བླ་མ་མངའ་རིས་པས་མཛད་པའི་བརྟག་གཉིས་ཀྱི་ཚིག་འགྲེལ། ༢

།འདིའི་དོན་གྱི་རྣམ་གཞག་ལ་སྤྱོད་པའི་རང་གི་ངོ་བོ། རྟེན་གྱི་གང་ཟག རབ་ཏུ་དབྱེ་བ། དབྱེ་བ་སོ་སོའི་མཚན་ཉིད། དུས། དགོས་པ་སྟེ་དྲུག་གོ །དང་པོ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་པའི་ལུས་ངག་ཅི་འདོད་བྱེད་པ་སྟེ། ལུས་ངག་གཡོ་ཞིང་རྒྱུ་བའི་ཁྱད་པར་ཞེས་བྱའོ། །གཉིས་པ་དྲོད་ཐོབ་པ་ལ་ཚེ་འདིར་མཆོག་གི་དངོས་གྲུབ་འདོད་པས་སོ། །དེ་ཡང་འདི་ཉིད་ལས། ཅུང་ཟད་དྲོད་ནི་ཐོབ་པ་ན། །གལ་ཏེ་སྤྱོད་པ་བྱེད་འདོད་པས། །གལ་ཏེ་འགྲུབ་འགྱུར་འདོད་ཡོད་ན། །འདིས་ནི་སྤྱོད་པ་སྤྱད་པ་ཉིད། །ཅེས་གསུངས་སོ། །དབྱེ་ན་ཀུན་འདར་དང༌། ཀུན་ཏུ་བཟང་པོའི་སྤྱོད་པ་གཉིས་སོ། །དབྱེ་བ་སོ་སོའི་མཚན་ཉིད། ཀུན་འདར་ནི་དྷཱུ་ཏཱི་སྟེ་གཉིས་སྤངས་ཡིན་ལ། དེ་ཡང་བཟའ་བྱ་འབྲས་ཆན་ལ་སོགས་པ་དང༌། བཟའ་བྱ་མ་ཡིན་པ་དྲི་ཆེན་ལ་སོགས་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པས་ཁྱད་མེད་པར་ཟ་བ་དང༌། དེ་བཞིན་དུ་བཏུང་བྱ་ཆང་ལ་སོགས་པ་དང༌། བཏུང་བྱ་མ་ཡིན་པ་དྲི་ཆུ་ལ་སོགས་པ་དང༌། བགོ་བྱ་རས་ཡུག་ལ་སོགས་པ་དང༌། བགོ་བྱ་མ་ཡིན་པ་གླང་པོ་ཆེའི་པགས་པ་ལ་སོགས་པ་དང༌། བགྲོད་བྱ་བྲམ་ཟེ་མོ་ལ་སོགས་པ་དང༌། བགྲོད་བྱ་མ་ཡིན་པ་གཡུང་མོ་ལ་སོགས་པ་ལ་བླང་དོར་མེད་པར་སྤྱོད་པའོ། །དེ་ཡང་སཾ་པུ་ཊ་ལས། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །གང་ཕྱིར་འགྲོ་ལ་ཕན་པའི་ཕྱིར། །ཀུན་འདར་གྱི་ནི་སྤྱོད་པ་གསུངས། །ཞེས་གསུངས་པས། དེ་ཉིད་ལ་སྨྱོན་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་ཞེས་བྱ་སྟེ། བླང་དོར་མེད་པར་སྤྱོད་པས་སོ། །དེ་ཡང་སཾ་པུ་ཊ་ལས། སྨྱོན་པའི་གཟུགས་ཀྱིས་རྒྱུ་བར་བྱ། །ཞེས་གསུངས་སོ། །དེ་ཉིད་ལ་དྲོད་དམ་ཡེ་ཤེས་བརྟན་པར་མ་གྱུར་པས་རྒྱལ་བུ་གཞོན་ནུ་འདྲ་བས། རྒྱལ་བུ་གཞོན་ནུའི་སྤྱོད་པ་ཞེས་ཀྱང་བྱ་སྟེ། དྲོད་དམ་ཡེ་ཤེས་བརྟན་པར་གྱུར་པའི་ཀུན་བཟང་ལ། རྒྱལ་ཚབ་ཆེན་པོར་བཏགས་པ་ལ་ལྟོས་ནས་ཤེས་པ་ཡིན་ནོ། །གཉིས་པ་ནི་ཐམས་ཅད་ཤེས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་རྟོགས་པ་བརྟན་པས་འདོད་ཡོན་ལྔ་ལ་བག་ཚ་བ་མེད་པར་སྤྱོད་པ་སྟེ། ཀུན་ཏུ་བཟང་པོར་རྟོགས་པས་ན་ཀུན་ཏུ་བཟང་པོའི་སྤྱོད་པའོ། །དེ་ཡང་སཾ་པུ་ཊ་ལས། སྤྱོད་མཆོག་བླ་ན་མེད་པ་ནི། །ཀུན་བཟང་མཚུངས་པ་མེད་པས་འགྲུབ། །ཅེས་གསུངས་སོ། །ཡང་དེ་ཉིད་ལས། མི་མཐུན་པའི་ཕྱོགས་ཀྱིས་མི་རྫི་བའི་ཕྱིར། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་ཞེས་བྱ་སྟེ། སཾ་པུ་ཊ་ལས། གཟུང་བ་དང་ནི་འཛིན་པ་ཀུན། །བསྒོམ་པས་སྤངས་ཤིང་རྣམ་པར་སྤངས། །ཕྱོགས་ལས་རྣམ་རྒྱལ་མངོན་པར་བརྗོད། །ཅེས་གསུངས་སོ། །ཡང་དེ་ཉིད་ལ་སེམས་ཅན་མ་སྨིན་པ་སྨིན་པ་ལ་སོགས་པའི་གཞན་དོན་བྱེད་པས་སངས་རྒྱས་དང་རྗེས་སུ་མཐུན་པའི་བྱ་བ་བྱེད་པས་རྒྱལ་ཚབ་ཆེན་པོའི་སྤྱོད་པ་ཞེས་བྱ་སྟེ། དེ་ཡང་སཾ་པུ་ཊ་ལས། དེ་ནས་དཔལ་ལྡན་རྒྱལ་ཚབ་ཆེ། །ཞེས་གསུངས་སོ། །དུས་ནི་དྲོད་ཐོབ་ནས་བྱེད་དེ། དེ་ཡང་དྲོད་ཆུང་ངུའི་ཏིང་ངེ་འཛིན་ལས་སྐྱེས་པའི་མཐུ་འམ་ནུས་པ་ཡིན་ལ། དེ་ཡང་དྲོད་ཆུང་ངུ་འཇིག་རྟེན་ཆོས་བརྒྱད་སྤངས་པ་དང༌། ཉོན་མོངས་པ་གློ་བུར་བ་དྲག་པོ་བཟློག་པས། མྱ་ངན་གདུང་བས་འཚེ་བ་ལ་སོགས་པས་མི་བསྒུལ་བའོ། །དེ་ཡང་འདི་ཉིད་ཀྱི་དངོས་གྲུབ་གཏན་ལ་དབབ་པ་ལས། མྱ་ངན་གདུང་བས་འཚེ་བ་དང༌། །འདོད་ཆགས་ཞེ་སྡང་གཏི་མུག་ཆེས། །སྒྲུབ་པ་པོ་ནི་ཉོན་མི་མོངས། །ཞེས་གསུངས་པ་ཡིན་ནོ། །འབྲིང་ཚར་བཅད་རྗེས་གཟུང་གང་རུང་ཅིག་ཐོགས་པ་མེད་པར་འགྲུབ་པ། ཆེན་པོས་གཉིས་ཀ་འགྲུབ་པ་སྟེ། རྣམ་ཤེས་དང་ཡེ་ཤེས་ཆ་མཉམ་པ་ཞེས་བྱ་སྟེ། དེ་གཉིས་ཀ་ཡང་དངོས་གྲུབ་རྒྱུ་དང་བཅས་པ་ལས། ཕན་དང་གནོད་པའི་འབྲས་འབྱུང་བ། །ཞེས་པས་བསྟན་ཏོ། །དེ་ལྟར་གསུམ་ལས་ཆུང་ངུའི་དུས་སུ་ཀུན་འདར་གྱི་སྤྱོད་པ་གསང་ནས་བྱེད། འབྲིང་ལ་ཀུན་བཟང་གསང་ནས་བྱེད། ཆེན་པོའི་དུས་སུ་སྤྱོད་པ་གཉི་ག་འཇིག་རྟེན་པའི་མངོན་དུ་སྤྱོད་པའོ། །དགོས་པ་ནི་ཀུན་འདར་གྱི་སྤྱོད་པའི་དགོས་པ་རང་གིས་རྟོགས་པ་བརྟན་གཡོ་བརྟག་པ་སྟེ། འཇིག་རྟེན་ཆོས་བརྒྱད་མགོ་སྙོམས་པས་ན་གཉིས་སྣང་ཐམས་ཅད་བྲལ་བར་བྱེད་པས། ཡུལ་རྐྱེན་གྱིས་མི་གནོད་པར་རྟོགས་པ་འཕེལ་ན་སྤྱོད་པ་སྤྱད་ལ། ཡུལ་རྐྱེན་གྱིས་གནོད་ན་ཐབས་གཉིས་ལ་བརྟེན་ནས་མཉམ་པར་གཞག་པ་ཉིད་གཙོར་བྱའོ། །དེ་ཡང་འདི་ཉིད་ཀྱི། དངོས་གྲུབ་རྒྱུ་དང་བཅས་པ་ལས། །ཡིད་ནི་བརྟེན་ནམ་གཡོའམ་ཅི། །རང་གི་སེམས་ཀྱིས་སོ་སོར་བརྟག །ཅེས་གསུངས་པས་སོ། །ཀུན་བཟང་གི་དགོས་པ་གསུམ་སྟེ། གྲུབ་པ་ཐོབ་པའི་གནས་སུམ་ཅུ་རྩ་གཉིས་དབང་དུ་བྱ་བ་དང༌། དེ་ན་གནས་པའི་གྲུབ་པ་ཐོབ་པའི་གྲོགས་ཞིང་སྐྱེས་ཀྱི་རྣལ་འབྱོར་མ་དབང་དུ་བྱ་བ་དང༌། སྙིང་རྗེས་སེམས་ཅན་གཞན་ཡོངས་སུ་སྨིན་པར་བྱ་བའོ། །དང་པོ་ནི་འདི་ཉིད་ལས། གང་གིས་དངོས་གྲུབ་མཐར་འགྲོ་བ། །ཀྱེ་ཡི་རྡོ་རྗེའི་དངོས་གྲུབ་རྒྱུ། །ཞེས་གསུངས། གཉིས་པ་ནི། དེ་ལ་རྣལ་འབྱོར་མས་སྨྲས་པ། །གང་སྨྲས་དེ་ལྟར་ཐམས་ཅད་བྱ། །ཞེས་གསུངས་སོ། །གསུམ་པ་ནི། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་སྙིང་རྗེ་བཏུང་བར་བྱ། །ཞེས་གསུངས་པ་ཡིན་ནོ། །གཞུང་ལས་བཤད་པར་དམ་བཅའ་བ་ནི། དེ་ནས་ཞེས་པ་དེ་ཁོ་ན་ཉིད་བསྟན་པ། དེ་ནས་གཞན་ཡང་བཤད་པར་བྱ། དེ་གང་ནས་སྤྱོད་པ། དེ་ཡང་ཇི་ལྟ་བུ་ཞེ་ན། ཕ་རོལ་ཕྱིན་མཆོག་ཉིད། ཅེས་པ་འཇིག་རྟེན་པའི་སྤྱོད་པ་བླང་དོར་དང་བཅས་པ་ལས་ཕ་རོལ་ཏུ་གྱུར་པ་བླང་དོར་མེད་པའི་སྤྱོད་པའོ། །དོན་དངོས་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །མདོར་བསྟན་པ་ལ་ལྔ་སྟེ། སྤྱོད་པ་དངོས་དང༌། སྤྱོད་པ་བྱེད་པའི་གང་ཟག་དང༌། སྤྱོད་པའི་རྒྱན་དང༌། དེའི་དུས་ཀྱི་ལྷའི་རྣལ་འབྱོར་དང༌། དེའི་གྲོགས་བསྟན་པའོ། །དང་པོ་སྤྱོད་པ་བྱེད་པའི་གང་ཟག་གང་གིས་དངོས་གྲུབ་མཐར་ཏེ། དངོས་གྲུབ་ཐོབ་པར་བྱེད་པའི་གནས། ཡུལ་སུམ་ཅུ་སོ་གཉིས་ལ་སོགས་པར་གྲོགས་རྣལ་འབྱོར་མ་རྣམས་ཀྱི་དྲུང་དུ་འགྲོ་བའོ། །དེ་ཉིད་ཀྱེའི་རྡོ་རྗེའི་དངོས་གྲུབ་རྒྱུ་སྟེ། རྣལ་འབྱོར་མ་ལ་བརྟེན་ནས་ཐོབ་པ་ཡིན་པས། དེ་དབང་དུ་བྱ་བའི་ཕྱིར་སྤྱོད་པ་བྱེད་པའོ། །ཡང༌། སྤྱོད་པ་གང་གིས་དངོས་གྲུབ་ཀྱི་མཐའ་སྟེ། ས་བཅུ་གསུམ་པར་འགྲོ་བ་ཀྱེའི་རྡོ་རྗེའི་དངོས་གྲུབ་དམིགས་པ་མེད་པའི་སྙིང་རྗེ་དང་དམིགས་པ་མེད་པའི་ཤེས་རབ་དབྱེར་མི་ཕྱེད་པས་ས་བཅུ་གསུམ་པ་ཡིན་ལ། དེ་ཡང་རྒྱུ་སྤྱོད་པས་ཐོབ་པའོ། །གཉིས་པ་སྒོམ་པ་པོ་སྟེ། དེ་ཁོ་ན་ཉིད་གོམས་པར་བྱེད་པའོ། །གསུམ་པ། བགོ་བ་སྟག་གི་པགས་པ་ཉིད། །ཅེས་པ་ལྷན་ཅིག་སྐྱེས་པའི་སྟག་ལྤགས་གཅེར་བུའམ། ཡང་ན་སྨད་དུ་སྟག་ལྤགས་དང༌། སྨད་དུ་གླང་པོ་ཆེའི་ཀོ་རློན་ནོ། །བཟའ་བ་མི་འཆི་བཅུ་ཕྱེད་ནི། །མི་འཆི་ནི་བདུད་རྩི། བཅུ་ཕྱེད་ནི་ལྔ་སྟེ་བདུད་རྩི་ལྔ་བསྟེན་པའོ། །བཞི་པ་ཧེ་རུ་ཀ་སྦྱོར་སྐྱེས་བུ་ཉིད་ནི། རྣལ་འབྱོར་པས་ཁ་དོག་ནི་ཝརྞ་ཞེས་པ་རིགས་ལ་ཡང་འགྲོ་བས། ཧེ་རུ་ཀ་རིགས་ལྔའི་རྣལ་འབྱོར་ལ་གནས་པའོ། །ལྔ་པ་རིགས་ལྔ་དག་དང་མཉམ་ལྡན་པ་སྟེ། རིགས་ལྔའི་སྒྲུབ་པ་པོ་གང་ཡིན་ཡང༌། རིགས་གཅིག་ཏུ་ནི་རྣམ་པར་བརྟག །ཅེས་པ་ཕྱག་རྒྱ་ལྔ་ཀ་ཡང་མི་རྟོག་པ་མངོན་དུ་བྱེད་པར་གཅིག་པས་གཡུང་མོ་རེག་མིན་བསྟེན་པའོ། །ཁ་དོག་ནི་ཝརྞ་སྟེ། རིགས་དུ་མ་ཉིད་ཀྱིས་ནི། གང་ཕྱིར་དབྱེ་བ་མཚོན་མི་བྱེད། །ཅེས་པ་རང་གི་རིགས་དང་མཐུན་པ་གཙོ་བོ་ཡིན་པའོ། །རྒྱས་པར་བཤད་པ་ལ་དྲུག་སྟེ། སྤྱོད་པ་བྱེད་པའི་གང་ཟག་གི་མཚན་ཉིད། དེའི་གྲོགས་ཀྱི་མཚན་ཉིད་མཉེས་པར་བྱེད་པའི་ཐབས་དང་བཅས་པ། སྤྱོད་པའི་རྒྱན་དག་པ་དང་བཅས་པ། དེའི་དུས་ཀྱི་ལྷའི་རྣལ་འབྱོར་དང༌། སྤྱོད་པ་དངོས་ཕན་ཡོན་དང་བཅས་པ། སྤྱོད་པ་བྱེད་པའི་དམ་ཚིག་དང་སྡོམ་པ་བསྟན་པའོ། །དེ་རྣམས་ཀྱི་དང་པོ་ལ། དྲང་དོན་དུ་ཤིང་གཅིག་ནི། ཤིང་གཞན་གྱི་གྲིབ་མས་མ་ཕོག་པ། དུར་ཁྲོད་ནི་དུར་ཁྲོད་ཉིད་དོ། །མ་མོའི་ཁྱིམ་ནི་ཚངས་མ་ལ་སོགས་པ་བདུན་གནས་པའི་གནས། མཚན་མོ་ནི། དུས་མཚན་མོ་ནག་མོ་རྒྱུ་བའི་གནས། དབེན་པ་གྲོང་ལས་རྒྱང་གྲགས་སུ་ཆད་པ། བས་མཐའ་གྲོང་ཁྱེར་ཟད་པའི་མཐའ་མ། སྒོམ་པ་བཟང་བ་ཐབས་གཉིས་ལ་བརྟེན་ནས་ཡེ་ཤེས་གཉིས་སྒོམ་པའོ། །དེ་ཉིད་ངེས་དོན་དུ་ཤིང་འདྲ་བས་ཤིང་གཅིག་སྟེ་རང་བྱུང་གི་ཡེ་ཤེས་སོ། །དེའང་ཤིང་ལ་ལོ་འདབ་དང་མེ་ཏོག་དང་འབྲས་བུ་འབྱུང་བ་བཞིན་དུ། ལོ་འདབ་དང་འདྲ་བའི་དངོས་གྲུ་བཞི་སོགས་དང༌། མེ་ཏོག་དང་འདྲ་བའི་དངོས་གྲུབ་གྲུབ་པ་བརྒྱད། འབྲས་བུ་དང་འདྲ་བའི་མཆོག་གི་དངོས་གྲུབ་འབྱུང་བས་སོ། །དུར་ཁྲོད་ལ་ཤྭ་སཱ་ཏི་ཟེར་ལ། དེ་ལ་བ་དང་ན་བཅུག་པས། ཤྭ་ན་བ་སཱ་ཏི་ཞེས་པ་སྲོག་རབ་ཏུ་སོང་བ་སྟེ། མཚན་མ་དང་རྣམ་རྟོག་གི་སྲོག་རབ་ཏུ་སོང་བ། རང་བྱུང་གི་ཡེ་ཤེས་མི་རྟོག་པའོ། །མ་མོའི་ཁྱིམ་ནི་རྣལ་འབྱོར་མ་བཅོ་ལྔའི་ངོ་བོའམ་རང་བཞིན་རྩ་སོ་གཉིས་སོ། །རང་གི་ཡེ་ཤེས་ལ་རྟོག་པའི་རྒྱུ་འདྲུལ་མེད་པས་མཚན་མོ་དང་འདྲ་བས་མཚན་མོ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཙཎྜཱ་ལཱིའི་མེས་དབེན་པས་དབེན་པ། ཙཎྜཱ་ལཱི་ལྟེ་བ་སྤྲུལ་པའི་འཁོར་ལོ་ཙཎྜཱ་ལཱིའི་མེ་སྦར་བའི་མཐའ་ཡིན་པས་ན་བས་མཐའ་འོ། །སྒོམ་པ་བཟང་བ་ནི་ཙཎྜཱ་ལཱི་ལ་བརྟེན་ནས་རང་གི་ཡེ་ཤེས་བསྒོམ་པའོ། །དེ་ལྟར་སྤྱོད་པ་བྱེད་པ་ལ་དྲོད་ཐོབ་དགོས་པས། དྲོད་ཐོབ་པར་བྱེད་པའི་ཐབས་དེ་ཁོ་ན་ཉིད་སྒོམ་པ་གནས་དང་དབེན་པ་བསྟན་ནས། དྲོད་ཐོབ་པས་སྤྱོད་པའི་སྒོ་ནས་དངོས་གྲུབ་འདོད་པས་སྤྱོད་པ་སྤྱད་པར་བསྟན་པ་ནི། ཅུང་ཟད་དྲོད་ནི་ཐོབ་པ་ན། །ཞེས་པ་དྲོད་རབ་འབྲིང་གསུམ་ཅི་རིགས་པ་ཐོབ་ནས། གལ་ཏེ་སྤྱོད་པ་བྱེད་འདོད་པས། དེ་ཡང་ཚེ་འདིར་དངོས་གྲུབ་ཐོབ་པར་འདོད་པའི་བརྩོན་འགྲུས་ཅན་མིན་ན་སྤྱོད་པ་མི་བྱེད་པས། གལ་ཏེ་འགྲུབ་འགྱུར་འདོད་ཡོད་ན། །འདིས་ནི་སྟེ། ཚེ་འདིར་མཆོག་གི་དངོས་གྲུབ་འདོད་པས་སྤྱོད་པས་སྤྱད་པ་ཉིད་དོ། །གཉིས་པ་ནི་ཤིན་ཏུ་བཞིན་བཟང་སྟེ། ལྷན་སྐྱེས་སྐྱེ་བའི་རྟེན་དུ་རུང་བའོ། །མིག་ཡངས་མ་སྟེ། མིག་མི་འཛུམས་པར་ལྟ་བ། རང་གིས་དབང་བསྐུར་ཏེ་དབང་བཞིས་སྨིན་པར་བྱས་པའོ། །རྡོ་རྗེའི་བུ་མོ་ཞེས་པ་སྤྱོད་པའི་དུས་སུ་སྒྲུབ་པ་པོ་རིགས་ལྔ་ཀས་ཀྱང་གཡུང་མོ་བསྟེན་པའོ། །དེ་མེད་ན། རང་འདོད་ལྷ་ཡི་རིགས་ཀྱིས་བྱ། །ཞེས་པས་རང་རང་གི་རིགས་དང་མཐུན་པས་སོ། །དེ་ལྟ་བུའང་མ་རྙེད་ན་འདིར་སྤྱོད་པའི་སྐབས་སུ་རིགས་གཙོ་བོ་མ་ཡིན་པས། ཡང་ན་གཞན་གྱི་རིགས་ལས་བྱུང༌། །ཞེས་གསུངས་སོ། །གང་ཡིན་ནའང༌། བྱང་ཆུབ་ས་བོན་གདབ་པ་དང༌། །སྦྱང་བ་ཡིས་ནི་གཟུང་བར་བྱ། །ཞེས་པ། བུམ་དབང་གི་དུས་སུ་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར་ཏེ། ལུས་ཀྱི་དྲི་མ་སྦྱང༌། གསང་དབང་གི་དུས་སུ། ལྕེ་ལ་དབང་བསྐུར་ཏེ། ངག་གི་དྲི་མ་སྦྱང༌། ཤེས་རབ་ཀྱི་དུས་སུ་དབང་གི་གནས་སུ་ཕབ་སྟེ། སེམས་ཀྱི་དྲི་མ་སྦྱང༌། བཞི་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཚིག་གིས་མཚོན་ནས། དོན་བཤད་པས་ལུས་ངག་ཡིད་གསུམ་མཐའ་དག་གི་དྲི་མ་སྦྱང་བའོ། །དེ་མཉེས་པར་བྱེད་པའི་ཐབས། གལ་ཏེ་དགའ་བར་བྱ་བའི་ཕྱིར་གླུ་བླངས་ཏེ། དེ་ཚེ་རྡོ་རྗེ་མཆོག་ལྡན་ནི། གཉིས་སུ་མེད་པའི་ཡེ་ཤེས་བདེ་སྟོང་སྟོན་པའི་གླུ། ཀོལླ་ཨི་རེགས་ལ་སོགས་པའི་གླུ་བླངས་པས། གལ་ཏེ་དགའ་བསྐྱེད་པས་ན། ཐར་པའི་རྒྱུ་ནི་ཞེས་པས། རྣལ་འབྱོར་མ་མཉེས་པས་དངོས་གྲུབ་སྟེར་བས་སོ། །དེ་ཚེ། རྡོ་རྗེ་རྐང་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་ཤེས་པ་ལ་བྱའོ། །དེའི་དོན་ལ་རྣལ་འབྱོར་པས་མཉམ་པར་གཞག་པ་སྟེ། དེ་ཁོ་ན་ཉིད་གྱི་དོན་དང་མ་བྲལ་བར་བྱའོ། །གསུམ་པ། འཁོར་ལོའི་གཟུགས་ཀྱིས་ཏེ། རྣམ་པ་ངོ་བོ་མི་བསྐྱོད་པར་ཤེས་པར་བྱ་བ་ལ་སོགས་པའོ། །ཁ་ཊྭཱཾ་ག་གཟུགས་ཤེས་རབ་སྟེ། །ཞེས་པ་རྣམ་པ། ངོ་བོ་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་གྱི་རྣམ་པར་མི་རྟོག་པའི་ཤེས་རབ་བོ། །དེ་སྟོན་པའི་ཐབས་ཀྱི་གཟུགས་ཏེ། དེའི་རྗོད་བྱེད་སྒྲའི་མཚོན་བྱེད་ཅང་ཏེའུ་ཉིད་དོ། །བཞི་པ་ཞེ་སྡང་རྣམ་དག་ཅེས་པ། །ཐ་མལ་པའི་རྣམ་རྟོག་ལ་ཞེ་སྡང་སྟེ། ཧེ་རུ་ཀ་རིགས་ལྔའི་རྣལ་འབྱོར་རོ། །ལྔ་པ་གླུ་ནི་རྣམ་དག་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྟོགས་པས་ཟིན་པས་སྔགས་སུ་གནས། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྟོགས་པས་ཟིན་པའི་གར་ནི་བསྒོམ་པར་བྱས་པ་ཉིད་དོ། །སྨན་ནི་དྲི་ཆེན་ནོ། །ཆུ་ནི་དྲི་ཆུ། དེ་བསྟེན་པའི་ཕན་ཡོན་བཅུད་ལེན་དུ་འགྱུར་བ་ནི། རྒ་ཤིས་ཟིལ་གྱིས་མི་ནོན་པ་དང༌། བསྲུང་བར་འགྱུར་བའོ། །རྐུན་མ་སྟེ་རོའི་སྐྲ་ལས་རལ་པའི་ཅོད་པན་བྱས། དེའི་ནང་དུ་ཧཱུྃ་ལས་བསྐྱེད་པའི་རྡོ་རྗེའམ་སྐུ་གཞག་པར་བྱའོ། །སངས་རྒྱས་ལྔའི་ཐོད་པ་བསྣམས་ཏེ། རིགས་ལྔའི་བདག་ཉིད་དུ་མཚོན་པའི་ཐོད་པ་ལྔ་སྟེ། དེ་རེ་རེ་ཡང་སངས་རྒྱས་ལྔ་ལྔ་ཡིན་པ་མཚོན་པས་སོར་ལྔ་པའི་ཚད་དུ་བྱས་པས་དབུ་རྒྱན་དུ་བྱའོ། །ཐབས་དང་ཤེས་རབ་རང་བཞིན་ཏེ། ད་གཉིས་སུ་མེད་པར་མཚོན་པའི་རོའི་སྐྲའི་སྐ་རགས་གཉིས་སྐོར་དང་མཆོད་ཕྱིར་ཐོགས་སོ། །ཐལ་བས་ལུས་ཐམས་ཅད་ལ་བྱུགས་པས་ནི། ཆོས་ཐམས་ཅད་ལ་སྟོང་པ་ཉིད་དམ། བདག་མེད་པས་ཁྱབ་པ་མཚོན་ནོ། །ཅང་ཏེའུའི་སྒྲས་ནི་བཟླས་པ་སྟེ། ཞེས་པ་ཆོས་ཐམས་ཅད་སྟོང་པ་ཉིད་སྟོན་པའི་སྒྲའི་མཚོན་བྱེད་ཡིན་ལ། དེའི་མཚོན་བྱ་ནི་ཁ་ཊྭཱཾ་ག་བསྒོམ་ཤེས་རབ་ཉིད་དེ། རིག་པ་བྱང་ཆུབ་ཀྱི་སེམས་ཉིད་རྒྱུ་དང་རང་གི་ངོ་བོ་དང༌། འབྲས་བུས་སྟོང་པ་བསྒོམ་པ་མཚོན་པའོ། །དེ་ཡང་རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས། ཐོད་པ་ནི་ཀ་པཱ་ལ་ཞེས་པ། ཀ སུ་ཀ་ན་བདེ་བ། པ། པཱ་ལ་ན་སྐྱོང་བ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་བདེ་བ་ཆེན་པོ་སྐྱོང་བའི་སྤྱོད་པ་ལ་གནས་པ་དེ་ལའོ། །འདི་དག་བཟླས་པ་དང་བསྒོམ་པ་ཡིན་ཏེ། ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་ཤེས་པའོ། །དྲུག་པ་དེ་ལ་སྤང་བར་བྱ་བ། འདོད་པའི་ཡུལ་ལ་བརྐམ་པ་དང༌། དེ་ཁོ་ན་ཉིད་ལ་རྨོངས་པ་དང༌། འཇིགས་པ་སྟེ་བག་འཁུམ་པ་དང༌། ཁྲོ་བ་ཉིད་དང༌། ངོ་ཚ་བའི་འབྲས་བུ་སྟེ། དེའི་རྟོག་པ་དང༌། ཐ་མལ་པའི་གཉིད་སྤངས་ནས། ཐེ་ཚོམ་མེད་དེ་ངེས་པ་ཁོ་ནར་བྱེད་པའོ། །ལུས་ཀྱི་སྦྱིན་པ་བྱིན་ནས་ནི། །ཞེས་པ་ནི་སྤྱོད་པ་བྱེད་པའི་སྔོན་དུ། སེམས་ཅན་ཐམས་ཅད་ལ་ལུས་སྦྱིན་པར་བློས་ཀྱང་བཏང༌། ངག་ཏུ་སྦྱིན་པར་ཁས་བླངས་པའོ། །སྐལ་དང་སྐལ་མིན་རྣམ་པར་དཔྱད། །ཅེས་པ། ཕྱིས་ལུས་སློང་བ་བྱུང་ན་སྐལ་བ་དང་ལྡན་ཏེ་ལུས་སྦྱིན་པར་ནུས་ན་དངོས་སུ་སྦྱིན་ལ། སྐལ་མིན་ཏེ། བདག་གི་དགེ་བའམ་ལམ་གྱི་བར་ཆད་དུ་འགྱུར་ན། དེ་ཕྱིར་སྦྱིན་པ་སྦྱིན་མི་བྱ་སྟེ། མི་སྦྱིན་པའོ། །གལ་ཏེ་ཁྱོད་ཀྱིས་ཁས་བླངས་པས་སོ་ཞེ་ན། སེམས་ཅན་ཐམས་ཅད་ལ་སྦྱིན་པར་ཁས་བླངས་པ་ཡིན་གྱིས། ཁྱོད་གཅིག་པུ་མ་ཡིན་པས་ཆ་ཤས་ཙམ་ཡང་ཐོབ་པ་མེད་དོ། །ཞེས་བྱའོ། །བཟའ་བྱ་ཞེས་པ་ལ་སོགས་པས་གཉིས་སུ་ཞེན་པ་མེད་པར་བྱ་བ་སྟེ། ཇི་ལྟར་རྙེད་པ་ཞེས་པ་སྟེ་ཆེད་དུ་གཏད་པ་མེད་པའི་སྤྱོད་པ་བྱེད་པའོ། །བགྲོད་དང་སྟེ། བགྲོད་པར་བྱ་བ་བྲམ་ཟེ་མོ་ལ་སོགས་པ། བགྲོད་མིན་ཏེ། བགྲོད་མིན་གཡུང་མོ་ལ་སོགས་པའོ། །འོ་ན་བླ་མ་ལ་ཕྱག་མི་བྱ་འམ་ཞེ་ན་མ་ཡིན་ཏེ། དངོས་གྲུབ་རྙེད་པའི་སློབ་མ་གང༌། །ཞེས་པ་དྲོད་ཐོབ་པའི་སློབ་མས་ཀྱང༌། ཡང་དག་ཡེ་ཤེས་སྣང་བ་པོ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྟོགས་པ་བསྐྱེད་པའི་བླ་མ་ལ་གྲུབ་པ་ཐོབ་པའི་སློབ་མས་ཀྱང༌། བླ་མ་ལ་མངོན་ཕྱག་འཚལ། ཞེས་པའོ། །གང་གི་ཕྱིར་ན་མནར་མེད་སྤང་བའི་རྒྱུའི་ཕྱིར། ཞེས་པ་བླ་མ་ལ་བརྙས་པས་མནར་མེད་པར་འགྲོ་བས་དེ་སྤང་བའི་ཕྱིར་རོ། །གཞན་ཡང་བསླབ་པ་དང་སྟེ། བསླབ་པར་བྱ་བ་དང༌། བསླབ་པར་བྱ་བ་མིན་པའོ། །དབང་དང་སྟེ། དབང་དུ་བྱ་བ་མ་ཡིན་པ་དང༌། ངོ་ཚ་བ་དང༌། མི་ཚ་བའི་རྟོག་པ་ཐམས་ཅད་སྤངས་པའོ། །དེ་ཡང༌། དངོས་པོ་ཀུན་གྱི་རང་བཞིན་གྱི། །ཡོ་གེ་རྣམ་དཔྱད་ཅེས་པ། ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་བཞིན་དུ་ཤེས་པར་རོ། །སྙིང་རྗེ་ཆེ་ཞེས་པ་ནི། འཁོར་ལ་བོས་པའོ། །སྦྱིན་སྲེག་མཆོག་སྦྱིན་དཀའ་ཐུབ་འདས། །སྔགས་དང་བསམ་གཏན་རྣམ་པར་སྤང༌། །ཞེས་པ་ནི། དེ་རྣམས་ལ་མཆོག་ཏུ་འཛིན་པའི་ཚུལ་གྱིས་སམ། དངོས་པོ་བདེན་པར་ཞེན་པའི་ཚུལ་གྱིས་སམ། དེ་ཁོ་ན་ཉིད་རྟོགས་པ་དང་འགལ་ན་སྤང་བར་བྱ་བ་ཡིན་གྱིས། གཞན་དུ་བྱ་མི་བྱ་གཉིས་སུ་མེད་པ་ཡིན་ནོ། །དམ་ཚིག་སྡོམ་པ་སྟེ། ལས་དང་པོ་པའི་རྩ་ལྟུང་བཅུ་བཞི་པ་ལ་སོགས་པ་ལས་གྲོལ་བའོ། །རྣལ་འབྱོར་ལྡན་པ་སྟེ། ཐབས་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པ་དང་ལྡན་པས་སྤྱོད་པ་བྱེད་པ་ན། དེའི་ཚེ། ལྷ་མིན་གང་སྟེ། ཐག་ཟངས་རིས་སམ། ལྷའི་དབང་པོ་བརྒྱ་བྱིན་ལྟ་བུ་ལ་ཡང་འཇིགས་པ་དང་བྲལ་བར་བྱའོ། །སེམས་ཅན་ཀུན་གྱི་དོན་ནི། བཟའ་བ་ཐུན་མོང་གི་དངོས་གྲུབ་དང༌། གྲོལ་བ་མཆོག་གི་དངོས་གྲུབ་སྟེ། དེ་ལ་གཉིས་ལ་དགོད་པའི་ཕྱིར། རྟག་ཏུ་སྙིང་རྗེ་བཏུང་བར་བྱ། །ཞེས་པ་དམིགས་པ་མེད་པའི་སྙིང་རྗེ་བསྐྱེད་པའོ། །རྣལ་འབྱོར་བཏུང་དགའ་ཞེས་པ། ཐབས་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བཏུང་བ་ལ་དགའ་བར་བྱའི། གཞན་གྱི་བཏུང་བས་བཟི་བ་མེད། །ཅེས་པ་ཐ་མལ་པའི་ཆར་བཟི་བར་མི་བཏུང་བའོ། །སྤྱོད་པ་བྱེད་པའི་གང་ཟག་དེ་ལ་མཆོག་གི་དངོས་གྲུབ་ཀྱི་གྲོགས་ངོ་ཤེས་པར་བྱ་བའི་ཐབས་བརྡ་ལ་སོགས་པ་ནི། ལེའུའི་འབྲེལ་སྤྱོད་པ་བྱེད་པ་ལ་གྲོགས་རྣལ་འབྱོར་མ་དགོས་ལ། དེ་ངོ་ཤེས་པ་ལ་བརྡ་དགོས་པས་བརྡའི་ལེའུ་བཤད་པར་བྱའོ། །ཞེས་པའོ། །སྦས་དོན་དུ་ཞུ་བདེ་དེ་ཁོ་ན་ཉིད་སེམས་ཉིད་གཉུག་མ་ལ་རེག་ཅིང་མཚོན་ནུས་པས། བརྡ་ཡིན་པར་བསྟན་པའོ། །འདིའི་བརྗོད་བྱའི་དོན་བསྐྱེད་རིམ་གྱི་ཡན་ལག་ཚོགས་ཀྱི་འཁོར་ལོ་དང་འབྲེལ་བའི་དབང་དུ་བྱས་ནས་སྤྱིའི་དོན་ཡིན་ལ། སྤྱོད་པ་དང་འབྲེལ་པས་སྦས་པའི་དོན། གནས་ལ་སོགས་པས་བཅུ་གཉིས་ཡིན་པས་མཐར་ཐུག་དང་ཡང་འབྲེལ་ལོ། །རྗོད་བྱེད་ཀྱི་སྒྲ་བསྡུས་པའི་དོན་གྱི་མན་ངག་གཙོ་བོ་ཡིན་ལ། གཉིས་པོ་ཡང་འཇུག་པའི་སྐབས་ཡོད་དོ། །མངོན་པར་རྟོགས་པ་ཚོགས་དང་འབྲེལ་བའི་དབང་དུ་བྱས་ནས། དམ་ཚིག་ཀྱང་ཡིན་ལ། གཙོ་བོར་སྤྱོད་པའི་ཡན་ལག་དང་འབྲེལ། བཤད་པའི་རྒྱུད་སཾ་པུ་ཊའི་བརྟག་པ་བཞི་པ་ཐམས་ཅད་དང༌། ལྔ་པའི་རབ་ཏུ་བྱེད་པ་དང་པོ་དང་སྦྱར་རོ། །ལུས་རྣམ་པར་གཞག་པ་བརྡ་ཆེན་གྱི་བཤད་པའོ། །འདིར་སྤྱོད་པའི་ཡན་ལག་དང་འབྲེལ་བ་ནི། འཇིག་རྟེན་ན་རྒྱལ་པོའི་རིགས་སུ་སྐྱེས་པ་དང༌། ལུས་སུ་གྲུབ་པ་སྟེ་མཚན་དང་ལྡན་ཞིང་ཡན་ལག་མ་ཚང་བ་མེད་པ་གཅིག་གིས་ཡུལ་གཞན་དུ་དམག་འདྲེན་པ་ན། རང་གི་ཡུལ་གཞན་གྱིས་འཁྱེར་བར་དོགས་པས་རྒྱལ་པོ་གཞན་དང་སྲིད་བྱ་བ་སྟེ། སྲིད་ལས་ཉམས་པ་སྲུང་བའི་ཡན་ལག་སྟེ་དང་པོའོ། །གཉིས་པ་ངལ་དུབ་ལ་སོགས་པ་ལས་དབུགས་འབྱིན་པས་བཞོན་པའི་ཡན་ལག་སྟེ། གླང་པོ་དང༌། རྟ་ལ་སོགས་པའོ། །གསུམ་པ་ལྷན་ཅིག་པ་གྲོགས་ཀྱི་ཡན་ལག་སྟེ། བཙུན་མོའི་འཁོར་དང་བཅས་པའོ། །བཞི་པ་ཡིད་བདེ་བ་གྲོགས་ཀྱི་ཡན་ལག་སྟེ། གང་དུ་གང་དགོས་པ་ལ་མཁས་པ་ལ་སོགས་པའི་བློན་པོའི་གྲོགས་དགོས་པའོ། །ལྔ་པ་དུས་ཀྱི་ཡན་ལག་སྟེ། རྩིས་པ་ཚེས་གྲངས་དང༌། གཟའ་དང་སྐར་མ་དང༌། དུས་ཚོད་ཤེས་པ་དགོས་པའོ། །དེ་རྣམས་དང་ལྡན་པས་ཡུལ་ཁམས་དང༌། མི་དང་ནོར་རྣམས་དབང་དུ་འགྱུར་རོ། །དེ་བཞིན་དུ་རྣལ་འབྱོར་པས། སྤྱོད་པ་བྱེད་པ་ལ་ཡང༌། རྒྱལ་པོའི་ལུས་སུ་གྲུབ་པ་དང་འདྲ་བ། བསྐྱེད་པའི་རིམ་པ་ལྷའི་རྣལ་འབྱོར་བརྟན་དགོས་ལ། རིགས་སུ་སྐྱེས་པ་དང་འདྲ་བར། རྫོགས་པའི་རིམ་པས་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་རྟོགས་པ་དགོས་སོ། །དེ་ལྟར་ཆོས་གཉིས་དང་ལྡན་པའི་རྣལ་འབྱོར་པས་སྤྱོད་པ་བྱེད་པ་ན་སྲིད་ལས་ཉམས་པ་སྲུང་བའི་ཡན་ལག་དང་འདྲ་བར། འདོད་ཡོན་ལ་ཞེན་པའི་དུག་གིས། བདག་གི་རྟོགས་པ་ཡུལ་འབྱིན་པ་ལས་སྲུང་བའི་དོན་དུ། ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་རྟོགས་པའི་ལྟ་བ་དགོས་ཏེ། དེ་ནི་ལྔ་པ་ལས། ངོ་བོ་གཟུགས་མེད་མཐོང་བ་པོ། །ལ་སོགས་པས་བསྟན་ཏོ། །བཞོན་པའི་ཡན་ལག་དང་འདྲ་བར། ཐ་མལ་པའི་རྟོག་པ་ལས་དབུགས་འབྱིན་པར་བྱེད་པ་བསྐྱེད་པའི་རིམ་པའི་ལྷའི་རྣལ་འབྱོར་དགོས་ཏེ། དེ་ནི་ལེའུ་གསུམ་པ་ལ་སོགས་པས་བསྟན་ཏོ། །གྲོགས་དགོས་པ་དང་འདྲ་བར་གྲོགས་ཕྱག་རྒྱ་དགོས་པས་དེ་ནི་དེའི་སྤྱོད་པའི་ལེའུ་ཉིད་ལས་ཀྱང་གསུངས་ལ། དེ་ངོ་ཤེས་པའི་ཐབས་བརྡའི་ལེའུ་ལས་བསྟན་ཏོ། །བཞི་པ་གྲོགས་དགོས་པ་བཞིན་དུ། ཕྱི་ནང་གི་བར་ཆད་སེལ་བ་ལ་སོགས་པ་ལ་སྔགས་ཀྱི་བཟླས་པ་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་དགོས་པས། དེ་ལེའུ་གཉིས་པ་ལས་གསུངས་སོ། །ལྔ་པ་དུས་ཤེས་དགོས་པ་བཞིན་དུ་དྲོད་ཐོབ་སྟེ་རླུང་སེམས་དབུ་མར་འདུ་རུ་རུང་བའི་དུས་ཤེས་ནས་སྤྱོད་པ་བྱེད་པའོ། །དེས་ཡུལ་རྣམས་དབང་དུ་གྱུར་པ་དང་འདྲ་བར། ཕྱིའི་ཡུལ་ཀོལླ་གི་རི་ལ་སོགས་པ་དང༌། ནང་གི་ཡུལ་སྤྱི་བོ་ལ་སོགས་པ་དབང་དུ་འགྱུར་རོ། །གྲོགས་དབང་དུ་འགྱུར་བ་དང་འདྲ་བར་ཕྱི་རོལ་དུ་ཞིང་སྐྱེས་ཀྱི་རྣལ་འབྱོར་མ་རྣམས་དབང་དུ་འགྱུར་ལ། ནང་དུ་རྩ་རྣམས་ལ་དབང་ཐོབ་པའོ། །ནོར་དབང་དུ་འགྱུར་བ་དང་འདྲ་བར། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མས་བརྟན་པའི་དགའ་བ་བཅུ་དྲུག་ལ་དབང་ཐོབ་པར་འགྱུར་བའོ། །དེ་ལྟར་སྤྱོད་པའི་གྲོགས་ངོ་ཤེས་པར་བྱེད་པའི་ཡན་ལག་ཏུ་འབྲེལ་ལོ། །ཚིག་དོན་ལ་ཙྪོ་མ་ཞེས་པ་སོ་སོ་སྐྱེ་བོ་ཐེ་ཚོམ་གྱི་ས་ཡིན་ལ། རྣལ་འབྱོར་པ་ལ་གོ་རྟོགས་བསྐྱེད་པའི་བརྡའི་ལེའུ་བཤད་པར་བྱའོ། །ཞེས་པའོ། །ལེའུའི་དོན་ལ་ལྔ་སྟེ། བརྡའི་བྱེད་པ་དང༌། བརྡ་དངོས། བརྡས་ངོ་ཤེས་པར་བྱ་བའི་གྲོགས། དེ་དང་འདུ་བའི་གནས་དང༌། འདུ་བའི་དུས་དང༌། འདུས་པའི་བྱ་བ་བསྟན་པའོ། །དང་པོ་གང་གི་ཞེས་པ་བརྡ་གང་གིས་སྒྲུབ་པ་པོ་ནང་སྤུན་དང་རྣལ་འབྱོར་མ་སྲིང་མོར་ཡང་ཐེ་ཚོམ་མེད་པར་ཤེས་པའོ། །ཡང་རྣལ་འབྱོར་མ་ནང་སྤུན་དང༌། སྒྲུབ་པ་པོ་མིང་པོར་ཡང་ཞེས་དོན་གྱིས་ཤེས་པར་བྱའོ། །གཉིས་པ་བརྡ་དངོས་ནི་གང་ཞིག་ཅེས་པ་བརྡ་བྱེད་པ་པོས་ཏེ། སྒྲུབ་པ་པོའི་གཡས། རྣལ་འབྱོར་མའི་གཡོན་གྱི་སོར་མོ་གཅིག་སྟོན་པ། ལེགས་པར་འོངས་སམ་ཞེས་འདྲི་བ་ཡིན་ལ། གཉིས་སྟོན་པ་ལན་ཡིན་ནོ། །བསྟུན་གྱི་ཕྱག་རྒྱ་ནི་བདེ་བར་འོངས་སམ་ཞེས་འདྲི་བའི་དོན་ཏོ། །གཡས་པའི་མཐེ་བོང་བཅངས་པ་ལན་ཡིན་པར་དོན་གྱིས་ཤེས་གསུང་ངོ༌། །ད་ནི་དོན་དང་མ་འགྲེལ་བའི་བརྡ་སྟེ། བརྡ་དང༌། བརྡའི་ལན་གྱིས་རྣལ་འབྱོར་ཕོ་མོ་ཙམ་དུ་ངོ་ཤེས་པར་བྱེད་པ་སྟེ། གང་ཞིག་སྲིན་ལག་ཅེས་པ་ལ་སོགས་པས་བསྟན་ཏོ། །ཕྱག་རྒྱ་ཕྱག་རྒྱའི་ལན་གྱིས་ནི། །དམ་ཚིག་གིས་ནི་རྣམ་པར་དབྱེ། །ཞེས་པ་བརྡའི་བྱེད་པའི་འཕྲོ་སྟེ། དམ་ཚིག་དང་ལྡན་པའི་རྣལ་འབྱོར་ཕོ་མོ་ངོ་ཤེས་པར་བྱེད་པའོ། །དེ་ལ། ཞེས་པ་བརྡ་ཤེས་པའི་རྣལ་འབྱོར་པ་ལ། རྣལ་འབྱོར་མས་སྨྲས་པ། ཨེ་མ་བུ་ནི་སྙིང་རྗེ་ཆེ། །ཞེས་བོས་ནས། གལ་ཏེ་ཕྲེང་བ་ལག་སྟོན་ན་སྟེ། མེ་ཏོག་གི་ཕྲེང་བ་ལག་པ་གཉིས་ཀྱིས་གཟུང་ནས་སྟོན་ན། ཚོགས་ཀྱི་འཁོར་ལོ་ལ་འདུ་ཞེས་སྨྲ་བའི་བརྡ་ཡིན་ལ། ཕྲེང་བ་མངོན་པར་བཏང་བྱས་ནས། །ཞེས་པས་ཕྱོགས་གང་དུ་དོར་བའི་གནས་དེར། དམ་ཚིག་ལ་གནོས་ཞེས། དམ་བཅའ་བ་ལས་མ་འདའ་ཞིག་ཅེས་པའོ། །དེ་ལ་ཕྱི་རོལ་ཞེས་འདུ་བ་སྟེ། གནས་གང་དུ་འདུ་བའི་བརྡ་བྱས་པ་དེ་བཟང་པོའི་སྤྱོད་ཡུལ་ཏེ། དངོས་གྲུབ་ཀྱི་གནས་སོ། །གནས་དེར་གནས་པ་དེ་ལ་འདུ་བའི་གྲོགས་རྣལ་འབྱོར་མས། གང་སྨྲས་དེ་ལྟར་ཐམས་ཅད་བྱ། །ཞེས་པ་གང་དུ་འདུ་བའི་བརྡ་བྱས་ལ་དེར་འདུ་བར་བྱའོ། །འདུ་བའི་གནས་མདོར་བསྟན་པ། ཀྱེ་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་སྟེ། ཉེ་བའི་དུར་ཁྲོད་ཀྱི་བར་བཅུ་ནི། ས་བཅུ་དང་རིམ་པ་བཞིན་དུ་སྦྱར་ལ། འཐུང་གཅོད་བཅུ་གཅིག་པ་དཔེ་མེད་པའི་ཡེ་ཤེས། ཉེ་བའི་འཐུང་གཅོད་དཔེ་མེད་པའི་ཡེ་ཤེས་ཅན་ནོ། །དེ་ཡང་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའི་ས་བཅུ། མགོན་པོ་ཉིད་སངས་རྒྱས་ཀྱི་ས་གཉིས་ཏེ། སངས་རྒྱས་ཀྱི་ས་ལ་ཉེ་བ་ལ་མིང་བཏགས་པ་ཡིན་ནོ། །དེ་རྣམས་ཀྱང་ཕྱི་རོལ་དུ་ཡུལ་སུམ་ཅུ་སོ་གཉིས་ཡིན་ལ། ནང་དུ་རྩ་སུམ་ཅུ་སོ་གཉིས་ཏེ། དེ་རྣམས་ཀྱི་རླུང་དང་བྱང་ཆུབ་ཀྱི་སེམས་རིམ་གྱིས་དབུ་མར་ཐིམ་པ་ལས་ས་བཅུ་གཉིས་ཀྱི་རྟོགས་པ་སྐྱེ་བ་ཡིན་ནོ། །རྒྱས་པར་བཤད་པ། ཀྱེ་བཅོམ་ལྡན་འདས་ལ་སོགས་པ་སྟེ། གནས་ལ་ཡུལ་བཞི། ཉེ་བའི་གནས་ལ་གསུམ། ཞིང་ལ་བཞི། ཉེ་བའི་ཞིང་ལ་བཞི། ཚནྡོ་ལ་ལྔ། ཉེ་བའི་ཚནྡོ་ལ་གསུམ། འཐུང་གཅོད་ལ་གཉིས། ཉེ་བའི་འཐུང་གཅོད་ལ་གསུམ། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ལ་གཉིས་གཉིས་སུ་གསལ་བར་བཤད་དེ། འདུ་བ་དང་ཉེ་བའི་འདུ་བ་ལ་རྒྱས་བཤད་མི་སྣང་ངོ༌། །འདུ་བའི་དུས། སེམས་ཅན་ཀུན་གྱི་ལ་སོགས་པ་སྟེ། བརྡས་མཚོན་པའི་རྣལ་འབྱོར་མ་དང་གོང་དུ་བཤད་པའི་གནས་ཁྱད་པར་ཅན་རྣམས་སུ་ལེགས་པར་འདུ་བའི་ཉིན་པར་ཏེ་དུས་སོ། །དེ་ཉིད་བཤད་པ་ཀྱེ་བཅོམ་ལྡན་འདས་ཉི་མ་གང་ལགས། ཞེས་ཞུས་པའི་ལན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡི་དྭགས་རྒྱུ་བའི་དུས། ཟླ་བ་ཕྱེད་ཡར་གྱི་བཅོ་ལྔ་དང༌། མར་གྱི་གནམ་སྟོང༌། བཅུ་བཞི་པ་དང་བརྒྱད་པ་ཡང་དེ་བཞིན་དུ་སྦྱོར་རོ། །འདུས་པའི་བྱ་བ་ལ་གསུམ། བཟའ་བ་ལ་སོགས་པའི་བྱ་བ་དང༌། དེ་ཉིད་རྣལ་འབྱོར་གཉིས་ལ་བརྟེན་ཏེ་བྱ་བའི་ལས་དང༌། དེ་ལྟར་བྱས་པའི་ཐུན་མོང་གི་ཕན་ཡོན་བསྟན་པའོ། །དང་པོ་ནི་རྒྱལ་མཚན་ཏེ། གསལ་ཤིང་གིས་ཕུག་པའི་སྐྱེས་བུ། མཚོན་བསྣུན་དཔའ་བོ་གཡུལ་དུ་བསད་པ་དང༌། ལན་བདུན་པ་མིའི་སྐྱེ་བ་བདུན་དུ་བླངས་པ། དེ་ལྟ་བུ་མ་རྙེད་ན་རྡོ་རྗེ་སློབ་དཔོན་བརྙས་བྱེད་ལ་སོགས་པ་བསྒྲལ་བ་སྟེ། དེ་ཡང་བསམ་པའི་ཐབས་ལ་མཁས་པ་འབད་པས། སྙིང་རྗེ་བསྐྱེད་པའི་ཞེས་པའི་ཚུལ་གྱིས། སྦྱོར་བའི་ཐབས་ལ་མཁས་པ་ནུས་པའི་སྒོ་ནས། གཞན་གྱིས་མ་ཚོར་བར་གསད་པར་བྱ་བ་ཉིད་དོ། །དེ་ཡང་སྙིང་རྗེ་མེད་ན་དེའི་རྣམ་སྨིན་གྱིས་བདག་ངན་སོང་དུ་འགྲོ་ལ། ཕ་རོལ་གྱི་དོན་མི་འགྲུབ་པ་དེའི་ཕྱིར་སྙིང་རྗེ་ཆེན་པོའི་སྒོ་ནས་བྱའོ། །དེ་ལ་ཡུལ་ཐམས་ཅད་གདུག་པ་ཟེར་ཡང༌། གདུག་པ་ཅན་ཐམས་ཅད་དེ། རྡོ་རྗེ་སློབ་དཔོན་བརྙས་བྱེད་ལ་སོགས་པའོ། །སྦྱོར་བའི་ཐབས་ལ་མཁས་པ། ཆོ་གའི་གཙོ་བོ་ནུས་པའི་སྒོ་ནས་བསྒྲལ་བར་བྱའི། དགག་པར་བྱ་ཞེས་པ་མཚོན་གྱིས་མ་ཡིན་པའོ། །ངེས་དོན་དུ་རྣལ་འབྱོར་མ་ནི་རྣལ་འབྱོར་མ་བཅོ་ལྔའི་ངོ་བོ་རྩ་རྣམས་ཡིན་ལ། ལེགས་འདུ་བ་ཞེས་པ་དེར་བསྒོམས་པའི་སྟོབས་ཀྱིས་རླུང་སེམས་ལེགས་འདུ་བའོ། །ཉིན་པར་ཞེས་པ་ལ་དྷུ་སྟེ། ཡི་གེ་སྒྲས་དྲངས་ཏེ་དྷོའུ་སྭརྒ་མཐོ་རིས། དྷོའུ་སུ་ཀ་ན་བདེ་བ། དྷོ་འུ་སོར་ཀ་སྨོད་པ་སྟེ། མཐོ་རིས་ལས་བྱུང་བའི་ལྷ་མིའི་བདེ་བ་ལ་སྨོད་པ་སྟེ། དེ་ལས་མཆོག་ཏུ་གྱུར་པ་ལྷན་སྐྱེས་སོ། །ཡི་དྭགས་ཞེས་པ་པྲེ་ཏ་སྟེ། དེ་ཁ་ཕྲལ་ན་པྲ་ཨེ་ཏ་ཞེས་པ་སྲོག་རབ་ཏུ་སོང་བ་སྟེ། མཚན་མ་དང་རྣམ་རྟོག་གི་སྲོག་རབ་ཏུ་སོང་བ་ལྷན་སྐྱེས་མི་རྟོག་པའོ། །ཟླ་ཕྱེད་ཚེས་བཅོ་ལྔའི་ཐོ་རངས་ཀྱི་ཟླ་བ་ཡོངས་སུ་རྫོགས་པ་ལྟ་བུ། དགའ་བ་བཅུ་དྲུག་པ་ལྷན་ཅིག་སྐྱེས་པའི་ལྷན་སྐྱེས་སོ། །བཅུ་བཞི་ཞེས་པ་དེ་བས་ཆ་གཅིག་གིས་དམའ་བ་ཚེས་བཅུ་བཞིའི་ཟླ་བ་ལྟ་བུ་ལྷན་ཅིག་སྐྱེས་པའི་དགའ་བྲལ་ལོ། །བརྒྱད་པ་ནི་དེའི་དུས་ན། ཐབས་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་འབྱུང་བ་བཞི་དང་ཕྲང་པའོ། །རྒྱལ་མཚན་དང་འདྲ་བས་ན་རྒྱལ་མཚན་ཏེ། དེའི་དུས་སུ་རིགས་ཀྱི་བདག་པོའི་མཁའ་དང༌། རྩ་མཛེས་པའི་སྤྱི་བོ་གཉིས་བྱང་ཆུབ་ཀྱི་སེམས་ཀྱིས་བརྒྱན་པའོ། །མཚོན་བསྣུན་ནི་རྣམ་པར་རྟོག་པའི་སྲོག་བཅད་པ་མི་རྟོག་པའོ། །ལན་བདུན་པ་ནི་དེའི་བྱང་ཆུབ་ཀྱི་སེམས་བདུད་རྩི་ལྔའི་དྭངས་མ་དང༌། ལྷན་ཅིག་སྐྱེས་པའི་དགའ་བྲལ་དང༌། ལྷན་ཅིག་སྐྱེས་པའི་ལྷན་སྐྱེས་གཉིས་ཏེ་བདུན་ནོ། །འབད་པས་ནི་རླུང་སྦྱང་བ་དང་ཐིག་ལེ་གཟུང་བའི་ཐབས་ལའོ། །སྙིང་རྗེ་ནི་ཀཱ་རུ་ཎ་སྟེ། ཀ སུ་ཀ་ན་བདེ་བ། རུ། རུ་ཙྪེ་ད་རྡུལ་དང་བྲལ་བ་སྟེ། བདེ་བ། རྟོག་པའི་རྡུལ་དང་བྲལ་བ་བསྐྱེད་པས་སོ། །བསད་པ་རྟོག་པ་བསད་པའོ། །གདུག་པ་ཅན་ཐམས་ཅད་ཀྱང་རྣམ་རྟོག་ཉིད་དོ། །ཆོ་གའི་གཙོ་བོ་ཞེས་པ་ཐབས་ཀྱིས་ཟིན་པར་བྱས་པས་རྟེན་གྱི་ཐ་མལ་པའི་ཆགས་པ་དགག་པའོ། །དེ་ཉིད་རྣལ་འབྱོར་གཉིས་ལ་བརྟེན་ཏེ་བྱ་བ་ལ་བཞི་སྟེ། བསྐྱེད་པའི་རིམ་པ་ལྷའི་རྣལ་འབྱོར་ལ་བརྟེན་ཏེ་བྱ་བའི་ལས་དང༌། རྫོགས་པའི་རིམ་པ་དཔལ་ཧེ་རུ་ཀའི་རྣལ་འབྱོར་ལ་བརྟེན་ཏེ་བྱ་བའི་ལས་དང༌། དེ་ཉིད་ཀྱི་ཕན་ཡོན་དང༌། དཔལ་ཧེ་རུ་ཀའི་ངེས་ཚིག་བསྟན་པའོ། །དང་པོ་ནི་དེ་ལ་ཞེས་པ་འདུ་བའི་གནས་དང་དུས་དང༌། བཟའ་བ་ལ་སོགས་པའི་བྱ་བ་ལ་གནས་པའི་དུས་སུ་འདི་ལྟར་བལྟ་བ་ཉིད་དོ། །ཇི་ལྟར་བལྟ་ན་ཉིན་མོའི་བརྡས་བསྟན་པ། བཅོམ་ལྡན་རྡོ་རྗེ་ཅན་ཏེ་ཧེ་རུ་ཀར་བསྒོམ། མཚན་མོའི་བརྡས་བསྟན་པ་ཤེས་རབ་སྟེ། བདག་མེད་མར་བསྒོམ་པའོ། །གཉིས་པ་ཡང༌། དེ་ལ་འདི་ལྟར་བལྟ་བ་ཉིད། །ཇི་ལྟར་བལྟ་ན་རྫོགས་པའི་རིམ་པའི་ཉམས་མྱོང་བརྟན་པས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་ཤེས་པས། མི་བྱ་ཅུང་ཟད་ཡོད་མ་ཡིན། །ཞེས་པས་འདི་བྱ་བ་དང༌། འདི་མི་བྱ་བར་ཞེན་པ་མེད་པའོ། །དེ་བཞིན་དུ་བཟའ་བ་དང༌། བསམ་པ་དང༌། མི་བསམ་པ་དང༌། བཟང་བར་སྨྲ་བ་དང༌། ངན་པར་སྨྲ་བ་མེད་པའོ། །ཇི་ལྟར་བདག་ཉིད་དེ་ལྟར་གཞན། །ཞེས་པ་བདག་ཏུ་ཞེན་པ་བདེ་བ་ཆེན་པོ་མངོན་དུ་བྱེད་པའི་ཚུལ་གྱིས་དང༌། རྟོག་པ་སྤོང་བའི་ཚུལ་གྱིས་བཟའ་བ་བཞིན་གཞན་དུ་ཞེན་པའང་བཟའ་ཞེས་པའོ། །དེ་བཞིན་བདག་ནི་ཞེས་པ་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ། དེ་ཉིད་ཆོས་ཐམས་ཅད་ཀྱི་ནང་ན་གཙོ་བོའམ་ཐམས་ཅད་ཀྱི་བདག་ཉིད་ཡིན་པས། ང་མཆོག་ཉིད་ཅེས་པའོ། །འདི་ལྟར་སེམས་པའི་ནི། ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་རྟོགས་པའི་རྣལ་འབྱོར་པ་དེས། གོང་དུ་བཤད་པའི་བཟའ་བའི་དམ་ཚིག་རྣམས་བསྟེན་པས། བཟའ་དང་བཏུང་བ་ལ་སོགས་སྤྱད། །ཅེས་པའོ། །གསུམ་པ་ཕན་ཡོན་ནི། ཡན་ལག་ཇི་སྙེད་བསྒྱུར་བ་དེ་སྙེད་ཕྱག་རྒྱ་ཡིན། ཅིའི་ཕྱིར་ན། ཧེ་རུ་ཀ་དཔལ་གནས་བཞུགས་པས། །ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྣལ་འབྱོར་དང་ལྡན་པས་སོ། །ཚིག་རྣམས་རབ་ཏུ་རྒྱས་པ་ཉིད་དེ། སྨྲ་བ་ཐམས་ཅད་སྔགས་ཡིན། གང་གི་ཕྱིར་ན་ཧེ་རུ་ཀ་དཔལ་གནས་བཞུགས་པས་སོ། །བཞི་པ་ངེས་ཚིག་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་ལ་ཧེ་རུ་ཀ་དཔལ་ཞེས་ཟེར་བ་ནི། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཞེས་པ་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད། མི་ཤེས་པའི་རི་བོ་དྲལ་བས་ན་དཔལ་ཏེ། དཔལ་གསང་བ་གྲུབ་པ་ལས། དཔལ་ནི་གཉིས་མེད་ཡེ་ཤེས་ཏེ། །མི་ཤེས་རི་བོ་འཇོམས་ཕྱིར་རོ། །ཞེས་གསུངས་སོ། །དེ་ཉིད་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་ཅན་ཡིན་པས། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །ཅེས་པ་ཧེ། ཧེ་ཏུ་ཤཱུ་ནྱ་ཏཱ་སྟེ། རྒྱུས་སྟོང་པ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ། །རུ་ནི་ཚོགས་དང་བྲལ་བ་ཉིད་དེ། རུ། རཱུ་པ་ཀ་ན་ཚོགས་དང་བྲལ་བ་སྟེ། རང་གི་ངོ་བོ་སྟོང་པ་ཉིད། །ཀ་ནི་གང་དུའང་མི་གནས་པ་སྟེ། ཀ ཀུ་ཙི་ཏི་ཏིཥྛ་སྟེ། གནས་པས་སྟོང་པ་སྟེ། འབྲས་བུས་སྟོང་པ་སྨོན་པ་མེད་པའོ། །མཐར་ཐུག་ཐུན་མོང་གི་ཕན་ཡོན་ནི། རྡོ་རྗེ་ནི་ཐབས་སྒྲུབ་པ་པོ། །ཐོད་པ་ཤེས་རབ་ཕྱག་རྒྱ། སྦྱོར་བ་བོལླ་དང༌། ཀཀྐོ་ལའོ། །ཡང་རྡོ་རྗེ་ནི་བོལླ། ཐོད་པ་ཀཀྐོ་ལ། ཡང་རྡོ་རྗེ་ནི་བོལླ་ཧཱུྃ་ལས་རྡོ་རྗེར་བསྐྱེད་ལ་དེ་ཉིད་བདེ་བ་སྐྱོང་བས་ཐོད་པའོ། །དེས་ལྷན་སྐྱེས་གོམས་པ་ལས། སྐྱེ་བོ་གང་དང་གང་རྣམས་ཀྱི། །ཞེས་པ་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ཤ་ནི་གཉིས་སུ་ཞེན་པའི་རྟོག་པའོ། །སེམས་ཅན་དེ་དེ་དབང་དུ་བྱེད། །ཅེས་པ་སྣང་བ་ཐམས་ཅད་ལྷན་སྐྱེས་ཀྱི་ངོ་བོར་རྟོགས་པའོ། །བརྡས་མཚོན་པའི་གྲོགས་ལ་བརྟེན་ཏེ་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པའི་ཐབས་ལྷན་ཅིག་སྐྱེས་པའི་དོན་བསྒོམ་པ་ནི། ལེའུའི་འབྲེལ་བརྡས་མཚོན་པའི་གྲོགས་རྣལ་འབྱོར་མའི་འཁོར་ལོ་འདུ་བའི་ལེའུ་བཤད་གསུང་ཏེ། ལྷ་མོ་བཅོ་ལྔ་ཉིད་འཛམ་བུའི་གླིང་ན་བཞུགས་པའི་ཞིང་སྐྱེས་ཀྱི་རྣལ་འབྱོར་མ་དང་གཅིག་པ་དེ་སྤྱོད་པའི་གྲོགས་ཡིན་པའི་དབང་དུ་བྱས་ནས་སོ། །སྦས་དོན་དུ་རྩ་རྣམས་ཀྱི་དག་པ་ལྷ་མོའི་ངོ་བོ་ཉིད་ཡིན་པར་རྟོགས་པར་བྱ་བའི་ཕྱིར་ཏེ། དེ་ཡང་ཕྱག་རྒྱ་བསྡུས་པའི་ལེའུ་ལས། རྩ་ནི་གཉིས་གཉིས་རྣལ་འབྱོར་མ། །ལ་སོགས་པ་གསུངས་སོ། །འདིའི་བརྗོད་པར་བྱ་བའི་དོན་བསྐྱེད་རིམ་གྱི་སྤྱི་དང༌། རང་བྱིན་གྱིས་བརླབ་པའི་རིམ་པ་དང༌། དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱི་སྦས་པ་གཉིས་ཀ་སྟོན། རྗོད་བྱེད་ཡན་ལག་གི་དོན་གྱིས་གཙོ་བོར་བཤད་ལ། གཉིས་པོའང་ཅུང་ཟད་ཙམ་འཇུག་པའི་སྐབས་ཡོད་དོ། །མངོན་པར་རྟོགས་པ་བསྐྱེད་རིམ་བདག་མེད་མ་ལ་མོས་པའི་གང་ཟག རྫོགས་པའི་རིམ་པ་བསྒོམ་པའི་རྟེན་བསྐྱེད་རིམ་བསྒོམ་པ་དང་འབྲེལ། རྫོགས་རིམ་རྣམས་ལྷ་ཡེ་ཤེས་སུ་རྟོགས་པར་བྱ་བའི་རྫོགས་རིམ་དང་འབྲེལ་ལོ། །གཙོ་ཆེར་ཉེ་བའི་རྒྱུ་དང་འབྲལ་བར་གསུངས་སོ། །བཤད་པའི་རྒྱུད་གུར་གྱི་ལེའུ་བཞི་པ་ནས་ལྷ་མོ་བཅུ་གསུམ་གྱི་སྒྲུབ་ཐབས་སུ་ཚུལ་མི་འདྲ་བའི་སྒོ་ནས་བཤད། བཅུ་གཉིས་པ་ནས་ལྷ་མོ་བཅོ་ལྔའི་སྒྲུབ་ཐབས། ཆ་མཐུན་ལ་མངོན་པར་རྟོགས་པའི་རིམ་པ་དང་བཅས་ནས་ཤིན་ཏུ་གསལ་བར་བཤད། སཾ་པུ་ཊའི་བརྟག་པ་གསུམ་པའི་རབ་ཏུ་བྱེད་པ་གསུམ་པ་ལས་གཙོ་མོ་ཕྱག་བཞི་མ་འཁོར་རྣམས་ཁ་དོག་སྣ་ཚོགས་སུ་ཚུལ་མི་འདྲ་བའི་སྒོ་ནས་བཤད་དོ། །རྫོགས་རིམ་རྣམས་བཤད་པའི་རྒྱུད་དང་སྦྱར་ནས་གསུངས་པ་མེད་དོ། །ལུས་རྣམ་པར་གཞག་པ། ཇི་ལྟར་རིགས་པ་དང༌། རྣལ་འབྱོར་མའི་བསྐྱེད་དང༌། གནས་དང༌། བྱེད་རྒྱུ་དང༌། ཡེ་ཤེས་དང་ལྔས་རྒྱས་པར་བཤད་པ་ཡིན་ནོ། །ལེའུར་གཞུང་ལ་གཉིས་ཏེ། ལྷན་ཅིག་སྐྱེས་པའི་དོན་ཇི་ལྟར་བསྒོམ་པའི་ཚུལ་དང༌། དེ་གདོན་མི་ཟ་བར་བསྒོམ་པར་བྱ་བ་ཉིད་དུ་གདམས་པའོ། །སྔ་མ་ལ་གཉིས་ཏེ། ལྷན་ཅིག་སྐྱེས་པས་ལྷན་ཅིག་སྐྱེས་པའི་དོན་བསྒོམ་པའི་ཚུལ་དང༌། རང་བཞིན་ལྷན་ཅིག་སྐྱེས་པའི་དོན་བསྒོམ་པའི་ཚུལ་ལོ། །དེའི་སྔ་མ་ལ་གཉིས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི་ནམ་མཁའི་ཁམས་ཞེས་པ་ལ་སོགས་པ་སྟེ། དོན་གྱིས་ཤེས་པར་བྱ་བ་སྲོད་ཐུན་གྱི་ཐ་མལ་ལྷན་ཅིག་སྐྱེས་པའི་ངང་ལ་ཉལ། དེའི་རང་ལས་ནང་པར་རྗེ་བཙུན་མའི་སྐུར་ལངས། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨྃ་བསམས་པའི་འོད་ཀྱིས་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་ལ་ཤར་གྱི་དུར་ཁྲོད་དམ་ཡང་ན་སྟེང་གི་ཆ་ལ་བླ་མ་མི་བསྐྱོད་པའི་སྐུ་ལྟ་བུ་དང་བཅས་པ་སྤྱན་དྲངས། ལེའུ་གསུམ་པ་ལས་འབྱུང་བ་བཞིན་དུ་མ་མོ་བརྒྱད་ཀྱིས་མཆོད། གུར་ནས་འབྱུང་བ་བཞིན་དུ་བདུན་རྣམ་དག་བྱ། ཚད་མེད་པ་བཞི་བསྒོམ་པ་དང༌། ཡེ་ཤེས་ཚོགས་བསགས་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྲུང་བའི་འཁོར་ལོའི་བར་དུ་བསྒོམས་ལ་སྲུང་འཁོར་གྱི་ནང་གི་ནམ་མཁའི་ཁམས་སུ་བྷ་ག་བསམ། ཞེས་པ་ཆོས་འབྱུང་གྲུ་གསུམ་མོ། །དེའི་དབུས་སུ་རྣམ་པར་བསྒོམ་པ་ནི་འཁོར་ལོ་ཞེས་རྟེན་གྱི་དཀྱིལ་འཁོར་སྔོན་དུ་སྟེ། བརྟེན་པ་ལྷའི་སྔོན་དུ་ཅི་རིགས་པར་ཞེས་པ་འབྱུང་བ་བཞི་རིམ་པས་བསྒོམ་པའོ། །དེའི་རྗེས་ལ་བརྟེན་པ། ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད། །ཅེས་པ་མངོན་བྱང་ལྔས་བསྐྱེད་པའོ། །རྒྱས་པར་བཤད་པ་ལ་རྣལ་འབྱོར་མའི་འཁོར་ལོ་བསྐྱེད་པ་དང༌། དེ་ལ་བརྟེན་ནས་ལྷན་ཅིག་སྐྱེས་པའི་དོན་སྒོམ་པ་དངོས་སོ། །སྔ་མ་ལ་གཉིས། དོན་དངོས་དང༌། མཇུག་བསྡུ་བའོ། །དོན་དངོས་ལ་གཉིས། རྟེན་བསྐྱེད་པ་དང༌། བརྟེན་པ་བསྐྱེད་པའོ། །དང་པོ་ནི་འཁོར་ལོ་ཞེས་པ་ལ་སོགས་པ་སྟེ་འོག་ཏུ་སྦྱར་ལ། ཆོས་འབྱུང་ཞེས་པ་སྲུང་འཁོར་གྱི་ནང་གི་ནམ་མཁའ་ལ་ཆོས་འབྱུང་གྲུ་གསུམ། ཕྱི་དཀར་ལ་ནང་དམར་བ། གདེངས་ཁ་གྱེན་ལ་ཕྱོགས་པ་བསྒོམ་སྟེ་གཞིའི་ཡན་ལག་གོ །རྒྱུའི་ཡན་ལག་བསྒོམ་པའི་གོ་རིམ་རླུང་ནས་བསྒོམ་ཡང༌། བསྟན་པའི་རིམ་པས་བྷྲཱུྃ་ལས་བསྐྱེད་པའི་འཁོར་ལོ་ས་དང་སྟེ་སའི་དཀྱིལ་འཁོར། ཆུ་ཉིད་སྔོན་ཏེ་ཆུའི་དཀྱིལ་འཁོར། བྱིན་ཟ་སྟེ་མེ་ལྷའི་མིང་གིས་མཚོན་ནས་མེའི་དཀྱིལ་འཁོར་རླུང་ཆེན་ཏེ། རླུང་གི་དཀྱིལ་འཁོར་རོ། །རིམ་པ་དེ་ལྟར་སྟོན་པའི་རྒྱུ་མཚན། ལྷ་རྣམས་ཀྱིས་ནི་ཞེས་བྱ་བ་དང༌། ཇི་ལྟར་རིགས་པར་གཉིས་སྦྱར་ཏེ། འབྱུང་བ་བཞི་རྣམ་པར་དག་པའི་ལྷ་མོ་སྤྱན་ལ་སོགས་པའི་རིམ་པ་དང་བསྟུན་པའོ། །ཚིག་འདི་རྣམས་ཉིད་ལ་སློབ་དཔོན་པདྨ་བཛྲ་ལ་སོགས་པས་འོག་ཏུ་སའི་དཀྱིལ་འཁོར་སྒོམ་པ་ལ་སོགས་པའི་ཚུལ་གྱིས་རིམ་པ་བཞེད་དེ། དེ་ནི་མཚོན་བྱ་ནང་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་ལ། རེག་པ་སྲ་བའི་བག་ཆགས་ཀྱིས། །ས་ནི་དེ་ལས་སྐྱེ་བར་འགྱུར། །བྱང་སེམས་གཤེར་བའི་རྣམ་པ་ཡིས། །ཆུ་ཡི་ཁམས་ན་འབྱུང་བར་འགྱུར། །བསྐྱོད་པ་ལས་ནི་དྲོད་སྐྱེས་ཏེ། །འགྲོ་བ་རླུང་དུ་རབ་ཏུ་གྲགས། །ཞེས་པའི་གོ་རིམ་མཚོན་པ་ཡིན་ལ། འདིར་སློབ་དཔོན་ཌོཾ་བི་ཧེ་རུ་ཀའི་བཞེད་གཞུང་གིས་རླུང་ནས་རིམ་པ་བཞིན་བསྒོམ་པ་ནི་ནང་ལུས་ཀྱི་དཀྱིལ་འཁོར་ལ། རྐང་པའི་མཐིལ་དུ་གནས་པའི་རླུང༌། །རྩོམ་པ་ཆེན་པོ་གཞུ་ཡི་དབྱིབས། །སུམ་མདོ་ཡང་ནི་མེ་ཉིད་ནི། །དེ་བཞིན་གྲུ་གསུམ་འབར་བ་ཉིད། །ཟླུམ་པོའི་རྣམ་པའི་དབྱིབས་ཀྱིས་ནི། །ཆུ་ནི་ལྟོ་བ་རུ་ནི་གནས། །སྙིང་གར་ཡང་ནི་ས་ཉིད་ནི། །ཀུན་ནས་གྲུ་བཞི་པ་ཉིད་དོ། །ཞེས་པའི་རིམ་པ་དེ་མཚོན་ནོ། །རྐྱེན་གྱི་ཡན་ལག