །དེ་ཡང༌། རྣམ་དག་ཡེ་ཤེས་གཟུགས་ཅན་དང༌། །ཞེས་པ་རྟོག་པའི་དྲི་མ་མ་ལུས་པ་དག་པའི་ཆོས་ཀྱི་སྐུ་དང༌། འཁོར་བ་རྣམ་པར་རྟོག་པ་ལ། །ཞེས་པ་འཁོར་བའི་སེམས་ཉིད་རང་བཞིན་ལྷན་སྐྱེས་རང་བཞིན་གྱིས་རྣམ་པར་དག་པ་དང༌། དབང་གསུམ་པའི་དུས་སུ་ཤེས་རབ་ལ་བརྟེན་ནས་སྐྱེས་པའི་ཡེ་ཤེས་གསུམ། ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་པའོ། །ཐ་མ་དེའི་དོན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་བསྟན་པ་ལ་གསུམ་སྟེ། ལྷན་ཅིག་སྐྱེས་པ་གཉིས་ཀྱི་མཚན་ཉིད་དང༌། དེའི་འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་མཚན་ཉིད་དང༌། ལྷན་ཅིག་སྐྱེས་པ་དེ་ཉིད་ནང་གི་བཟླས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་དངོས་གྲུབ་ཀྱི་རྒྱུ་ཉིད་དུ་བསྟན་པའོ། །དེ་རྣམས་ཀྱི་དང་པོ་ལ་གཉིས་ཏེ། ལྟོས་པའི་ལྷན་སྐྱེས་དང༌། རང་བཞིན་ལྷན་ཅིག་སྐྱེས་པའོ། །གོང་མ་ལ་གསུམ་སྟེ། མཚན་ཉིད་དངོས་དང་མཚན་མ་ཐམས་ཅད་དང་བྲལ་བས་འབྱུང་བ་ལྔ་ལ་བརྟེན་དུ་མི་རུང་བར་ཞུས་པ་དང༌། ལན་བསྟན་པ་དང༌། དེའི་ངེས་ཚིག་བསྟན་པའོ། །དང་པོ་ནི། མཆོག་དགར་ཞེས་པ་དགའ་བ་གསུམ་ལས་མཆོག་ཏུ་གྱུར་པ་ལྷན་སྐྱེས་ལའོ། །སྒོམ་པ་མེད་ཅེས་པ་ལ་སོགས་པ་དེ་རྣམས་སུ་ཞེན་པའི་རྟོག་པ་མེད་པའོ། །རློམ་སེམས་མེད་ཅེས་པ་རྟོག་པ་མེད་པའོ། །སྣ་ཚོགས་ཉིད་ཅེས་པ་དེ་ཉིད་སྣ་ཚོགས་སུ་སྣང་བའོ། །གཉིས་པ་ནི་ཞུས་པ། རྡོ་རྗེ་སྙིང་པོ་ཞེས་པ་ལ་སོགས་པ་སྟེ། གདོད་ནས་རང་བཞིན་མེད་པ་ཡི། །ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་བཞིན་རྟོག་པ་ཐམས་ཅད་དང་བྲལ་བ་ཡིན་པས། ལུས་ཀྱི་རང་བཞིན་དག་པ་ནི། ཅི་སླད་འབྱུང་བའི་བདག་ཉིད་ལགས། །ཞེས་པ་ཐབས་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་འབྱུང་བ་རྣམ་པ་ལྔ་ལ་ཇི་ལྟར་བརྟེན་ཞེས་པའོ། །ལན། དེ་ནས་ཞེས་པ་ལ་སོགས་པ་སྟེ། རློམ་སེམས་མེད་ཅེས་པ། རྟོག་པ་ཐམས་ཅད་བྲལ་བའི་རང་བཞིན་བདག་ཅེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ། ཐམས་ཅད་ལུས་ལ་རྣམ་པར་གནས། །ཞེས་པ་འབྱུང་བ་རྣམ་པ་ལྔ་ལ་བརྟེན་ནོ་ཞེས་པའོ། །དེ་ཉིད་རྒྱས་པར་བཤད་པ། ཀྱེ་བཅོམ་ལྡན་འདས་ཅིའི་སླད་དུ་འབྱུང་བ་ཆེན་པོའི་བདག་ཉིད་ལགས། ཞེས་པ་ཇི་ལྟར་རྟེན་ཞེས་དྲིས་པ་ཡིན་ལ། བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་ལན་ཏེ། ལྔ་པོ་རྣམས་ཀྱིས་ཡོངས་སུ་བསྐོར། །ཞེས་པ་ཞུ་བདེ་ལྷན་སྐྱེས་ལྔ་པོ་ཐ་མི་དད་ཅེས་པའམ། དེ་ལ་བརྟེན་ནས་སྐྱེ་བ་ཡིན་ནོ། །བདེ་བ་དེ་ཉིད་མིན་ཞེས་པ། ཞུ་བདེ་དེ་རང་བཞིན་ལྷན་སྐྱེས་དངོས་མིན་ཞེས་པའོ། །གང་གི་ཕྱིར་ཞེས་པ་དྲི་བའི་ཚུལ་དུ་བྱས་ལ། འབྱུང་བ་ཆེ་བདེ་བ། དེའི་ཕྱིར་ཞེས་པ་ཐབས་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་འབྱུང་བ་ལ་ལྟོས་པ་སྟེ། གཏན་ཚིག་ཀྱི་ཚུལ་ལོ། །འོ་ན། ཡང་དག་ཡེ་ཤེས་སྣང་བ་པོ། །ཞེས་པ་ལ་སོགས་པའི་དོན་ཡིན་པར་བཤད་པ་དང་མི་འགལ་ལམ་ཞེ་ན། དེ་ནི་རྣལ་འབྱོར་པ་ལ་དོན་དང་མཐུན་པར་ངེས་ཤེས་འདྲེན་པ་ལ་དགོངས་པ་ཡིན་གྱི། རང་གི་མཚན་ཉིད་མངོན་དུ་མྱོང་བ་མ་ཡིན་ཏེ། དེ་དང་རྗེས་སུ་མཐུན་པ་ཙམ་མམ། གཟུང་འཛིན་གྱི་རྟོག་པ་རགས་རིམ་དང་བྲལ་བས་ཆ་ཙམ་རྟོགས་པ་ཡིན་ནོ། །གསུམ་པ་ནི་ལྷན་ཅིག་སྐྱེས་པ་ཞེས་པས་ཞུ་བདེ་གཉིས་ལྷན་ཅིག་སྐྱེས་པས་སོ། །རང་བཞིན་ལྷན་ཅིག་སྐྱེས་པའི་མཚན་ཉིད། རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །ཅེས་པ་མཚོན་བྱ་གཉིས་སུ་མེད་པའི་ཡེ་ཤེས་རང་བཞིན་གྱིས་གྲུབ་པའོ། །དེ་ཉིད་ཕུང་པོ་ལ་སོགས་པ་ཆོས་ཐམས་ཅད་ཀྱི་བདག་ཉིད་ཡིན་པས། རྣམ་པ་ཐམས་ཅད་སྡོམ་པ་གཅིག་པའོ། །དེའི་འབྲས་བུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་མཚན་ཉིད་ནི། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་བོ་ཉིད་ཀྱིས་གནས་པ་དེ་ཉིད། ཕྱག་རྒྱ་ལ་བརྟེན་ནས་སྐྱེས་པའི་ཞུ་བདེ་ལྷན་སྐྱེས་ཀྱི་ཚུལ་གྱིས་གོམས་པས་གཟུང་འཛིན་མ་ལུས་པ་དང་བྲལ་བ་སྟེ། ཕྱག་རྒྱ་ཞེས་པ་རྟོག་པས་མི་ཕྱེད་པས་རྣམ་པར་མི་རྟོག་པའི་ཤེས་རབ་བོ། །རྒྱུ་དང་བྲལ་བ་ལས་ཞེས་སྙིང་རྗེའི་རྒྱུ་སེམས་ཅན་དུ་ཞེན་པའི་རྟོག་པ་མེད་ཀྱང༌། ཡོ་གི་སྙིང་རྗེ་ཐབས་སུ་འགྱུར། །ཞེས་པ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཐབས་སོ། །འདི་ཉིད་བསྡུས་པ་སྟོང་པ་སྟེ། གཟུང་འཛིན་གྱིས་སྟོང་པ་རྣམ་པར་མི་རྟོག་པའི་ཤེས་རབ་དང༌། དམིགས་པ་མེད་པའི་སྙིང་རྗེ་དབྱེར་མི་ཕྱེད་པའོ། །དེ་ཉིད་འབྲས་བུའི་རྒྱུད་ཀྱི་བསྡུས་པའི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཞེས་རབ་ཏུ་བརྗོད་དོ། །དེའི་དོན་སཾ་པུ་ཊ་ལས། སྙིང་རྗེ་ལྡན་པས་སེམས་ཅན་ལ། །རྒྱབ་ཀྱིས་ཕྱོགས་པར་མི་བྱ་ཞིང༌། །སེམས་ཅན་ཡོད་དང་ཡོད་མིན་ཞེས། །དེ་ལྟར་ཡོངས་སུ་བརྟག་མི་བྱ། །ཞེས་པ་ལ་སོགས་པ་གསུངས་སོ། །ལྷན་ཅིག་སྐྱེས་པ་དེ་ཉིད་ནང་གི་བཟླས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་དངོས་གྲུབ་ཀྱི་རྒྱུ་ཉིད་དུ་བསྟན་པ་ནི། སྔགས་ཀྱི་བཟླས་པ་མེད་ཅིང་ཞེས་པ་ལ་སོགས་པ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་ནས་གོམས་པར་བྱེད་པ་ལ་དེ་རྣམས་སུ་ཞེན་པ་མེད་པའམ། དེ་རྣམས་ལ་གཙོ་བོར་མི་བྱེད་པའོ། །འོ་ན་དངོས་གྲུབ་ཀྱི་རྒྱུ་བཟླས་པ་ལ་སོགས་པ་མེད་ན་ཇི་ལྟར་ཐོབ་ན་དེའི་སྔགས་བཟླས་ཞེས་པ་ལ་སོགས་པ་གསུངས་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་ཡང་དང་ཡང་དུ་གོམས་པར་བྱེད་པས་ན་སྔགས་ཀྱི་བཟླས་པ། མི་མཐུན་ཕྱོགས་སྲུང་བས་ན་དཀའ་ཐུབ། རྟོག་པའི་བུད་ཤིང་སྲེག་པས་ན་སྦྱིན་སྲེག དེ་ནི་དཀྱིལ་འཁོར་ཅན་ཏེ་བརྟེན་པ་དཀྱིལ་འཁོར་ཉིད་རྟེན་དུ་སྣང་བའམ། ཡང་ན་མཎྜལ་ཞེས་པ། མ། མ་ནུ་སཱ་ར་ཎ་སྙིང་པོ་བདེ་བ། ལ། ལ་ཏི་གྲི་ཧྣ་སྟེ་ལེན་པ་ལ་འགྲོ་བས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་དོ། །སེམས་ནི་འདུས་པའི་གཟུགས་ཅན་ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཐམས་ཅད་འདུས་པའོ། །ལྟ་སྟངས་བཞི་གྲུབ་པའི་མཚན་ཉིད་དང་ལྡན་པའི་གང་ཟག་བསྟན་པའི་ལེའུའི་བརྗོད་བྱའི་དོན་བསྐྱེད་རིམ་དང་སྤྱི། རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་གྱིས་གཙོ་བོར་བཤད་ཅིང་ཡི་གེའི་དོན་ཅུང་ཟད་ཙམ་འཇུག མངོན་པར་རྟོགས་པ་ནི་ལྟ་སྟངས་བཞི་སྒྲུབ་པའི་ཆ་ནས་དམན་པ་ལ་མོས་པའི་གང་ཟག་རྗེས་སུ་གཟུང་བར་བྱ་བའི་ཕྱིར་ཕྲིན་ལས་རབ་འབྱམས་དང་འབྲེལ། གྲུབ་པའི་ཆ་ནས་འབྲས་བུ་ཐུན་མོང་གི་དངོས་གྲུབ་ཀྱང་ཡིན། གྲུབ་པ་དང་ལྡན་པས་ཐུན་མོང་ལ་བྲོད་པ་བསྐྱེད་ནས་མཆོག་སྒྲུབ་པ་ལ་འཇུག་པས་མཆོག་གི་དངོས་གྲུབ་སྒྲུབ་པའི་རྟེན་གྱི་གང་ཟག་དང་འབྲེལ་ལོ། །བཤད་པའི་རྒྱུད་སཾ་པུ་ཊའི་བརྟག་པ་བདུན་པའི་རབ་ཏུ་བྱེད་པ་དང་པོ་དང་སྦྱར། ལུས་རྣམ་པར་གཞག་པ་དང་པོའི་བཤད་པའོ། །གཞུང་ལ་བདུན་ཏེ་སོ་སོའི་མཚན་ཉིད། རླུང་གི་བྱེ་བྲག་དང་བསྟུན་པ། གྲུབ་པའི་ཚུལ་དང༌། གྲུབ་པའི་དུས་དང༌། བསྒྲུབ་པའི་བྱ་བ་དང༌། དེའི་དམ་ཚིག་དང༌། ལྟ་སྟངས་ཀྱི་ལྷ་ཉིད་ཀྱི་རྣལ་འབྱོར་བསྟན་པའོ། །དང་པོ་ནི་གང་ཟག་བསྐྱེད་པའི་རིམ་པ་བརྟན་པ་གཅིག་གིས་བསྒྲུབ་པར་བྱ་བ་བསམ་གཏན་ལ་བརྟེན་པའི་ལས་ཡིན་ཏེ། ཧེ་རུ་ཀ་བཞི་བདག་མེད་མ་དང་ལྔ། གང་ཡང་རུང་བའི་རྣལ་འབྱོར་བསྒོམ་པ་དང་བཟླས་པ་ལ་བརྟེན་ནས་གྲུབ་པའི་ལྟས་བརྟག་ཅིང༌། ཟླ་བ་དྲུག་ཏུ་བསྒྲུབ་པར་བྱའོ། །གྲུབ་པའི་རྟགས་བྱུང་བ་དང༌། ལྷའི་རྣལ་འབྱོར་དང་ལྡན་པས་མིག་འབྲས་ཧཱུྃ་ལས་བྱིན་གྱིས་བརླབས་ཏེ་ལྟུང་བའི་ལྟ་སྟངས་ལ། མཉམ་པར་ཞེས་པ་མིག་གཉིས་མཉམ་པར་བལྟ་ཞིང་མ་རུངས་པ་སྟེ་ལྟུང་བའི་བསམས་པས། དཔྲལ་བ་ཅན་ཞེས་པ་མིག་འབྲས་དཔྲལ་བའི་སྟེང་དུ་ཅུང་ཟད་བལྟ་ཞིང༌། ལྟུང་བར་བྱ་རྒྱུ་མདུན་གྱི་ནམ་མཁའི་སྟེང་གི་ཆ་ལ་བསམས་ལ་དེའི་གཟུགས་བརྙན་མིག་ལ་ཤར་བར་བྱ་སྟེ། དབུགས་ཕྱིར་འབྱུང་བའི་དུས་སུ་མིག་ཐུར་དུ་ཕབ་ན་འགྲུབ་བོ། །དབང་གི་ལྟ་སྟངས་གཡོན་ན་གནས། །ཞེས་པ་སྔོན་འགྲོ་འདྲ་བ་ལས་མིག་གཡོན་དུ་ཅུང་ཟད་བལྟ་ཞིང་དབང་དུ་བྱ་བ་གཡོན་གྱི་ཆ་ལ་བསམས་ལ། དེའི་གཟུགས་བརྙན་མིག་ལ་ཤར་བར་བྱ་སྟེ། དབུགས་རྔུབ་པ་དང་བསྟུན་ནས་གཡོན་གཡས་སུ་བསྒྱུར་བས་འགྲུབ་བོ། །གཡས་པའི་ཆ་ལ་དགུག་པ་ཉིད། །སྟེང་ནས་ཀྱང་ནི་གཟུངས་བརྙན་གཉིས། །ཞེས་པ་གཡས་ཀྱི་སྟེང་གི་ཆ་ལ་དགུག་པར་བྱ་བ་བསམས་ལ། དེའི་གཟུགས་བརྙན་མིག་གཉིས་ལ་ཤར་བར་བསམས་ལ། རླུང་ཁ་ནས་སྒྲ་མེད་དུ་དགང་བ་དང་བསྟུན་ཏེ་གཡོན་ཕྱོགས་སུ་བསྒྱུར་ནས་ཕབ་ན་འགྲུབ་བོ། །དབུ་མ་རེངས་པའི་ལྟ་སྟངས་ཉིད། །སྣ་ཡི་རྩེ་མོའི་དབུས་སུ་གཉིས། །ཞེས་པ་མིག་མི་གཡོ་བར་སྣ་རྩེའི་ཐད་ཀར་གཏད་དེ་རེངས་པར་བྱ་རྒྱུ་ཐད་ཀར་བསམས་ལ། དེའི་གཟུགས་བརྙན་མིག་གཉིས་ལ་ཤར་བར་བྱས་ཏེ། རླུང་འབྱུང་རྔུབ་དང་བྲལ་བར་བྱས་ནས་འགྲུབ་བོ། །གཉིས་པ་ནི། དབྱུང་བ་ཉིད་ཀྱིས་ལ་སོགས་པའོ། །གསུམ་པ་ནི། རློན་པའི་ཤིང་ལ་ལྟུང་བྱེད་ཉིད། །ཅེས་པས་ཤིང་ཐོག་ལ་ལྟུང་བ་འགྲུབ་ན། གཞན་ཡང་འགྲུབ་བོ། །དབང་ལ་མེ་ཏོག་རབ་ཏུ་གྲགས། །ཞེས་པ་ནི་མེ་ཏོག་ཁ་ཕྱིར་བལྟས་པ་ལ་ལྟ་སྟངས་ཀྱིས་ཚུར་བལྟས་ན་འགྲུབ། རྡོ་རྗེའི་ཤིང་ལ་དགུག་པ་ཉིད། །ཅེས་པ་ནི། ཤི་རི་ཁཎྜ་ལ་ལྟ་སྟངས་བྱས་པས་དགུག་པར་ནུས་ན་འགྲུབ་བོ། །གཡོ་བཅས་རྩ་ལ་རེངས་བྱེད་ཉིད། །ཅེས་པ་ནི། རྩྭ་འཇག་མ་རླུང་གིས་བསྐྱོད་པ་ལྟ་སྟངས་ཀྱིས་མི་གཡོན་འགྲུབ་བོ། །བཞི་པ་ཟླ་དྲུག་ཅེས་པ་ལ་སོགས་པ་སྟེ། འཁྲུལ་བ་ནི་ཐེ་ཚོམ་མོ། །ལྔ་པ་ལྟ་སྟངས་ཞེས་པ་སྟེ། མཁས་པས་སེམས་ཅན་གཞུག་པར་བྱ། །ཞེས་པ་བསམ་པའི་ཐབས་ལ་མཁས་པས་རྒྱང་འཕེན་པ་ལ་སོགས་པ་ཚར་བཅད་ནས། རྡོ་རྗེ་ཐེག་པ་འདིར་འཇུག་པའོ། །གསད་པའི་ལྟ་སྟངས་མ་གསུངས་པ་ནི། བསད་པར་འདི་ལ་བྱ་མ་ཡིན། །དམ་ཚིག་ངེས་པར་ཉམས་པར་འགྱུར། །ཞེས་པ་ཕ་རོལ་པོ་བསྒྲལ་བའི་ཡུལ་དུ་མ་གྱུར་པ་དང༌། ཐབས་ལ་མཁས་པས་མ་ཟིན་པའི་དབང་དུ་བྱས་པ་ཡིན་ལ། སེམས་ཅན་བསླུ་བ་སྤངས་ནས་ནི། །ཞེས་བསྒྲལ་པའི་ཞིང༌། མ་བསྒྲལ་ན་དེའི་དོན་མ་ཡིན་པས་བསླུས་པ་ཡིན་ལ། དེ་ལྟ་བུ་སྤངས་ནས་བྱ་བ་མ་ཡིན་པ་ཐམས་ཅད་བྱ་བ་སྟེ། བསྒྲལ་བའི་ཞིང་ཐབས་ལ་མཁས་པས་ཟིན་པས་བསད་པའོ། །དྲུག་པ་ནི་ལྟ་སྟངས་བསྒྲུབ་པའི་དུས་སུ་གྲོགས་ཁ་ཟས་ཀྱི་དམ་ཚིག་ལ་བརྟེན་པ། དེ་ལ་དམ་ཚིག་བཟའ་བྱ་བ། །ན་དང་ཞེས་པ་ན་དང་པོ་ན་ར་སྟེ་མི། ག་དང་པོ་ག་ཝི་བ་ལང༌། ཧ་དང་པོ་ཧསྟི་གླང་པོ་ཆེ། མཐའི་ཤྭ་དང༌། ཞེས་པ་ཤྭ་མཐར་བཞག་པ་ཨ་ཤྭ་རྟ། དང་པོའི་ཤྭ་སྟེ་ཤ་དང་པོར་བཞག་པ་ཤྭ་ན་ཁྱིའོ། །དམ་ཚིག་སྐྱེ་བ་བདུན་པའི་ཤེས་ནི། ལྟ་སྟངས་འགྲུབ་པར་མ་ཟད། དགའ་བྲལ་དགའ་བ་ལ་སྨོད་པ། །ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་སྐྱེ་བ་དང་མཁའ་སྤྱོད་ཀྱང་འགྲུབ་པའོ། །བདུན་པ་ཁྱད་པར་དུ་དབང་གི་ལྟ་སྟངས་ཀྱི་དབང་དུ་བྱས་ནས། ཀུ་རུ་ཀུལླེའི་སྒྲུབ་ཐབས་བསྟན་ཏེ། གོང་དུ་བརྟག་པ་བཅུ་གཉིས་ལས། །རྒྱས་པར་གསུངས་པ་མདོ་རུ་བསྡུ། །ཞེས་པ་རྒྱུད་རྒྱས་པའི་དངོས་གྲུབ་བརྟག་པ་བཅུ་གཉིས་པ་ཞེས་པ་དེར་རྒྱས་པར་གསུངས་པ་ལས་སོ། །འོ་ན་མཁའ་འགྲོར། ཀུ་རུ་ཀུ་ལླེ་དགུ་ཞེས་པ་དང་མི་འགལ་ལམ་ཞེ་ན། དེ་ནས་ཀྱང་ཀུ་རུ་ཀུལླེའི་དཀྱིལ་འཁོར་ལ་སོགས་པ་སྟོན་ལ། བཅུ་གཉིས་པ་ལས་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ལྷའི་རྣལ་འབྱོར་གསུངས་པ་ལ་འགལ་བ་མེད་དོ། །མངོན་པར་རྟོགས་པ་བདག་ཉིད། ཀུ་ཀུལླེར་བསྒོམས་པའི་ཐུགས་ཀའི་ཧྲཱིཿལས་འོད་སྤྲོས་པས། ཀུ་རུ་ཀུལླེ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་བའི་སྟེང་དུ། བླ་མ་དང་བཅས་པ་སྤྱན་དྲངས་མེ་ཏོག་ལ་སོགས་པ་མཆོད་པ་ལྔས་མཆོད། རྒྱུན་བཤགས་གུར་གྱི་ཚིགས་བཅད་ཀྱི་རྗེས་སུ་འབྲང་བ་ཙམ་བྱ། ཚད་མེད་པ་བཞི་བསྒོམ། ཡེ་ཤེས་ཀྱི་ཚོགས་བསག ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ། དེའི་ངང་ལས་པྃ་ལས་པདྨ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿལས་ཨུཏྤལ་ཧྲཱིཿས་མཚན་པ་དེ་ལས་འོད་ཟེར་སྤྲོས་འདུས་གཅིག་ཏུ་གྱུར་པ་ལས། དམ་ཚིག་སེམས་དཔའ་བསྐྱེད། དེའི་ཐུགས་ཀར་ཟླ་བ་ལ་ཧྲཱིཿལས་སྔགས་ཀྱིས་བསྐོར་བ་ལ་དམིགས་ནས། ལེའུ་གཉིས་པ་ནས་འབྱུང་བའི་སྔགས་བཟླས་པར་བྱའོ། །སྤྲོས་པ་ལ་དགའ་ན་ཡན་ལག་ལྷག་མ་གསུམ་ཡང་ཁ་བསྐངས་ཏེ། ཡན་ལག་བཞི་རྫོགས་སུ་བྱའོ། །མཚན་གྱི་དོན་ཀྱེའི་རྡོ་རྗེ་ཞེས་པ་བརྗོད་བྱ་རྒྱུད་གསུམ་ཀ་ཐབས་ཤེས་རབ་གཉིས་མེད་ཡིན་པའོ། །མཁའ་འགྲོ་མ་དྲྭ་བའི་སྡོམ་པ་ནི། འབྲས་བུ་གཟུགས་ཀྱི་སྐུ་མཁའ་འགྲོ་མའི་རྣམ་པ་གཙོ་བོར་བསྒྲུབས་པས། ལམ་དུའང་མཁའ་འགྲོ་མའི་རྣམ་པ་གཙོ་བོར་བསྒོམ་པའོ། །རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ་ཞེས་པ་ནི། སྔོན་འབྱུང་རྡོ་རྗེ་སྙིང་པོས་ཞུས་ཤིང་དེ་བྱང་ཆུབ་པར་བྱེད་པའི་ཐབས་སྟོན་པའི་ཚུལ་དུ་རྣམ་པར་འཕྲུལ་པར་མཛད་པས་སོ། །བརྟག་པ་ཞེས་པ་ནི་ཆོ་ག་སྣ་ཚོགས་སྟོན་པའོ། །བརྟག་པ་དང་པོ་དང་བརྟག་པ་ཕྱི་མ་ཉིད་ཀྱིའང་དོན་སྔ་མ་སྔ་མ་མི་གསལ་བ་གསལ་བ་དང༌། མ་ཚང་བ་ཁ་བསྐང་བའི་ཚུལ་གྱིས་བརྟག་པ་ཕྱི་མ་རྒྱུད་ཕྱི་མའི་ཚུལ་དུ་བཤད་པ་ལ་ལེའུ་བཅུ་གཉིས་སུ་གནས་པ་ལས། ལེའུ་དང་པོས། ལེའུ་བཅུ་པ་དབང་གི་ལེའུ་རུ་དཀྱིལ་འཁོར་དང་འབྲེལ་བའི་དབང་བསྐུར་བ་གསུངས་ཀྱང༌། དཀྱིལ་འཁོར་དང་འབྲེལ་བའི་རབ་གནས་མ་གསུངས་པས་དེ་ཁ་བསྐང་པ་དང༌། དེ་གཉིས་ཀ་དང་འབྲེལ་བའི་སྦྱིན་སྲེག་བསྟན་ཏེ། དབང་བསྐུར་བ་ལ་ཡང་སྟ་གོན་གྱི་དུས་སུ་སློབ་དཔོན་དང་སློབ་མའི་སྡིག་པ་ཞི་བ་ཞི་པའི་སྦྱིན་སྲེག དཀྱིལ་འཁོར་ཞག་གི་དུས་སུ་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་རྒྱས་པའི་སྦྱིན་སྲེག རྗེས་ཀྱི་དུས་སུ་དམན་མ་ཆུ་བོར་དོར་བའི་བར་དུ་ཚར་ནས་ལས་ཀྱི་ལྷག་ཆད་ཁ་བསྐང་བའི་སྦྱིན་སྲེག་དང་འབྲེལ་ལོ། །རབ་གནས་ལའང་སྟ་གོན་གྱི་དུས་སུ་སློབ་དཔོན་གྱི་དང་ཡོན་བདག་གི་སྡིག་པ་དང་བར་ཆད་ཞི་བའི་ཕྱིར་ཞི་བའི་སྦྱིན་སྲེག དངོས་གཞིའི་དུས་སུ་རབ་གནས་ཀྱི་ལྷ་ཉིད་ལ་མཆོད་པ་རྒྱས་པའི་སྦྱིན་སྲེག རྗེས་ཀྱི་དུས་སུ་ལས་ཀྱི་ལྷག་ཆད་ལ་བསྐང་བའི་སྦྱིན་སྲེག་དང་འབྲེལ་ལོ། །ཡང་ལེའུ་གཉིས་ལ་སྔགས་ཀྱི་ལེའུར་དངོས་གྲུབ་མཐའ་དག་གི་མངོན་པར་རྟོགས་པ་དྲུག་ལས། བཞི་གསུངས་ལ། འདི་གཉིས་མ་གསུངས་པས། དེར་ཡང་མ་ཚང་བ་ཁ་བསྐང་ངོ༌། །གཞུང་ལ་གཉིས་ཏེ། རབ་ཏུ་གནས་པའི་ཆོ་གའི་རིམ་པ་དང༌། བར་ཆད་ཞི་བ་ལ་སོགས་པའི་དོན་དུ་སྦྱིན་སྲེག་བྱ་བ་ལ་སོགས་པའི་ཆོ་ག་བསྟན་པའོ། །དང་པོ་ལ་ཞུས་པ། རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་རྡོ་རྗེ་སྙིང་པོ་བདག །ཅེས་པ་རྡོ་རྗེ་སྙིང་པོའི་བདག་པོ་ཞེས་སྟོན་པ་ལ་སྦྱར་བའམ། བཅོམ་ལྡན་ཞེས་པས་སྟོན་པ་ལ་བོས་ནས། རྡོ་རྗེ་སྙིང་པོ་བདག་ལ་ཞེས་པའོ། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །ཞེས་པ་དོན་དམ་པའི་ཆོས་ཀྱི་སྐུའི་དབང་དུ་བྱས་ནས། སངས་རྒྱས་ཐམས་ཅད་སྟོང་པ་དང་སྙིང་རྗེ་དབྱེར་མེད་དུ་རོ་གཅིག་པ་ཡིན་ལ། ཀུན་རྫོབ་ཏུ་རྟེན་གང་ཡང་རུང་བ་དམ་ཚིག་སེམས་དཔར་བསྐྱེད་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཅུག་ནས་བརྟན་པར་བཞུགས་སུ་གསོལ་བ་སྟེ། དེ་ཉིད་ལ་རབ་གནས་ཞེས་བྱའོ། །མཚན་ཉིད་བཟང་པོ་ཉིད་ཅེས་པ་བཟང་པོ་དྲུག་དང་ལྡན་པའོ། །བཟང་པོ་དྲུག་ནི། རྟེན་ཡོངས་སུ་དག་པ་བཟང་པོ། བླ་མ་རྡོ་རྗེ་སློབ་དཔོན་བཟང་པོ། གནས་བཟང་པོ། ཡོ་བྱད་བཟང་པོ། དུས་བཟང་པོ། ཆོ་ག་ཡོངས་སུ་དག་པ་བཟང་པོའོ། །དེ་ལྟ་བུ་ཞིག་ཤོད་ཅིག་པའོ། །དེ་ཡང་དང་པོ་ནི་སྐུ་གཟུགས་ཡིན་ན་བཟོ་མཐའ་རྣམས་ཡོངས་སུ་རྫོགས་པ། གླེགས་བམ་ཡིན་ན་ཞུས་དག་དང༌། དྲས་དང་གླེགས་ཐག་ལ་སོགས་པ་ཐམས་ཅད་རྫོགས་པའོ། །གཉིས་པ་ནི་སློབ་དཔོན་དེ་ཁོ་ན་ཉིད་བཅུ་ཤེས་པ། སྔོན་ཆད་ལས་ཀྱི་ཆོ་ག་མཐོང་བ། བསྙེན་པ་ལ་ནུས་པ་བརྙེས་པའོ། །གསུམ་པ་ནི་དགེ་འདུན་གྱི་གཙུག་ལག་ཁང་ལ་སོགས་པར་ཁྲུས་སའི་སྟེགས་བུ་དང༌། དར་ཁང་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བཤམ་པའོ། །བཞི་པ་ནི་དཀྱིལ་འཁོར་ལ་མཁོ་བའི་ཡོ་བྱད་ལ་སོགས་པའི་སྟེང་དུ། འདག་ཆལ་ལ་སོགས་པ་ཁྲུས་ཀྱི་ཡོ་བྱད། མཆོད་པའི་ཡོ་བྱད། གཏོར་མའི་ཡོ་བྱད། མངའ་དབུལ་བའི་ཡོ་བྱད། སྦྱིན་སྲེག་གི་ཡོ་བྱད་རྣམས་བཤམ་མོ། །ལྔ་པ་དུས་བཟང་བ་ཟླ་བ་ཡར་ངོར་གྱུར་པ། གཟའ་ལྷག་པ། པ་སངས་ལ་སོགས་པ་དང༌། སྐར་མ་མགོ་ལ་སོགས་པ་འཛོམ་པའི་ཚེ་བྱའོ། །དྲུག་པ་ཆོ་ག་བཟང་པོ་ནི། སྦྱོར་བ་དངོས་གཞི། རྗེས་ཀྱི་བྱ་བའི་ཆོ་གའོ། །དེ་ལ་དང་པོ་བསྙེན་པ་སྔོན་དུ་སོང་བས་ཡོ་བྱད་རྣམས་ཚོགས་པར་བྱས་ལ། ནུབ་དང་པོ་ལ་སའི་ཆོ་ག་ཇི་ལྟ་བ་བཞིན་བྱ། ནུབ་གཉིས་པ་ལ་ལྷ་སྟ་གོན་དུ་གནས་པ་དང༌། བུམ་པ་སྟ་གོན་དུ་གནས་པ་བྱ། དབང་བསྐུར་དང་འབྲེལ་ན་སློབ་མ་སྟ་གོན་ཡང་བྱ། རབ་གནས་ཀྱི་རྟེན་ཇི་ལྟ་བ་བཞིན་བཀོད་ནས་གཞག་པ་ལས་མེད། དེ་ནས་ནང་པར་ཐིག་ཚོན་གྱིས་ཇི་ལྟ་བ་བཞིན་བྲི། དཀྱིལ་འཁོར་གྱི་རྒྱན་དགྲམ། བུམ་པ་དབུལ། མཆོད་པ་རྣམས་ཇི་ལྟ་བ་བཞིན་བཤམ། དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད། སློབ་དཔོན་བདག་ཉིད་འཇུག་པ་ཇི་ལྟ་བ་བཞིན་བྱ། དེ་ནས་དབང་བསྐུར་དང་འབྲེལ་ན་སློབ་མ་རྣམས་ལ་དབང་བསྐུར། དེ་ནས་རབ་གནས་ཀྱི་སྟ་གོན་བྱས་ཏེ། ཁྲུས་ཀྱི་སྟེགས་བུ་ལ་གནས་པའི་རྟེན་རྣམས་ལ་བའི་རྣམ་པ་ལྔས། རྟེན་གྱི་བྱེ་བྲག་གིས་དངོས་སུའམ་མེ་ལོང་ལ་ཁྲུས་བྱ། དེ་ནས་སྲན་དཀར་གྱི་ཕྱེ་མའམ། སུག་པ་དཀར་པོའི་ཕྱེ་མའམ། ཐལ་ཀར་རྡོ་རྗེའི་ཕྱེ་མ་ལ་སོགས་པས་གཏོར་ཏེ་དཱུར་བའི་པིར་གྱིས་དྲུད། དེ་ནས་དྲི་ཞིམ་པོའི་ཆུས་བཀྲུ། ཡང་ཤུན་ལྤགས་ལྔའི་འདག་ཆལ་ཏེ། པ་ཏྲ། ཨུ་དུམྦཱ་ར། བརྴ། ཤིརྴ། པླཀྵ། དེ་རྣམས་ཀྱི་ཤུན་པའི་ཕྱི་མས་བྱུག དེ་རྣམས་མེད་ན། སྐྱུ་རུ་རའི་ཕྱེ་མས་གཏོར་ནས་བཀྲུས་ཏེ། རས་སེར་པོས་ཕྱིའོ། །དེ་ནས་ཏིལ་མར་དང༌། དྲི་ཞིམ་པོ་སྦྱར་བས་ཕྱི་བར་བྱ། དེའི་དུས་སུ་བྱུག་པ་ལ་སོགས་པ་ཐམས་ཅད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་བྱ་བའམ། ཡང་ན་ལྷག་པའི་ལྷའི་སྔགས་ཀྱིས་བྱ་ཞིང་དྲི་ཞིམ་པོའི་ཆུས་ཁྲུས་བྱེད་པའི་དུས་སུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་པས་བྱའོ། །དེ་ནས་གནས་གསུམ་དུ་དྲིའི་ཐིག་ལེ་བྱས་ལ། ན་བཟའ་གསོལ་ཏེ་གཞག་གོ །དེ་ནས་ཤཱུ་ནྱ་ཏཱ་ལ་སོགས་པས་མི་དམིགས་པར་བྱས་པའི་ངང་ལས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། མངོན་བྱང་ལྔའམ། ཆོ་ག་ཡན་ལག་བཞིའམ། གསུམ་མམ། ས་བོན་ཙམ་ལས་དམ་ཚིག་སེམས་དཔའ་བསྐྱེད་དེ། དེ་ཡང་ངོ་ཤེས་པ་རྣམས་རང་རང་དུ་བསྐྱེད། མི་ཤེས་པའི་གཟུགས་བརྙན་ཐམས་ཅད་རྣམ་སྣང་ངམ། རིགས་དྲུག་པའམ། རང་གི་ལྷག་པའི་ལྷར་བསྐྱེད། མཆོད་རྟེན་ལ་སོགས་པ་རྣམ་སྣང༌། པུ་སྟི་ལ་སོགས་པ་འོད་དཔག་མེད། རྡོ་རྗེ་ལ་སོགས་པ་ཀུན་མི་བསྐྱོད་པར་བསྐྱེད། དེ་ནས་ཡེ་ཤེས་སེམས་དཔའ་དཔག་ཏུ་མེད་པ་གཞུག སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར་ཏེ་ཡན་ལག་བཞི་རྫོགས་སུ་བྱའོ། །དེ་ནས་མཆོད་པ་རྒྱས་པས་མཆོད། དེ་ནས་ཡེ་ཤེས་སེམས་དཔའ་དེ་ནམ་མཁའ་ལ་གཤེགས་སུ་གསོལ་ལ། རྟེན་དེ་ཞལ་ཕར་བསྒྱུར་ལ། ན་བཟའ་རས་སེར་པོས་གཡོགས་ལ་གཞག་གོ །དེ་ནས་ནང་པར་ཐོ་རངས་དངོས་གཞི་བྱ་སྟེ། རྟེན་སྔ་མ་བཞིན་དུ་སྦྱངས་ཏེ་ལྷར་བསྐྱེད་ལ་ཁྱད་པར་ནི། ནམ་མཁའ་ལ་བཞུགས་པ་དེ་དགུག་གཞུག་བྱ། དེ་ནས་ཡན་ལག་ལྷག་མའང་སྔ་མ་བཞིན་ནོ། །དེ་ནས་མཆོད་པས་མཆོད། དེ་ནས་རབ་གནས་ཀྱི་ལྷ་ལ་སྦྱིན་སྲེག་གིས་མཆོད་དེ། གསེར་གྱི་ཐུར་མས་སྤྱན་འབྱེད་པའི་ཚུལ་དུ་བྱའོ། །གཞན་ཡང་མངའ་དབུལ་བའི་ཆོ་ག་ཐམས་ཅད་རྫོགས་པར་བྱ། དམ་ཚིག་ཅན་ལ་གཏོར་མ་ཆེན་པོ་སྦྱིན་ཏེ་སྲུང་མར་བསྒོ། དེ་ནས་མཇུག་གི་ཆོ་ག་དཀྱིལ་འཁོར་མཆོད་པ་ལ་སོགས་པ་དཀྱིལ་འཁོར་ཆོ་ག་དང་འདྲ། ལས་ཀྱི་ལྷག་ཆད་ཁ་བསྐང་བའི་དོན་དུ་ཞི་བའི་སྦྱིན་སྲེག་བྱའོ། །གཞུང་ལས་ཆོ་ག་བཟང་པོ་དང་འབྲེལ་ལ། ཅི་གསུངས་སྦྱིན་སྲེག་བྱས་ནས་ནི། །ཞེས་པ་རབ་གནས་སྦྱིན་སྲེག་དང་འབྲེལ་པས། རྒྱུད་རྒྱས་པ་ལས་འབྱུང་བ་བཞིན་དུའོ། །དཀྱིལ་འཁོར་དམ་པ་བཞེངས་པ་དང༌། །ཞེས་པས་དཀྱིལ་འཁོར་དང་ཡང་འབྲེལ་ཏེ། སློབ་དཔོན་བདག་ཉིད་འཇུག་པའི་བར་དུ་བྱའོ། །དེ་ནས་འོག་ཏུ་སྦྱར་ལ། སྟ་གོན་ལ་སོགས་བྱས་ནས་ནི། །ཞེས་པ་ཁྲུས་བྱ་བ་ནས་བཟུང་གཤེགས་ཏེ་ནམ་མཁའ་ལ་བཞུགས་པའི་བར་རོ། །དངོས་གཞི་སྔ་བར་བཞེངས་པ། ནང་པ་ཐོ་རངས་སྐུ་གཟུགས་སྦྱང་བ་དང༌། ཞེས་པ་ཁྲུས་གསོལ་བ་ལ་སོགས་པ་སྟ་གོན་དང་ཁྱད་པར་མེད་པར་བྱ་སྟེ། ཡེ་ཤེས་པ་འཇུག་པ། ནམ་མཁར་བཞུགས་པའི་སངས་རྒྱས་ཀུན། །ཞེས་སྟ་གོན་གྱི་ལྷ་ནམ་མཁར་བཞུགས་པ་དེའོ། །བླ་མ་རྡོ་རྗེ་སློབ་དཔོན་བཟང་པོའི་མཚན་ཉིད། རང་འདོད་ལྷ་མཉམ་རྣལ་འབྱོར་པ། །ཞེས་པས་རྣལ་འབྱོར་བརྟན་པ། རབ་མཐོང་ཞེས་པ་ལག་ལེན་མཐོང་བ། སྔགས་ཀྱི་ཕ་རོལ་སོན་པ་སྟེ། བསྙེན་པ་ལ་ནུས་པ་ཐོན་པའོ། །དེ་ཁོ་ན་ཉིད་བཅུ་ཤེས་པའང་དོན་གྱིས་ཤེས་པར་བྱའོ། །མཆོད་པ་རྣམས་ཆོ་ག་བཟང་པོ་དང་འབྲེལ་པ་སྟེ། བསྙེན་པ་ལ་སོགས་པའི་དུས་ཐམས་ཅད་དུའོ། །དེ་ཡང་བསྐྱེད་པ་ན་སྣ་ཚོགས་ཞེས་པ་མཆོད་རྫས་དུ་མ་ཧཱུྃ་ནི་ཞེས་པ་ཧཱུྃ་ལས་བསྐྱེད་པའོ། །གོང་མའི་རྒྱུད་ཀྱི་ཆོ་ག་རིམ་པ་ནི་རྒྱུད་རྒྱས་པའི་རབ་གནས་བརྟག་པ་ཉི་ཤུ་པ་སྟེ། དེ་དང་མཐུན་པར་གུར་ནས་འབྱུང་བ་ཉིད་དོ། །དེ་དང་འབྲེལ་པའི་སྦྱིན་སྲེག་ནི། སྦྱོར་བ་དངོས་གཞི་མཇུག་གི་ཆོ་ག་གསུམ། སྦྱོར་བ་ལ་དྲུག ཐབ། དེར་བརྩེག་པའི་བུད་ཤིང༌། སྦར་བའི་མེ། མཆོད་རྫས་དང༌། བསྲེག་རྫས་བཤམ་ཐབས། དགང་གཟར་བླུགས་གཟར་གྱི་དབང་དུ་བྱས་པ། སྒྲུབ་པ་པོའོ། །དེའི་ཐབ་ལ་དྲུག་སྟེ། དབྱིབས། ཚད། ཁ་དོག མཚན་མ། མུ་རན། ཕྱོགས་གང་དུ་བྱ་བའོ། །དངོས་གཞི་ལ་ལྔ། མེ་བཙལ་ཞིང་བསྒྲུབ་པ། ཐབ་དང་ཡོ་བྱད་བསང་ཞིང་བྱིན་གྱིས་བརླབ་པ། ཐབ་ཁུང་མངོན་པར་འདུ་བྱ་བའི་ཁྱད་པར། འཇིག་རྟེན་པའི་མེ་ལྷ་ཚིམ་པར་བྱ་བ། འཇིག་རྟེན་ལས་འདས་པའི་མེ་ལྷ་ཚིམ་པར་བྱ་བའོ། །མཇུག་གི་ཆོ་ག་ནི། འཇིག་རྟེན་པའི་མེ་ལྷ་མཆོད་པ་མན་ཆད་དོ། །དེ་ག་ཙམ་ལས་ཞིབ་ཏུ་མི་གསུང་ངོ༌། །གཞུང་ལས་ཐབ། བསྲེག་རྫས། ཆོ་ག་དང་གསུམ་དུ་གསུང་ངོ༌། །དང་པོ་ནི་དབྱིབས། ཚད། ཁ་དོག་གསུམ་གཞུང་ལས་གསལ་ལ། མཚན་མ་དང་མུ་རན་གཉིས་ཁ་བསྐང་ངོ༌། །གཉིས་པ་ནི། ཞི་ལ་ཏིལ། ཞེས་པ་ལ་སོགས་པ་སྟེ། བསྲེག་རྫས་ཀྱི་གཙོ་བོ་ཙམ་བསྟན་ཏོ། །ཨོཾ་ཨགྣེ་ལ་སོགས་པ་འཇིག་རྟེན་པའི་མེ་ལྷའི་ཡེ་ཤེས་པ་སྤྱན་འདྲེན་པའི་ཚིགས་བཅད་དོ། །སྭརྠ་ལ་སོགས་པས་གཤེགས་སུ་གསོལ་བའི་ཚིགས་བཅད་དོ། །མ་མ་རིན་ཆེན་སྣ་ཚོགས་འཛིན། །ལ་སོགས་པས་དཀྱིལ་འཁོར་གྱི་ཆོ་གའི་དུས་སུ་ས་བསླང་བ་དང༌། སྟ་གོན་གྱི་དུས་སུ་སའི་ལྷ་མོ་མཁྱེན་པར་གསོལ་བའི་དུས་ཀྱི་ལྷ་མོ་ལ་གསོལ་བ་གདབ་པ་དང་འབྲེལ་ལོ། །མཆོད་ཡོན་ཞབས་བསིལ་གྱི་སྔགས་ནི་བསྡུས་པ་ཡིན་ལ། རྒྱས་པ་གུར་བཞིན་ནོ། །ལེའུ་གཉིས་པ་དངོས་གྲུབ་རྒྱུ་དང་བཅས་པ་གཏན་ལ་དབབ་པ་ལ་བཞི་སྟེ། རྡོ་རྗེ་རིགས་ཀྱི་ལེའུར་ལྷའི་རྣལ་འབྱོར་ལ་བརྟེན་ནས། དངོས་གྲུབ་བསྒྲུབ་པར་གསུངས་པའི་དོན་གསལ་བར་བཤད་པ་དང༌། སྤྱོད་པའི་ལེའུར་དྲོད་ཐོབ་ནས་སྤྱོད་པ་སྤྱད་པར་གསུངས་པའི་དོན་གསལ་བར་བསྟན་པ་དང༌། དབང་གི་ལེའུར་ཕྱག་རྒྱའི་དངོས་གྲུབ་གསུངས་པ་ལ་བརྩད་པའི་སྐྱོན་སྤང་བའི་སྒོ་ནས་གསལ་བར་བསྟན་པ་དང༌། རྡོ་རྗེ་རིགས་ཀྱི་ལེའུར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་གསུང་པའི་དོན་གསལ་བར་བཤད་པའོ། །དང་པོ་ལ་ཞུས་པ། རྡོ་རྗེ་སྙིང་པོས་ཞེས་པ་སྟེ། ལེའུ་དང་པོ་ལས། དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང༌། །དངོས་པོའི་འཆིང་བས་འཆིང་བར་འགྱུར། །ཞེས་པ་ལ་སོགས་པ་གསུངས་ལ། དངོས་པོའི་འཆིང་བས་འཆིང་བར་འགྱུར་གྱི་དོན་ལ། འདིར། ནམ་མཁའ་ལྟ་བུའི་ཆོས་ཀུན་ལ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །དེ་མ་རྟོགས་པས་དངོས་པོར་མངོན་པར་ཞེན་པ་སྐྱེ། དེ་ལས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྟེ་སྡུག་པ་དང༌། ཁྲོ་བར་བྱ་བ་ཆགས་སྡང་གི་རྒྱུ་མཚན་དུ་རྟོག་པ་འབྱུང༌། དེ་ལས་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་འདོད་ཆགས་ལ་སོགས་པ། དེ་ལས་ལས་ཀྱི་ཀུན་ནས་ཉོན་མོངས་པ། དགེ མི་དགེ ལུང་མ་བསྟན་འབྱུང༌། དེ་ལས་སྐྱེ་བའི་ཀུན་ནས་ཉོན་མོངས་པ་སྡུག་བསྔལ་གྱི་ཕུང་པོ་གྲུབ་པའི་ཚུལ་གྱིས་འཁོར་བའི་རྒྱ་མཚོ་ཆེན་པོ་ལ་ཤིང་གི་ཀུ་བ་འཕྱོ་བ་ལྟར་འཕྱོ་བའོ། །དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང༌། །ཞེས་པ་ལ་སོགས་པའི་དོན་ལ། རང་འདོད་ལྷ་ཡི་གཟུགས་ལས་ནི། །ཞེས་པ་ལྷའི་རྣལ་འབྱོར་ལ་བརྟེན་ནས་དངོས་གྲུབ་འགྲུབ་པར་གསུངས་པ་ལ། སེམས་ཅན་ཇི་ལྟར་འགྲུབ་པར་འགྱུར། །ཞེས་པ་ལྷ་རང་གང་གི་རྣལ་འབྱོར་གྱིས་འགྲུབ་པ་དང༌། གནས་གང་དུ། དུས་ནམ་གྱི་ཚེ། བསམ་པ་ཇི་ལྟ་བུ་དང་ལྡན་པས་བསྒོམས་ན་འགྲུབ། ཅེས་པའི་དོན་ཏོ། །ལན་ནི་བཅོམ་ལྡན་འདས་ཞེས་པ་སྟེ། བདག་མེད་རྣལ་འབྱོར་ལྡན་པའམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །ཞེས་འདམ་ཀ་ལྟ་བུར་གསུངས་ཀྱང༌། ཕྱག་བཅུ་དྲུག་པ་ཡབ་ཡུམ་བསྒོམས་པས་གྲོལ་གྱི། གཞན་པའི་སེམས་ཞེས་པ་ཀུ་རུ་ཀུལླེ་དང་ཕྱག་གཉིས་པ་ལ་སོགས་པ་ལྷ་གཞན་གྱི་རྣལ་འབྱོར་གྱིས་མ་ཡིན་ནོ། །དེའང་འབྲས་བུའི་རྣམ་པ་སྔོན་བྱུང་གི་སྟོན་པ་དང་འདྲ་བ་བསྒྲུབ་པར་བྱ་བ་ཡིན་པ་ལ་རྒྱུ་འདྲ་བས་འབྲས་བུ་འདྲ་བ་སྒྲུབ་པ་ཡིན་ནོ། །དེ་ཡང་ཤེས་རབ་སྟོང་པ་བཅུ་དྲུག་མཚོན་པར་བྱེད་པ་ཕྱག་བཅུ་དྲུག་ལ། སྙིང་རྗེ་བསྡུ་བའི་དངོས་པོ་བཞི་མཚོན་པར་བྱེད་པ་ཞབས་བཞི་དང་ལྡན་པས། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་ཆོས་སྐུའི་མཚོན་བྱེད་ཁྱད་པར་ཅན་དུ་འགྱུར་བའི་ཕྱིར་སྐུའི་རྣམ་པ་དེ་ལྟར་སྣང་བ་ཡིན་ནོ། །ལྷ་གཞན་ནི། དེ་དང་མི་མཐུན་པས་སོ། །ཞེས་སློབ་དཔོན་མི་ཐུབ་ཟླ་བའི་བཞེད་པའོ། །སློབ་དཔོན་གཞན་ཕལ་ཆེར་གྱིས་ནི་ཐ་མལ་པའི་སེམས་ཉིད་ལ་བཤད་དེ། ཡི་གེ་ལ་ཞུགས་པ་ཡིན་ནོ། །གནས་ནི། དང་པོར་གོམས་པར་བྱེད་དུས་ཀྱི། །གནས་ནི་ཞེས་པ་དང་པོ་ལྷའི་རྣམ་པ་ལ་སེམས་འཛིན་པའི་དུས་སུ་བསྔགས་པའི་གནས། གཅིག་ཏུ་མཉམ་གཞག་འགྲུབ་འགྱུར་བ་སྟེ། རང་གི་ཡིད་འཇུག་པ་དང་ཏིང་ངེ་འཛིན་སྐྱེ་བ་ལ་བར་ཆད་མི་འབྱུང་བ། འཚོ་བའི་ཡོ་བྱད་སླ་བ། ནད་གཞི་མི་སྐྱེད་པའོ། །དེ་ཉིད་ལ་རང་གི་ཁྱིམ་ཞེས་ཀྱང་བྱའོ། །དུས་གཡེང་བ་ཉུང་བས་མཚན་དུས་སོ། །བསམ་པ། བདག་ཉིད་འགྲུབ་པའི་སེམས་ཀྱིས་ནི། །ཞེས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འདོད་པའི་བསམ་པས་སོ། །རྣལ་འབྱོར་མ་ཞེས་པ་རྐང་པ་གཉིས་ཀྱིས་དེ་དང་འབྲེལ་ནས་ལྷ་གང་བསྒོམ་པ་བཤད་དོ། །ལྷའི་རྣམ་པ་གསལ་ནས་རྗེས་སྤྱོད་དུས་ཐམས་ཅད་དུ་བསྒོམ་པ། རྐང་པ་འཁྲུ་དང༌། ཞེས་པ་ལ་སོགས་པས་བསྟན་ཏོ། །གདུག་པའི་སེམས་ཞེས་པ་ཐ་མལ་པའི་རྣམ་རྟོག་སྟེ། མ་རིག་པས་ཞེས་པས་ལྷར་མ་ཤེས་པའོ། །སློབ་དཔོན་མི་ཐུབ་ཟླ་བས་འབྲས་བུ་དང་རྣམ་པ་མི་མཐུན་པ་དང༌། མཚོན་བྱེད་ཁྱད་པར་ཅན་མེད་པ་ལྷ་གཞན་གྱི་རྣལ་འབྱོར་ལ་བཞེད་དོ། །གཉིས་པ་ནི་ལེའུ་དྲུག་པར། ཅུང་ཟད་དྲོད་ནི་ཐོབ་པ་ན། །གལ་ཏེ་སྤྱོད་པ་བྱེད་འདོད་པས། །གལ་ཏེ་འགྲུབ་འགྱུར་འདོད་ཡོད་ན། །འདིས་ནི་སྤྱོད་པ་སྤྱད་པ་ཉིད། །ཅེས་པ་དྲོད་ཐོབ་ནས་སྤྱོད་པ་བྱ་བ་དང༌། དྲོད་ཐོབ་པར་བྱེད་པའི་ཐབས་བསྒོམ་པའི་གནས་ལ་སོགས་པ་གསུངས་ཀྱང༌། ཐབས་དངོས་དང༌། དྲོད་ཐོབ་པའི་དུས་དང༌། དྲོད་ཐོབ་པར་བྱེད་པའི་གང་ཟག་དང༌། དྲོད་ཉིད་དང༌། སྤྱོད་པ་བསྒྲུབ་པའི་རིམ་པ་དང༌། སྤྱོད་པ་སྤྱད་པའི་དུས་དང༌། སྤྱོད་པའི་གྲོགས་དང༌། དགོས་པ་དེ་རྣམས་མ་གསུངས་པས། དེ་རྣམས་འདིར་ཁ་བསྐངས་ཏེ་བཤད་དོ། །དེའང་ཐབས་ལ་གཉིས་ལས། བསམ་གཏན་ཉོན་མོངས་འཇིག་བྱེད་པ། །ཞེས་པ་རང་བྱིན་གྱིས་བརླབ་པའི་རིམ་པའི་ཐབས་ལ་བརྟེན་ནས་རང་བྱུང་གི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་བསྐྱེད་པས་སོ། །དེ་དང་འབྲེལ་ནས་དུས་ནི། དྲོད་ཐོབ་ཀར་ཉིན་མཚན་བར་མ་ཆད་པར་ཟླ་བ་ཕྱེད་དུ་བསྒོམ་པ་སྟེ། བརྩེ་ཞེས་པ་གྲོགས་འདོད་ཡོན་ལྔ་བསྟེན་པ་དང་བཅས་པས། དངོས་གྲུབ་ནི་གནས་སྐབས་ཀྱི་དྲོད་ཀྱིས་སོ། །ཡོངས་སུ་རྟོགས་ཞེས་པ་དེ་ཁོ་ན་ཉིད་གོམས་པར་གྱིས་ཤིག་པའོ། །བསམ་པ་ནི་དེ་ཁོ་ན་ཉིད་དང་འགལ་བའི་འོ། །ལྷའི་གཟུགས་ནི་རྟེན་བསྐྱེད་པའི་རིམ་པ་ལ་གནས་པས་སོ། །ཉི་མ་གཅིག་ཏུ་མ་ཆད་པར། །ཞེས་པ་རྒྱུན་མ་ཆད་པར་རོ། །ཐབས་གཉིས་པ་དཀྱིལ་འཁོར་འཁོར་ལོའི་ཐབས་ནི་རང་སྒྲུབ་པ་པོ། །གཞན་ཕྱག་རྒྱའི་དོན་ནི་མཆོག་ཐུན་མོང་གི་དངོས་གྲུབ་བོ། །དེ་མངོན་དུ་འགྱུར་བ་ལ་ཞུ་བདེ་ལྷན་སྐྱེས་རྟོགས་དགོས་ལ། དེ་ཐབས་མཆོག་ཏུ་གྱུར་པ་ཡིན་པས་ན་འཁོར་བར་ཞེས་པ་ལ་སོགས་པ་གསུངས་སོ། །འཕྲལ་དུ་ཞེས་པ་མྱུར་བ་ལ་བྱའོ། །དྲོད་ཉིད་ནི་ཏིང་ངེ་འཛིན་ལས་བྱུང་བའི་སེམས་ཀྱི་ནུས་པ་ཡིན་ལ། དེའི་ཆུང་ངུ་ནི་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་རྫི་ཞིང༌། ཉོན་མོངས་པ་གློ་བུར་བ་དྲག་པོ་མགོ་ནོན་པ་དང༌། དེའི་འབྲས་བུ་སྡུག་བསྔལ་དྲག་པོས་མི་རྫི་བ་སྟེ། འཇིགས་པ་ནི་སྲིད་པའི་སྡུག་བསྔལ་གྱིས་སོ། །སྨྱོ་བ་སེམས་འཁྲུལ་པ། མྱ་ངན་གདུང་བ་ནི་སྡུག་པ་དང་བྲལ་བའི་འོ། །འཚེ་བ་ནི་གཞན་གྱིས་བྱས་པའོ། །སྡུག་བསྔལ་ནི་དེ་ཐམས་ཅད་ལ་སྦྱར་ཏེ་དེ་ལྟ་བུའི་འབྲས་བུ་སྡུག་བསྔལ་གྱིས། སྒྲུབ་པ་པོ་ནི་ཉོན་མི་མོངས་པའོ། །དེ་ལྟ་བུའི་རྒྱུ་འདོད་ཆགས། ཞེ་སྡང༌། གཏི་མུག་ཆེས་པས་ཀྱང་ངོ༌། །འབྲིང་ཚར་གཅད་རྗེས་གཟུང་གང་རུང་ཅིག་ཐོགས་པ་མེད་པར་འགྲུབ་པ། ཆེན་པོ་རྣམ་ཤེས་དང་ཡེ་ཤེས་ཆ་མཉམ་པ་སྟེ། གཉིས་ཀ་ཐོགས་པ་མེད་པར་འགྲུབ་པའོ། །དེ་གཉིས་ནི། ཕན་དང་གནོད་པའི་འབྲས་འབྱུང་བ། །ལ་སོགས་པས་བསྟན་ཏོ། །ཇི་ལྟར་ཞེས་པ་རྐང་པ་གཉིས་ཀྱིས་དྲོད་ཐོབ་ནས་སྤྱོད་པ་སྤྱད་པ་ཡིན་གྱིས། གཞན་དུ་ངུ་འབོད་ཀྱི་གནས་སུ་སྐྱེ་བར་བསྟན་ཏོ། །མཚམས་མེད་ལྔ་ནི་ཞེས་པ་ལ་སོགས་པས། དྲོད་ཐོབ་པར་བྱེད་པའི་གང་ཟག་གི་དབང་དུ་བྱས་ནས་རྒྱུད་སྦྱང་བ་མ་བྱས་པ། རིང་ཞིག་ན་འགྲུབ་ཏུ་རུང་བའི་གང་ཟག་གོ །དགེ་བ་བཅུ་ལ་གོམས་པ་དང༌། །ལ་སོགས་པས་སྦྱངས་པ་བྱས་པ་འགྲུབ་པ་ལ་ཉེ་བ་སྟེ། རེ་ཞིག་ཅེས་པ་མྱུར་དུ་འགྲུབ་པའོ། །དངོས་གྲུབ་ཀྱང་ནི་དྲོད་ཉིད་ཀྱིའོ། །སྤྱོད་པ་བསྒྲུབ་པའི་རིམ་པ་དང༌། སྤྱོད་པའི་དུས་ནི། དང་པོ་དྲོད་ཐོབ་ནས་གསང་བའི་སྤྱོད་པ་ཟླ་བ་གཅིག ལུང་བསྟན་པའི་ཕྱག་རྒྱ་རྙེད་ནས་འཇིག་རྟེན་པའི་མངོན་དུ་ཟླ་གཅིག་སྤྱད་པས། མཆོག་གི་དངོས་གྲུབ་སྒྲུབ་པའི་ཉེ་བའི་རྒྱུ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པར་འགྱུར་བ་སྟེ། དེ་ལྟར་ཟླ་བ་གཅིག་ཏུ་ལ་སོགས་པས་གསང་བའི་སྤྱོད་པ་སྟེ། ཇི་སྲིད་ཕྱག་རྒྱ་མ་རྙེད་པར། །ཞེས་པ་ལུང་བསྟན་མ་བྱུང་གི་བར་དུའོ། །གནང་བ་རྙེད་འགྱུར་ཞེས་པ་ལ་སོགས་པས་ལུང་བསྟན་པའི་ཕྱག་རྒྱ་རྙེད་ནས། རིག་པ་བརྟུལ་ཞུགས་ཅན་གྱིས་སྤྱོད་པ་འཇིག་རྟེན་པའི་མངོན་དུ་བྱ་བའོ། །བྱང་ཆུབ་སེམས་ཀྱིས་རྣམ་པར་སྦྱང༌། །ཞེས་པ་གསང་བའི་དབང་བསྐུར་བ་སྟེ། དབང་བཞིས་ཕྱག་རྒྱའི་རྒྱུད་སྨིན་པར་བྱའོ། །དགེ་བ་བཅུ་ལ་བརྩམས་ནས་ནི། །དེ་ལ་ཆོས་ནི་རྣམ་པར་དབྱེ། །ཞེས་པ་དབང་གི་སྔོན་དུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཐོས་བསམ་དང་བསླབ་པས་སྦྱང་བར་བྱ་བ་བསྟན་པའོ། །ལྷ་ཡི་གཟུགས་ཀྱི་སེམས་པ་ནི། ཐབས་ཤེས་རབ་ལྷར་བསྐྱེད་པ་ཡིན་ལ། བཟའ་བ་དང་བསྲུང་བ་མཐུན་པས། དམ་ཚིག་སེམས་ཀྱང་གཅིག་པ་ཉིད་དོ། །དེ་དང་ལྷན་ཅིག་སྤྱོད་པ་བྱ་བའི་དུས་ཟླ་བ་གཅིག་གི་ཞེས་པའོ། །སྐལ་ལྡན་པར་ནི་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པའི་འོ། །སྤྱོད་པའི་གྲོགས་ནི་སྤྱིར་བཞི་ཡིན་པ་ལས། ལེའུ་དྲུག་པ་ཉིད་ལས། ཤིན་ཏུ་བཞིན་བཟང་མིག་ཡངས་མ། ལ་སོགས་པས་དང་པོ་ནས་གོམས་པའི་བུ་མོ་ལས་མ་གསུངས་ལ། ལེའུ་འདི་ཉིད་ལས། གོང་དུ་གནང་བ་རྙེད་འགྱུར་ལ་སོགས་པས་ལུང་བསྟན་པའི་བུ་མོ་བཤད་ལ། ནུས་པ་ཐོབ་པའི་རྣལ་འབྱོར་མ་སྟེ། བདག་དང་རྟོགས་པ་མཉམ་པའམ། རྟོགས་པ་མཆོག་ཏུ་གྱུར་པ་ནི་མཆོག་ཐོབ་པའི་ཞེས་པ། རྐང་པ་གཉིས་ཀྱིས་བསྟན། ནུས་པས་བཀུག་པའི་བུ་མོ་ནི། །ཡང་ན་བདག་གི་ནུས་པ་ཡིས། །ཞེས་པ་ལ་སོགས་པས་བསྟན་ཏོ། །དགོས་པ་ནི། འདིར་ཀུན་འདར་གྱི་སྤྱོད་པའི་དགོས་པ་རང་གི་སེམས་ཀྱི་བརྟན་གཡོ་བརྟག་པ་ཙམ་ཞིག་གསུངས་ཏེ། བདག་གིས་དལ་བ་སྟེ། རྟོགས་པ་མངོན་དུ་བྱ་བའི་ཕྱིར། །ཞེས་པས་བརྟན་གཡོ་བརྟག་པའི་ཕྱིར་ཡིན་གྱི། ལྟོ་དགང་བའི་དཔུང་གཉེན་མ་ཡིན་པས། གང་བཤད་ཅེས་པ་རྐང་པ་གཉིས་གསུངས་པ་ཡིན་ལ། ཡིད་ནི་བརྟན་ནམ་ཞེས་པ་རྐྱེན་དབང་དུ་མི་འགྲོ་བ་དང༌། གཡོ་བ་སྟེ་རྐྱེན་དབང་དུ་འགྲོ་བའོ། །གསུམ་པ་ལེའུ་བཅུ་པར། དངོས་གྲུབ་མཚན་ཉིད་མི་ཕྱེད་པ། །ཕྱག་རྒྱའི་རྣལ་འབྱོར་པ་ཡིས་འགྲུབ། །ཅེས་གསུངས་པའི་དོན་ལ་ཞུས་པའི་དོན་བུད་མེད་བདག་མེད་མའི་རྣལ་འབྱོར་དང་ལྡན་པས། ཕྱག་རྒྱའི་དངོས་གྲུབ་ཇི་ལྟར་འགྲུབ། །ཅེས་པའོ། །ལན་ལ་གསུམ་སྟེ། བདག་མེད་མའི་རྣལ་འབྱོར་དང་ལྡན་པས་ཕྱག་རྒྱའི་དངོས་གྲུབ་འགྲུབ་པའི་ཚུལ་དང༌། ཕྱག་རྒྱའི་དངོས་གྲུབ་ཀྱི་མཚན་ཉིད། དེ་ཡང་རིང་བའི་རྒྱུ་རིམ་པ་གཉིས་ལ་བརྟེན་ནས་འགྲུབ་པར་བཤད་པའོ། །དང་པོ་ན། བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་སྟེ། བདག་དང་རྟོགས་པ་མཉམ་པའི་སྒྲུབ་པ་པོ་དང་ཕྲད་ན། དེ་དང་རྒྱུད་གཉིས་ཅིག་ཅར་དུ་གྲོལ་ལ། མ་ཕྲད་ན་ནུས་པ་ཐོབ་པས་ཐབས་སུ་བསྒྱུར་ལ་ནུས་པས་བཀུག་པའམ། ནུས་པས་ཐོབ་པའི་རྣལ་འབྱོར་མ་ལ་བརྟེན་ནས་འགྲུབ་པའོ། །གཉིས་པ་ནི་ཆགས་དང་སྐྱེ་བ་འཇིག་པ་སྟེ་འཆི་བ་དག་གིས་ཀྱང༌། ཐབས་དམིགས་པ་མེད་པའི་སྙིང་རྗེ། ཤེས་རབ་དམིགས་པ་མེད་པའི་ཤེས་རབ་སྟེ། དེ་གཉིས་དབྱེར་མེད་པའི་ཆོས་ཀྱི་སྐུ་ཟིལ་གྱིས་གནོན་པར་མི་འགྱུར་རོ། །དེའི་འཐད་པ་གང་གི་ཕྱིར་ན། ཐབས་ནི་འབྱུང་བ་ཉིད་ཅེས་པ་ཟག་པ་མེད་པའི་ཡོན་ཏན་གྱི་ཆོས་ཡིན་པ་དང༌། འཇིག་པ་ཤེས་རབ་ཟེར་ཡང་ཤེས་རབ་འཇིག་པ་སྟེ། གང་འཇིག་ན། སྲིད་མཐར་བྱེད་དེ། རྟོག་པ་འཇིག་པར་བྱེད་པ་མི་རྟོག་པའོ། །དེས་ན་ཞེས་པ་ཟག་མེད་ཀྱི་ཐབས་དང་ཤེས་རབ་གཉིས་མེད་ཡིན་པས་སོ། །འོ་ན་གང་ལ་འཇིག་པ་ཡོད་ན། ལ་ལ་འཇིག་པས་འཇིག་པར་འགྱུར། །ཞེས་པ་རྟོག་པའོ། །ཟག་མེད་ལ་དེ་མེད་པས། འཇིག་པའི་དངོས་མེད་ཟག་པ་མེད། །ཅེས་བྱའོ། །གསུམ་པ་ལ་ནི་བསྐྱེད་པ་ཡི། །ཞེས་པ་སྟེ་སྤྲོས་པ་ནི་ཞལ་ཕྱག་གི་རྣམ་པར་རོ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །ཞེས་རྫོགས་པའི་རིམ་པས། རྟེན་དེ་སྣང་ལ་རང་བཞིན་མེད་པར་རོ། །དེ་ལྟར་བསྒོམས་པའི་ཕན་ཡོན། ཇི་ལྟར་ཞེས་པ་སྟེ། རང་བཞིན་མེད་པར་རྟོགས་པའོ། །དེའང༌། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བར། །ཞེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་སུ། ཇི་ལྟར་ཤེས་པའི་བདེ་ཆེན་པོ་སྟེ། དེས་མཚོན་པ་དང༌། དེ་ཉིད་ལམ་དུ་དཀྱིལ་འཁོར་འཁོར་ལོའི་ལམ་ལ་བརྟེན་ནས་གོམས་པར་བྱས་པས། དེ་ཡི་འདི་ནི་བྱིན་རླབས་ཡིན། །ཞེས་པའོ། །གཞན་ལས་ཞེས་པ་ཐབས་དེ་ཉིད་དང་བྲལ་ན། དཀྱིལ་འཁོར་འབྱུང་བ་མེད། ཅེས་པ་སྤྲོས་མེད་དུ་མི་རྟོགས་པའོ། །སྤྱི་དོན་བཞི་པ་ནི། ལེའུ་དང་པོར། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ལ་སོགས་པ་རྐང་པ་གཅིག་གིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་གསུངས་པའི་དོན་ལ། འདིར་དྲུག་སྟེ། དེས་དངོས་པོ་ཀུན་ལ་ཇི་ལྟར་ཁྱབ་པའི་ཚུལ་དང༌། དེ་ཉིད་ལུས་ལ་ཇི་ལྟར་གནས་པའི་ཚུལ་དང༌། ལེའུ་དགུ་པའི་དོན་ཇི་ལྟར་གསལ་བར་བྱ་བའི་ཚུལ་གྱིས། ཡེ་ཤེས་དེ་ཉིད་འགྲོ་བ་ཐམས་ཅད་ཀྱི་བདག་ཉིད་དུ་བཤད་པ། ཐམས་ཅད་ཀྱི་བདག་ཉིད་ཡིན་ཀྱང་གློ་བུར་གྱི་དྲི་མས་སེམས་ཅན་དུ་མི་འགལ་བས། གློ་བུར་གྱི་དྲི་མ་སེལ་བར་བྱེད་པའི་ཐབས་དཔེ་དང་བཅས་པ། དེ་ཉིད་ཐབས་སུ་འགྱུར་བའི་འཐད་པའོ། །དང་པོ་ནི་བདེ་བ་གནག་ཅིང་ཞེས་པ་སྟེ། རང་བཞིན་ལྷན་སྐྱེས་ཀྱིས་ཁྱབ་ལུགས་ཀྱི་དབང་དུ་བྱས་ནས། དེ་དང་དེར་སྣང་ཞིང་དེའི་ངོ་བོ་ཉིད་ལས་མ་འདས་པ་སྟེ། ཤེས་རབ་སྟེ་ཕྱག་རྒྱ་དང༌། ཐབས་སྒྲུབ་པ་པོ་དང༌། ཀུནྡྷུ་རུ་སྟེ་སྙོམས་འཇུག་དང༌། དངོས་པོ་སྟེ་སྣང་བ་དང༌། དངོས་མེད་སྟོང་པ་སྟེ་ཐམས་ཅད་དུ། །རྡོ་རྗེ་སེམས་དཔའ་བདེ་བར་བརྗོད། །ཅེས་པ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་སྣང་བའོ། །ཞུ་བདེའི་ཁྱབ་ལུགས་ཀྱི་དབང་དུ་བྱས་ནས། ལྷན་ཅིག་སྐྱེས་པའི་ཏིང་ངེ་འཛིན་བརྟན་པས་ཐམས་ཅད་དེའི་ངོ་བོར་འཆར་བ་སྟེ། ཀུནྡྷུ་རུ་སྐྱེས་པ་དེ། ཞེས་པ་དཀྱིལ་འཁོར་འཁོར་ལོའི་ཐབས་ལས་བྱུང་བའི་ལྷན་སྐྱེས་ཉིད་ཡིན་ལ། དེ་ཡང་དངོས་པོ་ཞུ་བ། དངོས་མེད་བདེ་བ། རྡོ་རྗེ་མི་རྟོག་པ། སེམས་དཔའ་དབྱེར་མི་ཕྱེད་པའོ། །གཉིས་པ་ནི་ཞུ་བདེ་ལྷན་སྐྱེས་ལུས་ལ་ཇི་ལྟར་གནས་པའི་ཚུལ་བཤད་པ། རྡོ་རྗེ་སྙིང་པོས་ཞེས་པ་ལ་སོགས་པའི་དོན་ནི་བཤད་མ་ཐག་པའི་རྫོགས་པའི་རིམ་པ་སྤྲོས་པ་ཉེ་བར་ཞི་བའི་བདེ་བ་ཆེན་པོ་བསྒོམས་པས་ཆོག་གིས་བསྐྱེད་པའི་རིམ་པའི་སྤྲོས་པ་དགོས་པ་མེད་དམ་ཞེས་ཞུས་སོ། །ལན་བཅོམ་ལྡན་འདས་ཀྱིས་ཞེས་པ་སྟེ། དད་པའི་ཤུགས་ཀྱིས་རབ་ཏུ་ཉམས། །ཞེས་པ་རྫོགས་པའི་རིམ་པ་འབའ་ཞིག་ལ་དད་པས། རྟེན་བསྐྱེད་རིམ་མ་བསྒོམས་ན་རྫོགས་པའི་རིམ་པ་ལས་ཀྱང་ངོ༌། །དེ་ཉིད་བཤད་པ། རྟེན་བསྐྱེད་རིམ་གྱི་ལུས་མེད་ན། དེ་ལ་བརྟེན་པའི་རྩ་མེད། དེས་ན་དེ་ལ་བརྟེན་པའི་ཐིག་ལེ་མེད། དེ་ལ་བརྟེན་པའི་བདེ་བ་མེད་པས། གང་ལས་བདེ་ཞེས་པའོ། །ཁྱབ་དང་སྟེ་ཁྱབ་པར་བྱ་བ་ལུས། ཁྱབ་བྱེད་བདེ་བ་ཆེན་པོའོ། །ཡང་ན་ཁྱབ་པ་སྟེ། ཁྱབ་པར་བྱ་བ་བདེ་བ། ཁྱབ་བྱེད་དེའི་རྟེན་ལུས་སོ། །དེ་ཉིད་དཔེའི་སྒོ་ནས་བསྟན་པ། ཇི་ལྟར་བྱ་ཞེས་པ་ལ་སོགས་པའོ། །དོན་བསྡུ་བ་དེ་ལྟར་བསྐྱེད་རིམ་གྱིས་ལྷའི་གཟུགས་སུ་བྱས་པས་ན་དངོས་པོ་ང༌། རྫོགས་པའི་རིམ་པས་རང་བཞིན་མེད་པར་ཤེས་པས། དངོས་པོ་མེད་པ་ང༌། དེ་ལྟ་བུའི་དངོས་པོའི་དེ་ཁོ་ན་ཉིད་རྟོགས་པ་མཐར་ཐུག་པས་སངས་རྒྱས་ང༌། ཞེས་པའོ། །དེ་ལྟར་ཡིན་ཡང་ལེ་ལོས་བསྣུན་པ་སྟེ། སྒྲུབ་པའི་ནན་ཏན་དང་བྲལ་བ་དང༌། རྨོངས་པས་ཏེ་བླ་མའི་གདམས་ངག་དང་བྲལ་བས་མི་རྟོགས་པའོ། །དེས་ནི་བསྐྱེད་པའི་རིམ་པའི་ལུས་ལ། རྫོགས་པའི་རིགས་པའི་ཡེ་ཤེས་གནས་པའི་ཚུལ་བཤད་དོ། །ད་ནི་རྫོགས་རིམ་ཉིད་ཀྱིའང་ལུས་ཀྱི་དཀྱིལ་འཁོར་ལ་བྷ་གའི་དཀྱིལ་འཁོར། དེ་ལ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ། དེའང་ཞུ་བ་ལ་བདེ་བ་གནས་པའི་ཚུལ་གྱིས་ཞུ་བདེ་ལྷན་སྐྱེས་ཀྱི་གནས་ལུགས་འཆད་དེ། རྡོ་རྗེ་ནི་སྒྲུབ་པ་པོ་རིགས་ལྔ། དེའི་བཙུན་མོ་བྲམ་ཟེའི་རིགས་བུ་མོ་སྤྱན་དུ་བསྐྱེད་པ་ལ་སོགས་པའོ། །དེ་རྣམས་ཀྱི་བྷ་ག་དེ་ལས་སངས་རྒྱས་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མི་རྟོག་པ། རིན་ཆེན་ཞེས་པ་དེའི་རྟེན། ཞུ་བདེའི་གནས་ཡིན་པས་ཟ་མ་ཏོག་གོ །དེ་ཉིད་བདེ་བ་སྲུང་བར་བྱེད་པས་ན་བདེ་བ་ཅན་ཏེ། དེར་ལྷན་སྐྱེས་ཀྱི་ཡེ་ཤེས་རྟག་ཏུ་བཞུགས་པའོ། །དེས་མཚོན་པའི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད། ཆོས་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་འཆད་པ་པོ་སྟེ། རྒྱུད་འཆད་པའི་སྟོན་པར་དེ་ཉིད་སྣང་བ་ལ་སོགས་པའོ། །གཉིས་སུ་སྣང་བའི་ཆ་ནས་འཇིག་རྟེན་པ་སྟེ་འཁོར་བ་དང་རང་བཞིན་གཉིས་ཀྱིས་སྟོང་པས་འཇིག་རྟེན་ལས་འདས་པ་ངའོ། །རང་གི་ངོ་བོ་གང་ཡིན་ན། ལྷན་ཅིག་སྐྱེས་དགའི་རང་བཞིན་ངའོ། །དེ་མཚོན་པའི་དུས་མཆོག་ཅེས་པ་མཆོག་དགའ་ཡིན་ལ། དེའི་དགའ་བྲལ་གྱི་དགའ་བ་བདེ་བ་མི་རྟོག་པ་དང་ལྡན་པ་སྟེ། དེའི་འོག་དགའ་བྲལ་གྱི་དང་པོ་སྟེ། རྟེན་ཉམས་ཏེ་བདེ་བ་མེད་པའི་གོང་སྐད་ཅིག་བཞི་པར་སྐྱེ་བའོ། །ཡང་ན་ནང་ལྟར་བཤད་པ། མ་ནིང་གི་དབང་ལ་དགོངས་པ་ཡིན་ཏེ། དེ་ཡང་སྤྱི་བོ་ནས་མགྲིན་པའི་བར་དུ་དགའ་བས་བསྡུས་པའི་དགའ་བ་བཞི། མགྲིན་པ་ནས་སྙིང་གའི་བར་དུ་མཆོག་དགས་བསྡུས་པ་བཞི། དེ་ནས་ལྟེ་བའི་བར་དུ་དགའ་བྲལ་གྱིས་བསྡུས་པ་བཞི། དེ་ནས་གསང་གནས་ཀྱི་བར་དུ་ལྷན་སྐྱེས་ཀྱིས་བསྡུས་པ་བཞི་ལས། ལྟེ་བའི་འོག་གསང་གནས་ཀྱི་སྟེང་དགའ་བ། མཆོག་དགའི་གནས་ཀྱི་འོག་དགའ་བྲལ་དང༌། ལྷན་སྐྱེས་ཀྱི་གནས་གཉིས་ཀྱི་སྟེང་ན་བྷ་ར་ཏ་ཀ རྟོག་པ་མེད་པའི་གནས། གསང་བ་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བ། རྩ་གསུམ་འདོམ་འཛོམ་པའི་མདུད་པ་གཅིག་ཡོད་པ་ལས། དེའི་འང་དབུ་མའི་གནས་སུ་བྱང་ཆུབ་ཀྱི་སེམས་མི་འཆོར་བར་བཟུང་བས་བདེ་སྟོང་མཆོག་སྐྱེ་བ་ཡིན་ལ། དེ་ཡང་རྩ་གཡས་ཡ་སོ་དང་འདྲ། གཡོན་མ་སོ་དང་འདྲ། དབུ་མ་ལྕེ་དང་འདྲ་བའི་གནས་སུ། བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་པས་ནང་ལྟར་བཤད་པའི་གསང་བའི་དབང་ཞེས་བྱ། གཡས་གཡོན། སྐྱེས་པ། བུད་མེད་དང་ཆ་མཚུངས་པས། དབུ་མ་ལ་མ་ནིང་ཞེས་ཀྱང་བྱའོ། །ཡང་ན་ཤེས་རབ་ཏུ་རློམ་པའི་གང་ཟག བླ་མ་ལ་རག་ལས་སུ་གཞུག་པར་བྱ་བའི་ཕྱིར། དཀྲུགས་ནས་གསུམ་པར་སྐྱེ་བ་སྐད་དུ་བཤད་པའོ། །མུན་པ་ལས་ནི་མར་མེ་ལྟར། །ཞེས་པ་མར་མེས་རྫས་ཀྱི་དངོས་པོ་གསལ་བར་བྱེད་པ་ལྟར། རང་བཞིན་ལྷན་ཅིག་སྐྱེས་པའི་དོན་ཇི་ལྟ་བ་བཞིན་མཚོན་པས་ཡིད་ཆེས་ཀྱི། ཞེས་པའོ། །དོན་བསྡུས་པ། བཙུན་མོའི་བྷ་ག་ཞེས་ཏེ། འབྲས་བུའི་དུས་ན། མཚན་དང་དཔེ་བྱད་འགྲུབ་པའི་རྒྱུ། སེམས་ཅན་གྱི་དུས་ན་བྱང་ཆུབ་ཀྱི་སེམས་ཁུ་བའི་ངོ་བོར་གནས་པ་དང༌། བདེ་བ་གཉིས། གཅིག་ལ་གཅིག་བརྟེན་དུ་གནས་པའོ། །ལྷའི་རྣལ་འབྱོར་ལས་བདེ་བ་ཞེས་པ་ཐབས་ཤེས་རབ་ལྷའི་རྣལ་འབྱོར་ལ་གནས་ཏེ་སྙོམས་པར་ཞུགས་པས། བདེ་བ་ཆེན་པོ་མི་རྟོག་པ་མངོན་དུ་བྱས་པའོ། །དེའི་ཕྱིར་སངས་རྒྱས་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དངོས་པོ་མིན་ཞེས་པའོ། །སྔོན་དུ་བསྐྱེད་རིམ་གྱི་ལྷར་བྱས་པའི་ཕྱིར། དེ་ཉིད་དངོས་མེད་ཚུལ་ཡང་མིན། །ཞེས་པའོ། །གསུམ་པ་ནི་ལེའུ་དགུ་པར་གསུངས་པའི་དོན་རང་བཞིན་གྱིས་གནས་པའི་དག་པ་གསུམ་ལས། འདིར་ལུས་ཞལ་ཕྱག་གི་རྣམ་པ་ཅན་རང་བཞིན་གྱིས་སངས་རྒྱས་ཀྱི་གཟུགས་སྐུ་ཡིན་པ་དང༌། སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པའི་བདེ་བ་ཆེན་པོ་ཆོས་ཀྱི་སྐུ་ཡིན་པར་བཤད་པ་དང༌། དེ་ཉིད་ཀྱི་ལེའུ་དང་པོའི། རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་བོ་ཉིད་ཀྱིས་གནས་པའང་བཤད་པ་ཡིན་ཏེ། ཞལ་ཕྱག་ཅེས་པས་མདོར་བསྟན་ནས། རྣམ་དག་རྣམ་པ་ཡི་ཞེས་པས་རྒྱས་པར་བཤད་དོ། །བཞི་པ་ནི་འོ་ན་སེམས་ཅན་དུ་འགལ་ལོ་ཞེ་ན། འོན་ཀྱང་བག་ཆགས་ཕལ་པས་སོ། །ཞེས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པས་དྲི་མ་སྦྱང་དུ་རུང་ཡང་གློ་བུར་དུ་རྟོག་པ་དང་བཅས་པའོ། །ལྔ་པ་དྲི་མ་གློ་བུར་བ་དེ། ཐབས་གང་གིས་བསལ་ན། བསྐྱེད་རྫོགས་གཉིས་ཀྱི་ཐབས་ལ་མཁས་པས་ཏེ། དེའང་དུག་གིས་ཞེས་པས། རིགས་འདྲ་གཉེན་པོར་ཆེ་བའི་དཔེ། ཇི་ལྟར་ཞེས་པས་བཟློག་པ་གཉེན་པོར་ཆེ་བའི་དཔེ། ཇི་ལྟར་རྣ་པར་ཆུ་ཞུགས་པ། །ཞེས་སྦམས་པ་གཉེན་པོར་ཆེ་བའི་དཔེའི་སྒོ་ནས་བསྐྱེད་རིམ་གྱིས་ཐ་མལ་པའི་རྣམ་རྟོག་སྦྱོང་བར་བཤད་དོ། །ཇི་ལྟར་འཚེད་པས་ཞེས་པས་བསྣན་པ་གཉེན་པོར་ཆེ་བའི་སྒོ་ནས་རྫོགས་པའི་རིམ་པའི་ཐབས་ཀྱིས། འདོད་ཆགས་ལམ་དུ་བྱེད་པར་གསུངས་སོ། །དྲུག་པ་ནི་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་སེམས་ཀྱི་དཀྱིལ་འཁོར་ལས། འབྱུང་བ་རྣམ་ལྔ་རིགས་ལྔའི་བདག་ཉིད་ཡིན་ལ། དེ་ལས་དབྱེ་ན་མཐའ་ཡས་པ་དང༌། བསྡུ་ན་ཐམས་ཅད་ཀྱང་བདེ་བ་ཆེན་པོའི་རིགས་སུ་གཅིག་པས། ཐབས་སུ་འགྱུར་བའི་རྒྱུ་མཚན་ཕྱོགས་གཅིག་ཙམ་བསྟན་པར་ཟད་དོ། །དེ་ཡང་འབྱུང་བ་ཞེས་པས་མདོར་བསྟན་ནས། བོལླ་ཞེས་པས་རྒྱས་པར་བཤད་དེ། སྲ་བས་ནི་སྤྱན་མ་ཡིན་ལ། དེའི་ཡབ་རྣམ་སྣང་དང་ཐ་མི་དད་པས་གཏི་མུག་རྣམ་པར་དག་པའི་སྣང་མཛད་བརྗོད་དོ། །བདེ་བ་འདོད་ཆགས་ཁྲག་ཏུ་འགྱུར། །ཞེས་པ་བདེ་བ་དང་དགའ་བ་དོན་གཅིག་པས་རཱ་མ་ཞེས་བྱ་ལ། དེ་ལ་རཱ་ག་ཞེས་དྲངས་ནས་འདོད་ཆགས། རཀྟ་ཞེས་དྲངས་ནས་ཁྲག་ཡིན་ལ་དོན། དགའ་བ་ནམ་མཁའི་མཚན་ཉིད་དེ། །ཐོགས་རྡུགས་དང་བྲལ་བས་སོ། །སེམས་ནི་ཆེན་པོ་ཞེས། ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དངོས་གྲུབ་གཏན་ལ་དབབ་པ་ཞེས་པ་ནི། དངོས་གྲུབ་དམིགས་མེད་ཀྱི་སྙིང་རྗེ་དང༌། དམིགས་མེད་ཀྱི་ཤེས་རབ་དབྱེར་མི་ཕྱེད་པ་ཡིན་ལ་དེའི་དངོས་ཀྱི་རྒྱུ་སྤྱོད་པ། བརྒྱུད་པའི་རྒྱུ་བསྐྱེད་རྫོགས་གཉིས་ཏེ། དེ་སྟོན་པས་དངོས་གྲུབ་རྒྱུ་དང་བཅས་པ་གཏན་ལ་དབབ་པ་ཞེས་བྱའོ། །ལེའུ་གསུམ་པ་ལ་ལུས་རྣམ་པར་གཞག་པ་དང༌། ཡན་ལག་རྒྱས་པར་བཤད་པ་གཉིས་སོ། །དང་པོ་དེ་ནས་ཞེས་པས་དངོས་གྲུབ་རྒྱུ་དང་བཅས་པ་དང༌། འབྲེལ་པ་ཅན་དུའོ། །རྒྱུད་ཅེས་པ་རྣལ་འབྱོར་གྱི་རྒྱུད་ཡིན་ལ། གླེང་གཞི་ཞེས་བྱ་བའི་ཐབས་ནི། ཨེ་ཝཾ་ལ་བརྟེན་པའི་ཐབས་ཏེ། དེ་གཙོ་བོར་སྟོན་པས་སོ། །དེ་ཡང་སྡོམ་པ་དང་ནི་ཞེས་པས། ལེའུ་དང་པོར་སྡོམ་པའི་དབྱེ་བ་ཡང་ཞེས་པ་ལ་སོགས་པས་སྡོམ་པའི་རབ་ཏུ་དབྱེ་བ་གསུངས་པ། འདིར་དཀྱིལ་འཁོར་འཁོར་ལོའི་ཐབས་ལ་བརྟེན་ཏེ་གསལ་བར་འཆད་པའི་ལུས་རྣམ་གཞག་གོ །དབང་དང་ཡང་ཞེས་པ་ནི་ལེའུ་བཅུ་པར་དབང་བཞིའི་དག་པ། དགོས་པ། ངེས་ཚིག སོ་སོའི་མཚན་ཉིད་རྣམས་གསུངས་པ་འདིར་གསལ་བར་སྟོན་པ་སྟེ། འདིས་ནི་སྡོམ་པ་དེ་ཤེས་པར་བྱེད་པའི་ཐབས་ཀྱང་གསུངས་པ་ཡིན་ནོ། །དགོངས་པའི་སྐད་ནི་ལེའུ་བདུན་པར་མ་གསུངས་པའི་ངག་གི་བརྡའོ། །དགའ་བ་དང་སྐད་ཅིག་དབྱེ་བ་ནི་ལེའུ་དང་པོར་དགའ་བ་བཞི་དང་སྐད་ཅིག་མ་བཞི་གསུངས་པའི་དོན་གསལ་བར་བྱེད་པ་ཡིན་ལ། སྡོམ་པ་དང་འབྲལ་བས་སྡོམ་པ་རང་གི་ངོ་བོ། གཞན་ཡང་བཟའ་བ་ཞེས་པ། ལེའུ་དྲུག་པར་བཟའ་བྱ་དང་བཟའ་བྱ་མ་ཡིན་པ་གཉིས་མེད་པ་ལ་སོགས་པ་ཀུན་འདར་གྱི་སྤྱོད་པའི་མཚན་ཉིད་གསལ་བར་མ་གསུངས་པ་འདིར་འོག་ནས་གསལ་བར་བསྟན་པའོ། །སོགས་པ་ཞེས་པས་བསྡུས་པ། ལེའུ་དགུ་པར་གསལ་བར་མ་གསུངས་པ་དབང་པོ་དྲུག་གི་དག་པ་འོག་ནས་བསྟན་པའོ། །རྒྱས་པར་བཤད་པ་ལ་དྲུག་སྟེ། རྡོ་རྗེ་རིགས་ཀྱི་ལེའུར་སྡོམ་པ་གསུངས་པའི་དོན་དཀྱིལ་འཁོར་འཁོར་ལོའི་ཐབས་ལ་བརྟེན་ནས་གསལ་བར་བཤད་པ་དང༌། དབང་གི་ལེའུ་དང་འདི་ཉིད་ཀྱི་འདས་མ་ཐག་པར་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དམ་ཚིག་དང་སྡོམ་པ་མ་གསུངས་པས། དེ་ཁ་བསྐང་བའི་ཚུལ་དུ་བཤད་པ་དང༌། གོང་དུ་ལེའུ་འདི་ལས། དབང་གི་དོན་བསྒོམས་པས་ཡུལ་ལ་སོགས་པ་སྦྱོང་བར་བསྟན་པའི་དོན་གསལ་བར་བཤད་པ་དང༌། སྤྱོད་པའི་ལེའུར་གསུངས་པའི་ཀུན་འདར་གྱི་སྤྱོད་པའི་མཚན་ཉིད་གསལ་བར་བཤད་པ་དང༌། རྣམ་པར་དག་པའི་ལེའུར་དབང་པོ་དྲུག་གི་དག་པ་མ་གསུངས་པས་དེ་ཁ་བསྐང་བའི་ཚུལ་དུ་བཤད་པ་དང༌། བརྡའི་ལེའུར་ངག་གི་བརྡ་མ་གསུངས་པས་དེ་ཁ་བསྐང་བའི་ཚུལ་དུ་བཤད་པའོ། །དེ་རྣམས་ཀྱི་དང་པོའི་དོན་ནི་གནས་ཨེ་ཝྃ་དུ། བོལླ་ཀཀྐོ་ལ་མཉམ་པར་སྦྱར་བའི་ཐབས་ལ་བརྟན་ནས། སྡོམ་པ་རང་གི་ངོ་བོ་དགའ་བ་བཞིའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེད་བས། བསྡམ་བྱ་མཚན་མ་དང་རྣམ་པར་རྟོག་པ་སྟོན་ཏོ། །དེ་ལ་ཡང་སངས་རྒྱས་ཀྱི་སྡོམ་པ་དང༌། རྣལ་འབྱོར་མའི་སྡོམ་པ་གཉིས་སོ། །དང་པོ་ནི་དེ་ལ་ཞེས་པ་མདོར་བསྟན་པ་དེ་ལའོ། །སངས་རྒྱས་ཀུན་གྱི་ཞེས་སྒྲུབ་པ་པོ་རིགས་ལྔའོ། །དེའི་བསྡམ་པའི་གནས་ཨེ་སྟེ། འདོམ་གྲུ་གསུམ་དང༌། ཝྃ་གསང་པའི་རྡོ་རྗེ་ལ་བརྟེན་ནས་རབ་ཏུ་གནས་སོ། །སྡོམ་པ་རང་གི་ངོ་བོ། ཨེ་ཝྃ་རྣམ་པའི་བདེ་ཆེན་པོ་སྟེ་ཨེ་ཝྃ་ལ་བརྟེན་པའི་དགའ་བ་བཞིའོ། །དེ་མངོན་དུ་བྱེད་པའི་ཐབས། དབང་ལས་ཡང་དག་ཤེས་པར་འགྱུར། །ཞེས་བླ་མ་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་དང༌། དེ་ཉིད་བདག་ཉིད་ཀྱིས་ལམ་དུ་བྱེད་པའི་ཚུལ་གྱིས་གོམས་པ་ལས་སོ། །དེས་བསྡམ་བྱ་རྣམ་རྟོག་སྡོམ་པ་དོན་གྱིས་འཕངས་ནས་ཤེས་སོ། །རྣལ་འབྱོར་མའི་སྡོམ་པ་ལ་ཞུས་པ་དང༌། ལན་ནོ། །དང་པོ་ནི་དེ་ནས་ཞེས་པ་སྟེ། མཁའ་འགྲོ་མ་ནི་བྲམ་ཟེ་མོ་སྤྱན་དུ་བསྐྱེད་པ་ལ་སོགས་པའོ། །ཨེ་ཝྃ་ཞེས་པ་བསྡམ་པའི་གནས་སོ། །རིམ་པ་ཞེས་པས་རང་གི་ངོ་བོ་དང་མངོན་དུ་བྱེད་པའི་ཐབས་སོ། །ལན་ལ་གསུམ་སྟེ། བསྡམ་པའི་གནས་དང༌། སྡོམ་པའི་ངོ་བོ་དང༌། སྡོམ་པ་དེ་ཤེས་པར་བྱེད་པའི་ཐབས་དབང་བཞིའི་མཚན་ཉིད་དབང་གི་ལེའུར་གསུངས་པ་གསལ་བར་བཤད་པའི་སྒོ་ནས་བཤད་པའོ། །དང་པོ་ནི་བཅོམ་ལྡན་འདས་ཞེས་པ་སྟེ། ཨེའི་ཆ་བྱད་ནི་ཆོས་འབྱུང་གྲུ་གསུམ་མོ། །དེ་ཉིད་བདེ་ཆེན་གྱི་གནས་ཡིན་པས་བཟང་པོ་ཞེས་བྱའོ། །ཝྃ་ནི་རྩ་མཛེས་པའི་སྤྱི་བོའོ། །བདེ་བ་ཐམས་ཅད་ནི་དགའ་བ་བཞིའོ། །སངས་རྒྱས་རིན་ཆེན་ནི་རྟེན་ཁམས་དགུའི་དྭངས་མའོ། །དེ་རྣམས་ཀྱི་གནས་སམ་གཞི་ཡིན་པས་ཟ་མ་ཏོག་ཅེས་པའོ། །སྡོམ་པ་རང་གི་ངོ་བོ་ནི་སྐད་ཅིག་མ་བཞིའི་དུས་སུ་ཉམས་སུ་མྱོང་བ་དགའ་བ་བཞི་ཡིན་པས། དགའ་དང་སྐད་ཅིག་དབྱེ་བ། །ཞེས་པའང་རྒྱས་པར་བཤད་པ་སྟེ། འདི་ལེའུ་དང་པོའི་དགའ་བ་བཞི་དང་སྐད་ཅིག་མ་བཞིའང་གསལ་བར་བཤད་པ་ཡིན་ནོ། །དེའང་སྐད་ཅིག་ཅེས་པ་དུས་ཚོད་བཞིར་དགའ་བ་བཞི་སྟེ། དགའ་བ་བཞིའི་ཉམས་སུ་མྱོང་བ་དེ་ལས་སྐྱེ་བར་འགྱུར་བའི་ཨེ་ཝྃ་ལས་སོ། །དེས་ན་སྐད་ཅིག་སྟེ། དུས་ཚོད་བཞིར་ཤེས་ན་བདེ་བ་ཤེས་པ་སྟེ། དེའི་དུས་སུ་དགའ་བ་བཞིར་ཤེས་པའོ། །དེའི་གནས། ཨེ་ཝྃ་རྣམ་པར་རབ་ཏུ་གནས། །ཞེས་པའོ། །དེ་ཉིད་རྒྱས་པར་བཤད་པ་སྣ་ཚོགས་ཞེས་པ་སྟེ། རྣལ་འབྱོར་པས་ཤེས་ནི་དགའ་བ་བཞི་ཤེས་པའོ། །རབ་ཏུ་རྒྱས་པར་བཤད་པ། འཁྱུད་དང་ཞེས་པ་གཟུགས་ལ་ལྟ་བ་ནས་བཟུང་ནས། འཁྱུད་པ་དང་འོ་བྱེད་པའི་བར་བྱ་བ་སྣ་ཚོགས་བྱེད་པས་ན་རྣམ་པ་སྣ་ཚོགས་བཤད་དོ། །རྣམ་པར་སྨིན་པ་ཞེས། བོལླ་ཀཀྐོ་ལ་མཉམ་པར་སྦྱོར་བའི་དུས་ཏེ། གོང་མ་ལས་མི་འདྲ་བ་ཉམས་སུ་མྱོང་བས་སོ། །དེ་ཉིད་སྔ་མ་ལས་བྱ་བ་ཉུང་བས་དེ་ལས་བཟློག་ཅེས་བྱའོ། །བདེ་བའི་ཡེ་ཤེས་ཟ་བ་ཉིད་ནི་དགའ་བ་ཁྱད་པར་དུ་གྱུར་བ་མྱོང་བའོ། །བདག་གིས་བདེ་བ་ཟོས་པ་ཡི། །ཞེས་པ་སྲུབ་པའི་སྦྱོར་བ་ལ་གནས་པའི་དུས་ན། བདེ་བ་མི་རྟོག་པར་འགྱུར་བའོ། །དེ་ཉིད་རྟོག་པ་ལས་ཡིད་སྐྱོབ་པས་གྲོལ་ཞེས་བྱ་ལ། ཕྱག་རྒྱ་ཉེད་པས་ན་རྣམ་པར་ཉེད་པར་བརྗོད་དོ། །མཚན་ཉིད་དང་བྲལ་བ་ནི་རིགས་ཀྱི་བདག་པོའི་མཁའ་དང༌། རྩ་མཛེས་པའི་སྤྱི་བོར་བྱང་སེམས་མངོན་དུ་བྱས་པའི་ཚེ། མཚན་གཞི་དང་མཚོན་བྱེད་དུ་ཞེན་པའི་རྟོག་པ་དང་བྲལ་བས་སོ། །དེ་ཉིད་སྐད་ཅིག་མ་གོང་མ་གསུམ་ལས་གཞན་ཡིན་པས་ན་གསུམ་ལས་གཞན་ནོ། །དེ་ཙམ་ན་ཆགས་དང་སྟེ། དགའ་བ། མཆོག་དགའ། ཆགས་བྲལ་སྟེ་དགའ་བྲལ་ག་རྟོག་པ་ཡང་སྤངས་པའོ། །དེ་ལྟར་སྐད་ཅིག་མ་བཞི་བཤད་ནས་དེའི་དུས་སུ་ཉམས་སུ་མྱོང་བ་དགའ་བ་བཞི་སྐྱེ་བ། སྣ་ཚོགས་དང་པོ་དགའ་བ་ཉིད་དེ་བདེ་བ་ཆུང་བའོ། །མཆོག་དགའ་ཅུང་ཟད་འཕེལ་བའོ། །དགའ་བྲལ་མི་རྟོག་པས་བརྒྱན་པའོ། །ལྷན་ཅིག་སྐྱེས་དགའ་ཉིད་ནི། རྩ་གཉིས། ཐིག་ལེ། ཉི་ཟླ་གཉིས། ཞུ་བདེ་གཉིས་བདེ་སྟོང་ལྷན་ཅིག་ཏུ་སྐྱེས་པའོ། །དེ་མངོན་དུ་བྱེད་པའི་ཐབས་དབང་བཞི་བསྟན་པ་ནི། དེ་མངོན་དུ་བྱེད་པའི་ཐབས་དངོས་དབང་གསུམ་པ་དང༌། ལམ་དུ་བྱེད་པའི་བཞི་པ་ཡིན་ལ། དེའི་ཡང་སྔོན་དུ་གསང་དབང་དང༌། བུམ་དབང་ཡང་འགྲོ་བའོ། །འདིས་ནི་དབང་དང་ཡང༌། ཞེས་པའང་རྒྱས་པར་བཤད་དེ། ལེའུ་བཅུ་པའི་དོན་ཡང་གསལ་བར་བྱེད་དོ། །འདི་ལ་ལྔ་སྟེ། དབང་གི་རབ་ཏུ་དབྱེ་བ་མཚོན་བྱ་དང་བཅས་པ། དབང་བཞི་པའི་དག་པ། དགོས་པ། ངེས་པའི་ཚིག སོ་སོའི་མཚན་ཉིད་བཤད་པའོ། །དང་པོ་ནི་སློབ་དཔོན་ཞེས་པ། གཙོ་བོ་བརྗོད་པས་གཞན་མཚོན་པ་སྟེ། རིག་པའི་དབང་ལྔ། རྡོ་རྗེ་སློབ་དཔོན་གྱི་དབང་ཉིད་དང་དྲུག དེ་བརྟན་པར་བྱེད་པ་བུམ་པའི་དབང་སྟེ་བདུན་ནོ། །གསང་དབང་ནི་ལེན་ལུགས་གསུམ་ལས་གང་ཡང་རུང་བ་གཅིག་གོ །ཤེས་རབ་དང་ཞེས་པས་ཤེས་རབ་གཏད་པ་དང༌། ཡེ་ཤེས་དགའ་བ་བཞིའི་དབང་ངོ༌། །བཞི་པ་ནི་དབང་གསུམ་པའི་དུས་སུ་ཉམས་སུ་མྱོང་བ་དེ་ཉིད་ཚིག་གིས་མཚོན་ནས་སྟོན་པས་དེ་ཡང་དེ་བཞིན་ནོ། །ཞེས་པའོ། །དབང་བཞིས་དགའ་བ་བཞི་མཚོན་པ་ནི། དབང་ནི་བཞི་ཡིས་ཞེས་པ་སྟེ། བཞིར་གྲངས་མཐུན་པ་དང༌། འོག་མ་འོག་མ་ལ་གོང་མ་གོང་མ་བརྟེན་པས་གོ་རིམ་མཐུན་པ་དང༌། དགའ་བ་བཞིས་རྣམ་རྟོག་གི་དྲི་མ་འཁྲུད་པ་དང༌། དབང་བཞིས་ཀྱང་ལུས་ལ་སོགས་པའི་དྲི་མ་འཁྲུད་པར་བྱེད་པའི་ལས་མཐུན་པས་སོ། །དགའ་བ་ལ་སོགས་རིམ་ཞེས་པའོ། །དག་པ་ནི། རྒྱུད་སྡེ་བཞིའི་དབང་གིས་མཐར་ཐུག་ཚང་བ་སྟེ་དགོད་པ་ཞེས་པ། འདོད་པའི་ཁམས་ཀྱི་ལྷ་ཁ་ཅིག་ལ་ཡོད་པའི་ཕན་ཚུན་དགོད་པའི་ཆགས་པ་ཡོད་པ་ཡིན་ལ། དགོད་པའི་རྒྱུད་ནི་དེ་ལྟ་བུའི་ཆགས་པ་མ་སྤངས་ཀྱང་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡོད་པར་སྟོན་པ་སྤྱོད་པའི་རྒྱུད་ཡིན་ལ། དེ་དག་པས་སློབ་དཔོན་ཉིད་ཅེས་པ་དེ་ན་བུམ་པའི་དབང་ལས་མེད་པས་དེའི་དབང་གིས་མཐར་ཐུག་ཚང་བའོ། །བལྟ་བ་ནི་ཕན་ཚུན་བལྟས་པ་ཙམ་གྱིས་ཆགས་པ་ཡིན་ལ་ལྟ་བའི་རྒྱུད་ནི་དེ་ལྟ་བུ་མ་སྤངས་ཀྱང་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡོད་པར་སྟོན་པ་བྱ་བའི་རྒྱུད་དེ། དེ་ན་བུམ་དབང་གསང་དབང་གཉིས་ཡོད་པས་དེ་དག་པ་གསང་བ་དེ་བཞིན་ནོ་ཞེས་པའོ། །དེ་བཞིན་དུ་ལག་བཅངས་རྣལ་འབྱོར་གྱི་རྒྱུད་དང༌། གཉིས་འཁྱུད་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལའང་སྦྱར་རོ། །དགོས་པ་ནི། སེམས་ཅན་རྣམས་ཀྱི་དངོས་གྲུབ་ཕྱིར། །ཞེས་པ་བུམ་དབང་གིས་ལུས་ཀྱི་དྲི་མ་སྦྱངས་ནས་སྤྲུལ་པའི་སྐུའི་དངོས་གྲུབ་ཐོབ་པ་ལ་སོགས་པ་སྐུ་བཞི་འགྲུབ་པའོ། །ངེས་ཚིག་ནི། གཏོར་དང་ཞེས་པ་དབང་བསྐུར་བ་ནི། ཨ་བྷི་ཥེ་ཀ་ཞེས་པ་དྲི་མ་འཁྲུད་པར་བྱེད་པ་སྟེ། བུམ་དབང་གི་དུས་སུ་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་སྤྱི་བོ་ནས་གཏོར་ཞིང་ལུས་ཀྱི་དྲི་མ་འཁྲུད་པ་དང༌། གསང་བ་ལྕེ་ལ་གཏོར་ཞིང་ངག་གི་དྲི་མ་འཁྲུད་པ་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་གི་གནས་སུ་མངོན་དུ་བྱས་པས་སེམས་ཀྱི་དྲི་མ་འཁྲུད་པ་དང༌། བཞི་པ་བྱང་ཆུབ་སེམས་ཀྱི་དོན་ཚིག་གི་བསྟན་པས་ལུས་ངག་ཡིད་གསུམ་མཐའ་དག་གི་དྲི་མ་འཁྲུད་པའོ། །སོ་སོའི་མཚན་ཉིད་ལ་བུམ་དབང་གི་གཙོ་བོ་རྡོ་རྗེ་སློབ་དཔོན་གྱི་དབང་ནི། ཤེས་རབ་བཅུ་དྲུག་ལོན་པ་ལ། །ཞེས་པ་ཡུམ་རྡོ་རྗེ་སྙེམས་མ་ལོ་བཅུ་དྲུག་ལོན་པ་ལྟ་བུ་ལ་བདག་ཉིད་རྡོ་རྗེ་སེམས་དཔར་བསྐྱེད་པའི། ལག་པ་དག་གིས་ཡང་དག་འཁྱུད་པ་ནི། སྐུའི་དམ་ཚིག་གི་ཕྱག་རྒྱ་ཆེན་པོའོ། །རྡོ་རྗེ་ཞེས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གིས་བརྗོད་བྱ་སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚོན་བྱེད་གཡས་སུ་གཏོད་པ་ཐུགས་ཀྱི་དམ་ཚིག དྲིལ་བུ་དེའི་རྗོད་བྱེད་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་མཚོན་བྱེད་དུ་གཡོན་དུ་གཏོད་པ་གསུང་གི་རིགས་ཀྱི་དམ་ཚིག་སྟེ་གསུམ་བྱིན་ནས། ལེའུ་བཅུ་གཉིས་པ་ནས་འབྱུང་བའི་ཚིགས་སུ་བཅད་པར་བརྗོད་ནས་སོ། །གསང་དབང་ནི། ཤིན་ཏུ་བཞིན་བཟང་མ་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་ཕུལ་ལ། བླ་མས་འདུ་ཤེས་གསུམ་དང་ལྡན་པས་རྫས་བསྒྲུབ་སྟེ། ལེན་ལུགས་གསུམ་གང་ཡང་རུང་བས་སྦྱིན་པ་ཐུ་བོ་ཞེས་པས་བསྟན་ཏོ། །ཤེས་རབ་ཡེ་ཤེས་ནི་འཁྲུགས་ཀྱི་ཚུལ་དུ་ཇི་ལྟར་ཞེས་པར་སྦྱར་ལ། མཆོད་བསྟོད་སྔོན་དུ་འགྲོ་བས་གསོལ་བ་གདབ་པ་བཅོམ་ལྡན་ཞེས་པས་མཚན་མ་དང་རྣམ་པར་རྟོག་པ་བཅོམ་པ་སྟེ། དེ་ཉིད་ཀྱིས་ན་ཞི་བའོ། །རྡོ་རྗེ་རྣལ་འབྱོར་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣལ་འབྱོར་རོ། །གཅིག་བཞེད་པ་ནི་མི་ཕྱེད་པའི་དངོས་གྲུབ་བོ། །དེ་ཉིད་གང་ཞེ་ན། མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ་སྟེ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བོ། །དེ་ཡང་ལམ་གང་ལ་བརྟེན་ནས་བསྒྲུབས་ན། རྡོ་རྗེའི་རྣལ་འབྱོར་ཞེས་པ་ཕྱག་རྒྱ་ལ་བརྟེན་ནས་གཉིས་སུ་མེད་པའི་ཡེ་ཤེས་གོམས་པར་བྱེད་པས་སོ། །ཞིམ་པ་ཞེས་པ་ལ་སོགས་པས་མཆོད་པའི་རྒྱས་བཤད་དོ། །དེ་ནས་བླ་མས་ཕྱག་རྒྱ་གཏད་པ། སྟོན་པས་ཤེས་རབ་རབ་ཏུ་མཆོད། །ཅེས་པ་སྟེ། ཕྱག་རྒྱ་བདེ་བ་ལྡན་པ་ཁྱེར། །ཞེས་པའི་དོན་ནི་ལེའུ་བཅུ་གཉིས་པ་ལས་འབྱུང་བའི་ཚིགས་བཅད་ཀྱིས་གཏད་དེ་ཤེས་རབ་གཏད་པའི་དབང་ངོ༌། །ཡེ་ཤེས་དགའ་བཞིའི་དབང་ནི་སློབ་མས་འདུ་ཤེས་གསུམ་དང་ལྡན་པས་བསྟེན་པ་ལས། མཆོག་ཏུ་དགའ་བ་ཡང་དག་ཐོབ། །ཅེས་པས་དགའ་བ་གསུམ་ལས་མཆོག་ཏུ་གྱུར་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དུས་ནམ་ཞེ་ན། སྣ་ཚོགས་སྤངས་པའི་ཞེས་པ་སྣ་ཚོགས་ལ་སོགས་པ་སྐད་ཅིག་མ་གསུམ་སྤངས་པའི་མཚན་ཉིད་དང་བྲལ་བའི་སྐད་ཅིག་མའོ། །དབང་བཞི་པ་ནི་གསུམ་ལས། སྟོན་པས་ཞེས་པས། ལམ་དུ་བྱེད་པའི་བཞི་པ་སྟེ། ཕྱག་རྒྱ་ལ་བརྟེན་ནས་བདེ་བ་ཆེན་པོ་གོམས་པར་གྱིས་ཤིག་པར་གནང་བ་སྟེར་བའོ། །སློབ་མ་སྙིང་རྗེ་ཅན་ཞེས་པ་ལ་སོགས་པའི་ཚིག་གི་སྒོ་ནས་དོན་སྟོན་པ་སྟེ། འདི་ཉིད་ཅེས་པ་ཤེས་རབ་ཡེ་ཤེས་ཀྱི་དུས་སུ་མྱོང་བ་ཉིད་དོ། །ཡེ་ཤེས་ཆེན་པོ་ཉིད་ནི་གཉིས་སུ་མེད་པའི་ཡེ་ཤེས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་དོ། །དེ་ཉིད་ངོ་བོ་ཉིད་ཀྱིས་འགྲོ་བ་ཐམས་ཅད་ཀྱི་ལུས་ལ་རྣམ་པར་གནས། ཞེས་པའོ། །དེ་ཉིད་གཉིས་དང་ཞེས་པ་སྣང་བའི་ཆ་ནས་སོ། །རང་བཞིན་གཉིས་ཀྱིས་སྟོང་པས་ན་གཉིས་སུ་མེད་པའི་ཚུལ་ལོ། །དངོས་དང་ཡང་གཉིས་སུ་སྣང་བའི་ཆ་ནས། རང་བཞིན་གཉིས་ཀྱིས་སྟོང་པས་དངོས་མེད་དོ། །དེ་ཐམས་ཅད་ཀྱི་བདག་ཉིད་དམ་གཙོ་བོ་གཉིས་སུ་མེད་པའི་ཡེ་ཤེས་སོ། །བརྟན་གཡོ་ནི་སྣོད་བཅུད་དོ། །ཁྱབ་པ་ནི་དེ་ལས་བྱུང་བ་དང་བདག་ཉིད་གཅིག་པས་སོ། །སྒྱུ་མའི་གཟུགས་ཅན་ནི་ཐམས་ཅད་དུ་སྣང་ཡང་གང་གི་ངོ་བོར་ཡང་མ་གྲུབ་པས་སོ། །ཡང་དེ་ཉིད་ཉམས་སུ་མྱོང་བའི་དབང་དུ་བྱས་ན། གཉིས་དང་ནི་ཞུ་བདེ། གཉིས་སུ་མེད་པའི་མི་རྟོག་པ། དངོས་དང་བདེ་བ། དངོས་མེད་མི་རྟོག་པ། བདག་ཉིད་གཙོ་བོ་རང་རིག་པ། བརྟན་པ་རྩ། གཡོ་བ་བྱང་སེམས། ཁྱབ་གནས་ནི་མི་རྟོག་པས་སོ། །དེ་རྣམས་ཐམས་ཅད་དུ་སྣང་ཡང་གང་གི་ངོ་བོར་ཡང་གྲུབ་པ་མེད་པས་སྒྱུ་མའི་གཟུགས་ཅན་ཉིད་དུ་གནས། ཞེས་པའོ། །ཚིག་གི་སྒོ་ནས་འབྲས་བུ་སྟོན་པའི་བཞི་པ་ནི་ལེའུ་བཅུ་གཉིས་པ་ལས་གསུངས་སོ། །དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་ནི། །ཞེས་པ་ལ་སོགས་པས་ནི་སྔར་བླ་མ་ལས་གནང་བ་ཐོབ་པ་ལྟར་གོམས་པར་བྱེད་པས་ལམ་དུ་བྱེད་པའི་བཞི་པའི་རྒྱས་བཤད་ཡིན་ལ། དེ་ཡང་རྐང་པ་གཉིས་ཀྱིས་མདོར་བསྟན་ཏེ། ངེས་པར་གྲོལ་བར་འགྱུར། །ཞེས་པས་མི་རྟོག་པར་རོ། །རྒྱས་པར་བཤད་པ་ལ་ཞུས་པ་དང་ལན་གཉིས་ལས་དང་པོ་ནི་དེ་ནས་ཞེས་པ་སྟེ། རྣལ་འབྱོར་མ་རྣམས་ལ་བཟོད་པར་གསོལ་བ་ནི། བརྟག་པ་ཕྱི་མ་རྣལ་འབྱོར་མ་གདུལ་བའི་དོན་དུ་གསུངས་པའི་སྐབས་ཡིན་པས་སོ། །སངས་རྒྱས་ཀུན་བདག་གྲོང་ཁྱེར་ནི། བསྐྱེད་པའི་རིམ་པའི་རྟེན་གྱི་དཀྱིལ་འཁོར་ལ་འཁྲུལ་པའི་དོགས་པ་བཅད་པའི་ཆེད་དུའོ། །ལན་ལ་གསུམ་སྟེ། ཐབས་ཀྱི་ངེས་ཚིག ཐབས་ལས་བྱུང་བའི་ཕན་ཡོན། ཐབས་དང་ཐབས་ལས་བྱུང་བའི་ངོ་བོ་ཉིད་དོ། །དང་པོ་ནི་བཅོམ་ལྡན་འདས་ཞེས་པ་སྟེ། མཎྜལ་ནི། མ། མ་ནུ་སཱ་ར་ན་སྙིང་པོ་སྟེ། བདེ་བ་ཡིན་པས་དཀྱིལ་ནི་ཞེས་པའོ། །ལ། ལ་ཏི་གྲྀཧྞ་སྟེ། ལེན་ཅིང་འཛིན་པར་བྱེད་པས་ལེན་པར་བྱེད་པའི་དཀྱིལ་འཁོར། །ཞེས་པའོ། །འདུས་པ་ནི་བདུད་རྩི་ལྔའི་དྭངས་མ་འདུས་པ་སྟེ་འཁོར་གྱི་དོན་ཏོ། །འཁོར་ལོ་ཞེས་བྱ་ནམ་མཁའི་ཁམས། །ཞེས་པ་ནམ་མཁའ་ལྟར་མི་རྟོག་པས་རྣམ་པར་རྟོག་པ་གཅོད་པས་འཁོར་ལོའོ། །གཉིས་པ་ནི་ཐབས་དེ་གོམས་པས། ཡུལ་ལ་སོགས་པ་རྣམ་པར་སྦྱོང༌། །ཞེས་པ་རང་བཞིན་མེད་པར་ཤེས་པའོ། །གསུམ་པ་ནི་ཐབས་ཀྱི་ངོ་བོ། །བོལླ་དང་ཀཀྐོ་ལ་སྦྱོར་བས། ཐབས་ལས་བྱུང་བའི་ཕན་ཡོན། དེའི་བདེ་བ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤེས་པར་འགྱུར་བའོ། །གོང་དུ་གསུངས་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དམ་ཚིག་ནི་རྡོ་རྗེ་སྙིང་པོས་ཞེས་པ་ཞུས་པ་སྟེ་སྡོམ་པ་ནི་སྤང་བྱ་སྤོང་བས་སོ། །དམ་ཚིག་ནི་བསྟེན་པར་བྱ་བ་བསྟེན་པས་སོ། །བཅོམ་ལྡན་འདས་ཞེས་པ་ལན་ཏེ། སྲོག་ཆགས་གསད་པ་ནི་བསྒྲལ་བའི་ཞིང་དུ་གྱུར་པ་བསམ་པ་དང་སྦྱོར་བའི་ཐབས་ལ་མཁས་པས་སོ། །བརྫུན་ནི་སེམས་ཅན་གྱི་དོན་དུ་འགྱུར་བའོ། །མ་བྱིན་པར་ལེན་པ་ནི་ཆོམ་རྐུན་པ་ལ་སོགས་པ་ལས་ཕྲོག་ནས་བདག་པོ་ལ་གཏད་པ་དང༌། ཡང་སེར་སྣ་ཅན་གྱི་ནོར་ནུས་པའི་སྒོ་ནས་བླངས་ལ་དབུལ་པོའི་བསམ་པ་རྫོགས་པར་བྱ་བའོ། །ཕ་རོལ་བུད་མེད་ནི་ཆགས་པའི་རྐྱེན་གྱིས་ཚེའི་དུས་བྱེད་པ་མཐོང་ནའོ། །སྒྲ་ཇི་བཞིན་པར་བཤད་པའོ། །ཡང་དེ་ཉིད་སྒྲ་ཇི་བཞིན་མ་ཡིན་པ་རྒྱུད་ཉིད་ཀྱིས་བཤད་པ། སེམས་གཅིག་ཅེས་པ་ཕྱིན་ཅི་ལོག་གི་རྣམ་རྟོག་གོ །གསོད་པ་ནི་མི་རྟག་པའི་ངོ་བོར་རོ། །འཇིག་རྟེན་བསྒྲལ་བ་ཞེས་བྱ་བ་ནི། དང་པོ་སེམས་བསྐྱེད་པའི་དུས་སུ་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བར་ཁས་བླངས་ནས་སེམས་ཅན་མ་བསྒྲལ་ན་རང་སངས་རྒྱས་པའོ། །བཙུན་མོའི་ཁུ་བ་མ་བྱིན་པ་ནི། རླུང་གི་སྟོབས་ཀྱིས་གྱེན་དུ་འདྲེན་པའོ། །གཞན་གྱི་བུད་མེད་ནི། གཞན་ལྟ་བུར་སྣང་བ་སྟེ། ངོ་བོ་རང་གི་སེམས་རང་སྣང་བ་ཡིན་པས་རང་མཚུངས་མཛེས་པ་སྟེ། སྙིང་ག་ནས་སྤྲུལ་པའི་ཡེ་ཤེས་ཀྱི་ཕྱག་རྒྱ། གོང་དུ། ཡུལ་ལ་སོགས་པ་རྣམ་པ་སྦྱོང༌། །ཞེས་པས་ཤེས་རབ་ཡེ་ཤེས་ཀྱི་དུས་སུ། མྱོང་བའི་དོན་དེ་ཉིད་ལམ་དུ་བྱེད་པའི་བཞི་པའི་ཚུལ་གྱིས། དཀྱིལ་འཁོར་འཁོར་ལོའི་ཐབས་ལ་བརྟེན་ནས་གོམས་པས་ཡུལ་ལ་སོགས་པར་ཞེན་པ་སྦྱོང་བའི་དོན་གསལ་བར་བཤད་པ་ནི། དེ་ནས་ཞེས་པ་ཞུས་པ་དང་ལན་ནོ། །ཕྱི་མ་ལན་ལ་གང་དག་སྦྱོར་བ་བཅོམ་ལྡན་འདས། །ཞེས་པ་སྟེ། རྣལ་འབྱོར་མ་རྣམས་གོ་བྱའི་ཕྱིར། །ཞེས་པ་རྣལ་འབྱོར་མ་ནི་སྔོན་བྱུང་དུ་རྣལ་འབྱོར་མའི་འཁོར་ལོ་གསུངས་པ་ཡིན་ལ། རྗེས་འཇུག་ཏུ་རྣལ་འབྱོར་སྒྲུབ་པ་ཕོ་མོ་ཐམས་ཅད་དོ། །གོ་བྱ་ལ་བོདྷ་བྷྱཿ ཞེས་པར་ཡོད་ལ། དྷ་ལ་ཨེ་བྱིན་ཏེ། བོ་དྷེ་བྷྱཿཞེས་པ་བྱང་ཆུབ་པར་བྱ་བའི་ཕྱིར་རོ། །ཇི་ལྟར་ཤེས་པས་སྦྱང་བ་ནི། འདི་རྣམས་ཀྱི་རང་བཞིན་ནི་ཅི་ལགས་ཞེས་པའི་ལན་ཏེ། རང་བཞིན་གདོད་ནས་མ་སྐྱེས་པ། །བདེན་མིན་ཞེས་སྦྱར་ལ་སྣང་ཆོད་དུ་གློ་བུར་པ་ཡོད་པས་བརྫུན་མིན་ནོ། །ལེའུ་དྲུག་པར་སྤྱོད་པའི་ལེའུར་ཀུན་འདར་གྱི་སྤྱོད་པའི་མཚན་ཉིད། སྨན་ནི་རྟག་ཏུ་བཟའ་བྱ་ཞིང༌། །ཞེས་པ་ཅུང་ཟད་གསུངས་ཀྱང་གསལ་བར་མ་གསུངས་པས་དེ་གསལ་བར་འཆད་པ་ནི། མཆོད་པས་མཉེས་ནས་གདམས་པའི་དབང་གིས་གུས་པར་ཉན་པ་དང༌། དོན་དངོས་གཉིས་ལས་དང་པོ། དེ་ནས་ཞེས་པ་སྟེ། དམ་ཚིག་གི་རྫས་ནི་ཤ་ལྔའོ། །མཆོད་པ་ནི་གསང་བའི་མཆོད་པའོ། །དེ་ཁོ་ན་ཉིད་ཀྱིས་མཆོད་པ་ཀུནྡུ་རུའི་ཞེས་པའོ། །བདུད་རྩིའི་རོ་ནི་དེ་ལས་བྱུང་བའི་བདེ་བ་ཆེན་པོའོ། །སངས་རྒྱས་ཀུན་གྱི་ཕྱག་མཛད་ནི། །གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཟིན་པའི་སྤྱོད་པ་མཆོག་ཏུ་དགོངས་པའོ། །གསང་མཛད་པ་ནི་ལེའུ་དྲུག་པར་མི་གསལ་བའོ། །རྡོ་རྗེ་མཆོད་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་མི་བྱེད་པའི་མཆོད་པའོ། །དགའ་བ་དང་རངས་པ་ནི་སྐད་ཅིག་དང་པོ་དང་གཉིས་པ་ལའམ། ཡང་ན་རྣམ་གྲངས་སོ། །གཉིས་པ་ནི་བཅོམ་ལྡན་འདས་ཞེས་པ་སྟེ། བཟའ་བཏུང་ཇི་ལྟར་རྙེད་པ་དང༌། །ཞེས་པ་འདི་བཟའ་དང་མི་བཟའི་ཆེད་དུ་གཏད་པ་མེད་པའོ། །བགྲོད་དང་ནི་བྲམ་ཟེ་མོ་ལ་སོགས་པ། བགྲོད་མིན་གཡུང་མོ་ལ་སོགས་པ། མི་སྤང་ཞིང་ནི་གཉིས་སུ་མེད་པར་བསྟེན་པའོ། །ཁྲུས་ལ་སོགས་པ་མི་བྱ་བ་ནི། དེ་ལ་ཞེན་པའམ་མཆོག་ཏུ་འཛིན་པའི་ཚུལ་གྱིས་སོ། །གྲོང་གི་ཆོས་ནི་སྣོད་སོ་སོར་ཟ་བའོ། །བློ་ལྡན་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྟོག་པའོ། །སྔགས་ནི་ཕྱི་རོལ་གྱི་ཨོཾ་ལ་སོགས་པ་མི་ཟློས་པའོ། །བསམ་གཏན་ནི་ཕྱི་རོལ་གྱི་ལྷ་ལ་སོགས་པའི་བསམ་གཏན་ནོ། །གཉིད་ནི་མི་རྟོག་པའི་ཏིང་ངེ་འཛིན་ཏོ། །དབང་པོ་རྣམས་ནི་མི་དགག་གོ །ཞེས་པ་ནི་ཡུལ་དུ་སྣང་བ་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་སུ་རྟོགས་པས་སོ། །ཁ་དོག་ནི་ཝརྞ་ཞེས་པ་སྟེ་རིགས་ཡིན་པས་བྲམ་ཟེ་མོ་ལ་སོགས་པའོ། །དོགས་པ་མེད་པ་ནི་རུང་ངམ་མི་རུང་སྙམ་པའི་རྟོག་པ་མེད་པའོ། །གདུག་པ་ཞེས་པ་གདུག་པ་ཅན་ཏེ་དགྲ་ལ་ཞེ་སྡང་ཉིད། དེ་བཞིན་ཞེས་པ་མི་བྱ་བའོ། །རྡོ་ཤིང་འཇིམ་པའི་བདག་ཉིད་ཀྱི། །ལྷ་འདི་རྣམས་ལ་ཕྱག་མི་བྱ་བ་ནི། རང་ཉིད་ལྷར་ཤེས་ཏེ། དེ་ལ་མཆོག་ཏུ་མི་འཛིན་པས་སོ། །གཡུང་མོ་ནི་གྲོང་གི་མཐར་སྐྱེས་པ་སྟེ་རིགས་ངན་ནོ། །གདོལ་པ་ནི་ཤན་པའོ། །ཀོ་ལྤགས་མཁན་ནི་ལྷ་མ་མཁན་ནོ། །བདག་གི་ལུས་ལྟར་ནི་བཟང་ངན་གྱི་རྣམ་རྟོག་མེད་པ་དཔེའོ། །བྱང་ཆུབ་སེམས་ཀྱིས་རབ་ཏུ་བཟའ། །ཞེས་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་ཤེས་པས་བྱང་ཆུབ་སེམས་དང་དེ་རྣམས་བསྲེས་པའོ། །སྨད་གཡོགས་ཁ་དོག་སྣ་ཚོགས་ནི། །བླང་དོར་མེད་པས་ཇི་རྙེད་རྙེད་གོན་པའོ། །རབ་སོང་གནས་ནི་རོ་གནས་ཏེ་དུར་ཁྲོད་དོ། །ལེའུ་དགུ་པ་རྣམ་པར་དག་པའི་ལེའུར་དབང་པོ་དྲུག་གི་དག་པ་མ་གསུངས་པས་དེ་ཁ་བསྐང་བའི་ཚུལ་དུ་བཤད་པ་ནི། དེ་ནས་ཞེས་པ་སྟེ། ཐམས་ཅད་ཡུལ་གྱི་རྣམ་པར་དག་པ་ནི། །གཟུགས་ནི་གཽ་རཱིར་ཡང་དག་བཤད། །ལ་སོགས་པས་གསུངས་པའོ། །ངེས་པར་དབང་པོ་དྲུག་གི་གྲངས། །རྣམ་པར་དག་པ་མ་མཛད་པ། །ཞེས་པའི་དོན་གྱིས་བཤད་དུ་གསོལ། །ཞེས་ཞུ་བའོ། །ལན་བཅོམ་ལྡན་འདས་ཞེས་པ་སྟེ། མིག་ལ་ཞེས་པ་སྐྱེ་མཆེད་ལས་སོ། །གཏི་མུག་རྡོ་རྗེ་མ་ནི་ལྷ་མོ་སྟེ། ཉོན་མོངས་པ་ལས་གཏི་མུག་སྦྱོང་བས་སོ། །འདིས་ནི་གོ་ཆ་སེམས་དཔའ་ཆེ། །ཞེས་པ་དགོས་པ་སྟེ། བསྲུང་བར་འགྱུར་བ་ཡིན་ལ། ཐ་མལ་པ་སྦྱོང་བ་དང༌། མངོན་ཤེས་འཆར་བར་གུར་ལས་སྟོན་ཏོ། །ལེའུ་བདུན་པ་བརྡའི་ལེའུར་ངག་གི་བརྡ་མ་གསུངས་པས་དེ་ཁ་བསྐང་བའི་ཚུལ་དུ་བཤད་པ་ལ་གཉིས་ལས། ཞུས་པ་ནི་རྡོ་རྗེ་སྙིང་པོས་ཞེས་པ་སྟེ། རྣལ་འབྱོར་མ་ཡི་དམ་ཚིག་ཆེ་ནི། རྣལ་འབྱོར་མ་རྣམས་ཀྱི་རྟོགས་པ་བརྡའི་སྒོ་ནས་སྟོན་པ་དེ་འདའ་བར་མི་བྱ་བ་ཡིན་པས་སོ། །ཉན་ཐོས་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའོ། །དགོད་པ་ནི་དེ་ཙམ་གྱི་ཆགས་པ་མ་སྤངས་ཀྱང་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡོད་པར་སྟོན་པ་སྤྱོད་པའི་རྒྱུད་དོ། །དེ་བཞིན་དུ་ལྟ་བ་བྱ་བ་འོ་འཁྱུད་པ་རྣལ་འབྱོར་རོ། །གཉིས་གཉིས་རྣལ་འབྱོར་ཆེན་པོ་འདུས་པ་ལ་སོགས་པའོ། །ལན་ལ་བཞི་སྟེ། མཉན་པར་གདམས་པ་དང༌། བརྡ་དངོས་དང༌། དེ་གཟུང་བར་གདམས་པ་དང༌། བརྡའི་སྒོ་ནས་མ་བརྗོད་པའི་ཉེས་དམིགས་བསྟན་པའོ། །དེ་ལས་དང་པོ་ནི་དགོངས་པའི་ཞེས་པ་སྟེ། དོན་ཆེན་པོ་སྟོན་པས་ན་སྐད་ཆེན་པོའོ། །སྨྲ་བར་བྱ་བ་ལས་མི་འདའ་བས་ན་དམ་ཚིག་གི་བརྡའོ། །གཉིས་པ་ལ་གསུམ་ལས་དང་པོ་ཆང་ལ་སོགས་པའི་བརྡ་ནི། མ་ད་ན་ཆང༌། ཞེས་པ་སྟེ་འདུ་བ་ནི་ཚོགས་ཀྱི་ཙཀྲའོ། །འགྲོ་བ་ནི་ཚོགས་ཀྱི་ཁང་པ་ལས་ཕྱི་རོལ་དུའོ། །འོང་བ་ནང་དུའོ། །སྐལ་དམན་ནི་དབང་མ་ཐོབ་པའམ་ཐོབ་ཀྱང་ཉམས་པའོ། །སྐལ་ལྡན་ནི་ཐོབ་ཅིང་མ་ཉམས་པའོ། །རེག་མིན་ནི་གཡུང་མོའོ། །གཉིས་པ་ཕྱག་རྒྱ་རྣམ་པ་ལྔའི་བརྡ་ནི། ཁ་དོག་ཅེས་པ་ཝརྞ་སྟེ་རིགས་སོ། །གཡུང་མོ་རྡོ་རྗེའི་རིགས་སུ་བཤད། །ཅེས་པ་ལ་སོགས་པ་ནི་རིགས་ཀྱི་མིང་བརྗོད་པའོ། །རང་འཚེད་མ་ནི་གདོལ་པ་མོའོ། །སྐྱེ་གཉིས་ནི་བྲམ་ཟེ་མོ་སྟེ། དང་པོར་མིར་སྐྱེ་བ་བླངས་པ་དང༌། ཕྱིས་ན་ཚོད་དུ་ཕྱིན་ཏེ་བྲམ་ཟེའི་རྟགས་དང་བརྟུལ་ཞུགས་ལེན་པ་ལ་སོགས་པའོ། །གསུམ་པ་ཕྱག་རྒྱ་བསྟེན་པའི་ཕན་ཡོན་བསྟན་པའི་སྒོ་ནས། དེ་ཇི་ལྟར་བསྟེན་པའི་ཚུལ་ནི། ཕྱག་རྒྱ་འདིས་རྣམས་དངོས་གྲུབ་སྦྱིན། །ཞེས་པ་དེ་དང་སྙོམས་པར་ཞུགས་པ་ལས་བརྒྱུད་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་པའོ། །དངོས་སུ་ནི། འདི་རྣམས་ཁུ་བ་རྡོ་རྗེར་འགྱུར། །ཞེས་པ་ཞུ་བ་ལ་བརྟེན་ནས་མི་རྟོག་པ་སྐྱེ་བའོ། །ཇི་ལྟར་བསྟེན་ན། བརྟུལ་ཞུགས་ཅན་གྱིས་མཆོད་ནས་བཏུང༌། །ཞེས་སྙོམས་འཇུག་གིས་མཆོད་ནས། རླུང་གི་སྟོབས་ཀྱིས་བྱང་ཆུབ་ཀྱི་སེམས་དྲང་བའོ། །སྤྱི་དོན་གསུམ་པ་ནི་རྡོ་རྗེ་སྙིང་པོས་ཞེས་པ་སྟེ། ངོ་མཚར་ཆེ་བ་ནི་ལོ་ཀ་པ་ཐེ་ཚོམ་སྐྱེད་ལ་རྣལ་འབྱོར་པ་ལ་གོ་བ་སྐྱེ་བས་སོ། །བཞི་པ། ཀྱེ་རྡོ་རྗེ་འདིར་དབང་བསྐུར་གང༌། །ཞེས་པས་མཚོན་པ་སྟེ། རྣལ་འབྱོར་ཆེན་པོའི་རྒྱུད་ཙམ་དུ་དབང་བསྐུར་བ་དེས་གསང་བའི་སྐད་ཀྱིས་མི་སྨྲ་བ་ནི། ཚོགས་ཀྱི་ཙཀྲའི་དུས་སུའོ། །དེའི་དམ་ཚིག་ནི་ཡན་ལག་བརྒྱད་ལས། གསང་བའི་ཆོས་ནི་སྟོན་པ་དང༌། །ཞེས་པའོ། །དེ་ཉམས་པའི་ཉེས་དམིགས། འཚེ་བ་དང་ནི་ལ་སོགས་པས་བསྟན་ཏོ། །སངས་རྒྱས་ཞེས་སྒྲུབ་པ་པོ་མཆོག་ཏུ་གྱུར་པ་སངས་རྒྱས་ལྟ་བུ་ཞིག་ཡིན་ན་ཡང་སྟེ། ལ་དོར་བའི་ཚིག་གོ །རང་གི་དམ་ཚིག་རིགས་རྙེད་ན། །ཞེས་པས་རིག་མ་དང་ལྷན་ཅིག་ཚོགས་ཀྱི་འཁོར་ལོ་བྱེད་ནའོ། །གནས་བཞི་ལས་སྐྱེས་མཁའ་འགྲོ་མ་ནི། གནས་དང་ཉེ་བའི་གནས་གཉིས་ཀྱི་མཁའ་འགྲོ་མ་ལ་གནས་ལས་སྐྱེས་པ་ཟེར་ལ། རིགས་ལས་སྐྱེས་པའམ་ལས་ལས་སྐྱེས་པ་སྟེ། མཁའ་འགྲོ་མའི་བུ་མོར་སྐྱེས་པ་ཞིང་ལས་སྐྱེས་པ་སྟེ། ཞིང་དར་ཉེ་བའི་ཞིང་ལ་སོགས་པ་བཅུའི་མཁའ་འགྲོ་མ་སྔགས་ལས་སྐྱེས་པ་སྟེ། སྔགས་བྱིན་པ་ཙམ་གྱིས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ་སྟེ། སེམས་ཅན་གྱི་མདངས་འཕྲོག་པ་ལ་སོགས་པ་ནུས་པ་ཡོད་པའོ། །ལེའུའི་མཚན་ལས་རྒྱུད་ཐམས་ཅད་ཀྱི་གླིང་གཞི་ནི། དང་པོར་ཨེ་ཝྃ་བཤད་པ་ཡིན་ལ། གསང་བའི་སྐད་ཐ་མར་གསུངས་པ་གཉིས་ལ་བཏགས་པ་ཡིན་ནོ། །ལེའུ་བཞི་པ་རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་བསྟན་པ་ལ་དྲུག་སྟེ། ལེའུ་དྲུག་པ་ལ་སོགས་པར་གསུངས་པའི་དོན་གསལ་བར་བཤད་པ་དང༌། རྡོ་རྗེ་རིགས་ཀྱི་ལེའུར་གསུངས་པའི་དོན་གསལ་བར་བཤད་པ་དང༌། ལེའུ་འདི་ཉིད་དུ་གོང་དུ་གསུངས་པའི་ཕྱག་རྒྱའི་དོན་ལ་བརྩད་པའི་སྐྱོན་སྤངས་པའི་ཚུལ་གྱིས་གསལ་བར་བཤད་པ་དང༌། སྔགས་ཀྱི་ལེའུ་དང༌། དབང་གི་ལེའུར་བཤད་པའི་གཏོར་མའི་དོན་གསལ་བར་བཤད་པ་དང༌། གོང་དུ་ལེའུ་འདི་ཉིད་ལས། ལྷ་མོ་རྣམས་ཀྱི་ཕྱག་རྒྱ་གསུངས་པ་ལས། ལྷ་མོ་གསུམ་གྱི་ཕྱག་རྒྱ་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་གསལ་བར་བཤད་པ་དང༌། དེ་ཁོ་ན་ཉིད་ཀྱི་ལེའུར་རིགས་ཀྱི་རབ་ཏུ་དབྱེ་བ་གསུངས་པའི་དོན། བསྡུས་པ་དང་རྒྱས་པའི་ངོ་བོ་ཉིད་ཀྱི་སྒོ་ནས་གསལ་བར་བཤད་པའོ། །དེ་རྣམས་ཀྱི་དང་པོ་ལ་གཉིས་ལས། ཞུས་པ་དེ་ནས་ཞེས་པ་སྟེ། །གླུ་དང་གར་ནི་དངོས་གྲུབ་སྦྱིན། །ཞེས་པ། གླུ་ནི་རྣམ་དག་སྔགས་སུ་བཤད། །གར་ནི་བསྒོམ་པ་བྱས་པ་ཉིད། །དེ་ཉིད་ཕྱིར་ན་གླུ་དང་གར། །ཡོ་གིས་རྟག་ཏུ་རྟག་ཏུ་བྱེད། །ཅེས་གསུངས་པའོ། །ཞེ་སྡང་ལ་སོགས་ཕྱག་རྒྱ་རྣམས། །ཞེས་པ་ནི་དབང་བསྐུར་ནས་སྤྱི་བོར་རང་གི་རིགས་ཀྱི་བདག་པོས་མཚན་ཏོ། །ཞེས་གསུངས་པའོ། །བདག་མེད་ལ་སོགས་ས་བོན་ཉིད་ནི། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨྃ། རྣལ་འབྱོར་མ་རྣམས་ཀྱི་ས་བོན་ནོ། །ཞེས་གསུངས་པའོ། །འཁྲུལ་གྱུར་པ་ནི་རྣམ་པར་དག་པའི་ལྷ་མོ་གང་གི་ངོ་བོ་ཡིན་པ་ལའོ། །གཉིས་པ་ལན་ལ་བཞི་སྟེ། སྤྱོད་པའི་ལེའུར་གསུངས་པའི་གླུ་གར་གྱི་དོན་གསལ་བར་བཤད་པ་དང༌། ལྷ་དབང་བསྐུར་བའི་ལེའུར་གསུངས་པའི་ཕྱག་རྒྱའི་དོན་གསལ་བར་བཤད་པ་དང༌། སྔགས་ཀྱི་ལེའུར་གསུངས་པའི་ལྷ་མོ་རྣམས་ཀྱི་ས་བོན་གྱི་དོན་གསལ་བར་བཤད་པ་དང༌། རྡོ་རྗེ་རིགས་ཀྱི་ལེའུར་གསུངས་པའི་རྩ་རྣམས་ཀྱི་དག་པའི་དོན་གསལ་བར་བཤད་པའོ། །དེ་རྣམས་ཀྱི་དང་པོ་ལ་ལྔ་ལས། རྡོ་རྗེའི་གླུ་གསལ་བར་བཤད་པ་ནི་བཅོམ་ལྡན་འདས་ལ་སོགས་པའོ། །གཉིས་པ་གར་ཇི་ལྟར་བྱ་བ་གསལ་བར་བཤད་པ་ནི། དྲན་པ་མི་འཕྲོགས་ཞེས་པ་ལྷའི་རྣལ་འབྱོར་ལས་མི་ཕྱེད་པའོ། །ཆགས་བྲལ་མིན་གོམས་ནི། འདོད་ཡོན་བསྟེན་པས་ལྷ་མཆོད་པའི་བསམ་པས་སོ། །དེ་ཉིད་བཤད་པ། འདོད་ཆགས་སེམས་ཀྱིས་བསྒོམ་པ་ཉིད། །ཅེས་སོ། །གསུམ་པ་གླུ་གར་བྱེད་པའི་དུས་ཀྱི་ལྷའི་རྣལ་འབྱོར་ནི། །སྒྲུབ་པ་པོ་གླུ་ལེན་པ་ན། རྡོ་རྗེ་ཆོས་དང་ཞེས་པ་གསུང་དག་པ་འོད་དཔག་མེད་ཀྱི་རྣལ་འབྱོར་གྱིས་སོ། །གར་བྱེད་པ་ན་སངས་རྒྱས་ཏེ་སྐུ་དག་པ་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་གྱིས་སོ། །རྣལ་འབྱོར་མ་གླུ་ལེན་པ་ལ་རྣལ་འབྱོར་མ་སྟེ་གསུང་དག་པ་གོས་དཀར་མོའི་ང་རྒྱལ་གྱིས་སོ། །གར་བྱེད་པ་ན་མ་མོ་སྟེ་ལུས་དག་པ་སྤྱན་མའི་ང་རྒྱལ་གྱིས་སོ། །བཞི་པ་འདིའི་ཕན་ཡོན་ནི། འདི་ཉིད་ཀྱིས་ནི་ཚོགས་བསྲུང་ཞེས་པ་མཁའ་འགྲོ་མ་མཉེས་པས་ཚོགས་ཀྱི་ཙཀྲར་འདུས་པ་ཐམས་ཅད་བསྲུང་བའོ། །སྔགས་ཀྱི་བཟླས་པ་ཉིད་ནི། མཁའ་འགྲོས་བྱིན་གྱིས་བརླབས་པས་རྟོག་པ་ལས་ཡིད་སྐྱོབ་པས་སོ། །ལྔ་པ་དེ་ལ་དངོས་གྲུབ་འབྱུང་བའི་རྟགས། གང་དུ་ཞེས་པ་ཚོགས་ཀྱི་ཙཀྲ། འདུ་བའི་དུས་དང་གནས་སོ། །ཚོགས་ཀྱི་བདག་པོས་སྔར་བྱས་ནས། །ཞེས་བླ་མས་དང་པོར་བླང་བའམ། བླ་མ་ལས་གནང་བ་ཐོབ་ནས་བླ་མའི་སྤྱན་སྔར་བླང་བའོ། །དེ་ལ་དྲི་ནི་མཚོན་པར་བྱ། །ཞེས་པ་ཚོགས་ཀྱི་ཁང་པའི་ནང་དུ་འབྱུང་བའོ། །ངང་པ་དང་ནི་བུང་བའི་སྒྲ་ལ་སོགས་པ་ནི། ཕྱི་རོལ་འཚལ་དུ་མཚོན་བྱ་ཡི། །ཞེས་པ་གླུ་བླངས་པའི་རྗེས་ལ་ཁང་པའི་ཕྱི་རོལ་དུ་འབྱུང་བ་ལ་མཉན་པར་བྱའོ། །སྤྱི་དོན་གཉིས་པ་ལ་གསུམ་ལས། དང་པོ་མིང་གི་རྣམ་གྲངས་ཀྱི་སྒོ་ནས་བྱེད་པ་བསྟན་པ་ནི། མཚོན་པར་བྱེད་པས་ན་ཕྱག་རྒྱ་ཞེས་བྱ། རྟགས་ཞེས་བྱ། མཚན་མ་ཞེས་བྱའོ། །གང་མཚོན་རིགས་ནི་མཚོན་པར་བྱ། །ཞེས་པའོ། །གཉིས་པ་རྒྱས་མ་བཏབ་པའི་ཉེས་དམིགས་ནི། རིགས་འཆོལ་ཞེས་པ་ལ་སོགས་པའོ། །གསུམ་པ་གང་ཞིག་གང་གི་ཕྱག་རྒྱ་ཡིན་པ་ནི། ཞེ་སྡང་ཕྱག་རྒྱས་བདག་མེད་མ། །ལ་སོགས་པ་ལྔ་ནི་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱའོ། །ཞེ་སྡང་ཕྱག་རྒྱ་ནི་ཞེ་སྡང་དག་པ་མི་བསྐྱོད་པ་སྟེ་ཕུང་པོ་ལས་རྣམ་པར་ཤེས་པའི་ཕུང་པོ་དག་པ་ཡིན་ལ། པུཀྐ་སཱི་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་ཡིན་པས་ལུས་ལ་སེམས་ཀྱི་རྒྱའོ། །གཏི་མུག་ཕྱག་རྒྱ་སྟེ་རྣམ་སྣང་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་ཡིན་ལ། རི་ཁྲོད་མ་ཚོར་བའི་ཕུང་པོ་རྣམ་པར་དག་པ་ཡིན་པས། ཚོར་བ་སེམས་བྱུང་ཡིན་ལ། དེའི་གཙོ་བོ་སེམས་ཡིན་པས་སེམས་ལ་ལུས་ཀྱི་རྒྱའོ། །སེར་སྣའི་ཕྱག་རྒྱ་སྟེ་སེར་སྣ་དག་པ་རིན་འབྱུང་ཡིན་ལ། གདོལ་པ་མོ་འདོད་ཆགས་དག་པ་ཡིན་པས། འབྲས་བུ་སེར་སྣས་རྒྱུ་འདོད་ཆགས་ལ་རྒྱས་གདབ་པའོ། །འདོད་ཆགས་ཕྱག་རྒྱ་སྟེ་འོད་དཔག་མེད་ཀྱིས་གཡུང་མོ་ཉིད། ཕྲག་དོག་དག་པ་ལ་རྒྱས་བཏབ་པས་རྒྱུས་འབྲས་བུ་ལ་རྒྱས་བཏབ་པའོ། །ཕྱོགས་ཀྱི་བཞི་པོ་དེ་རྣམས་ཉིད་ཀྱིས་ཁོང་དུ་ཆུད་པར་འགྱུར་རོ། །འོག་དང་སྟེང་གི་གཉིས་ནི་སྐུ་ལ་སྐུ་དང༌། གསུང་ལ་གསུང་གི་རྒྱས་བཏབ་པས་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱའོ། །སྤྱི་དོན་གསུམ་པ་ནི། ཨཱ་ལི་དང་པོ་བདག་མེད་མ། །ཞེས་པའོ། །བཞི་པ་ལ་གཉིས་ལས་རྩ་རྣམས་ལྷ་མོ་བཅོ་ལྔའི་བདག་ཉིད་དུ་དག་པ་ནི་རིགས་ཀྱི་ལེའུ་ལས་ཞེས་པ་སྟེ། རྩ་ནི་གཉིས་གཉིས་རྣལ་འབྱོར་མ། །རེ་རེའི་རྣམ་པ་ཞེས་པ་རྩའི་མངོན་རྟོགས་ལས། མི་ཕྱེད་མ་དང་ཕྲ་གཟུགས་མ། །རྒྱལ་བས་རྡོ་རྗེ་མ་རུ་གསུངས། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །གཉིས་པ་བདུད་འདྲལ་མའི་དག་པ་མ་གསུངས་པའི་འཐད་པ་ནི། གང་གི་ཕྱིར་ཞེས་པ། བདུད་འདྲལ་མ་དག་པའི་ལྷ་མོ་མ་གསུངས་པ་ཅི་སྟེ་ཞེས་པ། བཅུ་དྲུག་ཆ་མེད་པས་ཞེས་པ་རྩ་སུམ་ཅུ་རྩ་གཉིས། གཉིས་གཉིས་རེ་རེར་བགྲང་བའི་བཅུ་དྲུག་པའི་ཆ་བདུད་འདྲལ་མ་མེད་པ་དང་འདྲ་བ་དང༌། ཨཱ་ལི་བཅུ་དྲུག་པ་ཨཿཚེག་དྲག་ཅན་མེད་པ་དང་འདྲ་བ་དང༌། དགའ་བ་བཅུ་དྲུག་པ་ལྷན་ཅིག་སྐྱེས་པའི་ལྷན་སྐྱེས་མེད་པ་དང་འདྲ་བས་སོ། །འབད་པས་ཀུན་གྱི་ལྷག་མ་སྤང༌། །ཞེས་པ་ལྷ་མོ་བཅོ་ལྔའི་བདག་ཉིད་ཡིན་པས་ལྷག་མ་བདུད་འདྲལ་མ་དག་པའི་ལྷ་མོ་བཅུ་དྲུག་པ་མེད་པའོ། །མེད་པ་དང་འདྲ་བ་ཅིའི་སླད་དུ་ཞེ་ན། དོན་གྱི་བྱ་བ་མི་བྱེད་ཕྱིར། །ཞེས་རྩ་གཞན་གཡས་དང་འབྲེལ་བ་རྣམས་ཀྱིས་ནི་གཟུང་རྟོག་སྐྱེད། གཡོན་དང་འབྲེལ་བ་རྣམས་ཀྱིས་ནི་འཛིན་རྟོག་སྐྱེད། ཀུན་འདར་གྱི་རྩ་གཉིས་སུ་རླུང་འགྱུས་པས་གཟུང་འཛིན་སྐྱེད་པའི་བྱ་བ་བྱེད་ལ། བདུད་འདྲལ་མ་ནི་དབུ་མའི་ཆ་ཤས་སྤྱི་གཙུག་ན་ཧྃ་གི་རྣམ་པར་ཡོད་པ་ཡིན་ལ། དེས་གཟུང་འཛིན་སྐྱེད་པའི་བྱ་བ་མི་བྱེད་པས་སོ། །ཡང་ཨཱ་ལི་བཅོ་ལྔས་ལྷ་མོ་སྐྱེད་ལ། བཅུ་དྲུག་པ་ཚེག་དྲག་ཅན་གྱིས་ལྷ་མོ་སྐྱེད་པའི་བྱ་བ་མི་བྱེད་པའོ། །ཡང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དགའ་བ་བཅོ་ལྔས་གོང་ནས་གོང་དུ་འཕེལ་བའི་བྱ་བ་བྱེད་ལ། བཅུ་དྲུག་པ་ལྷན་ཅིག་སྐྱེས་པའི་ལྷན་སྐྱེས་ལ་བྱ་བ་མེད་པའི་ཕྱིར་རོ། །བཅོ་ལྔ་ནི་རྩ་སུམ་ཅུ་རྩ་གཅིག་པ། ཨཱ་ལི་ན་བཅོ་ལྔ་པ། དགའ་བ་ན་བཅོ་ལྔ་པའོ། །ཆའི་བདག་ཉིད་ནི་བཅུ་དྲུག་པ་སྟེ། རྩ་བདུད་འདྲལ་མ་ཡིན་ལ། དགའ་བ་ནའང་བཅུ་དྲུག་པ་སྟེ། ཟླ་བ་བྱང་ཆུབ་སེམས་སུ་འགྱུར། བདེ་བ་ཆེན་པོ་ཞེས་པ། ཚེས་བཅུ་དྲུག་གི་ཟླ་བ་ལྟ་བུ་ལྷན་ཅིག་སྐྱེས་པའི་ལྷན་སྐྱེས་སོ། །ཨཱ་ལི་ནི་ཚེག་དྲག་ཅན་ཏེ། ཨཱ་ལིའི་གཟུགས། ཞེས་པའོ། །རྣལ་འབྱོར་མ་རྣམས་ཞེས་པ། ལྷ་མོ་བཅོ་ལྔའི་བདག་ཉིད་ཡིན་པའི་རྩ་སུམ་ཅུ་རྩ་གཅིག་གོ །དེའི་ཆ་ཞེས་པ་བདུད་འདྲལ་མའི་ཆ་ཤས་སམ་ཡན་ལག་སྟེ་བཅོ་ལྔ་ལ་བྱ་བ་ཡོད་དོ། །གཉིས་པ་རྡོ་རྗེ་རིགས་ཀྱི་ལེའུར་གསུངས་པའི་དོན་གསལ་བར་བཤད་པ་ལ་གཉིས་ཏེ། རྩའི་འཁོར་ལོ་ལ་སོགས་པ་གསུངས་པ། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་པ་ཐབས་ཉིད་དུ་གསལ་བར་བཤད་པ་དང༌། སྡོམ་པའི་རབ་ཏུ་དབྱེ་བ་གསུངས་པའི་རྣམ་པར་གཞག་པ་རང་བྱིན་བརླབ་ལ་བརྟེན་ཏེ་གསལ་བར་བཤད་པའོ། །དང་པོ་ནི་རྡོ་རྗེ་རིགས་ཀྱི་ལེའུར། རྩ་རྣམས་ནི་སུམ་ཅུ་རྩ་གཉིས་ཏེ། ཞེས་པ་ལ་སོགས་པ་གསུངས་པ་ལས། ལམ་དུ་བྱས་པའི་དུས་ཀྱི་བྱེད་པས། སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི། །གཟུང་དང་འཛིན་པ་རྣམ་པར་སྤང༌། །ཞེས་ཞུ་བདེ་མི་རྟོག་པ་མངོན་དུ་བྱས་པས་ན། ཐམས་ཅད་ཀྱིས་ཀྱང་གཟུང་འཛིན་སྤོང་བར་བཤད་པ་དེ་ཉིད་འདིར། དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་མངོན་དུ་བྱས་ནས། ཀུན་རྫོབ་བྱང་ཆུབ་སེམས་ཞེས་མིང་ཐོབ་ལ། རྩ་སུམ་ཅུ་རྩ་གཉིས་ཀྱང་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་རྟེན་ཡིན་ཞིང༌། རང་བྱིན་གྱིས་བརླབ་པའི་རིམ་པའི་ཐབས་ཀྱིས་མངོན་དུ་བྱས་ན་དོན་དམ་བྱང་ཆུབ་སེམས་ཞེས་བྱ་བ། རྩ་སུམ་ཅུ་རྩ་གཉིས་ཀྱང་དོན་དམ་བྱང་སེམས་ཀྱི་རྟེན་ཡིན་ནོ། །ཞེས་གསལ་བར་བཤད་པ་ཡིན་ནོ། །དེ་ལ་གཉིས་ཏེ་བྱང་ཆུབ་སེམས་ཀྱི་མཚན་ཉིད་བསྟན་པའི་སྒོ་ནས་དེ་མི་སྤང་བ་ཉིད་དུ་བཤད་པ་དང༌། དེ་བསྐྱེད་པའི་ཐབས་དངོས་བཤད་པའོ། །དང་པོ་ལ་གཉིས་ལས་ཞུས་པ་ནི། རྡོ་རྗེ་སྙིང་པོས་ཞེས་པ་སྟེ། རྣལ་འབྱོར་མ་ཀུན་ལས་བྱུང་བ་ནི་རྣལ་འབྱོར་མ་བཅོ་ལྔའི་བདག་ཉིད་ཀྱི་རྩ་སུམ་ཅུ་རྩ་གཉིས་ལས་བྱུང་བའམ། ཡང་ན་རྣལ་འབྱོར་མ་རྣམས་དང་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་ཞུ་བདེ་དང་མི་འབྲལ་བས་ན། ལྷན་ཅིག་སྐྱེས་དགའི་རང་བཞིན་ཉིད་དོ། །རང་རིག་པ་རྟོག་པ་དང་བྲལ་བ་གསལ་བའི་ངོ་བོ་མྱོང་བས་འགྲིབ་མེད་དོ། །བདེ་བས་བཏུང་མཆོག མི་རྟོག་པས་ནམ་མཁའ་ཉིད་དོ། །དེའི་རྟེན། ག་པུར་ཅི་ནས་ངེས་མི་སྤང༌། །ཞེས་པ་ཡིན་ནམ་ཞེས་པའོ། །ལན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་སྐད་སྨྲས་པ་དེ་བཞིན་ནོ། །ཞེས་པའོ། །གཉིས་པ་ལ་གཉིས་ཀྱི་དང་པོ། རྡོ་རྗེ་སྙིང་པོས་ཞེས་པའོ། །ལན་ལ་མདོར་བསྟན་པ། བཅོམ་ལྡན་འདས་ཀྱིས་ཞེས་པ་སྟེ། དཀྱིལ་སྙིང་པོ་བདེ་བ། འཁོར་བྱང་སེམས་འདུས་པ། མི་རྟོག་པས་རྣམ་པར་རྟོག་པ་གཅོད་པ། དེའི་ཐབས་ནི་སྙོམས་པར་འཇུག་པས་འོག་ཏུ་སྦྱར་ལ་ཀུན་རྫོབ་གཟུགས་ཅན་ཏེ། ཕྱག་རྒྱའི་འབད་རྩོལ་ལ་ལྟོས་པའོ། །རང་བྱིན་གྱིས་བརླབ་པའི་རིམ་པ་ནི་ཕྱག་རྒྱའི་འབད་རྩོལ་ལ་མི་ལྟོས་པའོ། །དེ་ཉིད་ཀྱིས་ན་དོན་དམ་གཟུགས་ཅན་གྱི། །བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད། །ཅེས་པ་སྟེ། ཐབས་ལས་མིང་ཐོབ་པས་ཏེ། རང་གི་ངོ་བོར་སྒོ་ནས་དབྱེ་ན། ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དུ་གྲུབ་པས། ཀུན་རྫོབ་ཀུནྡ་ལྟ་བུ་ཉིད་དེ། དེའི་རྟེན་ཞུ་བའོ། །དེ་ལྟ་བུར་མ་གྲུབ་པས། དོན་དམ་བདེ་བའི་གཟུགས་ཅན་ཏེ་བརྟན་པའོ། །རྒྱས་པར་བཤད་པ་ལའང་གཉིས་ལས། དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་གོང་དུ། དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་ནི། །ཀུན་རྫོབ་དོན་དམ་གཟུགས་ཅན་གྱི། །བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད། །ཅེས་པའི་བཤད་པའོ། །དེ་ལ་དྲུག་སྟེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དབབ་པའི་གནས་དང༌། དེར་མངོན་དུ་བྱས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་དང༌། དེའི་རྟེན་ཕྱག་རྒྱའི་མཚན་ཉིད་དང༌། དེ་བསྟེན་པའི་ཐབས་དང༌། བསྟེན་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་མི་སྤང་བའི་ཚུལ་དང༌། དེ་མི་སྤང་བའི་འཐད་པ་བཤད་པའོ། །དེ་རྣམས་ཀྱི་དང་པོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དབབ་པའི་གནས་ནི། བུད་མེད་ཀཀྐོ་ལ་ཞེས་པ་སྟེ། ཀཀྐོ་ལའི་བརྡས་བསྟན་པ་བྷ་གའི་དཀྱིལ་འཁོར་ལའོ། །ཨེའི་རྣམ་པ་ནི་ཆོས་འབྱུང་གྲུ་གསུམ་མོ། །ཝྃ་གྱི་རྣམ་པ་ནི་རྩ་མཛེས་པའི་སྤྱི་བོའོ། །བདེ་བ་བསྲུང་བ་ནི་མ་ཉམས་པར་རོ། །སངས་རྒྱས་ནི་བདུད་རྩི་ལྔའི་དྭངས་མ། བྱང་ཆུབ་སེམས་ནི་དབང་པོ་དྲུག་གི་དྭངས་མའོ། །རྡོ་རྗེ་འཛིན་པ་ནི་མི་རྟོག་པའི་ཡེ་ཤེས་སོ། །གཉིས་པ་ནི་འདི་ཉིད་དེ། དེར་མངོན་དུ་བྱས་པའི་ཞུ་བདེའོ། །འཁོར་བ་ཞེས་བྱ་བ་སྟེ། ཞེས་པ་ཐབས་ཀྱིས་མ་ཟིན་ན་ལུས་འགྲུབ་པར་བྱེད་པས་སོ། །མྱ་ངན་ལས་འདས་པ་ནི་ཐབས་ཀྱིས་ཟིན་ནའོ། །རྒྱུ་ཐུན་མོང་ཡིན་པ་དེས་ན། འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་གསུངས་སོ། །འཁོར་བའི་བཤད་པ་འབྲས་བུ་སྡུག་བསྔལ་གྱི་ཕུང་པོ། འཁོར་བ་གཟུགས་དང་ལ་སོགས་པའོ། །རྒྱུ་ཀུན་འབྱུང་གི་དབང་དུ་བྱས་ན། འཁོར་བ་ཞེ་སྡང་ལ་སོགས་པ། །ཞེས་པའོ། །མྱ་ངན་ལས་འདས་པའི་བཤད་པ། འདི་རྣམས་ཆོས་ནི་མྱ་ངན་འདས། །ཞེས་པ་འཁོར་བའི་ཆོས་ཉིད་སེམས་ཉིད་སྐྱེ་བ་མེད་པའོ། །དེའང་གློ་བུར་དུ་གཟུང་འཛིན་དང་བཅས་ཀྱང་རང་བཞིན་སྤྲོས་པ་མཐའ་དག་གིས་སྟོང་པའོ། །དེ་ཉིད་ངོ་བོ་ཉིད་ཀྱིས་གནས་ཀྱང་མ་རྟོགས་པས། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །གོང་དུ་བསྟན་པ་བཞིན་ནོ། །རྨོངས་མེད་འཁོར་བ་དག་པས་ནི་སྟེ། སེམས་ཉིད་སྐྱེ་མེད་རྟོགས་པས་རྟོག་པ་ཟད་ན་འཁོར་བ་ཉིད་མྱ་ངན་ལས་འདས་པར་འགྱུར་བའོ། །བྱང་ཆུབ་སེམས་ནི་ཞུ་བདེ་སྟེ་རྟོག་པའི་མྱ་ངན་ལས་འདས་པའོ། །དེའང་ཀུན་རྫོབ་ཞུ་བ། དོན་དམ་བདེ་བའོ། །གསུམ་པ་ནི། ཤིན་ཏུ་བཞིན་བཟང་མིག་ཡངས་མ་སྟེ། མིག་དཀྱུས་རིང་ཞིང་མིག་མི་འཛུམས་པར་ལྟ་བའོ། །གཟུགས་ཀྱིས་བརྒྱན་པ་ནི། རིག་དྭགས་ཀྱི་རོ་སྟོད་ལ་སོགས་པའི་མཚན་ཉིད་དང་ལྡན་པའོ། །ལང་ཚོས་བརྒྱན་པ་ནི། བཅུ་དྲུག་མ་ལ་སོགས་པའོ། །སྔོ་བསངས་མ་ནི་རྡོ་རྗེ་རིགས་ཀྱི་དབང་དུ་བྱས་པའོ། །དལ་མ་ནི་སྤྱོད་ལམ་མོ། །རིགས་བཟང་མ་ནི་རང་གི་རིགས་དང་རྗེས་སུ་མཐུན་པའོ། །སིཧླ་ག་པུར་འབྱུང་བའི་གནས་ནི་བྱང་ཆུབ་སེམས་དབབ་ཅིང་དེ་ལ་དབང་ཐོབ་པ་སྟེ་རང་བཞིན་གྱི་ཡོན་ཏན་ནོ། །སྦྱངས་པ་ལས་བྱུང་བའི་ཡོན་ཏན་རང་གི་དབང་བསྐུར་བའོ། །དེའང་གང་དུ་ན་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུའོ། །བཞི་པ་ནི། དེ་ནི་སྟེ་ཕྱག་རྒྱ་དང༌། རང་ཡང་སྒྲུབ་པ་པོ་སྟེ། དེ་གཉིས་ལུས་ཟུངས་རྒྱས་པར་བྱ་བའི་ཕྱིར་ཆང་བཏུང་བའོ། །རང་སྒྲུབ་པ་པོ་གཞན་ཕྱག་རྒྱ་དོན་ནི་བདེ་བ་ཆེན་པོའོ། །ཕྱི་ནས་ནི་ལུས་ཟུངས་རྒྱས་པར་བྱས་པའི་ཕྱི་ནས་སོ། །རྗེས་ཆགས་ནི་མན་ངག་གི་གནད་ལྔའི་ཚུལ་གྱིས་སོ། །ལྔ་པ་ནི་ག་པུར་ཞེས་པ་སྟེ་བློ་དང་སྟོབས་ནི་ཤེས་རབ་དང་ལུས་ཀྱི་སྟོབས་སོ། །ཡང་འགྲེལ་པ་ལས། དེ་བཞིན་གཤེགས་པའི་སྟོབས་བཅུ་བསྐྱེད་པའི་ཕྱིར་ཞེས་ཀྱང་འབྱུང་ངོ༌། །ལྕེས་བླང་བ་ནི་བོལླ་ཉིད་ནས་དྲང་བའོ། །དྲུག་པ་ནི་ག་པུར་ཉིད་དེ་ཞུ་བ་དེ་ཉིད་མི་རྟོག་པའི་རྟེན་བྱེད་པས་བདག་མེད་པའོ། །དེ་ལ་བརྟེན་པའི་བདག་གཉིས་སུ་རྟོག་པ་དང་བྲལ་བས་ན་བདག་མེད་ཚུལ་ཅན་ཉིད་དོ། །གཉིས་པ་རང་བྱིན་གྱིས་བརླབ་པའི་རིམ་པས་དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཐབས་ནི། རང་བྱིན་གྱིས་བརླབ་པའི་རིམ་པས་ཀྱང༌། དོན་དམ་གཟུགས་ཅན་གྱི། བྱང་ཆུབ་ཀྱི་སེམས་ནི་རབ་ཏུ་བསྐྱེད། །ཅེས་པའི་བཤད་པ་སྟེ། དེ་ལ་དྲུག དོན་དམ་བྱང་ཆུབ་སེམས་དེའི་རྟེན་ཕྱག་རྒྱ་ཆེན་པོའི་གནས། ཕྱག་རྒྱ་ཆེན་པོའི་མཚན་ཉིད། དེའི་བྱེད་པ། རྣལ་འབྱོར་པས་དེའི་བདེ་བ་ལ་ལོངས་སྤྱོད་པ། དེ་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་བ། དེའི་མཚན་ཉིད་བསྟན་པའོ། །དང་པོ་ནི་དེའི་བདེ་བ་ཟེར་ཡང༌། བདེ་བ་དེའི་ཞེས་སྦྱར་ཏེ། དོན་དམ་པ་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས། ཞུ་བདེ་ཐ་མི་དད་ཕྱག་རྒྱ་ཆེན་པོ་ཡིན་པས་དེའི་མིང་རྟེན་ལ་བཏགས་ཏེ། བདེ་བ་དེའི་རྟེན་ཕྱག་རྒྱ་ཆེན་པོ་ནི་དབུ་མའི་ཆ་ཤས། ཨ་ཤད་ལྟ་བུ་ཡིན་ལ། དེ་རྩ་མདུད་གྲུ་གསུམ་གྱི་ནང་ན་གནས་པས། ལྟེ་བའི་དཀྱིལ་འཁོར་ཉིད་དུ་གནས། །ཞེས་བྱའོ། །གཉིས་པ་གནས་དེའི་མཚན་ཉིད་ནི། དང་པོ་དབྱངས་ཡིག་རང་བཞིན་ཏེ། །ཞེས་པ་ཨ་ཤད་ལྟ་བུར་གནས་པའོ། །དེར་གཉིས་མེད་མཚོན་ནུས་པས། བློའམ་ཤེས་རབ་ཅེས་སངས་རྒྱས་རྣམས་ཀྱིས་བརྡར་བཏགས་པའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པས་ནི་རང་བྱིན་གྱིས་བརླབ་པའི་དབང་དུ་བྱས་ནའོ། །དེ་ཉིད་བཅོམ་ལྡན་ཤེས་རབ་མ་ནི་ཨ་དེ་ཉིད་རང་བྱིན་གྱིས་བརླབ་པའི་རིམ་པའི་ཐབས་ཀྱི་བདག་མེད་མའོ། །དབུ་མ་སྤྱིའི་མཚན་ཉིད་བདེ་ཆེན་ནས་གསང་གནས་ཀྱི་བར་དུ་གནས་པས་དེ་ནི་རིང་མིན་ཐུང་བ་མིན་ནོ། །བ་ཐག་གི་རྣམ་པ་ལྟ་བུར་གནས་པས། གྲུ་བཞི་མ་ཡིན་ཟླུམ་པོ་མིན་ནོ། །གསུམ་པ་དེའི་བྱེད་པའི་ལས་ནི། རང་བྱུང་གི་ཡེ་ཤེས་ཡུལ་དྲུག་ཏུ་རྟོག་པ་དང་བྲལ་བ་བསྐྱེད་པས། དྲི་དང་རོ་དང་མྱང་ལས་འདས། །ལྷན་ཅིག་སྐྱེས་དགའ་བྱེད་པ་ཅན་ཏེ། ཞུ་བདེ་གཉིས་ལྷན་ཅིག་སྐྱེས་པས་ན་ལྷན་ཅིག་སྐྱེས་དགའ་འོ། །བཞི་པ་ནི་དེ་ལས་སྐྱེས་པའི། །དེའི་བདེ་བ་རྣལ་འབྱོར་པས་ཟ་བ་ཉིད། ཅེས་སྦྱར་ཏེ། བསམ་གཏན་གྱི་ཟས་སུ་བྱེད་པའོ། །ལྔ་པ་ནི་དེ་དང་ལྷན་ཅིག་ཅེས་པ་བདེ་བ་དེ་དང་མ་བྲལ་བར། ཕྱག་རྒྱ་ཆེན་པོའི་བདེ་བ་སྦྱིན་པའི་དངོས་གྲུབ་འགྱུར། ཞེས་ཟག་པ་མེད་པའི་བདེ་བ་མཐར་ཐུག་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའོ། །དྲུག་པ་ནི་དེར་མངོན་དུ་བྱས་པའི་རང་བྱུང་གི་ཡེ་ཤེས་ཡུལ་དྲུག་དང་བསྲེས་ནས་བསྒོམས་པས་ཐམས་ཅད་དེའི་ངོ་བོར་མངོན་དུ་འགྱུར་བ་ནི། གཟུགས་སྒྲ་དེ་བཞིན་དྲི་དང་ནི། །ཞེས་པ་སྟེ། ཆོས་ཀྱི་དབྱིངས་ནི་ཡིད་ཀྱི་ཡུལ་ལོ། །ཤེས་རབ་ཉིད་ཀྱིས་ནི་བདེ་བ་ཆེན་པོ་ཉིད་དོ། །སྤྱད་པ་ནི་དེའི་ངོ་བོར་རོ། །དེ་ལ་མིང་གི་རྣམ་གྲངས། ཞུ་བདེ་གཉིས་ལྷན་ཅིག་སྐྱེས་པས་ན་ལྷན་ཅིག་སྐྱེས་པའི་གཟུགས་སོ། །བདེ་བ་ཆེན་པོ་བསྐྱེད་པས། བདེ་ཆེན་བཟང་པོའི་རྣལ་འབྱོར་མའོ། །དཀྱིལ་སྙིང་པོ་བདེ་བ། འཁོར་བྱང་ཆུབ་ཀྱི་སེམས་འདུས་པ། འཁོར་ལོ་མི་རྟོག་པས་རྣམ་པར་རྟོག་པ་གཅོད་པས་དཀྱིལ་འཁོར་འཁོར་ལོ་ཞེས་བྱའོ། །ཟག་པ་མེད་པའི་ཡེ་ཤེས་ཀྱི་གཟུགས་བརྙན་སྣང་བའི་མེ་ལོང་ཡེ་ཤེས་སོ། །མི་མཉམ་པའི་རྣམ་རྟོག་སྤངས་པས་མཉམ་པ་ཉིད་དོ། །ཡང་དག་པའི་དོན་རྟོགས་པས་སོ་སོར་རྟོག་པའོ། །ལུས་ངག་ཡིད་གསུམ་དུ་ཞེན་པ་དང་བྲལ་བས་བྱ་བ་ནན་ཏན་ནོ། །འཕགས་པའི་ཆོས་ཀྱི་རྒྱུ་བྱེད་པས་ཆོས་ཀྱི་དབྱིངས་སོ། །ཡི་གེ་བཞིའི་དོན་དང་ལྡན་པས་དཀྱིལ་འཁོར་གྱི་བདག་པོ་དཔལ་ཧེ་རུ་ཀའོ། །ཆོས་དང་གང་ཟག་གི་བདག་ཏུ་ཞེན་པ་མེད་པས། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་གྱི་བདག་མེད་རྣལ་འབྱོར་མའོ། །གཉིས་པ་སྡོམ་པའི་རབ་ཏུ་དབྱེ་བ་ནི། སྤང་བྱ་མི་མཐུན་ཕྱོགས་སྡོམ་པ་དང༌། ཇི་སྙེད་ཡོད་པའི་ཆོས་ཇི་ལྟ་བ་བཞིན་དུ་སྡོམ་པ་དང༌། རང་བཞིན་གྱིས་རྣམ་པར་དག་པ་ལ་སྡོམ་པར་གཞག་པ་དང༌། ཆོས་མཐུན་པ་ལ་སྡོམ་པར་གཞག་པ་སྟེ། སྤྱིར་བཞི་ཡོད་དོ། །དང་པོ་ལ་དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་རྣམ་རྟོག་སྡོམ་པ། ལེའུ་དང་པོར་མ་ཚང་བ་ཁ་བསྐང་བའི་ཚུལ་གྱིས་གོང་དུ་རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་ལེའུ་ལས་གསུངས། རང་བྱིན་གྱིས་བརླབ་པའི་རིམ་པའི་ཐབས་ཀྱིས་མཚན་མ་དང་རྣམ་པར་རྟོག་པ་སྡོམ་པ་ལེའུ་དང་པོ་ནས་གསུངས་ལ། དེའི་དོན་མི་གསལ་བ་གསལ་བར་བྱ་བའི་ཚུལ་གྱིས་འདིར་བཤད་དོ། །གཉིས་པ་ནི་མང་པོ་གཅིག་ཏུ་སྡོམ་པ་སྟེ། རང་བྱིན་གྱིས་བརླབ་པའི་རིམ་པའི་སྡོམ་པའི་གནས་དང་འབྲེལ་ནས་ལེའུ་དང་པོ་དང་འདི་ཉིད་ནས་ཀྱང་བཤད་དོ། །གསུམ་པ་དང་བཞི་པ་ནི་འདི་ཉིད་ནས་གསུངས་སོ། །གཞུང་ལས་ཞུས་པ་དང་ལན་ལས། ཞུས་པ། རྡོ་རྗེ་སྙིང་པོས་ཞེས་པ་སྟེ། འཁོར་ལོ་བསྒོམ་པའི་ལམ་ནི་རྟེན་གཞལ་ཡས་ཁང་བསྐྱེད་པའོ། །ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད། །བརྟེན་པ་ལྷ་བསྐྱེད་པའོ། །ཐམས་ཅད་བཅོམ་ལྡན་འདས་གསུངས་ན་ནི་ལེའུ་བརྒྱད་པ་དང་གསུམ་པར་རོ། །དེའི་སྡོམ་པ་མཚན་མ་དང་རྣམ་པར་རྟོག་པ་སྤོང་བའི་ཐབས་རྫོགས་པའི་རིམ་པའོ། །ལན་ལ་མདོར་བསྟན་པ་བཅོམ་ལྡན་འདས་ཞེས་པ་སྟེ། རྣལ་འབྱོར་མ་ལུས་དབུས་སུ་ཞེས་མཚོན་པ་སྟེ། སྒྲུབ་པ་པོའི་ཡང་ངོ༌། །ཨྃ་གི་རྣམ་པ་ནི་དབུ་མའི་ཆ་ཤས་ཨ་ཤད་ལྟ་བུའི་རྣམ་པ་ལྟེ་བ་ན་གནས་པའོ། །སྡོམ་པའི་གནས་ནི་གནས་ཀྱི་གཙོ་བོ་ཡིན་པའོ། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །ཞེས་པ་སྡོམ་པ་ཕྱི་རོལ་དུ་ཉན་ཐོས་ལུས་ངག་སྡོམ། བྱང་ཆུབ་སེམས་དཔའ་ལུས་ངག་ཡིད་གསུམ་ཀ་སྡོམ་པ་དེ་བཞིན་དུ། འདིར་མཚན་མ་དང་རྣམ་པར་རྟོག་པ་མ་ལུས་པར་སྡོམ་པའོ། །དེ་ཉིད་རབ་ཏུ་དབྱེ་ཞེས་པ་གང་དུ་སྡོམ་པའི་གནས་ཀྱི་གཙོ་བོ་ལྟེ་བ་སྤྲུལ་པའི་འཁོར་ལོ་ཨྃ། གནས་མཐའ་དག་འཁོར་ལོ་བཞི་དང་རྩ་གསུམ་དུའོ། །ཐབས་ཙཎྜཱ་ལཱི་འབར་འཛག་གིས་བསྡམ་བྱ། རྣམ་པར་རྟོག་པ་སྡོམ་པ་རང་གི་ངོ་བོ་རང་བྱུང་གི་ཡེ་ཤེས་ཏེ་བཞིར་དབྱེའོ། །རྒྱས་པར་བཤད་པ་ལ་ལྔ་སྟེ། དང་པོ་ནང་གི་སྙོམས་པར་འཇུག་པ་དང༌། འཁོར་ལོ་བཞི་ལ་བརྟེན་པའི་ནང་གི་སྐུ་གསུམ་དང༌། འཁོར་ལོ་བཞིའི་ངེས་ཚིག་དང༌། འཁོར་ལོ་བཞི་ལ་རྣམ་པར་གཞག་པའི་དོན་དང༌། རང་བཞིན་གྱིས་སེམས་ཅན་རྣམས་སངས་རྒྱས་ཡིན་པས་སྡོམ་པའི་མཚན་ཉིད་དུ་ངོ་བོ་ཉིད་ཀྱིས་གནས་པར་བསྟན་པའོ། །དེ་རྣམས་ཀྱི་དང་པོ་ནི་དཀྱིལ་འཁོར་འཁོར་ལོ་ལ་ཡོད་པའི་སྙོམས་འཇུག་གི་དོད། རང་བྱིན་བརླབ་ཀྱི་ནང་གི་སྙོམས་འཇུག་བཤད་པ་ནི། བོལླའི་བདེ་བ་སྟེ། ལྟེ་བའི་ཨ་ཤད་ལྟ་བུ་མྱོང་བའི་རང་བྱུང་གི་ཡེ་ཤེས་རྟོགས་པ་ལ་རྒྱས་འདེབས་པས་ཕྱག་རྒྱ་ཆེ་སྟེ་དེ་ལ་ཐབས་ཞེས་དོན་གྱིས་ཤེས། རྡོ་རྗེ་སྐྱེ་མཆེད་དེ་རྡོ་རྗེ་རང་བྱུང་གི་ཡེ་ཤེས་ཡིན་ལ། དེ་སྐྱེ་ཞིང་འཕེལ་བར་བྱེད་པ་ཨ་ཤད་ལྟ་བུ། ཐབས་ཅན་ཉིད་ནི་རང་བྱུང་གི་ཡེ་ཤེས་ཏེ། ཤེས་རབ་བོ། །ཡང་ན་བདེ་བ་ཤེས་རབ་སྟེ། རྟེན་ཨྃ། ཐབས་ཅན་ཏེ་ཐབས་ཉིད་ལ་བྱའོ། །དེ་ཉིད་རྟེན་དང་བརྟེན་པའི་ཚུལ་གྱིས་གནས་པ་ནི། བསྐྱེད་རིམ་པའི་ཡུལ་མ་ཡིན་པས། འདིས་ནི་གསང་བའི་སྙོམས་འཇུག་པས་སོ། །ཕྱི་རོལ་གཉིས་གཉིས་བསྟན་པ་མེད་པ་ནི་ཐབས་ཤེས་རབ་བོལླ་དང༌། ཀཀྐོ་ལ་སྦྱོར་བ་ལ་མི་ལྟོས་པའོ། །གཉིས་པ་ནི་སྡོམ་པའི་གནས་མཐའ་དག་འཁོར་ལོ་བཞི་དང་འབྲེལ་ནས། ཇི་སྙེད་ཡོད་པའི་ཆོས་ཇི་ལྟ་བ་བཞིན་དུ་སྡོམ་པ་ཡང་བཤད་དེ། ལེའུ་དང་པོ་ལས་ཆོས་དང༌། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པ་ནི་སྐུ་དང་གསུང་དང་ཐུགས་ཞེས་པའི་དོན་གསལ་བར་བཤད་པ་སྟེ། སྐུ་གསུམ་ཟེར་ཡང་དོན་གྱིས་སྐུ་བཞིའོ། །སྐུ་གསུམ་ཡོངས་སུ་ཤེས་པ་ནི། འཁོར་ལོ་གསུམ་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཕལ་ཆེར་བདེ་བ་ཆེན་པོ་ན་གནས་པས་སོ། །དེ་རྣམས་ཉིད་བཤད་པ། ཆོས་དང་ཞེས་པ་ལ་སོགས་པའོ། །གསུམ་པ་ནི། མ་ལུས་པ་ནི་འདོད་པའི་ཁམས་ཀྱི་སེམས་ཅན་དེ་ལས་ཀྱང༌། མངལ་སྐྱེས་ཀྱི་སེམས་ཅན་ནོ། །སྐྱེ་བ་གང་ལ་བརྗོད་བྱ་བ་ནི་ལུས་འགྲུབ་པའི་དང་པོར་ལྟེ་བའི་རྩ་མདུད་ཆགས་པས་ལྟེ་བའོ། །དེ་ནས་འོག་ཏུ་སྦྱར་ལ། དེ་ལ་སྤྲུལ་པའི་སྐུ་ཉིད་ཡིན། ཞེས་པའོ། །གོང་དུ་སྦྱར་ལ། གང་གི་ཕྱིར་ན་སྤྲུལ་པ་གནས་བརྟན་ཕྱིར་རོ། །དེ་ཉིད་བཤད་པ། གང་གིས་བསྐྱེད་དང་སྤྲུལ་བྱེད་པ་སྟེ། ཐབས་ཀྱིས་མ་ཟིན་པ་དང་ཟིན་པའི་བྱེ་བྲག་གོ །འཁོར་འདས་གཉིས་བསྐྱེད་ཅིང་སྤྲུལ་པས་སྤྲུལ་པ་ཅན་ཞེས་བརྗོད་དོ། །ཆོས་ནི་འཁོར་འདས་ཀྱི་ཆོས་སོ། །སེམས་ཀྱི་རང་བཞིན་ཏེ་ཞེས་སྦྱར་ཏེ། དེའི་རྟེན་གྱི་གཙོ་བོ་སྙིང་ག་ཡིན་པས། ཆོས་ཀྱི་སྐུ་ཡང་སྙིང་གར་འགྱུར། །ཞེས་པའོ། །ལོངས་སྤྱོད་ནི་ཚིག་དོན་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ཉིད་དོ། །བདེ་བ་ཆེན་པོ་ནི་ཞུ་བདེའི་ཏིང་ངེ་འཛིན་ཡིན་ལ། དེའི་རྟེན་བྱང་ཆུབ་ཀྱི་སེམས་ཕལ་ཆེར་སྤྱི་བོ་ན་གནས་པས། བདེ་བ་ཆེན་པོ་སྤྱི་བོར་གནས་སོ། །བཞི་པ་ལ་འབྲས་བུ་བཞིར་གཞག་པ་དང༌། སྡེ་བ་བཞིར་རྣམ་པར་གཞག་པ་གཉིས་ལས། དང་པོ་ནི་ལེའུ་དང་པོར་མ་ཚང་པ་ཁ་བསྐང་བའི་ཚུལ་གྱིས་བཤད་པ་སྟེ། ཨེ་ལྟེ་བའི་རྩ་མདུད་གྲུ་གསུམ། ཝྃ་ཀུན་འདར་གྱི་ཆ་ཤས་ཨ་ཤད་ལྟ་བུ་ཟླུམ་པོའོ། །རྒྱུ་མཐུན་ཉིད་ནི། བདེ་བ་སྐྱེད་པའི་རྒྱུ་ཙཎྜཱ་ལཱི་སྦར་བ་ལ་སོགས་པའང་བྱེད་ལ་འབྲས་བུ་བདེ་བ་ཆེན་པོའང་མྱོང་བས། རྣམ་སྨིན་ནི་གཏུམ་མོ་སྦར་བ་ལ་སོགས་པ་བྱ་མི་དགོས་པར་བདེ་བ་མྱོང་བས་སོ། །སྐྱེས་བུ་བྱེད་པ་ནི་རོ་དྲུག་ལ་ལོངས་སྤྱོད་པ་པོ་ཡིན་པས་སོ། །བདེ་བའི་འཁོར་ལོ་དྲི་མེད་ནི། སྤྱི་བོར་མྱོང་བའི་གཉིས་སུ་མེད་པའི་ཡེ་ཤེས་ལ་རྟོག་པའི་དྲི་མ་མེད་པ་ཉིད་དོ། །དེ་རྣམས་ཉིད་རྒྱས་པར་བཤད་པ་ལ། ལས་ཀྱི་རླུང་གིས་བསྐུལ་བ་ནི་བཤང་སྒོའི་རླུང་གིས་སུམ་མདོའི་མེ་སྦར་བས་ལྟེ་བའི་ཨྃ་ལ་ཕོག་སྟེ་འབར་བའོ། །ལས་ལ་བཅོམ་ལྡན་ཤེས་རབ་སྤྱོད་ནི། དེས་བྱང་ཆུབ་ཀྱི་སེམས་ཕབ་པ་ལས་བྱུང་བའི་བདེ་བ་ཆེན་པོ་ལ་སྤྱོད་པའོ། །ལས་ཆུང་ནི་གཏུམ་མོ་སྦར་བ་ལ་སོགས་པ་ནི་དགོས་པའོ། །འབྲས་བུ་ཆེ་བ་ནི་བདེ་བའི་ཉམས་མྱོང་སྐྱེ་བའོ། །དེ་ལས་བཟློག་པ་ནི་གོང་མ་ལས་སོ། །རྣལ་འབྱོར་དག་ཕྱིར་ནི། བདེ་བ་ཆེན་པོ་རྟོག་པའི་དྲི་མ་དང་བྲལ་བས་དྲི་མེད་ཉིད་དོ། །བསྐྱེད་པ་ནི་རོ་དྲུག་ལ་ལོངས་སྤྱོད་པ་ཡིན་པས་སོ། །གཉིས་པ་ནི་ཡང་ལེའུ་དང་པོར་མི་གསལ་བ་གསལ་བར་སྟོན་པ་སྟེ། སྤྲུལ་པའི་འཁོར་ལོ་གནས་བརྟན་ཉིད། །ཅེས་བྱ་བ། གོང་དུ་སྦྱར་ལ། གང་གི་ཕྱིར་ན་གནས་བརྟན་ཕྱིར་ཏེ། ཐབས་ཀྱིས་ཟིན་པ་དང་མ་ཟིན་པའི་བྱེ་བྲག་གིས་འཁོར་འདས་གཉིས་ཀ་བསྐྱེད་པའི་གནས་བརྟན་པ་ཡིན་པའི་ཕྱིར་རོ། །ཆོས་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་དོ། །སྨྲ་བ་ནི་སྒྲ་སྟེ། སྙིང་ག་ན་གནས་པའི་ཀུན་འདར་གྱི་ཆ་ཤས་ཨ་ཤད་ལྟ་བུར་གནས་པ་ཡིན་ལ། དེ་ལས་བརྟེན་པའི་སེམས་ལས་བྱུང་བའི་ཕྱིར། ཆོས་ཀྱི་འཁོར་ལོ་ཐམས་ཅད་ཡོད། ཅེས་པའོ། །ཀུན་བཀུར་ཕྱིར་ནི་རོ་དྲུག་ཀུན་གྱིས་བསྐུར་བའང་རིགས་པས་སོ། །བདེ་ཆེན་མགོར་གནས་ནི། བདེ་བ་ཆེན་པོའི་རྟེན་བྱང་ཆུབ་ཀྱི་སེམས་ཕལ་ཆེར་གནས་པས་སོ། །སྡེ་པ་ཞེས་བྱ་སྐུ་རུ་བརྗོད་ནི། སྡེ་པ་ལ་སྐད་སོར་གཞག་ནི་ཀཾ་ཞེས་ཟེར་ལ། ཀ་ཀཱ་ཡར་དྲངས་ན་སྐུ་སྟེ་སེམས་ཅན་གྱི་ལུས་ལ་བྱའོ། །ལྔ་པ་ལ་ལྔ་སྟེ། དོན་དངོས་དང༌། དེ་ལ་ལྷ་མོ་རྣམས་ཐེ་ཚོམ་སྐྱེས་ནས་བརྒྱལ་བར་གྱུར་པ་དང༌། བསྟོད་པའི་སྒོ་ནས་བརྒྱལ་བ་ལས་བསླང་བ་དང༌། དེའི་ཐེ་ཚོམ་བསལ་བ་དང༌། གློ་བུར་གྱི་དྲི་མ་སྤང་བའི་ཐབས་བསྟན་པའོ། །དེ་རྣམས་ཀྱི་དང་པོ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་རང་བཞིན་གྱིས་རྣམ་པར་དག་པ། རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་ཡིན་ལ་དེའི་རྟེན་ལུས་ཀྱང་ངོ་བོ་ཉིད་ཀྱིས་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ཡིན་པར་ཆོས་མཐུན་པའི་སྒོས་ནས་བསྟན་ཏེ། འདིས་ནི་རང་བཞིན་གྱིས་རྣམ་པར་དག་པ་དང་ཆོས་མཐུན་པ་ལ་སྡོམ་པར་གཞག་པའང་བཤད་པ་ཡིན་ནོ། །དེའང༌། སྡེ་པ་ཞེས་བྱ་སྐུ་རུ་བརྗོད། །ཅེས་པ་སེམས་ཅན་རྣམས་ཀྱི་ལུས་རང་བཞིན་གྱིས་བུདྡྷའི་གཟུགས་ཀྱི་སྐུ་ཡིན་པས་སོ། །དེས་ན་ཆོས་མཐུན་པར་ཡོད་དེ། མངལ་སྐྱེས་ཀྱི་མའི་ལྟོ་བ་བཞུགས་གནས་དང་ཆོས་མཐུན། སྐྱེ་གནས་ལས་ལྷུང་སྟེ་བཙས་པ་འདོད་ཆགས་བྲལ་བ་ལ་སོགས་པ་དང་མཐུན་པའོ། །སྤྲུལ་པའི་དགེ་སློང་དང་ཆོས་མཐུན་པའི་དབང་དུ་བྱས་ན་ཁ་ཏོན་མཐུན་པར་ཨྃ་ཧྃ་ཟློས་པའོ། །དེའང༌། སྐྱེ་གནས་འཁོར་ལོའི་རྣམ་པ་ཨ་སྟེ། ལུས་གྲུབ་པའི་དང་པོ་ལྟེ་བའི་ཨྃ་དང་བདེ་ཆེན་གྱིའང་རྣམ་པ་ཧྃ་ཡོད་པའི་སྟོབས་ཀྱིས་འབྱུང་བས་སོ། །འདི་དག་ནི་གོང་གི་ཆོས་མཐུན་ནོ། །སངས་རྒྱས་ནི་རང་བཞིན་ལྷུན་གྲུབ་ཀྱིའོ། །སེམས་ཅན་ས་བཅུའི་དབང་ཕྱུག་ནི་མངལ་སྐྱེས་ཀྱི་སེམས་ཅན་སངས་རྒྱས་ཀྱི་ས་དང་ཆོས་མཐུན་ནོ། །གཉིས་པ་ནི་དེ་ནས་ཞེས་པ་ལ་སོགས་པའོ། །གསུམ་པ་རྡོ་རྗེ་ཅན་གྱིས་ཞེས་པ་ལ་སོགས་པ་སྟེ། ས་དང་ལ་སོགས་པ་ནི་དེ་དག་རྣམ་པར་དག་པའི་སྤྱན་ལ་སོགས་པའོ། །སྣོད་ཅན་ནི་དེ་ཁོ་ན་ཉིད་བསྟན་པའོ། །གང་ཞིག་སུས་ཀྱང་མི་ཤེས་པ་ནི། རང་བཞིན་གྱིས་སངས་རྒྱས་ཡིན་པའི་དོན་ནོ། །བཞི་པ་ནི་བཅོམ་ལྡན་འདས་ལ་སོགས་པ་སྟེ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད་ནི་རང་བཞིན་གྱིས་སྒྲིབ་པ་དང་བྲལ་བས་སོ། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་པ་ནི་སེམས་ཅན་དུ་མི་འགལ་བའོ། །དེ་ཉིད་གློ་བུར་གྱི་དྲི་མས་སོ། །བསལ་ན་སངས་རྒྱས་ཉིད་ནི་རྟོགས་པའི་འོ། །བདེན་པ་མ་མཆིས་ཤིང་ནི་གློ་བུར་དུ་རྟོག་པ་དང་ལྡན་པས་སོ། །དེ་ལྟར་བརྫུན་པ་མ་མཆིས་པ་ནི་རང་བཞིན་གྱིས་རྟོག་པ་དང་བྲལ་པས་སོ། །དེ་ལྟར་རང་བཞིན་གྱིས་སངས་རྒྱས་ཡིན་པས་སྦྱང་དུ་རུང་ཞིང༌། གློ་བུར་གྱི་དྲི་མ་དང་བཅས་པས་སྦྱངས་དགོས་པར་བསྟན་ནས། ལྔ་པ་དེ་སེལ་བའི་ཐབས། བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་སྟེ། གང་ཞིག་དེ་ཉིད་མི་ཤེས་པ་ནི་དུག་གི་དེ་ཁོ་ན་ཉིད་དོ། །རྨོངས་སྤངས་ནི་སྔགས་དང་ཨ་རུ་རའི་སྦྱོར་བ་ལ་སོགས་པའི་དེ་ཁོ་ན་ཉིད་ལའོ། །དེ་ཡིས་དེ་ཉིད་ཡོངས་སུ་གཅོད་པ་ནི་དུག་གི་ཉེས་པའོ། །ཞི་བའི་ཐབས་ནི་མྱ་ངན་ལས་འདས་པའི་ཐབས་ཏེ་བསྐྱེད་རྫོགས་སོ། །ཀྱེའི་རྡོ་རྗེ་ངལ་བསོས་ན་ནི་རྒྱུ་དེའི་སྒོར་ཞུགས་ནས་རྟོག་པ་ལས་དབུགས་ཕྱུང་བས་སོ། །མ་རིག་སོགས་པ་ནི་གཟུང་འཛིན་ནོ། །གཏི་མུག་ལ་སོགས་འཆིང་བ་ནི། མ་རིག་པའི་རྩ་བ་ཅན་གྱི་ཉོན་མོངས་སོ། །རང་དང་རང་གི་རྟོག་པ་ལས་ནི་ཕུང་པོ་ལ་སོགས་པ་ལྷ་དང༌། དེ་ཡང་ཡེ་ཤེས་ཀྱི་ངོ་བོར་རྟོགས་ནའོ། །དེ་བས་ན་རྒྱུ་ལ་ལྟོས་པའི་རྟེན་གྱི་གང་ཟག་རིགས་དྲུག་སེམས་ཅན་ཐམས་ཅད་ཡིན་པ། དམྱལ་བ་ཡི་དྭགས་བྱོལ་སོང་དང་ལ་སོགས་པས་བསྟན་ཏོ། །བདེ་བ་གང་ཕྱིར་མི་ཤེས་པ་ནི་སེམས་ཉིད་གཉུག་མ་བདེ་བ་ཆེན་པོ་དེ་མ་ཤེས་ཀྱང་ངོ༌། །རྟག་ཏུ་རང་བཞིན་བདེ་བ་ཅན་ནི། རང་བཞིན་གྱིས་སངས་རྒྱས་ཡིན་པའོ། །ཤན་པ་དང་མདའ་མཁན་ལ་སོགས་པ་སྡིག་པ་ཆེན་པོ་དང་ལྡན་པ་རྣམས་ཀྱང་ཐབས་དང་ཕྲད་ན་རིང་ཞིག་ནས་འགྲུབ་ཏུ་རུང་བའི་གང་ཟག་ཏུ། གདོལ་བ་ཞེས་པ་ལ་སོགས་པས་བསྟན་ནོ། །རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །ལ་སོགས་པ་ཐབས་དང་ཕྲད་པས་འགྲུབ་པར་ངེས་པའི་གང་ཟག་སྟེ། གང་ཞིག་ཡུལ་རྣམས་རྣམ་སྦྱོང་བ་ནི་བསྐྱེད་པས་ལྷ་དང༌། རྫོགས་པས་ཡེ་ཤེས་ཀྱི་ངོ་བོར་ཤེས་པའོ། །སྤྱི་དོན་གསུམ་པ་ནི་རྡོ་རྗེ་སྙིང་པོས་གསོལ་པ། ས་ནི་པུཀྐ་སཱིར་བཤད་དེ། །ཞེས་པ་པུཀྐ་སཱི་ནི་ས་རྣམ་པར་དག་པ་ཡིན་པས་སྤྱན་མ་ཡིན་ལ། དེ་ཡབ་དང་ཐ་མི་དད་པས། སྐུ་ནི་རྣམ་སྣང་ཉིད་གསུངས་པས། ཞེས་པ་རྣམ་སྣང་གི་ཕྱག་རྒྱའི་རིགས་ཞེས་པའོ། །དེ་གང་གི་ཕྱིར་ན་གཏི་མུག་སྟེ། ཉོན་མོངས་པ་ལས་གཏི་མུག་དང༌། སྲ་བ་ཉིད་དེ་འབྱུང་བ་ལས་ས་དག་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་མི་བསྐྱོད་ཕྱག་རྒྱ་ལགས། །མི་རིགས་ཞེས་རྩོད་པའོ། །ལན་བཅོམ་ལྡན་འདས་ཞེས་པས། སེམས་སྤངས་ནས་ནི་ལུས་ཀྱིས་ནི། །མཛེས་པ་གཞན་དུ་མི་འགྱུར་རོ། །ཞེས་པ་ལུས་དེ་སེམས་དང་ལྡན་ན་མཛེས་ལ་མི་ལྡན་ན་མི་མཛེས་པའོ། །དེའི་ཕྱིར་རྣམ་པར་སྣང་མཛད་ཀྱི་ངོ་བོར་ལྷ་མོ་པུཀྐ་སཱིའི་སྐུ་ལ་སེམས་ཏེ་ཐུགས་ཀྱི་ཕྱག་རྒྱས་གདབ་ཅེས་སྦྱར་རོ། །ཆུ་ཁམས་རི་ཁྲོད་མར་བཤད་པ་ནི་མཱ་མ་ཀཱི་ཡིན་ལ་དེ་ཡབ་མི་བསྐྱོད་པ་དང་ཐ་མི་དད་པས་མི་བསྐྱོད་པའི་རྒྱས་གདབ་པར་རིགས་ཀྱིས་རྣམ་སྣང་གི་རྒྱས་གདབ་པར་མི་རིགས་ཞེས་པའོ། །ལན། ལུས་སྤངས་ནས་ནི་སེམས་ཀྱིས་ནི། །གནས་པ་གཞན་དུ་མཐོང་མི་འགྱུར་ཏེ། ལུས་མེད་ན་སེམས་ལ་གནས་པའི་རྟེན་མེད་དོ། །དེ་ཕྱིར་སེམས་ནི་གཏི་མུག་འགྱུར། །ཞེས་པ་རྣམ་པར་ཤེས་པ་དག་པའི་ཐུགས་ཀྱི་ངོ་བོ་རི་ཁྲོད་མ་ལ། གཏི་མུག་རྣམ་པར་དག་པ་རྣམ་སྣང་གི་རྒྱས་གདབ་པར་རིགས་པའོ། །མེ་ནི་གདོལ་པ་མོར་བཤད་པ་ནི་གོས་དཀར་མོ་ཡིན་ལ། དེ་ཡབ་དང་ཐ་མི་དད་པས་འོད་དཔག་མེད་ཀྱི་རྒྱས་གདབ་པར་རིགས་ལ། རིན་འབྱུང་གིས་མི་རིགས་སོ་ཞེས་པའོ། །ལན་གང་ཕྱིར་ཞེས་པ་འབྲས་བུས་རྒྱུ་ལ་རྒྱས་གདབ་པ་སྟེ། འདོད་ཆགས་ཁྲག་བཤད་པ། ཞེས་པ་སྟེ་འདོད་ཆགས་ཞེས་པ་ལ་ཨ་ནུ་རཱ་ག་ཟེར་ལ། ར། རཀྟ་ཞེས་དྲངས་ན་ཁྲག་སྟེ། ཁྲག་ནི་རིན་ཆེན་འབྱུང་ལྡན་ཉིད། །ཅེས་པའམ། ཡང་ན། ར། རཏྣ་སཾ་བྷ་ཝ་སྟེ། རིན་ཆེན་འབྱུང་གནས་ཞེས་པར་འགྱུར་ཏེ་སྒྲའི་རྒྱུ་འབྲས་སོ། །ཡང་འདོད་ཆགས་ཁྲག་བཤད་པ་སྟེ། འདོད་ཆགས་ཤས་ཆེ་བའི་དུས་སུ་ཁྲག་འཕེལ་ལ། ཁྲག་ནི་རིན་ཆེན་འབྱུང་ལྡན་ཉིད། །ཅེས་པའོ། །དྲོད་ནི་ཞེས་པ་མེ་རྣམ་པར་དག་པ་གདོལ་པ་མོ། འདོད་ཆགས་ཡིན་ལ། དེ་ལ་ཁྲག་འབྱུང་བས་ཁྲག་གི་རང་བཞིན་ཕྱིར་ཞེས་བྱའོ། །བྱང་ཆུབ་སེམས་ཀྱི་རྒྱུ་འབྲས་སོ། །ཉོན་མོངས་པའི་རྒྱུ་འབྲས་ཀྱི་དབང་དུ་བྱས་ན། འདོད་ཆགས་ལས་བཏང་མི་བྲ་བའི་སེར་སྣ་འབྱུང་བས། འདོད་ཆགས་སེར་སྣའི་ཕྱག་རྒྱས་གདབ། །ཅེས་གསུངས། རྡོ་རྗེ་སྙིང་པོས་གསོལ་པ། དོན་ཡོད་ཕྱག་རྒྱ་གཡུང་མོ་ལ། །གཙོ་བོ་ཕྱག་རྒྱ་རིགས་པར་འགྱུར། །གང་གི་ཕྱིར་ན་གཡུང་མོ་ཉིད། །དེ་ཉིད་སྒྲོལ་མ་ཡིན་ལ་དེའང་ཡབ་དང་ཐ་མི་དད་པས། དོན་ཡོད་རླུང་གི་གཟུགས་ཅན་ཉིད་ཡིན་པའི་ཕྱིར་རོ། །ལན། རྒྱུས་འབྲས་བུ་ལ་རྒྱས་གདབ་པ་སྟེ། འདོད་ཆགས་མ་གཏོགས་ཕྲག་དོག་ནི། །ཞེས་པ་ལ་སོགས་པས་གསུངས་སོ། །དཀར་མོ་སྣང་མཛད་གསུངས་པ་ཉིད་དེ། རྣམ་སྣང་གི་རྒྱས་གདབ་པར་རིགས་སོ། །གང་ཕྱིར་གཟུགས་ནི་སྲ་བ་ཉིད། །ཅེས་པ་གཟུགས་ཀྱི་ཕུང་པོ་དང༌། ས་དག་པར་གཅིག་པའི་ཕྱིར་རོ་ཞེ་ན། སྔར་གསུངས་པ་ཉིད་རིམ་པ་ཡིས། །སེམས་ཀྱི་བདག་པོ་ཕྱག་རྒྱས་གདབ། །ཅེས་པ་ལུས་ལ་སེམས་ཀྱི་རྒྱའོ། །དེ་ཉིད་རིམ་པས་ཆོམ་རྐུན་མ་ལ་རྣམ་སྣང་གི་རྒྱས་གདབ་པ་སེམས་ལ་ལུས་ཀྱི་རྒྱ། དེ་བཞིན་རོ་ལངས་མ་ལ་རིན་འབྱུང་གི་རྒྱས་གདབ་པ་རྒྱུ་ལ་འབྲས་བུའི་རྒྱའོ། །དེ་ཉིད་རིམ་པས་གྷསྨ་རཱི་སྟེ། འོད་དཔག་མེད་ཀྱིས་བཏབ་པ་འབྲས་བུ་ལ་རྒྱུས་བཏབ་པ་ཡིན་པས་མ་ལོག་པའོ། །སྤྱི་དོན་བཞི་པ་ལ་གསུམ་ལས་དང་པོ་ཞུས་ནས་བཤད་པ་ནི། ཀྱེ་ཡི་རྡོ་རྗེ་རྡོ་རྗེ་འཛིན། །ཞེས་པ་སྟེ། སྙོམས་འཇུག་གནས་པ་ནི་དོན་ཐབས་ཤེས་རབ་གཉིས་སུ་མེད་པ་རྣམ་པ་ཡབ་ཡུམ་སྙོམས་པར་ཞུགས་པའོ། །ཨེ་ཝྃ་རྣམ་པའང་དོན་དེ་ཉིད། །ཨེ་ཤེས་རབ་དང་ཝྃ་ཐབས་དང༌། ཡང་རྣམ་པ་མཁའ་གསང་ངོ༌། །སྲོག་བསྲུང་བ་ནི་དགོས་པའི་གཙོ་བོའོ། །གཉིས་པ་དོན་དངོས་ལ་ལེའུ་གཉིས་པ་ལས་བསྡུས་པ་ཙམ་ལས་རྒྱས་པར་མ་གསུངས་པས་འདིར་བཤད་པ་ཡིན་ལ། བྱིན་གྱིས་བརླབ་པ་གུར་གྱི་དགུ་པ་དང༌། མགྲོན་གསུམ་པ་ལས་འབྱུང་བར་འགྱུར་རོ། །ཕན་ཡོན་ལ་གལ་ཏེ་འདིས་ཞེས་པ་ལ་སོགས་པ་སྟེ། ལེགས་པར་འགྱུར་བས་ཏེ་བསམ་པའི་དོན་ཐམས་ཅད་འགྲུབ་པའོ། །བདེ་བ་དྲི་མ་མེད་པ་ནི་སངས་རྒྱས་ཉིད་དོ། །ལྷ་མོ་ནི་འཇིག་རྟེན་པའི་མཁའ་འགྲོ་མའོ། །འགྲོ་བ་རབ་ཏུ་འབྱོར་པ་རྣམས་དགའ་བར་འགྱུར་བ་ནི་སྦྱིན་བདག་ལ་སོགས་པའོ། །སྤྱི་དོན་ལྔ་པ་ལ་གཉིས་ལས་ཞུས་པ། རྡོ་རྗེ་སྙིང་པོས་གསོལ་བ། ཕྱག་རྒྱ་གང་གིས་མཁའ་སྤྱོད་མ་སྟེ་འོད་དཔག་མེད་ཀྱི་རྒྱས་གདབ་པ་དང༌། གང་གི་ཕྱག་རྒྱས་ས་སྤྱོད་མ་སྟེ་རྣམ་སྣང་གིས་འདེབས་པའི་རྒྱུ་མཚན་དོ། །གཉིས་པ་ལན་ལ། གསང་གསུམ་ནི་སྐུ་གསུམ་གྱི་གསང་བ་མཚོན་པའོ། །འཁོར་ལོ་ནི་གཞལ་ཡས་ཁང་ངོ༌། །འཁོར་ལོའི་དབུས་སུ་རྣམ་པར་གནས་པ་ནི་སུམ་བརྩེགས་སུའོ། །ས་སྤྱོད་ནི་ས་སྤྱོད་ཡུལ་དུ་བྱེད་པ་སྟེ་འོག་ན་གནས་པའོ། །སྐུའི་ཕྱག་རྒྱ་ཅན་ནི་རྣམ་སྣང་གི་རྒྱས་གདབ་པའོ། །སྟེང་ཞལ་ནི་གཙོ་མོ་ལ་གཟིགས་པས་སོ། །དེ་ཉིད་སྐུའི་རྡོ་རྗེ་མའོ། །མཁའ་སྤྱོད་ནི་མཁའ་སྤྱོད་ཡུལ་དུ་བྱེད་པས་སྟེང་ན་གནས་པའོ། །འདོད་ཆགས་ཕྱག་རྒྱ་ནི་དེ་དག་འོད་དཔག་མེད་ཀྱིས་སོ། །འོག་ཞལ་ནི་གཙོ་མོ་ལ་ཐུར་དུ་གཟིགས་པའོ། །དེ་ཉིད་གསུང་གི་རྡོ་རྗེ་མའོ། །ཐུགས་ཀྱི་རྡོ་རྗེ་བདག་མེད་མ་ལ་མི་བསྐྱོད་པའི་རྒྱས་བཏབ་པས། སེམས་ནི་བདག་མེད་ཚུལ་ཅན་ཉིད། །ཅེས་པ་སྟེ་གསུམ་ཀའང་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱའོ། །དབུས་ནི་སུམ་བརྩེགས་ཀྱིའོ། །དྲུག་པ་ནི་རིགས་ཀྱི་དབྱེ་བསྡུ་བཤད་པའོ། །དེ་ལ་གཉིས་ལས་མཉན་པར་གདམས་པ། རྒྱས་པར་ཞེས་པ་ལ་སོགས་པའོ། །དོན་དངོས་ལ་རང་གི་ངོ་བོའི་སྒོ་ནས་དབྱེ་ན་མི་བསྐྱོད་ཅེས་པ་ལ་སོགས་པ་ཐུགས་ཀྱི་རིགས་ལ་སོགས་པ་ལྔ་ཡིན་ལ། རྡོ་རྗེ་སེམས་དཔའ་ཞེས་པ་སྟེ། ཐམས་ཅད་ཀྱི་བདག་ཉིད་བདེ་བ་ཆེན་པོའི་རིགས་སོ། །སྦྱང་གཞིའམ་སྤང་བྱའི་སྒོ་ནས་དབྱེ་ན་ཞེ་སྡང་ཞེས་པ། དེ་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་ལ། དེ་མི་བསྐྱོད་པ་ཡིན་པ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའ་སྤངས་ནས་ནི། །ཞེས་པ་ནི། རིགས་དྲུག་པ་རིགས་ཐམས་ཅད་ཀྱི་བདག་ཉིད་ཡིན་པ་སྤྱིར་བཏང་ནས། ལོགས་སུ་མ་བགྲངས་པས་ཕྱི་ནས་རིགས་ནི་རྣམ་པ་ལྔའོ། །དེ་ལ་ཡང་ཡོན་ཏན་ཕྲིན་ལས་སྐུ་གསུང་ཐུགས་ལས་ལོགས་སུ་མེད་པས། འདོད་ཆགས་ཞེ་སྡང་གཏི་མུག་གིས། །ཞེས་པ་དེ་གསུམ་དག་པའི་རྡོ་རྗེ་གསུམ་དུ་འདུ་བའོ། །སྐུ་གསུང་ཐུགས་སུ་འདུ་བས། མི་བསྐྱོད་ཞེ་སྡང་གཟུགས་ཅན་གྱི། །ཐུགས་ཀྱི་བདག་པོ་རིགས་གཅིག་ཉིད། །ཞེ་སྡང་རྡོ་རྗེའི་བྱིན་རླབས་འདི། །ཞེས་པ་ཞེ་སྡང་རྣམ་པར་དག་པའི་ཐུགས་ཀྱི་རིགས་ལས་ཕྱེ་བས། རིགས་ནི་ལྔ་དང་དྲུག་ཏུ་བརྗོད་དོ། །ཀྱེའི་རྡོ་རྗེ་ལས་རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་ནི། ངོ་བོ་ཉིད་ལ་སོགས་པ་རིགས་བདག་སྟེ་དེ་གཙོ་བོར་སྟོན་པའོ། །ལྔ་པ་ཧེ་རུ་ཀ་མངོན་པར་འབྱུང་བའི་ལེའུ་ལ་གསུམ་སྟེ། ལེའུ་གསུམ་པ་ལྷའི་ལེའུར་ཧེ་རུ་ཀ་ཕྱག་བཅུ་དྲུག་པ་བསྐྱེད་པ་མ་གསུངས་པས་དེ་ཁ་བསྐང་བའི་ཚུལ་དུ་བཤད་པ་དང༌། ལེའུ་གཉིས་པ་སྔགས་ཀྱི་ལེའུར་རྐང་པ་བརྒྱད་པའི་སྔགས་མ་གསུངས་པས་དེ་ཁ་བསྐང་བའི་ཚུལ་དུ་བཤད་པ་དང༌། ལེའུ་བཞི་པ་དབང་གི་ལེའུར་ཧེ་རུ་ཀའི་དཀྱིལ་འཁོར་དུ་དབང་བསྐུར་བ་མ་གསུངས་པས་དེ་ཁ་བསྐང་བའི་ཚུལ་དུ་བཤད་པའོ། །དང་པོ་ལ་གཉིས་ཏེ། ཕྱིའི་རྗེས་སུ་ཆགས་པས་མཆོད་ནས་ཞུས་པ་དང་ལན་ནོ། །དང་པོ་ནི། ཕྱག་ནི་བཅུ་དྲུག་ཅེས་པ་ལ་སོགས་པའོ། །བདག་གི་དཀྱིལ་འཁོར་ཁྱོད་བཤད་ན། །ཞེས་པ་ལེའུ་བརྒྱད་པར་རོ། །ཁྱོད་ཀྱི་དཀྱིལ་འཁོར་ཇི་ལྟར་ལགས། །ཞེས་པ་ལེའུ་གསུམ་པར་མ་གསུངས་པའོ། །ལན་ལ་གཉིས་ཏེ། ཕྱི་ནང་གི་རྗེས་སུ་ཆགས་པས་མཉེས་པར་མཛད་ནས་གསུང་པར་ཞལ་གྱིས་བཞེས་པ་དང༌། གསུངས་པའི་དོན་དངོས་སོ། །དང་པོ་ནི། བདག་མེད་མ་ལ་འོ་མཛད་ནས། །ཞེས་པ་ལ་སོགས་པ་ཕྱིའི་རྗེས་སུ་ཆགས་པ་ཡིན་ལ། སྙོམས་འཇུག་དང་འབྲེལ་བ་ནང་གི་རྗེས་སུ་ཆགས་པ་སྟེ། རྡོ་རྗེ་ཐོད་པ་ཞེས་པ། ཐོད་པ་ཀ་པཱ་ལ་ལ་ཟེར་ལ། ཀ སུ་ཀ་ན་བདེ་བ། པཱ། པཱ་ལ་ན་སྐྱོང་བ་སྟེ་ཆོས་འབྱུང་ངོ༌། །གཉིས་པ་ནི་སྔོན་འགྲོ་ཁ་བསྐང་བ་སྟེ། ཐུན་ཐ་མ་ལ་ཙཎྜཱ་ལཱི་ལས་བྱུང་བའི་རང་བྱུང་གི་ཡེ་ཤེས་གསལ་སྟོང་ལ་བློ་གཏད་ལ་ཉལ། ནང་པར་ནམ་གྱི་བཞི་ཆའམ་བརྒྱད་ཆ་ན་དེའི་ངང་ལས་ཕྱག་བཅུ་དྲུག་པར་ལྡང༌། ཐུགས་ཀར་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་བསམས་པའི་འོད་ཀྱིས། དཀྱིལ་འཁོར་འཁོར་ལོའི་ཤར་གྱི་དུར་ཁྲོད་ན་བླ་མ་མི་བསྐྱོད་པའི་སྐུ་ལྟ་བུ་དང་བཅས་པ་སྤྱན་དྲངས་པ་ལ། མ་མོ་བརྒྱད་ཀྱིས་མཆོད་དེ། གོང་དུ་ལེའུ་གསུམ་པ་ལས། ནམ་མཁར་རྗེ་བཙུན་བལྟས་ནས་ནི། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །གུར་ལས། བླ་མ་རྡོ་རྗེ་རྣམ་མཆོད་ཅིང༌། །བདུན་པོ་རྣམ་པར་དག་པར་བྱ། །ཞེས་གསུངས་པས་བདུན་རྣམ་དག་བྱ། ཚད་མེད་པ་བཞི་བསྒོམ། ཡེ་ཤེས་ཀྱི་ཚོགས་བསག སྲུང་བའི་འཁོར་ལོ་བསྒོམ་པའི་བར་དུའང་ལེའུ་གསུམ་པ་ལས་འབྱུང་བ་བཞིན་དུ་བྱ། ལེའུ་བརྒྱད་པ་ལས་འབྱུང་བ་བཞིན་དུ། ཡན་ལག་བཞིས་གཞལ་ཡས་ཁང་བསྐྱེད་ལ། གུར་ལས་འབྱུང་བའི་ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནི་ལཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧྃ། ཞེས་བརྗོད་དེ་གཞུང་ལས། འཁོར་ལོ་ཇི་ལྟར་སྔར་གསུངས་པ། །ཞེས་པའོ། །དེའི་མཚན་ཉིད། དོ་ཤལ་དོ་ཤལ་ཕྱེད་པས་བརྒྱན། །ཞེས་པ་ལ་སོགས་པ་རྐང་པ་གསུམ་དང་སྦྱར། དེར་གདན་བསྐྱེད་པ་འོག་ནས། ཚངས་པ་དབང་པོ་ཉེ་དབང་དྲག །ཅེས་པ་ཚིགས་སུ་བཅད་པ་གཅིག་དང་སྦྱར་ཏེ། དེའི་འང་དང་པོ་བཞི་ནི་གཙོ་བོའི་གདན་དུའང་བསྒོམ་པ་སྟེ། གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག་གོ །དེར་རྒྱུ་རྡོ་རྗེ་འཛིན་པ་སྐུ་མདོག་དཀར་པོ་ཡབ་ཡུམ་མངོན་བྱང་ལྔས་བསྐྱེད་པ་དྲོད་གཤེར་ལས་སྐྱེ་བ་སྟེ། འདོད་ཆགས་ཆེན་པོས་རྗེས་ཆགས་པས། །ཞེས་པ་ཚིགས་བཅད་གཅིག་དང་སྦྱར་རོ། །དེ་ནས་འདུ་ཤེས་གསུམ་དང་ལྡན་པས་སྙོམས་པར་ཞུགས་ཤིང༌། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧྃ། ཞེས་རྗེས་སུ་ཆགས་པ་བྱིན་གྱིས་བརླབ་པའི་སྔགས་བརྗོད། སྙོམས་འཇུག་གི་སྒྲས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཤངས་ཀྱི་བུ་ག་གཡོན་པ་ནས་ཞུགས། སྙིང་གར་ཕྱིན་པ་དང་རྗེས་སུ་ཆགས་པའི་མེས་ཞུ་ནས། ཡུམ་གྱི་མཁར་ཐིག་ལེ་བརྒྱད་དུ་བྱོན། དེ་ལས་ས་བོན་བརྒྱད། དེ་ལས་ལྷ་མོ་བརྒྱད་དུ་བསྐྱེད་དེ་དབྱུང་བ་མངལ་སྐྱེས་ཀྱི་ཚུལ་ཏེ། དེ་ཡང༌། གྲོང་ཁྱེར་ཉམས་དགར་ཁྱོད་དང་ང༌། །དགའ་བས་ཤིན་ཏུ་རོལ་པ་ལས། །ཞེས་པ་དང༌། གྃ་ཙྃ་བྃ་གྷྃ་པྃ་ཤྃ་ལྃ་ཌྃ། འདི་ཡི་ས་བོན་བྱུང་བ་དང༌། །ཞེས་པ་དང༌། དཀར་མོ་དབང་པོའི་ཕྱོགས་ཕྱུང་ནས། །ཤར་གྱི་ཕྱོགས་སུ་ཡང་དག་གནས། །ཞེས་པ་གསུམ་སྦྱར་བས་ཤེས་པར་བྱའོ། །དེ་རྣམས་ཀྱི་ཁ་དོག གཽ་རཱི་ཁ་དོག་ནག་མོར་འགྱུར། །ཞེས་པ་ལ་སོགས་པ་དང་སྦྱར་རོ། །ཕྱག་མཚན་དང་བཞུགས་ཚུལ་ལ་སོགས་པ། དཀར་མོ་གཡས་ན་གྲི་གུག་སྟེ། །ཞེས་པ་ལ་སོགས་པའོ། །དེ་ལྟར་ལྷ་མོ་ཕྱུང་བ་དང༌། རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་སྙོམས་པར་ཞུགས་པས་ཞུ་སྟེ། འོད་ཕུང་ཐིག་ལེར་བཞུགས་པ་ལས་ལྷ་མོ་བཞིས་རིམ་པ་བཞིན་གླུས་བསྐུལ་བས། ཐིག་ལེ་ལས་ས་བོན་གཉིས་སུ་གྱུར་པ་ལས་བཞེངས་པ་སྒོང་སྐྱེས་ཏེ། དེ་ནས་རྡོ་རྗེ་ཆགས་ཆེན་ལས། །ཞེས་པ་ལ་སོགས་པ་དང༌། ཨྃ་དང་ཧཱུྃ་གིས་རྡོ་རྗེ་ཆེ། །ཞེས་པ་ཤླཽ་ཀ་གཅིག་དང༌། དེའི་རྒྱས་བཤད། བདག་པོའི་ས་བོན་དག་གིས་ནི། །ཞེས་པ་རྐང་པ་དྲུག་དང་སྦྱར་རོ། །དེའི་མཚན་ཉིད། ཞལ་བརྒྱད་པ་ལ་ཞབས་བཞི་པ། །ཞེས་པ་ལ་སོགས་པ་དང༌། གླང་པོ་རྟ་བོང་གླང་རྔ་མོ། །ཞེས་པ་ལ་སོགས་པ་དང་སྦྱར་རོ། །སྒེག་ཅིང་ཞེས་པ་ལ་སོགས་པ་ལ། བདག་མེད་མ་ཡིས་མགུལ་ན་འཁྱུད་པ་དང༌། གཡོན་དམར་བ་དང༌། གཅེར་བུ་གསུམ་ནི་སྒེག་པའི་ཉམས་སོ། །དཔའ་བོ་བདུད་བཞི་མཉམ་པར་མནན་པ་དང༌། སྟག་གི་པགས་པའི་ཤམ་ཐབས་སོ། །མི་སྡུག་པ་ནི། སྣ་ཚོགས་རྡོ་རྗེས་སྤྱི་བོར་མཚན་མ་དང༌། ཐོད་པ་ལྔས་དབུར་བརྒྱན་པ་དང༌། ཕྱག་ན་ཐོད་པ་བཅུ་དྲུག་བསྣམས་པ་དང༌། ཕྱག་རྒྱ་དྲུག་གི་རྒྱན་དང༌། ཐོད་པ་ལྔ་བཅུའི་དོ་ཤལ་རྣམས་སོ། །དགོད་པ་ནི་ཞལ་ནས་ཧཱུྃ་སྤྲོ་བ་དང༌། ཧ་ཧ་ཞེས་བཞེད་པའོ། །དྲག་ཤུལ་ནི་སྐུ་མདོག་གནག་པ་དང༌། སྤྱན་ནི་ཉི་ཤུ་རྩ་བཞིས་ཕྱུག་པའོ། །འཇིགས་སུ་རུང་བ་ནི་སྐྲ་སེར་པོ་གྱེན་དུ་བརྫེས་པ་དང་ཉི་མར་བཞུགས་པའོ། །སྙིང་རྗེ་ནི་ཕྱག་མཚན་བཅུ་དྲུག་གིས་ནད་བརྒྱད་སེལ་བ་དང་དབང་ཕྱུག་བརྒྱད་སྟེར་བའོ། །རྔམ་པ་ནི་ངོ་མཚར་བ་སྟེ། སྒེག་པ་ལ་སོགས་པའི་ཉམས་ཀྱིས་འདོད་ཆགས་ཅན་ལྟ་བུར་འདུག་ལ། དྲག་ཤུལ་གྱི་ཉམས་ཀྱིས་ཞེ་སྡང་ཅན་ལྟ་བུར་འདུག་པའོ། །ཞི་བ་ནི་གཡས་དཀར་བའོ། །དེ་ལྟར་དམ་ཚིག་སེམས་དཔའ་བསྐྱེད་པ། དེ་ཡང༌། གུར་གྱི་ལེའུ་ལྔ་པ་ལས། སྙིང་གར་ཡེ་ཤེས་གནས་སུ་དགོད། །ཅེས་པ་དང༌། རང་སྔགས་ཡི་གེ་རྫོགས་པ་དང༌། །ཕྱག་རྒྱ་དང་ནི་ཕྱག་མཚན་བརྟག །ཅེས་གསུངས་པ་བཞིན་དུ། ཐུགས་ཀར་ཡེ་ཤེས་སེམས་དཔའ་རང་དང་འདྲ་བ་ཆོ་ག་གསུམ་ལས་བསྐྱེད། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་བསྐྱེད་དེ་སེམས་དཔའ་སུམ་བརྩེགས་སུ་བྱའོ། །ཡང་གུར་གྱི་ལེའུར་བཞི་པ་ལས། ཡེ་ཤེས་འཁོར་ལོ་གཞུག་པ་དང༌། །ཞེས་གསུངས་པས་ཡེ་ཤེས་པ་དགུག་གཞུག་བྱ། མིག་ལ་སོགས་པར་གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་དགོད། །ཅེས་གསུངས་པས་སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ། ས་བོན་ཙམ་ལས་བསྐྱེད་པས་བརྫུས་སྐྱེས་ཏེ། དེ་ལྟར་ན་མངོན་པར་རྟོགས་པ་ཚར་གཅིག་ལ་སྐྱེ་གནས་བཞི་སྦྱོང་བའི་ཏིང་ངེ་འཛིན་ཚང་བ་སྟེ། དེ་རྣམས་ཐམས་ཅད་རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག་ཏུ་བསྡུའོ། །དབང་ནི་རིག་མ་བརྒྱད་རྣམས་ཀྱིས། །ཞེས་གསུངས་པ་བཞིན་དུ་དབང་བསྐུར་ཞིང་རྒྱས་གདབ་པ་བྱིན་གྱིས་བརླབ་པའི་སྔགས་དང་བཅས་པ་བྱ་སྟེ་མི་བསྐྱོད་པའི་ཡན་ལག་གོ །ལྷ་མོ་བརྒྱད་ཀྱིས་མཆོད་པ་ཉིད། །ཅེས་གསུངས་པས་རང་གི་སྙིང་ག་ནས་སྤྲོས་པའི་ལྷ་མོ་བརྒྱད་ཀྱིས་མཆོད་ལ། པཱུ་ཛ་བཛྲའི་སྔགས་བརྗོད་དེ་དོན་ཡོད་གྲུབ་པའི་ཡན་ལག་གོ །འཁོར་ལོ་འདྲེན་པས་བསྟོད་པ་དང༌། །ཞེས་གསུངས་པས་ལྷ་མོ་བརྒྱད་པོ་ཉིད་ཀྱིས། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཀྱིས་བསྟོད་ལ། སྟུ་ཏི་བཛྲ་བརྗོད་པས་བྱིན་གྱིས་བརླབ་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་གོ །ཡང་ནི་བདུད་རྩི་མྱང་བ་བྱ། ཞེས་གསུངས་པས་བདུད་རྩི་མྱངས་ལ་ཨ་མྲྀ་ཏ་བརྗོད་པས་འོད་དཔག་མེད་ཀྱི་ཡན་ལག་གོ །དེ་ནས་ཐུན་མཚམས་སུ་བཟླས་པ་བྱ། ལྷ་མོ་བརྒྱད་ཐུགས་ཀར་བསྡུ། དག་པ་དྲན་པར་བྱ། རྡོ་རྗེའི་གླུ་བླང༌། སྨོན་ལམ་གདབ་བོ། །སྤྱི་དོན་གཉིས་པ་ཕྱི་ནང་གི་རྗེས་སུ་ཆགས་པས་མཆོད་ནས་ཞེས་པ། བོལླ་གཞིབ་པར་མཛད་ནས་ནི་ཞེས་པ་རྐང་བ་བཞིའོ། །ལན་ལ་གསུམ་སྟེ། མཉན་པར་གདམས་ཤིང་བཤད་པར་དམ་བཅའ་བ་དང༌། སྔགས་ཀྱི་ལས་དང༌། སྔགས་དངོས་སོ། །དང་པོ་ནི་བུད་མེད་རྣམས་ནི་ཞེས་པ་ལ་སོགས་པ་སྟེ། གཞན་དུ་མ་བསྟན་ཞེས་པ། གསང་བ་འདུས་པ་ལ་སོགས་པར་རམ། ཡང་ན་ལེའུ་གཉིས་པར་རོ། །འདི་ཡི་སྔགས་ཀྱིས་གང་འབྱུང་ཞིང༌། །ཞེས་པ་ནི་འབྲས་བུའོ། །རྡོ་རྗེ་སེམས་དཔས་གང་མཛད་པ་ནི་ཕྲིན་ལས་སོ། །གཉིས་པ་ནི། འབར་བའི་ཕྲེང་བ་འཁྲིགས་པ་ཡི། །དཀྱིལ་འཁོར་རབ་ཏུ་བཞེངས་ནས་ནི། །ཞེས་པ་སྔོན་བྱུང་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲུལ་པའོ། །རྡོ་རྗེ་སྙིང་པོར་དབང་སྦྱིན་ཕྱིར། །ཞེས་པ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཕྱིར་རོ། །ཐིག་ལེ་མཆོག་མ་ནི་བརྒྱ་བྱིན་གྱི་ཆུང་མའོ། །དགུག་པ་ཉིད་རྡོ་རྗེ་འཆང་གིས་སོ། །དེ་བཞིན་དུ་རྗེས་འཇུག་གི་སྒྲུབ་པ་པོས་ཀྱེའི་རྡོ་རྗེའི་རྣལ་འབྱོར་དང་ལྡན་པས། བསྙེན་པ་འབུམ་སྔོན་དུ་སོང་བས་ལས་སྦྱོར་གྱི་དུས་སུ་བཟླས་པ་ཁྲི་ཡིས་ཞེས་པ་སྦྱར་རོ། །གསལ་བ་ནི་ཚིག་གོ །སྒྲ་རིང་པོ་ནི་རིང་པར་རིང་བའོ། །བཟང་བ་ནི་དྲག་པ་མ་ཡིན་ཞེན་པ་མ་ཡིན་པ་ལ་སོགས་པའོ། །གསུམ་པ། རིག་བྱེད་རྣམས་ཀྱི་དང་པོ་སྦྱིན། །ཞེས་པ་རིག་བྱེད་འདོན་པ་ན་ཨོཾ་སྭ་སྟི་ཞེས་འདྲེན་པས་སོ། །སྤྱི་དོན་གསུམ་པ་ལ་ཕྱི་ནང་གི་རྗེས་སུ་ཆགས་པས་མཆོད་ནས་ཞུས་པ་དང༌། ལན་ནོ། །དང་པོ་ནི་དེ་ནས་ཞེས་སྔགས་གསུངས་པ་དང་འབྲེལ་བ་ཅན་དུ་ལྷ་མོ་དེ་དགྱེས་པའང་སྔགས་གསུངས་པ་ལའོ། །ལན་ལ་གཉིས་ཏེ། དཀྱིལ་འཁོར་བྲི་བའི་ཚུལ་དང༌། དེར་སློབ་མ་དབང་བསྐུར་བའི་ཚུལ་ལོ། །གོང་མ་ལ་ལྔ་སྟེ། རྟེན་གྱི་དཀྱིལ་འཁོར་ཇི་ལྟར་བྲི་བ་དང༌། དེར་ལྷ་ཇི་ལྟར་དགོད་པ་དང༌། བུམ་པ་ཇི་ལྟར་དགོད་པ་དང༌། རིག་མ་ཇི་ལྟར་གཞུག་པ་དང༌། དེ་ཇི་ལྟར་བསྟེན་པའི་ཚུལ་བཤད་པའོ། །དང་པོ་ནི་དེ་ལས་ཞེས་པ་ལ་སོགས་པ་སྟེ། དེ་ཉིད་དཀྱིལ་འཁོར་བྲི་བར་མཛད། །ཅེས་པ་དེའི་ཐབས་གསུངས་པའོ། །འཕར་མ་གཅིག་དང་སྒོ་བཞི་པ། ལ་སོགས་པ་ནི་བསྙེན་པ་ནས་ཐིག་གདབ་པའི་བར་སྔོན་དུ་སོང་བས་རྡུལ་ཚོན་བྲི་བ་དང་སྦྱར་རོ། །གཉིས་པ་ནི་སྙིང་པོར་ཞེས་པ་རྐང་པ་གཉིས་དང༌། དབུས་སུ་ཞེས་པ་རྐང་པ་གཉིས་སྦྱར་བར་བྱའོ། །གསུམ་པ་ནི་དེ་ནས་ཞེས་པ་ལ་སོགས་པ་སྟེ། བུམ་པ་དབུལ་བ་དང་ཕྱོགས་གཅིག་ཏུ་བུམ་པ་སྟ་གོན་ཡང་བཤད་དོ། །དེ་ཉིད་བསྡུས་པའི་དཀྱིལ་འཁོར་གྱི་ཆོ་ག་ནི་རྣལ་འབྱོར་གྱི་རྒྱུད་དོ། །བཞི་པ་ནི་དཀྱིལ་འཁོར་སྒྲུབ་པའི་རྟེན་ཏེ། བཅུ་གཉིས་ནི་བཅུ་ཚན་གཉིས་ཏེ་ཉི་ཤུ་མའོ། །བརྒྱད་གཉིས་ནི་བཅུ་དྲུག་མའོ། །བདེ་ཆེན་ནི་ལྷན་སྐྱེས་ཏེ་སྐྱེ་རུ་རུང་བའོ། །བརྒྱད་པ་ནི་མ་ལ་སོགས་པ་འོག་ནས་འཆད་དོ། །དཀྱིལ་འཁོར་དུ་ནི་རབ་ཏུ་གཞུག །ཅེས་པ་ནི་སྣོད་དུ་བྱ་བའོ། །དེའི་རྒྱས་པར་བཤད་པ་མ་དང་ལ་སོགས་པ་སྟེ། ནུས་པ་ཐོབ་པས་འཇིག་རྟེན་པའི་རྟོག་པ་སྤང་བའི་དོན་དུ་སྒྲ་ཇི་བཞིན་དུ་ཡིན་ལ་ལས་དང་པོ་པའི་སློབ་དཔོན་གྱི་མ་སྟེ་རང་གི་གསང་བའི་ཡུམ་མོ། །སྲིང་མོ་ཤེས་རབ་ཡེ་ཤེས་ཀྱི་རྟེན། བུ་མོ་རང་གིས་དབང་བསྐུར་བ། སྲིང་མོའི་བུ་མོ་རང་དང་ལྷན་ཅིག་ཏུ་དབང་བླངས་པ་དེས་དབང་བསྐུར་བ། ཞང་པོའི་ཆུང་མ་རང་གི་གསང་བའི་ཡུམ་དང་ལྷན་ཅིག་ཏུ་དབང་བླངས་པའི་རྣལ་འབྱོར་པས་དབང་བསྐུར་བའོ། །མའི་སྤུན་ནི་བདག་གི་གསང་བའི་ཡུམ་དང་ལྷན་ཅིག་ཏུ་དབང་བླངས་པ་དེའོ། །སྒྱུག་མོ་བདག་གི་དབང་གི་རྟེན་དེས་ཤེས་རབ་ཡེ་ཤེས་དང་གསང་དབང་བླངས་པའི་ཡུམ་མོ། །དེ་བཞིན་ཕའི་སྲིང་མོ་བདག་གི་བླ་མའི་ཤེས་རབ་ཡེ་ཤེས་ཀྱི་རྟེན་བྱས་པའོ། །ལྔ་པ་ཇི་ལྟར་བསྟེན་པའི་ཚུལ་ནི་དེ་ལ་བརྟེན་ནས་དཀྱིལ་འཁོར་བསྒྲུབ་པ་སྟེ། ཐབས་ཤེས་རབ་གཉིས་ཀས་ཚོགས་གཉིས་བསགས་པ་སྔོན་དུ་སོང་ནས་སྲུང་འཁོར་དང་གཞལ་ཡས་ཁང་ཇི་ལྟ་བ་བཞིན་དུ་བསྐྱེད་དེ་མདུན་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་རོ་གཅིག་ཏུ་མོས་པ་བྱ། དེར་མངོན་བྱང་ལྔས་གཙོ་བོ་ཡབ་ཡུམ་བདག་དང་རོ་གཅིག་ཏུ་བསྐྱེད་མཁའ་གསང་བྱིན་གྱིས་བརླབ། ཆོས་ཀྱི་འདུ་ཤེས་ཀྱིས་དཀྱིལ་འཁོར་བསྒྲུབ་པ་དང་དཀྱིལ་འཁོར་གྱི་ལྷ་ལ་བསང་གཏོར་བྱ་བ་དང༌། བདག་ཉིད་བདུད་རྩི་མྱོང་བའི་རྫས་བཙལ་བ་གསུམ་འབྲེལ་པ་ཅན་དུ་འཇུག དེ་ལྟར་འདུ་ཤེས་གསུམ་དང་ལྡན་པས་སྙོམས་པར་ཞུགས་པ་ལས་ཡུམ་གྱི་མཁར་དཀྱིལ་འཁོར་རྫོགས་པར་བསྐྱེད་དེ། རིམ་པ་བཞིན་དུ་གཙོ་བོ་ཡབ་ཡུམ་ལས་ཡབ་ཡུམ་དཔག་ཏུ་མེད་པར་གྱུར་ཏེ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་སྤྲོས་པས། སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་དང་རྣམ་པར་ཤེས་པའི་ཕུང་པོ་སྦྱངས་ཏེ། ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས། རྣམ་པ་གཙོ་བོ་ཡབ་ཡུམ་འབའ་ཞིག་ཏུ་གྱུར་ནས། དོན་བྱེད་པ་དང་བྱས་པ་ཐམས་ཅད་འདུས་ནས་ཡབ་ཡུམ་ཉིད་ལ་ཐིམ་པ་ལ་སོགས་པའི་ཚུལ་གྱིས། དམ་ཚིག་གི་དཀྱིལ་འཁོར་འབྱིན་པའི་ཚུལ་གྱིས་བསྒྲུབ་པ་སྟེ་དམ་དུ་འཁྱུད་ཅེས་པ་དང་སྦྱར་རོ། །དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བའི་ཚུལ་གྱིས་བསྒྲུབ་པ་དང༌། སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཚུལ་གྱིས་བསྒྲུབ་པ་དང༌། དབང་བསྐུར་ཞིང་རྒྱས་གདབ་པའི་ཚུལ་གྱིས་བསྒྲུབ་པ་སྟེ། ཡན་ལག་གསུམ་དང་མཆོད་པ་ཁ་བསྐང་བའོ། །དེར་སློབ་མ་དབང་བསྐུར་བའི་ཚུལ་ལ་བཞི་སྟེ། ཐོག་མར་སློབ་མ་དཀྱིལ་འཁོར་དུ་གཞུག་པ་དང༌། དེར་སློབ་དཔོན་ལ་སོགས་པའི་དབང་གསུམ་བསྐུར་བ་དང༌། དེ་ནས་ཚིག་གི་བཞི་པས་མཚོན་པར་བྱ་བ་དང༌། མཚོན་པར་བྱ་བའི་དོན་གྱིས་བྱེ་བྲག་ཏུ་ཤེས་རབ་ཡེ་ཤེས་ཀྱི་མཚན་ཉིད་བཤད་པའོ། །དང་པོ་ནི་དེ་ནས་ཞེས་པ་ཤླཽ་ཀ་གཅིག་གོ །གཉིས་པ་མཚན་མོ་ཞེས་པ་དབང་བསྐུར་བའི་དུས་སུ། སྐྱེ་བོ་མེད་ཁྱིམ་དུ་ནི་གནས་སོ། །སློབ་དཔོན་ཞེས་དེས་མཚོན་ནས་བུམ་པའི་དབང༌། ལ་སོགས་པས་བསྡུས་པ་གསང་བ་དང་ཤེས་རབ་ཡེ་ཤེས་སོ། །ཡང་ན་སློབ་དཔོན་ལ་སོགས་པ་བུམ་དབང་བཅུ་གཅིག་གསུངས་པ་ནི་གུར་ལས་འཆད་པར་འགྱུར་བའོ། །དབང་རེ་རེ་ལའང་མཆོད་བསྟོད་གསོལ་བ་གདབ་པ་སྔོན་དུ་འགྲོ་བས། ཇི་ལྟར་མཆོད་དང་བསྟོད་བཤད་པ། །སློབ་མ་བཟང་པོར་སྔར་ཤེས་བྱ། །ཞེས་གསུངས་སོ། །གསུམ་པ་ནི་དེ་ཉིད་ཅེས་པ་ཤེས་རབ་ཡེ་ཤེས་ཀྱི་དུས་སུ་ཉམས་སུ་མྱོང་བའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེ་ལ་བསྟན་པ་ནི་ལེའུ་བཅུ་གཉིས་པ་ལས་འབྱུང་བའི་ཚིག་གིས་སྟོན་པའོ། །བཞི་པ་ལ་གཉིས་ཀྱིས་མདོར་བསྟན་པ་དགའ་བྲལ་དང་པོ་ཞེས་པ་བདེ་བའི་རྟེན་བྱང་ཆུབ་ཀྱི་སེམས་ལྷུང་བའམ་ལོག་པའི་བདེ་བ་དང་བྲལ་བའི་དང་པོ། མཆོག་མཐའ་ཅན་ནི་འཇིག་རྟེན་པའི་བདེ་བ་ལས་མཆོག་ཏུ་གྱུར་པ་དགའ་བ་གསུམ་གྱི་མཐའ་མར་རོ། །ཐམས་ཅད་རྒྱུད་དུ་སྦས་པ་སྟེ། །ཞེས་པ་འདུས་པ་ལ་སོགས་པའི་རྒྱུད་ཐམས་ཅད་དུ་སྦས་པ་སྟེ་ལྷན་སྐྱེས་སོ། །མཐའ་ཡི་མཐའ་ཞེས་པ། མཐའ་དང་སྟེ་རིགས་ཀྱི་བདག་པོའི་མཁའ། མཁའ་རུ་སྟེ་རྩ་མཛེས་པའི་སྤྱི་བོར། ཕྱེ་བ་ཉིད་བྱང་ཆུབ་ཀྱི་སེམས་གཉིས་འདྲེས་པ་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་ལ་མངོན་དུ་གྱུར་པའོ། །རྒྱས་པར་བཤད་པ་ལ་གཉིས་ཏེ། ཞུས་པ། རྡོ་རྗེའི་མཆོད་པ་རབ་སྦྱར་ནས། །ཞེས་པ་སྙོམས་འཇུག་གི་བདེ་བས་སོ། །ལྷ་ཞེས་པ་སྟོན་པ་ལ་བོས་པའོ། །དེའི་སྐད་ཅིག་ནི་བསམ་གྱིས་མི་ཁྱབ་པའི་དུས་དེའི་སྐད་ཅིག་གོ །གཉིས་པ་ལན་ལ་གཉིས་ལས། ཕྱག་རྒྱ་ལ་བརྟེན་པའི་ཡེ་ཤེས་ནི། བཅོམ་ལྡན་འདས་ཞེས་པ་སྟེ། དེར་ནི་ཞེས་པ་སྐད་ཅིག་གསུམ་སྤངས་པ་མཚན་ཉིད་དང་བྲལ་བའི་དུས་སུ་དགའ་བ་གསུམ་སྤངས་པ་ལྷན་སྐྱེས་སྐྱེས་པ་དེར་ནིའོ། །ཐོག་མ་མེད་ཅེས་སྦྱར་ཏེ་དགའ་བའི་རྟོག་པའོ། །དབུས་མཆོག་དགའོ། །མཐའ་དགའ་བྲལ་ལོ། །སྲིད་མེད་མྱ་ངན་འདས་པའང་དེར་ཞེན་པའི་རྟོག་པའོ། །ཡང་ན་བྱང་ཆུབ་ཀྱི་སེམས་ཕྱེད་ནང་ན་མི་གནས་པས་སྲིད་པ་མེད་ཅིང༌། ཕྱེད་ཕྱི་རོལ་ན་མི་གནས་པས་མྱ་ངན་ལས་འདས་པ་མེད་པའོ། །རྟོག་པའི་རྡུལ་དང་བྲལ་བས། འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་བྱའོ། །བདག་སྒྲུབ་པ་པོ་ཧེ་རུ་ཀར་བསྐྱེད་པ་མེད་ལ་གཞན་ཕྱག་རྒྱ་བདག་མེད་མར་བསྐྱེད་པའི་རྟོག་པ་མེད་པའམ། ཡང་བདག་དང་གཞན་དུ་ཞེན་པ་ཙམ་མེད་པའོ། །གཉིས་པ་མ་ནིང་གི་དབང་ལ་བརྟན་པའི་ཡེ་ཤེས་ཀྱི་མཚན་ཉིད་བཤད་པ་ནི། རྒན་པོ་སྦྱོར་བའི་ནུས་པ་བྲལ་པ་དང༌། མ་ནིང་སྦྱོར་བའི་ནུས་པ་མེད་པ་དང༌། དགེ་སློང་ལ་སོགས་པ་བསླབ་པས་བསྡམས་ཤིང་རྟོག་པ་ཆེ་བ་ལ་ཚོགས་ཀྱི་མཆོད་པ་དང༌། ཡོན་དང་གསོལ་བ་གདབ་པ་སྔོན་དུ་འགྲོ་བས། སློབ་མ་རྡོ་རྗེ་སྐྱིལ་ཀྲུང་དུ་བཞག་ལ་མི་བསྐྱོད་པའི་ང་རྒྱལ་འཛིན་དུ་གཞུག སློབ་མའི་གཡོན་པའི་མཐེ་བོང་དང་སྲིན་ལག་གིས། ལོངས་སྤྱོད་ཀྱི་རྩ་གཉིས་དྲག་ཞན་རེས་མོས་ཀྱིས་བཙིར་ཞིང་མིག་གྱེན་ལ་ལྟ་བའི་འགྱུར་བ་བྱ། དེས་ཀྱང་རང་བཞིན་ལྷན་སྐྱེས་མཚོན་ནུས་པའི། ཏིང་ངེ་འཛིན་སྐྱེ་བས་ཏེ་ལོངས་སྤྱོད་ཀྱི་ཞེས་པ་ལ་སོགས་པ་དང་སྦྱར་རོ། །མཆོག་གི་མཐའ་དང་དགའ་བྲལ་དབུས་ནི། གོང་དུ་བཤད་པ་དང་འདྲ་ལ། དེར་སྐྱེས་པའི་ལྷན་སྐྱེས་དང་འདྲ་བར་སྐྱེ་བས་ཏེ། སྟོང་པ་བདེ་བ་སྟོང་མིན་ཞུ་བའམ། ཡང་ན་སྟོང་པ་མི་རྟོག་པ། །སྟོང་མིན་བདེ་བ། ཧེ་རུ་ཀ་ཞེས་པ་དོན་གྱི་ལྷན་སྐྱེས་ཡིན་ལ་དེ་མཚོན་ནུས་པའོ། །མཚོན་ལས་ཀྱེའི་རྡོ་རྗེ་མངོན་པར་འབྱུང་བ་ཞེས་པས། སྐུ་མངོན་པར་འབྱུང་བ་ཕྱག་བཅུ་དྲུག་པ། གསུང་མངོན་པར་འབྱུང་བ་རྩ་བའི་སྔགས། དབང་མངོན་པར་འབྱུང་བ་ཧེ་རུ་ཀའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྟོན་པས་སོ།།  །།ལེའུ་དྲུག་པ་ལ་གཉིས་ཏེ། སྤྱོད་པའི་ལེའུར་ཕྱག་རྒྱ་ལྔའི་དགོས་པ་མ་གསུངས་པས་དེ་ཁ་བསྐང་བ་དང༌། ལྷའི་ལེའུ་དང་རྣལ་འབྱོར་མའི་ཙཀྲའི་ལེའུ་དང་ཧེ་རུ་ཀ་འབྱུང་བའི་ལེའུར་ལྷ་བསྐྱེད་པ་ཙམ་གསུངས་ཀྱི། དེའི་བྲིས་སྐུ་བྲི་བའི་ཚུལ་མ་གསུངས་པས་དེ་ཁ་བསྐང་བའི་ཚུལ་དུ་བཤད་པའོ། །དང་པོ་ལ་གཉིས་ཀྱི་དང་པོ་ཕྱི་ནང་གི་རྗེས་སུ་ཆགས་པས་མཉེས་པར་མཛད་པ། ལྷ་མོ་ལ་ནི་ཞེས་པ་ཤླཽ་ཀ་གཉིས་སོ། །དོན་དངོས། ཕྱག་རྒྱ་ལྔ་ནི་རབ་ཕྱེ་བ། །ཞེས་པ་ལ་སོགས་པས་ཏེ། སྤྱོད་པ་བྱེད་པ་ན་བདེ་སྟོང་གི་ཏིང་ངེ་འཛིན་གྱིས་མྱོས་པས། བླ་མ་ལ་ཕྱག་འཚལ་བ་ལ་སོགས་པ། བརྗེད་པར་དོགས་པའི་བརྗེད་ཐོར་རམ། ཡང་ན་དོད་པོ་ཡིན་ནོ། །སྤྱི་དོན་གཉིས་པ་ནི། བསྐྱེད་རིམ་སྟོན་པའི་ལེའུ་གསུམ་དུ། ཚོགས་བསགས་པའམ། ལྷའི་རྣམ་པ་ལ་སེམས་འཛིན་པའི་རྟེན། བྲིས་སྐུ་མ་ཚང་བ་ཁ་བསྐང་བ་དང༌། ལེའུ་གཉིས་པ་སྔགས་ཀྱི་ལེའུར་དངོས་གྲུབ་མཐའ་དག་སྒྲུབ་པའི་ཐབས་གསུངས་པ་ལས་དམ་ཚིག་དང་སྡོམ་པ་ཅི་རིགས་པར་གསུངས་ཀྱང༌། སྐུ་རྡོ་རྗེའི་དམ་ཚིག་བྲིས་སྐུ་མ་གསུངས་པས་འདིར་བཤད་པའང་ཡིན་ནོ། །དེ་ལ་གཉིས་ཀྱི་དང་པོ་ཕྱིའི་རྗེས་སུ་ཆགས་པས་མཆོད་ནས་ཞུས་པ། དེ་ནས་ཞེས་པ་ལ་སོགས་པས་ཏེ། ལྷན་ཅིག་སྐྱེས་པའི་གཟུགས་ཅན་ཉིད། །ཅེས་པ་ནི་དམིགས་པ་མེད་པའི་སྙིང་རྗེ་དང་ཤེས་རབ་དབྱེར་མི་ཕྱེད་པའི་རྣམ་པ་ཡིན་པས་སོ། །གཙོ་བོ་ཞེས་པ་ནི་སྟོན་པ་ལ་བོད་པའོ། །ཆོ་ག་ནི་ཚོན་བྱིན་གྱིས་བརླབ་པ་ལ་སོགས་པ་སྒྲུབ་པ་པོའི་འོ། །བྱ་བ་ནི་ཐིག་གདབ་པ་ལ་སོགས་པ་རི་མོ་མཁན་གྱིའོ། །ལན་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་སྟེ། བྲིས་སྐུ་འཇིགས་པ་བྲི་བ་ཉིད། །ཅེས་པ་ཁྲོ་བོའི་ཆ་བྱད་ཅན་ཡིན་པས་སོ། །སྐྱེས་པའི་ཐོད་གནས་ཁ་དོག་ལྔས། །ཞེས་པ་ནི་ཐོད་པ་ལྔའི་ནང་དུ་ཚོན་ལྔ་ཡིག་འབྲུ་ལྔ་ལས་རིགས་ལྔར་བསྐྱེད་པ་ལ་སོགས་པ་རྡུལ་ཚོན་བཞིན་བྱའོ། །བྲིས་སྐུ་བླ་མ་ནི་གཟབས་ལ་གཞན་ལས་ཁྱད་པར་དུ་འཕགས་པ་བྲི་བ་ཉིད་དོ། །གང་གང་ལ་སོགས་པ་བྲི་བའི་གཞི་སྟེ། དང་པོ་ནས་སྒྲུབ་པའི་རས་ཀྱི་དབང་དུ་བྱས་པའོ། །དམ་ཚིག་བྱིན་གྱིས་བརླབ་ཅེས་པ། དམ་ཚིག་དང་ལྡན་པ་དེ་ཡང་ལྷར་བསྐྱེད་ལ་བྱའོ། །རས་འདུལ་བ་དང་སྤྱན་འབྱེད་པ་དང༌། རབ་གནས་བྱེད་པ་གསུམ་ཀ་ཚོགས་ཀྱི་འཁོར་ལོ་དང་འབྲེལ་བས། ཚེས་གྲངས་ཀྱི་དུས་ཟླ་བ་ཡར་ངོའི་བཅུ་བཞི་པ་ལ། ཞེས་པས་བསྟན་ལ། ཁྱིམ་དབེན་པར་ཞེས་པས་གནས་སོ། །ཕྱེད་ན་ཞེས་པ། མཚན་ཕྱེད་ན་སྟེ་ཉིན་ཞག་གི་དུས་སོ། །མ་རུངས་སེམས་ཀྱིས་ནི་ཞེས་པ་ལྷའི་རྣལ་འབྱོར་དང་ལྡན་པས་སོ། །ཆང་གི་བཏུང་བ་ཞེས་པ་མཆོད་རྫས་ཀྱི་ཁྱད་པར་རོ། །ལུས་ལ་ནི་རཾ་ཤུ་བསམས་ནས། །ཞེས་པ་རྒྱན་ཏེ། བསྒོམ་པའམ་གདགས་པའོ། །གཅེར་བུར་གྱུར་པ་ནི་སྤྱོད་ལམ་མོ། །འབགས་པ་དང་ནི་མ་དག་པས། །ཞེས་པ་ཐ་མལ་གྱི་རྣམ་རྟོག་སྟེ། དེས་མ་གོས་པར་བྱ་བའོ། །དེའི་དུས་སུ་བླ་མའམ་སྒྲུབ་པ་པོ་དང་རི་མོ་མཁན་ལ་ཕྱག་རྒྱ་དབུལ་བ་བཞིན་བཟང་ཞེས་པ་ལ་སོགས་པ་སྟེ། སྐལ་བཟང་མ་ནི་བསོད་ནམས་ཆེ་ཞིང་སྐྱེས་པའི་ཚེ་ལ་གནོད་པ་ལ་སོགས་པའི་སྐྱོན་མི་འབྱུང་བའོ། །མེ་ཏོག་བཅས་ཤིང་ནི་རང་བྱུང་གི་མེ་ཏོག་སྟེ་རཀྟའོ།།  །།ལེའུ་བདུན་པ་ལ་གཉིས་ཏེ། བསྐྱེད་རིམ་སྟོན་པའི་ལེའུ་གསུམ་དུ་ཚོགས་བསགས་པའི་རྟེན་གླེགས་བམ་མ་གསུངས་པས་དེ་ཁ་བསྐང་བ་དང་དབང་གི་ལེའུ་ལ་སོགས་པ་གསུམ་དུ་དབང་བསྐུར་བ་ཙམ་གསུངས་ཀྱང་དེའི་དུས་སུ་ཚོགས་ཀྱི་སྟོན་མོ་ཇི་ལྟར་བཟའ་བ་མ་གསུངས་པས་དེ་ཁ་བསྐང་བའི་ཚུལ་དུ་བཤད་པའོ། །དང་པོ་ནི་གསུང་རྡོ་རྗེའི་དམ་ཚིག་ཡིན་པས་སྔ་མ་བཞིན་དུ་ལེའུ་གཉིས་པ་དང་འབྲེལ་ལོ། །དེ་ལའང་གཉིས་ཀྱི་དང་པོ་ཕྱི་ནས་རྗེས་སུ་ཆགས་པས་མཆོད་ནས་ཞུས་པ། དེ་ནས་ཞེས་པ་ལ་སོགས་པའོ། །གཉིས་པ་ནང་གི་རྗེས་སུ་ཆགས་པས་མཉེས་པར་མཛད་ནས་ལན་བསྟན་པ་ལ་བཞི་སྟེ། ཉན་པར་གདམས་པ་དང༌། ཇི་ལྟར་བྲི་བའི་ཚུལ་དང༌། གང་ལ་བསྟན་པ་དང་མི་བསྟན་པའི་བྱེ་བྲག་དང༌། ལམ་དུ་ཇི་ལྟར་བཀུར་ཚུལ་བསྟན་པའོ། །དང་པོ་ནི། རྡོ་རྗེ་པདྨར། ཞེས་པ་ལ་སོགས་པའོ། །གཉིས་པ་སྦྲང་ཆེན་ནི་ཚིལ་ཆེན་གྱི་དུད་པའོ། །གསུམ་པ་གླེགས་བམ་ཞེས་པ་ལ་སོགས་པ་སྟེ། འཇིག་རྟེན་ཕ་རོལ་སྤྱོད་ཡུལ་མིན། །ཞེས་པ་ཕྱི་མ་ཡང་མི་ཕྲད་པའོ། །བཞི་པ་གླེགས་བམ་ཞེས་པའོ། །སྤྱི་དོན་གཉིས་པ་ལ་གཉིས་ཀྱི་དང་པོ་ཕྱི་ནང་གི་རྗེས་སུ་ཆགས་པས་མཉེས་པར་མཛད་ནས་ཉོན་ཅིག་པར་གདམས་པ། བྷ་གར་ཞེས་པ་ལ་སོགས་པའོ། །དོན་དངོས་ལ་གནས་ཀྱི་ཁྱད་པར་གང་དུ་ཟོས་པས་ཞེས་པ་ལ་སོགས་པ་སྟེ། ལྷའི་རྣལ་འབྱོར་དང་ལྡན་པས་དངོས་གྲུབ་ཏུ་འགྱུར་བའི་གནས་སོ། །དུས་བརྟག་པ་དང་པོའི་ལེའུ་བདུན་པར་གསུངས་པའི། ཡི་དྭགས་ཟླ་ཕྱེད་ལ་སོགས་པ་དྲུག་གོ །དོན་གྱི་ཤེས་པར་བྱ་བ་ཡོ་བྱད་བཤམ་པ་ནི། གནས་ཁང་ཕྱག་དར་དང་སྐྱང་ནུལ་སྔོན་དུ་འགྲོ་བས། ཚོམ་བུ་ལྷ་གྲངས་དང༌། མཐུན་པའི་མཎྜལ་བྱ། རྟེན་དགྲམ། ཆུ་གསུམ་སྔོན་དུ་འགྲོ་བའི་ཕྱི་མཆོད་བརྒྱད་དང་བདུད་རྩི་དང༌། འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པའི་གཏོར་མ་བཤམ། དམ་ཚིག་དང་ལྡན་པའི་སྐྱེ་བོ་ཚིམ་པར་བྱེད་པའི་ཚོགས་ཀྱི་ཡན་ལག་ལོགས་སུ་བཤམ་དུ་གཞུག དེ་ལ་གདན་དུ་བརྟག་པ་ནི། ཞེས་པ་ལ་སོགས་པའི་ཚུལ་གྱིས་གནས་དགུར་གདན་བཤམ་མོ། །ཆོ་གའོ་རིམ་པ་ནི། དབུས་སུ་ཀྱེ་ཡི་རྡོ་རྗེའི་གཟུགས། །ཇི་ལྟར་སྔར་བཞིན་གནས་ཤེས་ནས། །ཞེས་པས་ཏེ། བླ་མ་ཧེ་རུ་ཀའི་ང་རྒྱལ་ལམ། འབག་ཏུ་ཞུགས་པས་དབུས་སུ་བཞུགས་པ་སྟེ། སྔར་ཞེས་པ་ལེའུ་ལྔ་པ་ལ་སྙེགས་པའོ། །དེ་ནས་དབྱུག་སྔོན་ཅན་གྱི་ང་རྒྱལ་ལམ། འབག་ཏུ་ཞུགས་པའི་ལས་ཀྱི་རྡོ་རྗེས་སྒོ་སྲུང་བ་ལ་གསོལ་བ་གདབ་པ་སྔོན་དུ་འགྲོ་བས། རྣལ་འབྱོར་མའམ་རྣལ་འབྱོར་པ་ལྷ་མོ་བརྒྱད་ཀྱི་ང་རྒྱལ་ལམ་འབག་ཏུ་ཞུགས་པ་བརྒྱད་དགོད་དེ། ཕྱོགས་དང་ཕྱོགས་བྲལ་དག་ཏུ་ཡང༌། །དེ་ནས་རྣལ་འབྱོར་མ་རྣམས་དགོད། །ཅེས་པའི་དོན་ཏོ། །དེ་ལས་ལྷག་པ་ཡོད་ན་ཕྱི་རོལ་དུ་དགོད་དེ། ཐམས་ཅད་ཀྱིས་ཀྱང་སྔོན་དུ་བླ་མ་ལ་མཎྜལ་དང་ཕྱག་སྔོན་དུ་འགྲོ་བ་ཡིན་ནོ། །དེ་ནས་ལས་ཀྱི་རྡོ་རྗེས་ཐམས་ཅད་ལ་མཎྜལ་རེ་རེའམ། ཡང་ན་སྤྱི་ལ་གཅིག་དང༌། མེ་ཏོག་གི་ཕྲེང་བ་རེ་རེ་དབུལ་ཏེ། ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ། ཐམས་ཅད་ཀྱིས་མངོན་པར་རྟོགས་པ་རིམ་པ་ཇི་ལྟ་བ་བཞིན་བསྒོམས་ཏེ། ཕྱི་ནང་གི་ལྷ་མོ་བརྒྱད་ཀྱིས་མཆོད་བསྟོད་དེ། འཇིག་རྟེན་ལས་འདས་པ་མཆོད་པ་རྒྱས་པས་ཚིམ་པར་བྱའོ། །དེ་ནས་བདུད་རྩི་མྱང་སྟེ། སྙིང་གའི་ཡེ་ཤེས་པ་བདུད་རྩི་མྱང་བས་ཚིམ་པར་བྱའོ། །དེ་ནས་འབྱུང་པོའི་ཚོགས་རྣམས་གཏོར་མས་ཚིམ་པར་བྱའོ། །དེ་ནས་དམ་ཚིག་དང་ལྡན་པའི་སྐྱེ་བོ། ཁ་ཟས་ཀྱིས་ཚིམ་པར་བྱ་བ་སྟེ། བྱིན་གྱིས་བརླབ་པ་ཇི་ལྟ་བ་བཞིན་དུ་བྱས་ལ་ཕུད་ཕུལ་ཏེ། དང་པོར་མ་ད་ན་སྤྱད་པ། སྐྱེས་པའི་ཐོད་ཆེན་ཆ་གཅིག་པར། །ཞེས་པ་ལ་སོགས་པའོ། །དེ་ནས་ཁ་ཟས་གཞན་ལ་ལོངས་སྤྱོད་པ། དམ་ཚིག་མ་ལ་ཨིནྡྷ་ལ་སོགས་པའོ། །མཐར་ཀུནྡུ་རུའི་སྦྱོར་བས་ཚིམ་པར་བྱ་བ། དེར་ནི་ཟོས་ན་ཡང༌། ཞེས་པ་ལ་སོགས་པ་སྟེ། ཚོགས་ནི་བྱང་ཆུབ་ཀྱི་སེམས་དབང་གི་གནས་སུ་འདུས་པའོ། །དཀྱིལ་སྙིང་པོ་བདེ་བ། འཁོར་བྱང་ཆུབ་ཀྱི་སེམས་ཞུ་བ། འཁོར་ལོ་མི་རྟོག་པས་རྣམ་པར་རྟོག་པ་གཅོད་པའོ། །ཡང་དམ་ཚིག་དང་ལྡན་པའི་རྣལ་འབྱོར་ཕོ་མོ་ཚོགས་པའི་དཀྱིལ་འཁོར་ཉིད་ལའང་བྱའོ། །མཐར་གླུ་དང་གར་དང་རོལ་མོ་སྣ་ཚོགས་ཀྱིས་ཚིམ་པར་བྱས་ཏེ། དེ་ལྟར་ཚིམ་པ་དྲུག་ཚང་བ་ནི་ཚོགས་ཀྱི་འཁོར་ལོ་ཡིན་ལ། ཀུནྡུ་རུས་ཚིམ་པ་མ་གཏོགས་པ་ལྔ་དང་ལྡན་ན་ཚོགས་ཀྱི་མཆོད་པ་དཔའ་བོའི་སྟོན་མོ། རྣལ་འབྱོར་མ་འབའ་ཞིག་འཚོགས་ན་དཔའ་མོའི་སྟོན་མོ་ཞེས་བྱའོ། །དེ་ནས་དཀྱིལ་འཁོར་བསྡུ། ལྷག་གཏོར་གཏང༌། ཡི་གེ་བརྒྱ་པ་བརྗོད་དེ་དམ་ཚིག་ཆགས་ཉམས་བཤགས། བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། རྡོ་རྗེའི་གླུ་བླང༌། སྨོན་ལམ་གདབ་བོ། །དེ་ནས་ལྷག་གཏོར་སྒོ་དྲུང་དུ་གཏང༌། འཇིག་རྟེན་པའི་གཏོར་མ་འབུད་དཀྲོལ་དང་བཅས་པས་ཕྲིན་ལས་བཅོལ་ཏེ་གཤེགས་སུ་གསོལ། འདས་པའི་གཏོར་མ་རྩ་བའི་སྔགས་ཀྱིས་བསྟོད་པ་དང་བཅས་པས་གཤེགས་སུ་གསོལ་ལོ། །བརྒྱད་པ་འདུལ་བའི་ལེའུ་ལ་གསུམ་སྟེ། དབང་གི་ལེའུ་དང༌། དེ་ཁོ་ན་ཉིད་ཀྱི་ལེའུ་དང༌། རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་ལེའུར་དངོས་གྲུབ་ཀྱི་རྟེན་ཕྱག་རྒྱ་ཆེན་པོའི་མཚན་ཉིད་གསལ་བར་མ་གསུངས་པས་དེ་གསལ་བར་བཤད་པ་དང༌། ལེའུ་གསུམ་པ་དང༌། བཞི་པ་དང༌། ལྔ་པ་དང༌། བརྒྱད་པ་དང༌། བརྟག་པ་གཉིས་པའི་ལེའུ་ལྔ་པར་རིམ་པ་གཉིས་ཀྱི་དོན་བསྒོམ་པ་ཙམ་ཞིག་གསུངས་ཀྱི། སྨོན་ལམ་གདབ་པ་མ་གསུངས་པས། དེ་ཁ་བསྐང་བའི་ཚུལ་གྱིས་བཤད་པ་དང༌། ལེའུ་བཅུ་གཅིག་པར་ལྟ་སྟངས་ཀྱིས་འདུལ་བ་ཙམ་གསུངས་ཀྱི། བསླབ་པས་འདུལ་བ་མ་གསུངས་པས་དེ་ཁ་བསྐང་བའི་ཚུལ་དུ་བཤད་པའོ། །དང་པོ་ལ་ཞུས་པ། དེ་ནས་ཞེས་པ་ལ་སོགས་པས་ཏེ། ཕྱག་རྒྱ་ཆེན་པོ་ཇི་ལྟ་བུ། །ཞེས་པ་ནི། དངོས་པོ་ཐམས་ཅད་ལ་རྒྱས་འདེབས་པས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ། དེའི་མཚོན་བྱེད་ཞུ་བདེ་ལྷན་སྐྱེས་ཡིན་ཞིང༌། དེའི་རྟེན་ཕྱག་རྒྱ་ཡིན་པས་བཏགས་སོ། །ཀུན་རྫོབ་རྣམ་པའི་གཟུགས་ཀྱིས་ནི། །ཞེས་པ་ནི་ཁ་དོག་དང་དབྱིབས་ལ་སོགས་པ་མཚོན་པའོ། །ལན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་པ་ལ་སོགས་པ་སྟེ། ལེའུ་ལྔ་པ་ལ་སོགས་པས་བྲམ་ཟེའི་རིགས་ཀྱི་བུ་མོ་ལ་སོགས་པ་མུ་དྲཱ་ལྔ་གསུངས་ལ། དེ་ལྟ་བུ་རེ་རེ་ལའང༌། རི་དྭགས་ཅན་མ། དུང་ཅན་མ། གླང་པོ་ཅན་མ། རི་མོ་ཅན་མ། པདྨ་ཅན་མ་ལྔ་ལྔ་ཡོད་པ་ལས། འདིར་ཁྱད་པར་འཕགས་པ་པདྨ་ཅན་མའི་མཚན་ཉིད་བསྟན་པའོ། །གཉིས་པ། དེ་ལ་ཞེས་པ་ཞུས་པ་དང༌། བཅོམ་ལྡན་འདས་ལ་སོགས་པས་ལན་བསྟན་ཏོ། །གསུམ་པ་ཞུས་པ། དེ་ནས་ལྷ་མོ་ཞེས་པ་སྟེ། སྐལ་མེད་སེམས་ཅན་གདུལ་དཀའ་བ་ནི་དང་པོ་རྡོ་རྗེ་ཐེག་པ་ལ་མི་འཇུག་པའོ། །གང་གིས་འདུལ་བར་འགྱུར་བ་ལགས། །ཞེས་པ་ལྟ་སྟངས་ཀྱིས་འདུལ་བ་གོང་དུ་གསུངས་ཀྱང༌། རིམ་གྱིས་བསླབ་པས་འདུལ་བ་མ་གསུངས་པས་སོ། །ལན། །བཅོམ་ལྡན་འདས་ལ་སོགས་པ་སྟེ། སྤྱོད་པ་ལ་རིམ་གྱིས་བསླབ་པ་ནི། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །ཞེས་པ་བསྙེན་གནས་ཡིན་ལ། དེས་དགེ་བསྙེན་མཚོན་ནོ། །བསླབ་པའི་གནས་བཅུ་ནི་དགེ་ཚུལ་ཡིན་ལ། དེས་དགེ་སློང་དང་བྱང་ཆུབ་སེམས་དཔའི་སྡོམ་པ་མཚོན་ནོ། །ལྟ་བ་ལ་རིམ་གྱིས་བསླབ། དེ་ནས་བྱེ་བྲག་སྨྲ་བ་བསྟན། །ཞེས་པ་ལ་སོགས་པའོ། །སྔགས་ཀྱི་རིམ་པ་ནི། བྱ་བའི་རྒྱུད་ནས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་འདུས་པ་ལ་སོགས་པའི་བར་རོ། །སློབ་མས་གུས་པས་བླངས་ནས་ནི། །ཞེས་པ་ནི་རིམ་གྱིས་བློ་སྦྱངས་པས་གུས་ཤིང་ལེན་པས་སོ། །ལེའུ་དགུ་པ་ལ་གསུམ་སྟེ། བརྡའི་ལེའུར་གདུག་པ་ཅན་གཞུག་པར་གསལ་བར་མ་གསུངས་པས་དེ་གསལ་བར་བཤད་པ་དང༌། དགུ་པ་རྣམ་པར་དག་པའི་ལེའུར་དག་པ་གཞན་གསུངས་ཀྱང༌། སྤྱན་ལ་སོགས་པའི་དག་པ་མ་གསུངས་པས། དེ་ཁ་བསྐང་བའི་ཚུལ་དུ་བཤད་པ་དང༌། སྔགས་ཀྱི་ལེའུར་སྔགས་ཉིད་གསུངས་ཀྱང༌། སྔགས་ཀྱི་ལྷག་ཆད་སྤང་བའི་ཕྱིར་སྔགས་ཀྱི་བཏུ་བ་མ་གསུངས་པས། དེ་ཁ་བསྐང་བའི་ཚུལ་དུ་བཤད་པའོ། །དང་པོ་ལ་བཤད་པར་དམ་བཅའ་བ་དེ་ནས་ཞེས་པ་སྟེ། ཁ་སྦྱོར་དབྱེ་བ་ནི། ལུས་དང་རྣམ་པར་ཤེས་པ་རྟེན་དང་བརྟེན་པའི་ཚུལ་དུ་ཡོད་པ་འབྲལ་བའོ། །ལན་གྱི་དོན་ཕ་རོལ་པོ་བསྒྲལ་བའི་ཡུལ་དུ་གྱུར་པ། བསམ་པའི་ཐབས་ལ་མཁས་པ་སྙིང་རྗེ་ཆེན་པོ་དང་ལྡན་པས། བདག་ཉིད་ཧེ་རུ་ཀ་བཞི། བདག་མེད་མ་དང་ལྔ་གང་རུང་གི་རྣལ་འབྱོར་ལ་སེམས་བརྟན་པ་ཐོབ་པས་མདུན་དུ་ཡྃ་ལས་རླུང་གི་དཀྱིལ་འཁོར། རྃ་ལས་མེ་བསམ། བདག་གི་ཐུགས་ཀ་ནས་གཽ་རཱི་ལྕགས་ཀྱུ་ཐོགས་པ་ལ་སོགས་པས་བསྒྲུབ་བྱ་བཀུག་སྟེ། སྐྲ་བཤིག་པ། གོས་དང་བྲལ་བ། ལུས་ཏིལ་མར་གྱིས་བྱུགས་པ། བྲེད་ཅིང་འདར་བ། མེའི་ནང་དུ་སྤྱིའུ་ཚུགས་སུ་བཞག་པར་བསམ་མོ། །དེ་ནས་དེ་ཉིད་ཀྱི་བཤང་ལམ་ནས་མེ་ཁབ་ལྟ་བུ་རྣོ་བ་འབར་བས། སྙིང་གར་རྃ་བསམས་པ་ལ་ཕོག་པས་དེ་ཡང་འབར་བས་སེམས་ཀྱི་རྟེན་སྙིང་གའི་ཧཱུྃ་བསྲེག་གོ །ཡང་བདག་གི་ཐུགས་ཀའི་ཧཱུྃ་ལས་འབྱུང་པོ་བརྒྱད་གསུམ་ཉི་ཤུ་རྩ་བཞི་སྤྲོས་པས། བསྒྲུབ་བྱའི་སྲོག་པ་རྩ། སྤྱི་གཙུག་ནས་ལྟེ་བའི་བར་ཡོད་པ་བཅད་ཅིང་བཏོན་པར་བསམ་སྟེ། དབང་པོ་རབ་བསམ་གཏན་ཙམ་གྱིས་འགྲུབ་པའི་ལུགས་སོ། །གཞུང་བསྒྲུབ་བྱའི་ལྟེ་བ་ཞེས་པ་ལ་སོགས་པ་དང་སྦྱར་རོ། །གཉིས་པ་ལ་མཉན་པར་གདམས་པ། རྟོག་མེད་ནི་ལྷའི་རྣལ་འབྱོར་དང་ལྡན་པས་ཐ་མལ་པའི་རྟོག་པ་མེད་པའོ། །སྲིད་པ་སྦྱོང་བའང་ཐ་མལ་པའི་སྲིད་པ་ལྷར་ཤེས་པས་སྦྱོང་བའོ། །དོན་དངོས། སྙིང་རྗེའི་སྤྱན་ནི་དམར་པོ་ལ། །ཞེས་པ་ལ་སོགས་པའོ། །གསུམ་པ་ལ་བདག་མེད་ཅེས་པས་ཞུས་ནས། བཅོམ་ལྡན་འདས་ཞེས་པས་ལན་ནོ།།  །།ལེའུ་བཅུ་པ་སྔགས་ཀྱི་ལེའུར། ལས་ཀྱི་བྱེ་བྲག་གིས་བཟླས་པའི་ཡུལ་གྱི་བྱེ་བྲག་མ་གསུངས་པས་དེ་ཁ་བསྐང་བའི་ཚུལ་དུ་བཤད་པ་དང༌། ཡང་དེ་ཉིད་ལས། ལས་ཀྱི་བྱེ་བྲག་གིས། བཟླས་པའི་དུས་ཀྱི་ཁ་ཟས་ཀྱི་བྱེ་བྲག་མ་གསུངས་པས་དེ་ཁ་བསྐང་བའི་ཚུལ་གྱིས་བཤད་པ་གཉིས་ལས། དེ་ནས་ཞེས་པ་དང༌། དབང་ལ་ཞེས་པ་རིམ་པ་བཞིན་ཏེ། གོང་དུ་བཤད་པའི་དྲག་པོའི་སྔགས་བདུན་དང་འབྲེལ་པ་གཙོར་བྱས་པའོ།།  །།ལེའུ་བཅུ་གཅིག་པ་ལ་གཉིས་ཏེ། དེ་ཁོ་ན་ཉིད་ཀྱི་ལེའུར་རིགས་ཀྱི་མཚན་མ་མ་གསུངས་པས་དེ་ཁ་བསྐང་བ་དང༌། ལེའུ་དེ་ཉིད་དུ་རིགས་རྣམས་མཆོད་པའི་ཚུལ་རྒྱས་པར་མ་གསུངས་པས་དེ་གསལ་བར་བཤད་པའོ། །དང་པོ་ལ་གཉིས་ཀྱི་ཕྱི་ནང་གི་རྗེས་སུ་ཆགས་པས་མཆོད་ནས་ཞུས་པ། ཀྱེའི་རྡོ་རྗེ་ལ་ཞེས་པ་ལ་སོགས་པའོ། །ལན་ལ་གཉིས་ཀྱི་དང་པོ། བྷ་གར་ཞེས་པའོ། །གཉིས་པ་དོན་དངོས། བུད་མེད་དམ་ནི་སྐྱེས་པ་ཡི། །ཞེས་པ་ལ་སོགས་པ། ཕྱག་མཚན་གྱིས་ཚན་མ་ཕྱོགས་གཅིག་ཏུ་བསྟན་ལ། རྣལ་འབྱོར་པ་གང་ནག་པོ་ཉིད། །ལ་སོགས་པ་ཁ་དོག་གི་མཚན་མ་རྣལ་འབྱོར་པ་ལ་སྦྱར་ཏེ་བུད་མེད་ལ་དེས་བསྒྲེས་ཏེ་བསྟན་ཏོ། །གཉིས་པ་ལ་གཉིས་ཀྱི་དང་པོ་ཕྱི་ནང་གི་རྗེས་སུ་ཆགས་པས་མཉེས་པར་མཛད་ནས་མཉན་པར་གདམས་པ། བྷ་གར་ལིངྒ་ཞེས་པའོ། །གཉིས་པ་དོན་དངོས། ཚལ་དང་སྐྱེ་བོ་མེད་གནས་དང༌། །ཞེས་པ་ལ་སོགས་པའོ། །བདག་གི་ཁྱིམ་ནི་གནས་འགའ་ཞིག་ཏུ་གནས་ན། ནད་གཞི་མི་སྐྱེད། །བར་ཆད་མི་འབྱུང༌། འཚོ་བའི་ཡོ་བྱད་སླ། ཏིང་ངེ་འཛིན་སྐྱེ་བའོ། །གཅེར་བུ་ཕྱག་རྒྱ་ཆེར་བྱས་ནས། །ཞེས་པ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་སྟེ་ལྷའི་འདུ་ཤེས་སོ། །རྣལ་འབྱོར་རིག་པས་ཞེས་པ་འདུ་ཤེས་གསུམ་དང་ལྡན་པའོ། །འོ་དང་འཁྱུད་པ་བྱས་ནས་ནི། །ཞེས་པ་རྣམ་པ་སྣ་ཚོགས་པའི་སྐད་ཅིག་སྟེ། དགའ་བ་ལ་སློབ་པའི་དུས་སོ། །དེ་བཞིན་བྷ་གར་རེག་པ་ཉིད། །རྣམ་པ་སྨིན་པའི་སྐད་ཅིག་སྟེ་མཆོག་དགའི་དུས་སོ། །སྐྱེས་པའི་སྣ་ནི་གཞིབ་པ་ཉིད་ནི་བསྲུབ་པ་དང་སྲུབ་པའི་སྦྱོར་བ་ལ་གནས་པ་རྣམ་པར་ཉེད་པའི་སྐད་ཅིག་མ་སྟེ། དགའ་བྲལ་གྱི་དུས་སོ། །མ་མཆུའི་སྦྲང་རྩི་བཏུང་བ་ཉིད་ཀྱང་སྐད་ཅིག་མ་དང་པོ་དང་སྦྱར་རོ། །རྟག་ཏུ་མྱོང་བའི་མཚན་མ་ལས། །ཞེས་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་སྟེ་ལྷན་སྐྱེས་ཀྱི་དུས་སོ། །བོལླ་ལྡན་པས་ལག་པས་བྱ། །ཞེས་པ་ནི་བྱ་བ་བྱེད་པས་ལག་པ་དང་འདྲ་བས། བོལླ་ཉིད་ཀྱིས་བྱ་བའོ། །དེ་ལྟ་བུའི་དུས་སུ་སྦྱོར་ཐབས་ཀྱི་ཡན་ལག་བཞི་བྱ་བ་སྟེ། ཁྱོགས་ནི། ཐབས་ཤེས་རབ་ཐག་པ་བརྒྱད་ལ་སོགས་པའི་ཁྲིའི་སྟེང་དུ་གནས་པའོ། །བླ་ཞེས་བྱ་བ་སྙོམས་པར་འཇུག་པ་དངོས་ལ་བྱའོ། །བར་འདིར་བཀལ་བ་ཞེས་པ་དོན་གྱིས་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་རྐང་པས་ཐབས་ཀྱི་གྲུ་མོ་ནས་འཁྱུད་པའོ། །ཤིན་ཏུ་བཀལ་བ་ནི་ཐབས་ཀྱི་རྐང་པས་ཀྱང་ཤེས་རབ་ཀྱི་གྲུ་མོའི་གོང་ནས་འཁྱུད་པའོ། །ཡང་ཡང་རྡོ་རྗེ་འདོད་པ་བྱ། །ཞེས་པ་སྲུབ་པའི་སྦྱོར་བ་ལ་གནས་པ་ཉིད་དོ། །སྟེང་དང་འོག་ཏུ་བལྟ་བ་ཉིད་ནི་ཐག་པ་རེས་མོས་ཀྱིས་འདེགས་པའི་སྦྱོར་བས་ཐབས་ཤེས་རབ་སྟེང་འོག་ཏུ་འཕོ་བའོ། །དེ་ལྟར་ལྷན་སྐྱེས་གོམས་པའི་ཕན་ཡོན། དངོས་གྲུབ་རྒྱས་པ་འཐོབ་པ་སྟེ། །སངས་རྒྱས་ཀུན་དང་མཉམ་པར་འགྱུར་བའོ། །དེའི་སྔོན་དུ་ལུས་ཟུངས་རྒྱས་པའི་ཆོ་ག དེ་ལ་ག་པུར་རྒྱུ་ཡི་ཕྱིར། །ཞེས་རྐང་པ་གསུམ་མོ། །ལེའུ་བཅུ་གཉིས་པ་དབང་བསྐུར་བའི་ཚིག་བསྟན་པ་ལ་གཉིས་ཏེ། དབང་གི་ལེའུར་དབང་གི་དོན་གསུངས་ཀྱང༌། དེ་རྣམས་ཇི་ལྟར་བསྐུར་བའི་ཚིག་མ་གསུངས་པས་དེ་ཁ་བསྐང་བ་དང༌། ཡང་དེ་ཉིད་དུ་གསང་བའི་དབང་ལ་སོགས་པ་བསྐུར་བའི་དུས་སུ། སྔགས་ཀྱི་བྱིན་གྱིས་བརླབ་པ་མ་གསུངས་པས། དེ་ཁ་བསྐང་བའི་ཚུལ་དུ་བཤད་པའོ། །དང་པོ་ནི་དེ་ནས་ཞེས་པ་ལ་སོགས་པ་སྟེ། བུམ་དབང་གི་གཙོ་བོ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའི་ཚིག་ནི། དམ་ཚིག་གསུམ་བྱིན་ནས་བརྗོད་པར་བྱ་བ་སྟེ། རྡོ་རྗེ་རབ་གནས་ཞེས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང༌། བརྗོད་བྱ་སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་རང་བཞིན་གྱིས་རྣམ་རྟོག་གིས་མི་ཕྱེད་པས་རྡོ་རྗེ་ཡིན་ལ། དེ་ཉིད་མི་རྟོག་པས་འདིར་རབ་ཏུ་གནས་སོ། །དེས་མཚོན་བྱེད་དབང་རྫས་ཀྱི་རྡོ་རྗེ་སྟེ་རྡོ་རྗེ་ཉིད། ཆེ་དང་ཞེས་པ་ཐུགས་ཀྱི་དམ་ཚིག་གོ །དེའི་རྗོད་བྱེད་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་མཚོན་པར་བྱེད་པའི་དྲིལ་བུ་ཆེན་པོ་ཟུང་ཞེས་པ་སྟེ་གསུང་གི་དམ་ཚིག་གོ །སྐུའི་དམ་ཚིག་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་བསྒོམ་པ་སྟེ། དམ་ཚིག་གསུམ་བྱིན་པས། དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །ཞེས་པའོ། །གསང་བའི་དབང་བསྐུར་བའི་དམ་ཚིག་ནི། རྫས་བསྒྲུབ་སྟེ་སྦྱིན་ལུགས་གསུམ་གང་ཡང་རུང་བས་སྟེར་བ་ན་བརྗོད་པ་སྟེ། ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། དོན་སྔོན་སངས་རྒྱས་རྣམས་ཀྱི་སྲས་བྱང་ཆུབ་སེམས་དཔའ་ལ་དབང་བསྐུར་བ་བཞིན་དུ། བདག་གིས་ཀྱང་བྱང་ཆུབ་སེམས་ཀྱིས་སློབ་མ་ལ་དབང་བསྐུར་རོ། །ཞེས་པའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཚིག་ནི་ཤེས་རབ་ཕྱག་རྒྱ་གཏད་པ་སྟེ། ལྷ་མོ་ནི་ཕྱག་རྒྱའོ། །དགའ་སྦྱིན་ཞེས་པ་ནི་དེ་ལ་བརྟེན་ནས་དགའ་བ་བཞི་སྐྱེ་བས་སོ། །གནས་སྦྱིན་མ་ནི་དགའ་བ་བཞི་སྐྱེ་བའི་དུས་སྐད་ཅིག་མ་བཞིའོ། །སྣ་ཚོགས་གཟུགས་ཅན་ནི། རིང་བ་མ་ཡིན་ཞིང་ཐུང་བའང་མ་ཡིན་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པའོ། །བཞི་པ་བསྐུར་བའི་ཚིག་ནི་ཚིག་གི་སྒོ་ནས་འབྲས་བུ་སྟོན་པ་སྟེ། དབང་གསུམ་པའི་དུས་སུ་མྱོང་བའི་ལྷན་སྐྱེས་དང་ཆོས་ཀྱི་སྐུ་ཁྱད་པར་མེད་པར་བསྟན་པའོ། །དེའང་ཡེ་ཤེས་འདི་ནི་ཞེས་པ། དབང་གསུམ་པའི་དུས་སུ་མྱོང་བའི་ལྷན་སྐྱེས་སོ། །ཆེས་ཕྲ་ཞིང་ཞེས་པ། དེ་ཉིད་རྟོགས་པར་དཀའ་བའོ། །རྡོ་རྗེ་ནི་རྟོག་པ་གློ་བུར་པས་མི་ཕྱེད་པས་སོ། །དེ་ཉིད་རྟོག་པའི་རྡུལ་དང་བྲལ་བས་ནམ་མཁའི་དཀྱིལ་ལྟ་བུར་རྡུལ་བྲལ། དེ་ཉིད་རྟོག་པའམ་འཁོར་བ་ལས་ཐར་པས་མཐར་ཕྱིན་ནོ། །ཞི་བ་ཉིད་ཀྱང་རྟོག་པ་ཞི་བ་ཉིད་དོ། །ཁྱོད་རང་ཡང་ནི་དེ་ཡི་ཕ། །ཞེས་པ་ད་ལྟར་བླ་མས་མངོན་པར་རྟོགས་པའི་རིམ་པ་བསྟན་པ་ལས་བརྟེན་ནས། ཉམ་མྱོང་བསྐྱེད་པ་བཞིན་དུ། ཕྱིས་རང་གིས་གོམས་པར་གྱིས་ཤིག་པའོ། །གཉིས་པ་ནི་གཙོ་བོར་དབང་དུས་དང་འབྲེལ་པ་ཡིན་ལ། ལམ་གྱི་དཀྱིལ་འཁོར་འཁོར་ལོའི་ཐབས་བསྒོམ་པ་དང༌། འཁོར་གྱི་ལྷ་མོ་དབྱུང་བ་ལ་སོགས་པ་དང་ཡང་འབྲེལ་ལོ། །སྤྱི་བོར་ཨོཾ་གྱི་རྣམ་པ་ལ་སོགས་པ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ཡང་ཕྱག་རྒྱ་བསྟེན་པའི་དུས་དང༌། བསྐྱེད་རིམ་དང་གཉིས་ག་དང་ཡང་འབྲེལ་ལོ། །ཟེའུ་འབྲུ་ལ་ནི་མགྲིན་པའི་པདྨའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་པ་མཚན་དོན་གྱི་སྐབས་སུ་བཤད་ཟིན་ལ། རྣལ་འབྱོར་མས་ཞུས་ཤིང་བུད་མེད་འདུལ་བའི་དོན་དུ་གསུངས་པས་སྒྱུ་མའི་བརྟག་པ་སྟེ། བརྟག་པ་ནི་ཆོ་ག་སྣ་ཚོགས་བསྟན་པའོ། །བརྟག་པ་སུམ་ཅུ་རྩ་གཉིས་པ་ལས་ཕྱུང་བ་ཞེས་པ། རྡོ་རྗེ་སྙིང་པོ་མངོན་བྱང་ཆུབ། །ཅེས་པ་ནས། བརྟག་པ་སུམ་ཅུ་པར་ཡང་བཤད། །ཅེས་པའི་བར་རྒྱུད་རྒྱས་པ་ཡིན་ལ། དེའི་དོན་བསྡུས་པ། མཁའ་འགྲོ་མཁའ་འགྲོ་མ་རྣམས་ཀྱི། །དག་པའི་སྙིང་པོ་ཡོངས་བཟུང་བ། །ཞེས་པ་གཉིས་ཡིན་པ་ལས་ཐ་མ་གཉིས་ཕྱུང་བའོ། །ཀྱེའི་རྡོ་རྗེ་བརྗོད་བྱ་རྒྱུད་གསུམ་ཀའང་ཐབས་ཤེས་རབ་གཉིས་མེད་ཡིན་པ་གོང་དུ་བཤད་ཟིན་ལ། ཁྱད་པར་དུ་སྤྲུལ་པའི་སྐུ་བུད་མེད་ཀྱི་རྣམ་པས་གཞན་གྱི་དོན་སྒྲུབ་པའི་མཁའ་འགྲོ་མའི་དྲྭ་བ་སྟེ། དྲྭ་བ་ནི་མང་པོའི་ཚོགས་ལ་བྱའོ་གསུངས། སྡོམ་པ་ནི་དེ་ཐམས་ཅད་ཀྱང་གཉིས་སུ་མེད་པའི་ཡེ་ཤེས་གཅིག་གིས་བསྡུས་པའོ། །རྫོགས་སོ།།  །།རིན་ཆེན་ལྟ་བུའི་རྒྱུ་ལམ་འབྲས་བུ་རྡོ་རྗེའི་ཚིག་གི་སྒྲོམ་དུ་རྒྱས་བཏབ་བློ་དམན་ཡུལ་མིན་ཡང༌། །བླ་མའི་གསུང་གི་ལྡེ་མིག་གིས་ཕྱེ་བ་བདག་གིས་ཅུང་ཟད་ཐོབ་པ་གཞན་ལ་བགོ་ཕྱིར་ཡི་གེར་བཀོད། །གནང་བ་མ་ཐོབ་སྦྱངས་སྟོབས་ཆུང་བས་འཁྲུལ་ན་བླ་མ་བདེ་གཤེགས་མཁའ་འགྲོས་བརྩེ་བས་བཟོད་པར་མཛོད། །དགེ་བའི་མཐུ་ཡིས་འགྲོ་རྣམས་སྨིན་གྲོལ་ཏིང་ངེ་འཛིན་མཐར་ཕྱིན་མི་ཕྱེད་ཕྱག་རྒྱ་ཆེན་པོ་མངོན་གྱུར་ཤོག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པའི་ཟུར་་མཆན།

བླ་མ་མངའ་རིས་པས་མཛད་པའི་བརྟག་གཉིས་ཀྱི་ཚིག་འགྲེལ་འདི་ཤོག་གྲངས་མང་བས་ ༡་༢་༣ སྤེལ་ཡོད། 

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*