ཇི་ལྟར་སྒོམ་པ་པོ་འབྱུང་བ། ཞེས་པ་བདག་ཉིད་ཀྱི་སེམས་རྣམ་པ་ཡི་གེ་འབྲུ་གསུམ། ཐབས་ཤེས་རབ་གཉིས་མེད་ཀྱི་མཚོན་བྱེད་ཧོ་དམར་པོ་གཉིས་དང་བཅས་པ་ནམ་མཁར་བྱོན་ནས། འབྱུང་བ་རིམ་བརྩེགས་འཁོར་ལོ་དང་བཅས་པ་ལ་ཐིམ་ནས་རྐྱེན་བྱས་ཏེ་ཐམས་ཅད་ཞུ་བ་ལས་གཞལ་ཡས་ཁང་བསྐྱེད་པའོ། །གཞལ་ཡས་ཁང་གི་གནས་ཐབས་ལས་སྐྱེས་ཞེས་པ་ལ་སོགས་པ་སྟེ། འཁོར་ལོ་ནི་རྟེན་གྱི་དཀྱིལ་འཁོར་གྱི་འཁོར་ལོ། འཕར་མ་གཉིས་ནི་ནང་གི་ལྷ་མོ་བདུན་གྱི་གནས་ལ་རྡོ་རྗེའི་རྭ་བ་དང༌། མེ་འོད་ཀྱིས་བསྐོར་བ་དང་ཕྱི་གྲུ་བཞིའོ། །དེ་ཉིད་ཡེ་ཤེས་ཀྱི་སྣང་བ་ལས་གྱུར་པས་དྭངས་ཤིང་གསལ་བས་ན་དག་པའོ། །ཡ་ཡོ་དང་ཞིག་རལ་ལ་སོགས་པ་མེད་པས་སྐྱོན་མེད་པའོ། །འཕར་མ་གཉིས་ཀྱི་ནང་བྷ་གའི་དཀྱིལ་འཁོར་ལ་མཚོན་པ་ནི་ཟེའུ་འབྲུ་ཞེས་པ་ལ་སོགས་པའོ། །དེའི་ནང་ན་པདྨ་དང་ཉི་མའི་དཀྱིལ་འཁོར་བཅོ་ངའི་སྟེང་དུ་རོ་བསྒོམ་པ་དེ་དབུས་ལ་སོགས་པའོ། །དེར་བརྟེན་པ་ལྷ་ཇི་ལྟར་སྒོམ་པ་ལ་དྲུག་སྟེ། ལྷ་མོ་རྣམས་ཇི་ལྟར་བསྐྱེད་པའི་ཚུལ་དང༌། གནས་གང་དུ་དགོད་པ་དང༌། ཁ་དོག་ལ་སོགས་པ་དང༌། ཕྱག་མཚན་གྱི་དག་པ་དང༌། དེ་ལྟར་བསྒོམས་པའི་ཕན་ཡོན་དང༌། ཁ་དོག་གི་སྒོ་ནས་རྒྱལ་བ་རིགས་དྲུག་གི་བདག་ཉིད་ཡན་ལག་དྲུག་སྒོམ་པའོ། །དང་པོ་ལ་བཞི་སྟེ། ལྷ་མོ་རྣམས་ཀྱི་མངོན་པར་བྱང་ཆུབ་པའི་ཚུལ་དང༌། དེ་ཉིད་དང་རྡོ་རྗེ་སེམས་དཔའི་བསྐྱེད་ཚུལ་མི་འདྲ་བའི་བྱེ་བྲག་དང༌། ལྷ་མོ་རྣམས་ཇི་ལྟར་བསྐྱེད་པ་ཐུན་མོང་གི་མཚན་ཉིད་དང༌། སོ་སོའི་བྱེ་བྲག་གི་མཚན་ཉིད་བསྟན་པའོ། །དེ་རྣམས་ཀྱི་དང་པོ་ནི་ཨཱ་ལི་ཉིས་འགྱུར་སུམ་ཅུ་རྩ་གཉིས་ཚན་པ་བཅོ་ལྔ་ལ་སངས་རྒྱས་ལ་མངའ་བའི་མཚན་སུམ་ཅུ་རྩ་གཉིས་སུ་མོས། དེ་ཡོངས་སུ་གྱུར་པ་ཟླ་བ་བཅོ་ལྔ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས། ཡང་དེ་རྣམས་ཀྱི་སྟེང་དུ་ཀཱ་ལི་སུམ་ཅུ་རྩ་བཞིའི་སྟེང་དུ་ཡི་གེ་དྲུག་བསྣན་པ་བཞི་བཅུ་ཕྲག་གཉིས་པ་ཚན་པ་བཅོ་ལྔ་ལ་དཔེ་བྱད་བརྒྱད་ཅུར་མོས། དེ་ལས་ཉི་མ་བཅོ་ལྔ་ལ་མཉམ་པ་ཉིད་དུ་མོས། དེ་གཉིས་ཀྱི་བར་དུ་ས་བོན་ཨཱ་ལི་བཅོ་ལྔ་ལས་གྲི་གུག་ས་བོན་གྱིས་མཚན་པ་ལས་སོ་སོར་ཀུན་ཏུ་རྟོགས་པར་མོས། ཉི་མ་ཟླ་བ་ས་བོན་ཕྱག་མཚན་འདྲེས་པ་བཅོ་ལྔ་ལས་བྱ་བ་ནན་ཏན་དུ་མོས། དེ་ལས་སྐུ་ཡོངས་སུ་རྫོགས་པ་ལྷ་མོ་བཅོ་ལྔ་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་མོས་པ་བྱའོ། །དེ་ཉིད་གཞུང་ལས། དེ་ཡི་སྟེང་དུ་ཟླ་བ་ཡིན། །ཞེས་པ་དང་པོ། ཕྱི་ནས་བདུད་ལས་རྒྱལ་བས་མནན། །ཞེས་པ་བདུད་མུན་པ་དང༌། དེ་ལས་རྒྱལ་བ་ཉི་མ་སྟེ་གཉིས། ཟླ་བའི་སྟེང་དུ་ས་བོན་ཉིད། །ཅེས་པ་ས་བོན་ལས་ཕྱག་མཚན་ས་བོན་གྱིས་མཚན་པ་བསྒོམ་པའོ། །གསུམ་པ། གཉིས་འདུས་པ་ལས་བདེ་ཆེན་ནོ། །ཞེས་པ་ཐབས་ཤེས་རབ་ཀྱི་རང་བཞིན་ཉི་ཟླ་གཉིས་ཁ་སྦྱར་བ་བདེ་བ་ཆེན་པོའི་རྒྱུ་ཡིན་པས་བདེ་བ་ཆེན་པོའོ། །མདོར་བསྟན་ཏོ། །རྒྱས་པར་བཤད་པ་ཨཱ་ལི་ཞེས་པ་ལ་སོགས་པ་སྟེ། རྒྱུ་ཨཱ་ལི་ཀཱ་ལི་ལས་བསྐྱེད་པ། ཟླ་བ་ཉི་མ་འདུས་པ། ཞེས་པ། དེ་གཉིས་ཀྱི་བར་དུ་ས་བོན་བཅོ་ལྔ་ལས། དཀར་མོ་ལ་སོགས་རབ་ཏུ་གྲགས། །ཞེས་པ། ཕྱག་མཚན་གྲི་གུག་བཅོ་ལྔ་ས་བོན་གྱིས་མཚན་པ་བསྒོམ་པའོ། །རབ་ཏུ་རྒྱས་པར་བཤད་པ། ཟླ་བ་སྟེ་རྣམ་པ་མེ་ལོང་ཡེ་ཤེས་ལྡན་ཞེས་པ་དེར་མོས་པ་བྱའོ། །དེ་ཡང་རྣམ་པ་ཟླ་བའི་རྣམ་པར་བསྒོམ་པས་སྒོམ་སླ། རང་གི་ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས་པ་བྱས་པས། ད་ལྟ་མེ་ལོང་ལྟ་བུའི་ཡེ་ཤེས་བསྒོམ་པར་འགྱུར་ལ། ནམ་ཞིག་ཐོབ་པར་འགྱུར་བའོ། །དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཉི་ཟླའི་རྣམ་པར་བསྒོམ་པས་རྣམ་པ་ལམ་དུ་བྱེད། ངོ་བོ་མེ་ལོང་ལྟ་བུར་མོས་པས་མོས་པ་ལམ་དུ་བྱེད་མེ་ལོང་ལྟ་བུའི་ཡེ་ཤེས་འབྲས་བུ་ཡིན་པས་འབྲས་བུ་ལམ་དུ་བྱེད། དེ་ཉིད་ཚོགས་བསོག་ཅིང་སྒྲིབ་པ་འདག་པས་བྱིན་རླབས་ལམ་དུ་བྱེད་པ་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་ཀྱི་ཐུགས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་པོ་ལས་སྒྲུབ་པ་པོའི་བློ་ལ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་སྣང་བ་ཡིན་པས་འབྲེལ་བས་མི་བསླུ་བ་ཞེས་བྱ་བ་ཡིན་གསུང་ངོ༌། །འོག་མ་རྣམས་ལའང་དེ་བཞིན་དུ་ཤེས་པར་བྱའོ། །བདུན་གྱི་བདུན་པ་ཞེས་པ་ཉི་མ་སྟེ། རླུང་གི་རྟ་བདུན་གྱིས་འདྲེན་པས་སོ། །མཁས་པ་ཞེས་པ་ལྷན་སྐྱེས་ལ་མཁས་པས་ཆོ་ག་སྟེ། མངོན་བྱང་ལྔ་ཡི་ཆོ་ག་གསུངས་པ་ཡིས། །རྣམ་པ་ལྔ་པོ་སྒོམ་པ་ཉིད། །ཅེས་པ་ཡེ་ཤེས་ལྔ་ལམ་དུ་བྱེད་པའོ། །དེ་ཡང་མེ་ལོང་དག་པ་ལ་བཞིན་གྱི་དཀྱིལ་འཁོར་གྱིས་རྐྱེན་བྱས་ནས་དེ་ཉིད་ཀྱི་གཟུགས་བརྙན་མེ་ལོང་དང་ཐ་མི་དད་པའི་ཚུལ་གྱིས་འཆར་བ་ལྟར། སངས་རྒྱས་ཀྱི་ཡེ་ཤེས་སྒྲིབ་པ་ཐམས་ཅད་དང་བྲལ་བ་ལ། ཤེས་བྱ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྐྱེན་གྱིས་ཡེ་ཤེས་དེ་ལ་སྣང་བ་དེ་དག་ཉིད། ཡེ་ཤེས་དེ་དང་ཐ་མི་དད་དུ་སྣང་བས་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཡེ་ཤེས་དེ་སྒྲིབ་པའི་ཚོགས་ཐམས་ཅད་དང་བྲལ་བ་དང༌། ཟླ་བ་མུན་པའི་ཚོགས་དང་བྲལ་བ་ཆོས་མཐུན་པས། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསྒོམ་པའོ། །དེ་ཡང་ཨཱ་ལི་སུམ་ཅུ་རྩ་གཉིས་ལས་བསྐྱེད་པ་ནི། ཡེ་ཤེས་དེ་ཉིད་སྐུའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་བྱེད་པས་སྐུ་ཡིན་ལ། སྐུའི་ཡོན་ཏན་མཚན་སུམ་ཅུ་རྩ་གཉིས་ལམ་དུ་བྱེད་པའི་ཕྱིར། དེ་ཡང་ཨཱ་ལི་དང་གྲངས་མཐུན་པས་སོ། །དེ་ཡང་སཾ་པུ་ཊ་ལས། སངས་རྒྱས་ཡོན་ཏན་ཨ་སོགས་ཀྱི། །གཟུགས་ཀྱིས་ཡང་དག་འཇུག་པར་འགྱུར། །ཞེས་གསུངས་སོ། །ཡེ་ཤེས་དེ་ཉིད་ཀྱིས་དམན་པ་དང༌། འབྲིང་དང༌། མཆོག་ལ་སོགས་པར་ཆོས་ཅན་གྱི་སྒོ་ནས་མི་མཉམ་ཡང༌། ཆོས་ཉིད་ཀྱི་སྒོ་ནས་མཉམ་པ་ཉིད་དུ་ཐུགས་སུ་ཆུད་ཅིང༌། དེ་ལྟར་མ་རྟོགས་པ་ལ་ཐུགས་རྗེ་ཆེན་པོ་མཉམ་དུ་འཇུག་པས་མཉམ་པ་ཉིད་དོ། །དེ་ཡང་ཉི་མས་མུན་པ་འཇོམས་པའི་སྟོབས་དང་ལྡན་པ་བཞིན་དུ། ཡེ་ཤེས་དེ་ཡང་སྒྲིབ་པ་འཇོམས་པའི་ནུས་པ་དང་ལྡན་པར་ཆོས་མཐུན་པ་དང༌། ཉི་མའི་འོད་དམར་པོས་ཐུགས་རྗེ་ཆེན་པོ་མཚོན་པས་ཉི་མར་བསྒོམ་པའོ། །དེ་ཀཱ་ལི་བརྒྱད་ཅུ་ལས་བསྐྱེད་པ་ནི་ཡེ་ཤེས་དེའི་བདག་པོ་ལས་སྐུའི་ཡོན་ཏན་དཔེ་བྱད་བརྒྱད་ཅུ་འབྱུང་བས་དེ་ལམ་དུ་བྱེད་པའི་ཕྱིར་རོ། །ཆོས་ཅན་རྒྱུ་སོ་སོ་རྐྱེན་སོ་སོ་འབྲས་བུ་སོ་སོ་བ་ཐམས་ཅད་ཀྱི་ཆོས་ཉིད་ཐུགས་སུ་ཆུད་པས་ན། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་དེ་ཡང་ས་བོན་སོ་སོ་ལ། ཕྱག་མཚན་སོ་སོ་ས་བོན་སོ་སོས་མཚན་པ་བསྒོམ་པ་ཆོས་མཐུན་པས་སོ། །བྱ་བ་ནི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཡིན་ལ། དེ་ལ་ནན་ཏན་དུ་བྱེད་པའི་ཡེ་ཤེས་ནི། བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་སྐུ། སོ་སོར་རྟོག་པ་གསུང༌། མཉམ་པ་ཉིད་ཐུགས་ཡིན་ལ། སྐུ་གསུང་ཐུགས་ཀྱི་མཛད་པ་འདྲེས་པར་འཇུག་པ་དང༌། ཟླ་བ་ཉི་མ་ས་བོན་ཕྱག་མཚན་འདྲེས་པ་ཆོས་མཐུན་པས་ཐམས་ཅད་གཅིག་ཏུ་གྱུར་པར་བསྒོམ་པའོ། །ཆོས་ནི་སངས་རྒྱས་ཀྱི་ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་ཕུང་པོ། ཏིང་ངེ་འཛིན་གྱི་ཕུང་པོ། ཤེས་རབ་ཀྱི་ཕུང་པོ། རྣམ་པར་གྲོལ་བའི་ཕུང་པོ། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོས་བསྡུས་པའི་ཟག་པ་མེད་པའི་ཡོན་ཏན་གྱི་ཆོས་ཐམས་ཅད་དབྱིངས་དྷཱ་ཏུ་ཞེས་པ། རྒྱུ་ཡིན་ཏེ་དག་པ་གཉིས་ལྡན་གྱི་ཡེ་ཤེས། ཡེ་ཤེས་ཐམས་ཅད་ཀྱི་བདག་ཉིད་དེ་ཡིན་ནོ། །དེས་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པ་བསྐྱེད་པ་དང༌། སྐུ་རྫོགས་པར་བསྐྱེད་པ་ཆོས་མཐུན་པས། རྣམ་པ་སྐུ་རྫོགས་པར་བསྒོམ་པའོ། །གཉིས་པ་ནི་ཧེ་རུ་ཀ་ནི་རིགས་ལྔ། བདག་མེད་མ་དང་དྲུག ཨཱ་ལི་ཀཱ་ལི་མི་མཉམ་པར་སྦྱོར་བ་སྟེ། ཉི་ཟླ་ཁ་སྦྱོར་ལས་བསྐྱེད་ལ། རིགས་དྲུག་པ་རྡོ་རྗེ་སེམས་དཔའ་ཨཱ་ལི་ཀཱ་ལི་མཉམ་པར་སྦྱོར་བ་ཞེས་བྱ་བ། ཟླ་བ་ཁ་སྦྱོར་ལས་བསྐྱེད་དེ། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །ཞེས་པ། ཨཱ་ལི་ལས་ཟླ་བ་གྲུ་གསུམ་ཨཱ་ལིས་མཚན་པ་བསྒོམ་པའོ། །དེ་ཡང་སཾ་པུ་ཊའི་བརྟག་པ་གསུམ་པ་དངོས་ལས། གྲུ་གསུམ་རྒྱ་ཆེའི་རང་བཞིན་ཅན། །སངས་རྒྱས་ཀུན་གྱི་ཡོན་ཏན་གནས། །འདི་ནི་ཨ་སོགས་གཟུགས་ཀྱིས་ནི། །སངས་རྒྱས་ཡོན་ཏན་འཇུག་པར་འགྱུར། །ཤེལ་དང་ཟླ་བ་ལྟ་བུར་ནི། །དེ་ཡི་སྟེང་དུ་འཇུག་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །གཉིས་པའང་ཀཱ་ལི་ལས་ཟླ་བ་གྲུ་གསུམ་ཀཱ་ལིས་མཚན་པ་བསྒོམས་ཏེ། དེ་ཡང༌། བྱང་ཆུབ་ཟླ་བ་གཉིས་པ་ཅན། །འདི་ནི་སྐར་མའི་རྣམ་པ་ཡིས། །སངས་རྒྱས་ཡོན་ཏན་ཀཱ་སོགས་ཀྱི། །གཟུགས་ཀྱི་གཟུགས་བརྙན་ལྟ་བུའོ། །རྣལ་འབྱོར་གྱིས་ནི་འཇུག་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །གསུམ་པ་ནི་རྡོ་རྗེ་སེམས་དཔའ་ཞེས་པ་ཟླ་བ་ཁ་སྦྱོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ས་བོན་གྱིས་མཚན་པ་མེད་པ་བསྒོམ་པ་སྟེ། དེ་ལས་དབུས་སུ་རྩེ་ལྔ་པ། །འོད་ཟེར་དཀར་པོར་བཅས་པ་ཉིད། །ཅེས་གསུངས་སོ། །དེ་ཡང་རྡོ་རྗེ་སེམས་དཔའ་ཞེས་པ་རྡོ་རྗེ་སེམས་དཔའ་བསྐྱེད་པའི་རྒྱུ་ཡིན་པས་རྡོ་རྗེ་རྩེ་ལྔ་པ་ལ་བྱའོ། །དེ་ཉིད་ཀྱི་གདན་ཟླ་བ་སྟེ། ཟླ་བ་ཁ་སྦྱོར་རོ། །དེར་ཡི་གེ་ལས་བྱུང་གོང་བུ་ལས་ཏེ། ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་ལས། ཧཱུྃ་ཕཊ་རྣམ་པ་འདོད་མི་བྱ། །ཞེས་པ་ཧཱུྃ་གིས་མཚན་པ་མེད་དོ། །བཞི་པ་རྡོ་རྗེ་དེ་ལས་རྡོ་རྗེ་ཕྲ་མོ་དཔག་ཏུ་མེད་པ་སྤྲོས་ཏེ་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱས་ནས་སླར་དེ་ཉིད་ལ་ཐིམ་པའོ། །དེ་ཡང༌། ནམ་མཁའི་ཁམས་ནི་ཐམས་ཅད་ཀྱི། །ཚད་དུ་ཡང་དག་གང་བ་ཡི། །རྡོ་རྗེ་ལུས་ཀྱི་བདག་ཉིད་དུ། །སྔགས་པས་བསྒོམ་པར་བྱ་བའོ། །འདིས་ནི་སྔགས་ཀྱི་རྣལ་འབྱོར་གྱིས། །སྤྲོ་བ་དང་ནི་བསྡུ་བར་བྱ། །ཞེས་གསུངས་པའོ། །དེ་ཡང༌། སེམས་དཔའི་གཟུགས་བརྙན་ལས་བྱུང་བ། ཞེས་པ་རྡོ་རྗེ་རྩེ་ལྔ་པའི་སྤྲོ་བསྡུ་ལས་སོ། །ལྔ་པ། དཀྱིལ་འཁོར་བདག་པོ་རྣམ་པར་བསྒོམ། །ཕྱག་མཚན་ཞལ་སོགས་གོང་མ་བཞིན། །ཞེས་པ་ལེའུ་གཉིས་པ་ཆར་དབབ་པའི་སྐབས་ནས་འབྱུང་བ་བཞིན་ནོ། །ཟླ་བ་ཆུ་ཤེལ་ནོར་བུའི་འོད་ནི་རང་བཞིན་གྱིས་མཚན་མ་དང་རྣམ་རྟོག་གིས་མ་གོས་པ་མཚོན་པའོ། །དེ་རྣམས་ཀྱི་མཚོན་བྱ་ཡང་ཨཱ་ལི་ཀཱ་ལི་མི་མཉམ་པར་སྦྱོར་བས་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་མཚོན་ལ། མཉམ་པར་སྦྱོར་བས་གསང་བའི་དབང་མཚོན་ནོ། །དེ་ཡང་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་སུ་ཐབས་ཀྱི་བྱང་ཆུབ་ཀྱི་སེམས་ཟླ་བ་ལྟར་དཀར་བ། ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་ཉི་མ་ལྟར་དམར་བ་གཉིས། དབང་གི་གནས་སུ་ཁ་སྦྱོར་དུ་གྱུར་པས། ཕན་ཚུན་བསྲུབས་པ་ནི། ནང་གི་ཉི་ཟླ་གཟས་ཟིན་ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བའི་གནས་ཡིན་ལ། དེ་འདིར་ཉི་ཟླ་ཁ་སྦྱོར་གྱིས་མཚོན་པ་ཡིན་ནོ། །འདིར་ཟླ་བ་ཉིས་བརྩེགས་ཀྱིས་ནི། གསང་དབང་གི་དུས་སུ་ཐབས་ཡབ་ལས་ཐོབ་པའམ། ཡུམ་ལས་ཐོབ་པ་གང་ཡིན་ཡང༌། བྱང་ཆུབ་ཀྱི་སེམས་ཟླ་བ་ལྟར་དཀར་བས་དབང་བསྐུར་བ་དང༌། གྲུ་གསུམ་གྱིས་ཡུམ་ལས་ཐོབ་པའི་དབང་དུ་བྱས་ནས་བྷ་གའི་དཀྱིལ་འཁོར་གྲུ་གསུམ་མཚོན་གསུང་ངོ༌། །མི་མཉམ་པར་སྦྱོར་བ་ན། ཕྱག་མཚན་ས་བོན་གྱིས་མཚན་པ་བསྒོམས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དུས་སུ་བྱང་ཆུབ་ཀྱི་སེམས་འགྱུར་བ་འགེགས་པས། རྡོ་རྗེའི་ལྟེ་བར་ཧཱུྃ་དང་བུ་གར་ཕཊ་བསྒོམ་པ་མཚོན་ལ། འདིར་མི་བསྒོམ་པ་ནི་གསང་དབང་གི་དུས་སུ། བྱང་ཆུབ་ཀྱི་སེམས་སྤྲོ་བས་དགག་མི་དགོས་པ་མཚོན། དེ་ཡང་ཕྱིར་སྤྲོ་བའི་གནས་སྐབས་གསང་དབང་གི་རྫས་འཚོལ་བའི་དུས། བདག་ཉིད་ཀྱི་ལྕེ་ལ་བདུད་རྩི་མྱང་བའི་རྫས་འཚོལ་བའི་དུས། དཀྱིལ་འཁོར་གྱི་ལྷ་ལ་བསང་གཏོར་བྱེད་པའི་དུས། དམ་ཚིག་གི་རྫས་སྒྲུབ་པའི་དུས་ཏེ་ལྔ་ཡིན་ནོ། །སྤྲོ་བསྡུ་ལ་དགོངས་པའི་དོན་དང་སྦྱར་ནས་གསུངས་པ་མེད་དོ། །གསུམ་པ་ཐབས་ཞེས་པ་ཀཱ་ལི་ལས་བསྐྱེད་པའི་ཉི་མ། ཤེས་རབ་ཨཱ་ལི་ལས་བསྐྱེད་པའི་ཟླ་བ་ཁ་སྦྱར་བ་ལས། འདི་ལྟར་ཐམས་ཅད་རྫོགས་པ་ཉིད། །ཅེས་པ་གཙོ་མོ་བསྐྱེད་པ་ལྟར་རོ། །དེ་ཉིད་རྒྱས་པར་བཤད་པ་ཟླ་བ་ཉི་མ་ཞེས་པ་རྐང་པ་གཉིས་སོ། །བཞི་པ་ནི་འོ་ན་ཐམས་ཅད་དུ་ཁྱད་མེད་དམ་སྙམ་ན། འདི་ལས་ཞེས་པ་གཙོ་མོ་བདག་མེད་མ་ལས་དཀར་མོ་ལ་སོགས་པའི་འཁོར། ཁ་དོག་སྟེ་ཝརྞ་ཞེས་པ་ཡི་གེ་ཡིན་པས་ས་བོན་ཀྱི་ཡི་གེ་མི་འདྲ་ཞེས་པའོ། །ཡང་འདི་ལས་ཞེས་རྒྱུ་རྡོ་རྗེ་འཛིན་པ་སྐུ་མདོག་དཀར་པོ་འདི་ལས་དཀར་མོ་སྟེ། གཽ་རཱི་ལ་སོགས་པ་སྐུ་མདོག་སོ་སོ་ཡིན་ནོ། །ཕྱོགས་གང་དུ་དགོད་པ་རེ་ཞིག་ནང་གི་འཕར་མ་ལ། ཞེས་པ་རིམ་པ་བཞིན་དུ་དགོད་པ་ལས། དང་པོར་ནང་གི་དགོད། ཅེས་པའོ། །འོག་ལྡན་མ་ནི་ཞལ་འོག་ཏུ་གཙོ་མོ་ལ་གཟིགས་པ་སྟེ། མཁའ་སྤྱོད་མ་དེ་ཉིད་ནམ་མཁའ་སྤྱོད་ཡུལ་དུ་བྱེད་པ་སྟེང་གི་མཁའ་སྤྱོད་མའོ། །སྟེང་ལྡན་ཉིད་ཞལ་སྟེང་དུ་གཟིགས་པ་སྟེ། ས་སྤྱོད་ཡུལ་དུ་བྱེད་པས་འོག་གིས་སྤྱོད་བརྗོད་དོ། །དེ་གཉིས་རིམ་པ་བཞིན་དུ་སྲིད་ཞིའི་མཐར་མི་ལྟུང་བའི་མཚོན་བྱེད་ཡིན་པས། སྲིད་དང་ཞི་བའི་རང་བཞིན་གྱིས། །ཞེས་བྱའོ། །གསུམ་པ་ནི། ལྷ་མོ་ཐམས་ཅད་ཁ་དོག་གནག །ཅེས་པ་ལ་སོགས་སོ། །བཞི་པ། ང་རྒྱལ་ལ་སོགས་སྐྱོན་དྲུག་རྣམས། །ཞེས་པ་སྐྱོན་དྲུག་ནི་རྩ་བའི་ཉོན་མོངས་པ་དྲུག་གོ །སྟོང་པའི་རྣམ་པ་ཁ་ཊྭཱཾ་ག །ཞེས་པ། རྣམ་པར་ཐར་པའི་སྒོ་གསུམ་གྱི་བདག་ཉིད་ཀྱི་རིག་པ་བྱང་ཆུབ་ཀྱི་སེམས་སོ། །ཐབས་ཀྱི་རོ་ནི་རྣམ་པར་བརྟག །ཅེས་པ་ཆོས་ཀྱི་དབྱིངས་བདག་མེད་པའི་མཚོན་བྱེད་དོ། །ལྔ་པ། འདིས་ནི་ཞེས་པ་གོང་དུ་བཤད་པའི་ཆོ་ག་འདིས་ནིའོ། །དེ་ལྟར་དམ་ཚིག་སེམས་དཔའ་བསྐྱེད་པ་ཙམ་འདིར་གསུངས་ལ། གུར་གྱི་རྗེས་སུ་འབྲངས་ཏེ་སེམས་དཔའ་སུམ་བརྩེགས་སུ་བྱ། ཡེ་ཤེས་པ་གཞུག སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས། དབང་བསྐུར་བདག་གི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའ་ཨྃ་ལས་ལྷ་མོ་བརྒྱད་སྤྲོས་ལ་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་བྱ། ལྷ་མོ་བརྒྱད་པོ་ཉིད་ཀྱིས་གུར་གྱི་ལེའུ་བཅོ་ལྔ་པ་ལས་འབྱུང་བའི། སེམས་ཅན་ཀུན་གྱི་ཐམས་ཅད་ཁྱོད། །ལ་སོགས་པས་བསྟོད་དོ། །བདུད་རྩི་མྱང་བ་བྱས་ལ། ཨཱ་ལི་བཅོ་ལྔའི་སྔགས་ཕྲེང་བདག་ཉིད་ཀྱི་ལྟེ་བ་ནས་བྱུང་ནས་སྤྱི་གཙུག་ཏུ་ཞུགས་པའི་ཚུལ་གྱིས་འཁོར་བ་ལ་དམིགས་ལ་བཟླས་པ་བྱ། ཐུན་མཚམས་སུ་ལྷ་མོ་བཅུ་བཞི་ཐུགས་ཀའི་ཨྃ་ཡིག་ལ་བསྡུས་ལ། གཞལ་ཡས་ཁང་གི་ནང་དུ་གཙོ་མོའི་ང་རྒྱལ་གྱིས། གཟུགས་གཽ་རཱིར་བྱེད་པ་ལ་སོགས་པའི་ཚུལ་གྱིས་སྤྱོད་ལམ་བྱ། ཉལ་བའི་དུས་སུ་ཙཎྜཱ་ལཱི་ལས་སྐྱེས་པའི་རང་བྱུང་གི་ཡེ་ཤེས་གསལ་སྟོང་ངམ། ལྷན་ཅིག་སྐྱེས་པའི་ངང་དུ་ཉལ་ལོ། །ལྔ་པ་དེ་ལྟར་བསྒོམས་པའི་ཕན་ཡོན། འདིས་ནི་ཞེས་པ་རྐང་པ་གཉིས་ཏེ། གོང་དུ་བཤད་པའི་ཆོ་ག་འདིས་ནིའོ། །དྲུག་པ་ནི་ཁ་དོག་གི་སྒོ་ནས་རིགས་དྲུག་བསྒོམ་པ་སྟེ། དང་པོར་ནག་པོ། ངོ་བོ་རིགས་དྲུག་པ་རྡོ་རྗེ་སེམས་དཔར་རབ་ཏུ་བསྒོམ་པའོ། །རིགས་དེ་ལ་ཞེན་པ་སྤང་བའི་ཕྱིར། གཉིས་པ་དམར་པོ་ངོ་བོ་སྣང་བ་མཐའ་ཡས། དེ་བཞིན་དུ་སེར་པོ་རིན་འབྱུང༌། ལྗང་གུ་དོན་གྲུབ། སྔོན་པོ་མི་བསྐྱོད་པ། དཀར་པོ་རྣམ་སྣང་སྟེ། ཡན་ལག་དྲུག་ཀྱང་དེ་དག་ཉིད་དོ། །དེའི་མཐར་རྫོགས་པའི་རིམ་པ་བསྒོམ་པ། དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དོན་བསྒོམ། ཞེས་པའོ། །ཡང་ལས་སོ་སོའི་སྒྲུབ་པ་ཤེས་པའི་ཁ་དོག་ཏུ་འགྱུར་བ་སྟེ། གསད་པ་ལ་ནག་པོ། དབང་ལ་དམར་པོ། རྒྱས་པ་ལ་སེར་པོ། བསྐྲད་པ་ལ་ལྗང་གུ། རེངས་པ་ལ་སྔོན་པོ། ཞི་བ་ལ་དཀར་པོ་བསྒོམ་པའོ། །མཇུག་བསྡུ་བ་ལ་བྱང་ཆུབ་སེམས་དཔའ་གསུམ་གྱི་དགོངས་པས་བསྐྱེད་པ་ཐུན་མོང་གི་དངོས་གྲུབ་གྲུབ་པ་བརྒྱད་ལ་སོགས་པ། རིམ་པ་དེའི་རྒྱུ་ཏིང་ངེ་འཛིན་གསུམ་གྱིས་ལྷ་བསྐྱེད་པ་རྫོགས་པ། ཡོན་ཏན་མ་ལུས་པ་རྫོགས་པའི་མཆོག་གི་དངོས་གྲུབ་རིམ་པ་དེའི་རྒྱུ་སྦྱོར་བ་ཡན་ལག་དྲུག་གོ །སློབ་དཔོན་དམ་ཚིག་རྡོ་རྗེའི་དགོངས་པས་བསྐྱེད་པ་ལྷ་བསྐྱེད་པ་ཙམ་ཡིན་ལ། རིམ་པ་མངོན་བྱང་ལྔ་ལ་སོགས་པའི་སྐྱེད་ཆོག་གོ །རྫོགས་པ་སེམས་ཉིད་སྟོང་པ་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་ལ། རིམ་པ་དེ་རྟོགས་པར་བྱེད་པའི་ཐབས་ཙཎྜཱ་ལཱི་དང་ཕྱག་རྒྱ་བརྟེན་པ་ལ་སོགས་པའོ། །སློབ་དཔོན་ཌོཾ་བི་ཧེ་རུ་ཀའི་བརྒྱུད་པ་འདིའི་གཞུང་གིས་བསྐྱེད་པ་ནི་ལྷའི་རྣམ་པ་གསལ་བར་བསྐྱེད་པ་ཡིན་ལ། རིམ་པ་དེའི་སྔོན་དུ་འགྲོ་བའི་ཡན་ལག་ཚོགས་གཉིས་བསགས་པ་ལ་སོགས་པ་དང༌། བརྟན་པར་བྱེད་པའི་ཡན་ལག་ཡེ་ཤེས་དགུག་གཞུག་ལ་སོགས་པ་སྟེ། མངོན་པར་རྟོགས་པའི་རིམ་པ་རྣམས་སོ། །རྫོགས་པ་རང་བྱུང་ངམ་ལྷན་སྐྱེས་ཀྱི་ཏིང་ངེ་འཛིན་ཏེ། དེ་ཡང་རྫོགས་པ་དངོས་སེམས་ཉིད་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་ལ། དེ་དང་རྗེས་སུ་མཐུན་པས་སོ། །རིམ་པ་ནི་དེ་བསྐྱེད་པའི་རྒྱུ་རང་བྱིན་གྱིས་བརླབ་པའི་རིམ་པ་དཀྱིལ་འཁོར་འཁོར་ལོའི་ཐབས་སོ། །རིམ་པ་གཉིས་ལ་མཉམ་པར་གནས་པ་གོང་དུ་བཤད་པ་བཞིན་དུ་འདིར་སྦྱར་ཏེ། སྤང་བྱ་གཉིས་སྤོང་བ་དང༌། ཐོབ་བྱ་གཉིས་ཐོབ་པ་དང༌། ལམ་རྟེན་དང་བརྟེན་པ་ཡིན་པས་གང་ཡང་རུང་བ་གཅིག་གིས་མི་ཆོག་སྟེ། བྱའི་གཤོག་པ་དང་འདྲ་བ་ཡིན་ནོ། །དེ་ལྟར་གཉིས་ཡིན་པ་ལས། དེ་ཡན་ཆད་དུ། བསྐྱེད་པ་ཡི་ནི་ཆ་བཤད་དོ། །ཞེས་པ་གོང་མའི་མཇུག་སྡུད་ཡིན་ལ། དོན་གྱིས་ཤེས་པ་བསྐྱེད་པ་ཡི་ནི་ཆ་བཤད་ནས། །རྫོགས་པ་ཡི་ནི་ཆ་འཆད་དོ། །ཞེས་སྦྱར་བས་འོག་མའི་མགོ་འདྲེན་ཏེ། བར་སྐབས་ཀྱི་ཚིགས་སུ་བཅད་པ་ཡིན་གསུང་ངོ༌། །དེ་ལ་བརྟེན་ནས་ལྷན་ཅིག་སྐྱེས་པས་ལྷན་ཅིག་སྐྱེས་པའི་དོན་བསྒོམ་པ་དངོས་ལ་གསུམ། མདོར་བསྟན་པའི་ཚིག་རྫོགས་པའི་རིམ་པ་དང་སྦྱར་བའི་ཚུལ་གྱིས་བསྟན་པ་དང་རྒྱས་པར་བཤད་པ་དང༌། དེ་ལྟར་བསྒོམས་པའི་ཕན་ཡོན་ནོ། །དང་པོ་ནི་ནམ་མཁའི་ཁམས་ནི། བསྐྱེད་རིམ་དུ་སྲུང་བའི་འཁོར་ལོའི་ནང་གི་ནམ་མཁའ་སྟོང་པ་ཡིན་ལ། འདིར་པདྨ་ལ་ཞེས་ཕྱག་རྒྱ་ལྔའི་པདྨ་སྟེ། བྷ་གའི་དཀྱིལ་འཁོར་ལའོ། །བྷ་ག་ཞེས་པ་ནི་གོང་དུ་བསྐྱེད་རིམ་དུ་གཞིའི་ཡན་ལག་ཆོས་འབྱུང་བསྒོམ་པ་ཡིན་ལ། འདིར་ཡེ་ཤེས་བརྗོད་ཅེས་པ། བྷ་གའི་དཀྱིལ་འཁོར་དེར་མངོན་དུ་བྱས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། བྷ་ག་བཉྫ་ན་བཅོམ་པ་དང༌། བྷ་ག་ཨྃས་ལྡན་པ་ཡིན་པས་མཚན་མ་དང་རྣམ་པར་རྟོག་པ་བཅོམ་པ་དང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐལ་བ་དང་ལྡན་པའོ། །བསྒོམ་ཞེས་པ་ནི་ཆོས་འབྱུང་དེར་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ་པ་ཡིན་ལ། འདིར་ལྷན་སྐྱེས་མངོན་དུ་བྱེད་པའི་ཐབས་སྙོམས་འཇུག་ཉིད་དོ། །འཁོར་ལོ་ནི་རྟེན་གྱི་དཀྱིལ་འཁོར་ཡིན་ལ། འདིར་དེས་བདེ་བ་ཞེས་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་ཞུ་བདེ་ཆོས་བཞིན་ལྡན་ལས་བདེ་བ་ཆེན་པོ་སྟེ། དེ་ཉིད་ཀྱིས་མཚན་མ་དང་རྣམ་པར་རྟོག་པ་གཅོད་པས་འཁོར་ལོའོ། །རིམ་པ་ཇི་བཞིན་ནི་གང་དུ་ཅི་རིགས་པར་ཞེས་པ་འབྱུང་བ་རིམ་བརྩེགས་རིམ་པ་བཞིན་དུ་བསྐྱེད་པ་ཡིན་ལ། འདིར་རང་རིག་ཉིད་ཅེས་པས་བེམ་པོ་ལས་ལོགས་ཏེ་རང་རིག་པ་གསལ་བའི་ངོ་བོར་ཉམས་སུ་མྱོང་བའོ། །ལྷ་ཞེས་པ་སྟེ་རྟེན་དང་བརྟེན་པ་ལྷ་མོ་བཅོ་ལྔ་ཡིན་ལ། འདིར་བྱང་ཆུབ་སེམས་ཞེས་པ་བྱང་ཆུབ་ཀྱི་སེམས་མི་རྟོག་པ་སྟེ། དེ་ཉིད་ལུས་ལས་འབྱུང་བས་ན་ལྷའོ། །ཇི་ལྟར་འབྱུང་བ་ནི་མངོན་བྱང་ལྔས་བསྐྱེད་པ་ཡིན་ལ་འདིར་ཞུ་བ་ཡིན་ཞེས་པ། རྩ་སུམ་ཅུ་རྩ་གཉིས་ཀྱི་གནས་ནས་དབང་གི་གནས་སུ་བྱོན་པའི་ཞུ་བ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱི་དཀྱིལ་འཁོར་གསུམ་ལས་རྟེན་བྷ་གའི་དཀྱིལ་འཁོར། དེ་ལ་བརྟེན་པའི་ཞུ་བདེ་ཆོས་བཞི་ལྡན་དེ་མངོན་དུ་བྱེད་པའི་ཐབས་དང་བཅས་པས་བཤད་པ་ཡིན་ནོ། །རྒྱས་པར་བཤད་པ་ལ་གཉིས་ཏེ། ལྷན་ཅིག་སྐྱེས་པའི་མཚན་ཉིད་དང༌། ལྷན་ཅིག་སྐྱེས་པའི་དགའ་བའི་སྒོ་ནས་ཚུལ་ཇི་ལྟར་བསྒོམ་པའོ། །སྔ་མ་ལ་ལྔ་སྟེ། ལྷན་ཅིག་སྐྱེས་པའི་རབ་ཏུ་དབྱེ་བ་དང༌། དེ་ཉིད་ཀྱི་བདག་ཉིད་དུ་གྱུར་པའི་དགའ་བའི་རབ་ཏུ་དབྱེ་བ་དང༌། དགའ་བ་གསུམ་གྱི་སོ་སོའི་མཚན་ཉིད་དང༌། ལྷན་ཅིག་སྐྱེས་པའི་དགའ་བའི་མཚན་ཉིད་བྱེ་བྲག་ཏུ་བཤད་པ་དང༌། དེ་མངོན་དུ་འགྱུར་བའི་རྒྱུ་བསྟན་པའོ། །དེ་རྣམས་ཀྱི་དང་པོ་ནི། ལྷན་ཅིག་སྐྱེས་པ་རྣམ་པ་གཉིས། །ཞེས་པ་རྟེན་གྱི་སྒོ་ནས་ཕྱེ་བའོ། །དེ་ཉིད་གང་ཞེ་ན། རེ་ཞིག་བཙུན་མོ་སྟེ། ཕྱག་རྒྱའི་རྒྱུད་ལ་སྐྱེ་བ་ཤེས་རབ་ཡིན་ཞེས་པ། ཤེས་རབ་ལྷན་ཅིག་སྐྱེས་པ་སྐྱེས་བུ་སྟེ་སྒྲུབ་པ་པོའི་རྒྱུད་ལ་སྐྱེ་བ་ཐབས་སུ་བརྗོད་པ་ཉིད་དོ། །རང་གི་ངོ་བོའི་སྒོ་ནས་དབྱེ་ན་ཀུན་རྫོབ་སྟེ། ཞུ་བ་དང༌། དོན་དམ་དེ་ལ་བརྟེན་པའི་བདེ་བའི་དབྱེ་བ་ལས། ཕྱི་ནས་ཞེས་པ་ཐབས་ཤེས་རབ་གཉིས་ཀ་ལའང་གཉིས་གཉིས་ཡོད་པས་དེའི་རྣམ་པ་གཉིས་སོ། །དེ་ཉིད་བཤད་པ་རེ་ཞིག་ཅེས་པ་ལ་སོགས་པའོ། །གཉིས་པ་དེ་ཉིད་ཕྱིར་ན་ཞེས་པ། ཐབས་ཤེས་རབ་གཉིས་ཀྱི་བྱང་སེམས་གཉིས་གཉིས་ལྷན་ཅིག་སྐྱེས་པའི་ཕྱིར་ན་དགའ་བའི་དབྱེ་བ་བཞིའོ། །བསྐྱེད་རིམ་མམ་རྫོགས་རིམ་ལ་ཞེན་ན་སྐྱེ་མེད་རིམ་པ་ཞེས་པ། སྐྱེ་མེད་མངོན་དུ་བྱེད་པའི་ཐབས་རྫོགས་པའི་རིམ་པ་ལའོ། །གསུམ་པ་དང་པོ་དཔེའི་སྒོ་ནས་བསྟན་པ་དགའ་བ་དང་པོ་འོ་དང་འཁྱུད་པ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མའི་དུས་སུ་མྱོང་བའི་དགའ་བའོ། །དེ་ཉིད་བྱ་བ་མང་ལ་བདེ་བ་ཆུང་བས་དཔའ་བོ་ཉིད་ཅེས་པ་སྐྱེས་པ་དང་འདྲ་བ་སྟེ། ཆའི་བྱེ་བྲག་ལ་སོགས་པ་སྐྱེས་པས་ཕལ་ཆེར་བྱེད་ལ་བདེ་བ་ཆུང་བ་དང་འདྲ་བས་སོ། །བོལླ་དང་ཀཀྐོ་ལ་མཉམ་པར་སྦྱོར་བའི་དུས་རྣམ་པར་སྨིན་པའི་སྐད་ཅིག་བདེ་བ་ཅུང་ཟད་ཆེ་བས་མཆོག་ཏུ་དགའ་བའོ། །དེ་བྱ་བ་ཉུང་ལ་བདེ་བ་ཆེ་བས་རྣལ་འབྱོར་མ་ཞེས་པ་བུད་མེད་དང་ཆོས་མཚུངས་པས་སོ། །བསྲུབ་པ་དང་སྲུབ་པའི་སྦྱོར་བ་ལ་གནས་པའི་དུས་སུ་རྣམ་པར་ཉེད་པའི་སྐད་ཅིག་ལ་བདེ་བ་མི་རྟོག་པ་དང་ལྡན་པས། གོང་མ་གཉིས་ལས་ཁྱད་པར་དུ་འཕགས་པས། ཤིན་ཏུ་བདེ་དགའ་ཞེས་པ་དགའ་བྲལ་ལོ། །དེའི་དུས་སུ་ཐམས་ཅད་ངེས་ཞེས་པ། ཕྱིའི་བྱད་གཟུགས་ལ་སོགས་པར་ཞེན་པ་དང་བྲལ་བར་ངེས་ལ་ནང་དུ་བདེ་བ་ལ་འདོད་པས་ཆགས་པར་ངེས་པས་སོ། །དེ་བདེ་ཟེར་ཡང་བདེ་བ་དེའི་ཐབས་ཀྱིས་ཞེས་པ་དེ་ལ་བརྟེན་ནས་ཡང་དག་རིག་སྟེ། ལྷན་སྐྱེས་སྐྱེ་བས་སོ། །ཉམས་སུ་མྱོང་བ་ཆེ་ཆུང་གི་སྒོ་ནས་དབྱེ་བ་དགའ་བས་ཞེས་པ་ལ་སོགས་པ་སྟེ། དགའ་བྲལ་བདེ་བ་མི་རྟོག་པ་དང་ལྡན་པ་ཡིན་ལ། ཕྱིའི་བྱད་གཟུགས་ལ་ཞེན་པ་ལ་སོགས་པའི་ཆགས་པ་རགས་རིམ་འགོག་པས་ཆགས་བྲལ་ལོ། །ལྷག་མས་ཟེར་ཡང་ལྷག་མ་ཞེས་འབྲེལ་ཏེ། དགའ་བ་གསུམ་ལས་ཁྱད་པར་དུ་འཕགས་པས་སམ་དགའ་བ་གསུམ་གྱི་ཐ་མ་ཡིན་པས་སོ། །རྣམ་པར་རྟོག་པ་ཆེ་ཆུང་གི་སྒོ་ནས་བསྟན་པ་དང་པོར་རེག་པར་འདོད་པ་ལ་སོགས་པ་སྟེ། འདོད་ཆགས་འཇིག་པ་ནི་བྱད་གཟུགས་སུ་ཞེན་པ་ལ་སོགས་པ་རགས་པ་འཇིག་པའོ། །དེས་ན་ཞེས་པ་དགའ་བྲལ་ཡང་རྟོག་པ་རགས་པ་སྤངས་པ་ཙམ་ཡིན་པས་ན། དགའ་བ་གསུམ་རྟོག་པ་ཡིན་པས། བཞི་པ་ལྷན་སྐྱེས་བདེ་སྟོང་བསྒོམ་པར་བྱ་བའོ། །དགའ་བ་གསུམ་རྟོག་བཅས་ཡིན་པ་ཉིད་བཤད་པ། ཐ་མལ་པའི་འདོད་ཡོན་གྱི་བདེ་བ་ལས་མཆོག་ཏུ་གྱུར་པས་ན་དགའ་བ་སྟེ། དགའ་བ་དང་པོའོ། །སྲིད་པར་བརྗོད་དེ། ཞེན་པའམ་རྟོག་པའི་ངོ་བོ་ཡིན་པའོ། །འོག་ཏུ་སྦྱར་ལ་དབུ་མ་སྟེ། དགའ་བ་དང༌། དགའ་བྲལ་གྱི་བར་དུ་སྐྱེ་བ་མཆོག་དགའ་འོ། །དགའ་བ་ཙམ་ཉིད་དེ་ཞེས་པ་དགའ་བ་ལས་མཆོག་ཏུ་གྱུར་པ་ཙམ་སྟེ། ལྷག་པ་འགོག་པ་ཡིན་པས་དེ་ཡང་རྟོག་པའོ། །དགའ་བྲལ་ལས་ནི་མྱ་ངན་འདས། །ཞེས་ཕྱིའི་བྱད་གཟུགས་སུ་ཞེན་པ་ལ་སོགས་པའི་རྟོག་པ་རགས་པ་འགགས་པ་ཙམ་མོ། །དེས་ན་འདིས་ནི་ཞེས་པ་དགའ་བ་གསུམ་པོས་ལྷན་ཅིག་སྐྱེས་པ་སྤངས་ཞེས་པ་གསུམ་གྱི་དུས་ན་ལྷན་ཅིག་སྐྱེས་པ་མེད་པའོ། །ཡང་དོན་གྱིས་ཤེས་པ་ལྷན་སྐྱེས་འདི་ནི་གསུམ་པོ་སྤངས་ཏེ་ལྷན་སྐྱེས་ལ་གསུམ་པོས་མ་རེག་པའོ། །བཞི་པ་ནི་ལྷན་ཅིག་སྐྱེས་པ་འདོད་ཆགས་ཏེ་དགའ་བ། ཆགས་བྲལ་དགའ་བྲལ། དབུ་མ་མཆོག་ཏུ་དགའ་བའི་རྟོག་པ་མེད་པའོ། །འདི་ལ་སྟེ་ལྷན་སྐྱེས་ལ་ཐབས་སྒྲུབ་པ་པོ། ཤེས་རབ་སྟེ་ཕྱག་རྒྱར་རྟོག་པ་མེད་པའོ། །ཡང་དག་དེ་ཉིད་སྣང་བ་པོ། །ཞེས་པ་དངོས་པོའི་གནས་ཐབས་རང་བཞིན་ལྷན་སྐྱེས་ཉམས་སུ་མྱོང་བས་སོ། །གཞན་གྱིས་བརྗོད་མིན་ཏེ་བླ་མའི་བརྗོད་པའི་སྒྲས་དངོས་སུ་མི་རྟོགས་པའོ། །ལྔ་པ་ནི། གང་དུ་ཡང་ནི་མི་རྙེད་དེ། །ཞེས་པ་སྒྲས་བརྗོད་པ་ལ་སོགས་པས་མི་རྙེད་པ་དེ་གང་ལ་བརྟེན་ནས་རྟོགས་ན། བླ་མའི་ཞེས་པ་གདམས་ངག་དང་དུས་ཏེ་བསམ་གྱིས་མི་ཁྱབ་པའི་དུས་དང༌། འདུ་ཤེས་དང་དབབ་པ་ལ་སོགས་པའི་ཐབས་བསྟེན་པས་དང༌། བདག་གི་བསོད་ནམས་ཏེ་སྔོན་དུ་རླུང་སྦྱངས་པ་དང་བྱང་སེམས་སྒྲུབ་པའི་རིམ་གྲོ་སྔོན་དུ་བྱེད་པ་ལས་མངོན་དུ་འགྱུར་བའོ། །དེ་ཉིད་ལྷན་ཅིག་སྐྱེས་པའི་དགའ་བའི་སྒོ་ནས་ཚུལ་ཇི་ལྟར་བསྒོམ་པ་ནི་གཉིས་ཏེ། བསྒོམ་པའི་ཚུལ་དང༌། དེ་ལྟར་བསྒོམ་པའི་འཐད་པའོ། །དང་པོ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་བརྟན་པས་སྣང་བ་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་རོ་གཅིག་པར་མངོན་དུ་གྱུར་པའི་ཚུལ་གྱིས་གོམས་པར་བྱེད་པ་སྟེ། དེའི་གཞུང་ལ་གཉིས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི་དམན་པ་ཞེས་པ་ལ་སོགས་པ་ཆོས་དྲུག་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རོ་མཉམ་པའི་ཚུལ་གྱིས་གོམས་པར་བྱེད་པས། རོ་མཉམ་དེ་ཉིད་བསྒོམ་པ་ཡིས། །འདི་ཀུན་ཏེ་ཆོས་དྲུག་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་མཉམ་པ་ཉིད་དུ་བལྟའོ། །གཉིས་པ་དམན་པའི་རྒྱས་བཤད། དམན་པའི་གནས་ནི་ཕྲ་བའི་དོན། ཞེས་པ་སྟེ། སྣོད་རྡུལ་ཕྲ་རབ་ལྟ་བུ། བཅུད་སྲོག་ཆགས་ཕྲ་མོ་ལྟ་བུ། མཆོག་ནི་དངོས་པོར་བརྗོད་པར་བྱ། །ཞེས་སྣོད་རིའི་རྒྱལ་པོ་རི་རབ་ལྟ་བུ། བཅུད་གཟུགས་ཁམས་ཀྱི་ལྷ་ལྟ་བུ། དབུ་མ་གཉིས་ཀྱིས་སྤངས་པ་ཉིད། །ཅེས་པ་འབྲིང་པོ་སྟེ། སྣོད་ཀ་བ་ལ་སོགས་པ་ལྟ་བུ། བཅུད་མི་ལྟ་བུའོ། །གང་རྣམས་བརྟན་པ་སྣོད་ཀྱི་འཇིག་རྟེན། དེ་རྣམས་གཡོ་བ་བཅུད་ཀྱི་འཇིག་རྟེན་ནོ། །འདི་ཀུན་ཞེས་བྱ་ང་ཉིད་མེད། །ཅེས་པ་ཆོས་དྲུག་པོ་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་གྱིས། འདི་ཡིན་འདི་མིན་མེད་པའོ། །མཉམ་ཉིད་ཅེས་པ་བཤད་པ་མཚུངས་པར་འདོད་པ་ཉིད་དེ། ལྷན་ཅིག་སྐྱེས་པར་རོ་གཅིག་པའོ། །དེ་ཉིད་ཚུལ་ཇི་ལྟར་བསྒོམ་ན། རོ་མཉམ་དེ་ཉིད་བསྒོམ་པ་ཡི། །དོན་བཤད་པ། མཉམ་ཞེས་བྱ་བ་མཚུངས་པར་བརྗོད། །ཅེས་པ་སྟེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རོ་གཅིག་པར་བསྒོམ་པའོ། །དེའི་འཁོར་ལོ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྣམ་པར་མི་རྟོག་པས། རྣམ་པར་རྟོག་པ་གཅོད་པ་སྟེ། དེ་ཉིད་རྟོག་པའི་གཡོ་བ་དང་བྲལ་བས་རོ་ཞེས་བརྗོད་དོ། །བསྒོམ་པ་ནི་མི་རྟོག་པའི་ཡེ་ཤེས་སུ་རོ་གཅིག་པར་གོམས་པར་བྱེད་པའོ། །འདིས་ནི་དོན་གྱིས་བརྗོད་པར་བྱ། །ཞེས་པ་ཡིན་པ་ལ་ཡིན་པ་ལྟར་བསྒོམ་པའོ། །དེ་ལྟར་བསྒོམ་པའི་འཐད་པ་ནི། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་ཐམས་ཅད་དུ་སྣང་ཞིང་དེ་ཡང་དེའི་བདག་ཉིད་ལས་མ་འདས་པས་དངོས་པོ་དང་མཐུན་པར་བསྒོམ་པ་སྟེ། ང་ལས་ཞེས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་སོ། །གནས་གསུམ་པོ་སྟེ། ས་བླ་ས་འོག་ས་སྟེང་ངོ༌། །ང་ཡིས་འདི་ཀུན་ཁྱབ་ཅེས་པ་དེ་ལས་བྱུང་བའི་ཚུལ་གྱིས་ཁྱབ་པ་སྟེ། དེ་ཉིད་ཐམས་ཅད་དུ་སྣང་བའོ། །བདག་གཅིག་པའི་ཚུལ་གྱིས་ཁྱབ་པ་སྟེ། སྣ་ཚོགས་སུ་སྣང་ཡང་དེའི་ངོ་བོ་ཉིད་ལས་མ་འདས་པས། འགྲོ་བའི་རང་བཞིན་གཞན་མ་མཐོང་སྟེ། རང་བཞིན་ལྷན་སྐྱེས་ལས་སོ། །དེ་ལྟར་བསྒོམས་པའི་ཕན་ཡོན་ནི་དེ་ལྟར་རྣལ་འབྱོར་པས་ཤེས་ནས། ཞེས་པ་གོང་དུ་བསྟན་པ་བཞིན་དུ། ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་རོ། །ཤིན་ཏུ་མཉམ་གཞག་ནི་མཉམ་རྗེས་མེད་པར་རོ། །བསོད་ནམས་ཆུང་བ་ནི་སྔོན་ཆད་བསོད་ནམས་ཀྱི་འབྲས་བུ་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་དམན་པའོ། །དེ་ནི་ཞེས་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་པར་ཐེ་ཚོམ་མེད་ཅེས་པ་འགྲུབ་ངེས་པ་དེས་ན། དུས་ཐམས་ཅད་དུ་བསྒོམ་པ་བཟའ་དང་ཞེས་པ་ལ་སོགས་པའོ། །བསམ་པ་ཇི་ལྟ་བུས་བསྒོམ་ན། ཕྱག་རྒྱ་ཆེན་པོ་མངོན་དུ་འདོད་པས་སོ། །དེ་ནས་ཞེས་པ་དེ་ལྟར་རྒྱུན་མི་འཆད་པར་བསྒོམ་པའོ། །མངོན་དུ་འགྲོ་བར་འགྱུར་བ་ནི་ཚེ་འདི་ཉིད་དུ་ཕྱག་རྒྱ་ཆེན་པོར་རོ། །རང་བཞིན་ལྷན་ཅིག་སྐྱེས་པའི་དོན་བསྒོམ་པའི་ཚུལ་བསྟན་པ་ལ་གསུམ་སྟེ། བསྒོམ་པའི་ཚུལ་དངོས་དང༌། དེ་བསྒོམས་པས་དངོས་པོ་ཐམས་ཅད་བསྒོམ་པར་འགྱུར་བའི་འཐད་པ་དང༌། དེ་ལ་གཞན་གྱིས་ཀླན་ཀ་སྤང་བར་བསྟན་པའོ། །བསྒོམ་པའི་ཚུལ་དངོས། གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར། །ཞེས་པ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པ་དང་བྲལ་བ། རྟོག་བཅས་ཀྱི་ཡིད་ཀྱིས་གང་ལྟར་ཡང་མི་བསྒོམ་པའམ། ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་དེའི་ངོ་བོ་གང་དུ་ཡང་མ་གྲུབ་པས་ཡིད་ཀྱིས་གང་ལྟར་ཡང་མི་བསྒོམ་པའོ། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཞེས་འགྲོ་བ་ཐམས་ཅད་ཀྱི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཐའ་གསུམ་གྱིས་མ་རེག་པའི་ཚུལ་གྱིས་བསྒོམ་པར་བྱ་བའོ། །གང་གི་ཕྱིར་ཞེས་པ་དྲི་བར་བྱ་སྟེ། ཐམས་ཅད་ཆོས་ནི་ཞེས་པ་འགྲོ་བ་ཐམས་ཅད་ཀྱི་ཆོས་ཉིད་དམ་ངོ་བོ་ཉིད་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡོངས་སུ་ཤེས་ནས་བསྒོམ་པ་ཉིད་སྒོམ་པ་ཡིན་གྱིས། གཞན་བཅོས་མའི་སྒོམ་པ་མ་ཡིན་པས། བསྒོམ་པ་ཉིད་ནི་སྒོམ་པ་མིན་པའི་ཕྱིར་རོ། །དེ་ལྟར་བསྒོམས་པས་དངོས་པོ་ཐམས་ཅད་བསྒོམ་པར་འགྱུར་བའི་འཐད་པ་ནི། བརྟན་དང་སྟེ་བརྟན་པ་སྣོད་དང་གཡོ་བ་བཅུད་དོ། །བརྟན་པའི་དོན་བཤད་པ། རྩ་ལྕུག་ལ་སོགས་པའོ། །གཡོ་བའི་བཤད་པ། བདག་གི་ཞེས་པས་མཚོན་པ་བཅུད་དོ། །དངོས་པོའི་རང་བཞིན་ལས། དམ་པའི་དེ་ཉིད་དེ། དེ་ཐམས་ཅད་ཀྱི་ངོ་བོ་ཉིད་མ་བཅོས་པའི་ཡེ་ཤེས་རང་བཞིན་ལྷན་ཅིག་སྐྱེས་པའོ། །དེ་ལ་གཞན་གྱིས་ཀླན་ཀ་སྤང་བ་ལ་གཉིས་ཏེ། ཐམས་ཅད་ཀྱིས་དངོས་གྲུབ་འགྲུབ་པར་འགྱུར་བར་ཐལ་བའི་ཀླན་ཀ་སྤང་བ་དང༌། འཁོར་བར་འགྱུར་དུ་མི་རུང་བའི་ཀླན་ཀ་སྤང་བ་བསྟན་པའོ། །དང་པོ་ནི་དངོས་པོ་ཐམས་ཅད་རང་བཞིན་གྱིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་པས་གཟུགས་མཐོང་བའང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཐོང་བ་ལ་སོགས་པར་འགྱུར་བས་ཐམས་ཅད་ཀྱིས་ཀྱང་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཞེས་པའི་རྒོལ་བ་བསྟན་ནས། ལན། དེ་རྣམས་དམ་པ་གཅིག་ཡོད་མིན། །ཞེས་པ་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོར་རྟོགས་པ་མེད་པས་དངོས་གྲུབ་འགྲུབ་པ་མེད་དོ། །དེ་ཉིད་བཤད་པ། རང་རིག་བདེ་བ་ཆེན་པོ་ཉིད། །རྟོགས་པ་མེད་ཅེས་པའོ། །རང་རིག་ནས་ནི་བྱང་ཆུབ་འགྱུར། །ཞེས་པ་རང་རིག་པའི་ཡེ་ཤེས་བདེ་བ་ཆེན་པོའི་ངོ་བོར་རྟོགས་ན་དངོས་གྲུབ་འགྲུབ་པར་བསྟན་ཏོ། །དེས་ན། རང་རིག་ཕྱིར་ན་བསྒོམ་པ་ཉིད། །ཅེས་པ་མངོན་དུ་འགྱུར་བར་བྱ་བའི་ཕྱིར་བསྒོམ་དགོས་པའོ། །གཉིས་པ་ནི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་བཞིན་གྱིས་རྣམ་པར་དག་པ་དེ་དང་པོ་ཉིད་ནས་འཁོར་བར་ཇི་སྟེ་འགྱུར་ཞེ་ན། རང་གི་རིག་པའི་འགྱུར་བ་ལས། །ཞེས་པ་རང་རིག་པ་བདེ་བ་ཆེན་པོ་ཉིད་མ་རྟོགས་པས། དེ་ཉིད་རྟོག་པར་འཕོ་ཞིང་འགྱུར་བས་སོ། །མནན་པ་ལས་ནི་ཏེ། རྟོག་པས་ཐིལ་གྱིས་མནན་པ་ལས་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སྐྱེ། དེས་རྒྱུ་བྱས་ནས་ལས་སྐྱེ་སྟེ་ཞེས་པ་ལས་ཀྱི་ཀུན་ནས་ཉོན་མོངས་པ་བསོག དེས་སྐྱེ་བའི་ཀུན་ནས་ཉོན་མོངས་པ་སྟེ། སྡུག་བསྔལ་གྱི་ཕུང་པོ་འགྲུབ་པར་བྱེད་པས་འོག་ཏུ་སྦྱར་ལ་རང་གིས་བྱེད་ཅེས་པའོ། །རང་གིས་འཕྲོག་ཅེས་པ། རང་རིག་བདེ་བ་ཆེན་པོའི་ངོ་བོ་རྟོགས་ན་དེ་ཉིད་དུ་ཐིམ་པའོ། །ཡེ་ཤེས་དེ་ཉིད་ཀྱི་རང་བཞིན་རྟོག་པའི་སྤྲོ་བསྡུ་ཐམས་ཅད་བྲལ་བས། རང་རིག་རྒྱལ་པོ་རང་གཙོ་བོ། །ཞེས་པ་ཡིན་ནོ། །དེ་ཉིད་རྟོགས་པ་དང་མ་རྟོགས་པའི་བྱེ་བྲག་གིས་འཁོར་བ་དང་མྱ་ངན་ལས་འདའ་བ་ཡིན་པར། སཾ་པུ་ཊ་ལས། ཀུན་རྟོག་མང་པོའི་མུན་པས་ཁྱབ་གྱུར་པས། །རབ་ཏུ་འཇོམས་པས་སྨྱོ་ཞིང་གློག་འགྱུ་བ། །ཆགས་སོགས་དགག་དཀའི་དྲི་མས་གོས་གྱུར་པའི། །སེམས་ནི་རྡོ་རྗེ་ཅན་གྱིས་འཁོར་བར་གསུངས། །རང་བཞིན་འོད་གསལ་རྟོག་ལས་རྣམ་པར་གྲོལ། །འདོད་ཆགས་ལ་སོགས་དྲི་མས་གོས་བྲལ་བའི། །གཟུང་བ་དང་ནི་འཛིན་མེད་སེམས་དཔའི་མཆོག །དེ་ཉིད་མྱ་ངན་འདས་པ་མཆོག་ཏུ་གསུང༌། །ཞེས་གསུངས་སོ། །འོ་ན་འདོད་ཆགས་ལ་སོགས་པའང་སེམས་ཀྱི་རང་བཞིན་དུ་གྱུར་པའི་ཕྱིར། དེས་ཟིལ་གྱིས་མནན་པས་རྒྱལ་པོ་ཡིན་པ་མི་རུང་ངོ་ཞེ་ན། འདོད་ཆགས་ལ་སོགས་པ་གསུངས་ཏེ། དེ་ཀུན་དེ་གནས་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་གནས་ན་ཐམས་ཅད་ཟིལ་གྱིས་མནན་ནས། ཚུར་ཟིལ་གྱིས་མི་ནོན་པས་ཉམས་དགའ་བར། བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་པའོ། །དེ་གདོན་མི་ཟ་བར་བསྒོམ་པར་བྱ་བ་ཉིད་དུ་གདམས་པ་ལ་གསུམ་སྟེ། བསྒོམས་པའི་ཕན་ཡོན་དང༌། མ་བསྒོམས་པའི་ཉེས་དམིགས་དང༌། རྒྱུན་མི་འཆད་པར་བསྒོམ་པར་བྱ་བ་ཉིད་དུ་གདམས་པ་བསྟན་པའོ། །དང་པོ། ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི། །ཕྱག་རྒྱ་ལ་བརྟེན་ནས་སྐྱེས་པའི་ལྷན་ཅིག་སྐྱེས་པའི་ཏིང་ངེ་འཛིན་ཏོ། །དེ་ཉིད་མི་རྟོག་པའི་དོན་གྱིས་ནམ་མཁའ་མཉམ་མོ། །ལྷན་ཅིག་ཐབས་དང་བཅས་པ་ནི་འདུ་ཤེས་གསུམ་དང་བྱང་ཆུབ་ཀྱི་སེམས་མི་ཉམས་པའི་ཐབས་དང་བཅས་པའོ། །ཐབས་ཞུ་བ། ཤེས་རབ་བདེ་བ། དེ་གཉིས་དབྱེར་མི་ཕྱེད་པའི་རང་བཞིན་རྟོགས་ནས་ཉམས་སུ་བླངས་པ་ལས་འཇིག་རྟེན་གསུམ་པོ་སྟེ་སྐུ་གསུང་ཐུགས་རྡོ་རྗེའོ། །ཐབས་ཤེས་ཉིད་བཤད་པ་ཁུ་བའི་རྣམ་པ་ལ་སོགས་པའོ། །གཅིག་དང་བྲལ་བ་ནི་ཞུ་བདེ་གཉིས་ཡིན་ལ། དུ་མ་དང་བྲལ་བ་སྟེ་མི་རྟོག་པའི་བདག་ཉིད་ཡིན་པས་སོ། །དེ་སྐྱེ་བའི་དུས་སྐད་ཅིག་གཅིག་ལས་ཏེ། མཚན་ཉིད་དང་བྲལ་བའི་སྐད་ཅིག་གིས་དུས་སུ་མཆོག་དགའ་བ་ཞེས་པ། གསུམ་ལས་མཆོག་ཏུ་གྱུར་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེ་ཡང་རང་རིག་པས་མངོན་དུ་འགྱུར་བས། རང་གི་རིགས་པའི་ཡེ་ཤེས་འདིའོ། །ངག་གི་ལམ་འདས་ནི། སྒྲས་བརྗོད་པའི་སྒོ་ནས་མི་རྟོགས་པས་སོ། །སྤྱོད་ཡུལ་ཏེ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཁོ་ནའི་ཡུལ་ལོ། །འགྲེལ་པ་ལས་ངག་གི་ལམ་འདས་ཞེས་པ། སྒྲ་རྟོག་དང་བྲལ་བ་རྣལ་འབྱོར་པའི་རང་རིག་པའི་སྤྱོད་ཡུལ་ཡིན་པའོ། །འོ་ན་གཞན་གྱིས་མི་རྟོགས་སམ་སྙམ་ན། འདི་ནི་བྱིན་རླབས་རིམ་པའི་ཕྱིར། །རང་བྱིན་གྱིས་བརླབ་པའི་རིམ་པའམ། དཀྱིལ་འཁོར་འཁོར་ལོའི་ཐབས་ལ་བརྟེན་ནས། ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུར། །ཞེས་པ་སངས་རྒྱས་ཀྱི་ཟག་པ་མེད་པའི་ཡེ་ཤེས་དང་རྗེས་སུ་མཐུན་པ་རྣལ་འབྱོར་པ་ལ་བསྐྱེད་པའོ། །དེའི་མཚན་ཉིད་ས་དང་ལ་སོགས་པ་སྟེ། མཐོ་རིས་ས་སྟེང་ས་བླ། རྐང་འོག་ས་འོག་སྟེ། དེ་ཐམས་ཅད་སྐད་ཅིག་ལས་ནི་སྟེ། མཚན་ཉིད་དང་བྲལ་བའི་སྐད་ཅིག་གིས་དུས་སུ། གཟུགས་གཅིག་ཅེས་པ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རོ་གཅིག་པར་རོ། །གཉིས་པ་ཐམས་ཅད་རིག་བྱེད་གྲུབ་མཐའ་ཟེར་ཡང༌། རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བ་ལ་སོགས་པའི་གྲུབ་མཐའ་དང༌། དེ་བཞིན་ལས་རྒྱས་པ་ལ་སོགས་པ་སྟེ། བྱ་བའི་རྒྱུད་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མི་རྟོགས་པས་སྲིད་པ་སྟེ། ལས་དང་ཉོན་མོངས་པས་བསྐྱེད་པའི་སྡུག་བསྔལ་གྱི་ཕུང་པོ་དང༌། མ་རིག་པའི་བག་ཆགས་ཀྱིས་བསྐྱེད་པའི་ཡིད་ཀྱི་ལུས་སུ། དེ་དག་པའི་དངོས་གྲུབ་རང་གཞན་གྱི་དོན་མ་ལུས་པ་རྫོགས་པ་མཆོག་གི་དངོས་གྲུབ་བོ། །མིན་ཞེས་པ་མི་འཐོབ་བའོ། །དེ་མེད་པས་ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པ་མེད་པས་དངོས་གྲུབ་མེད་པའོ། །དེས་ན་ཀྱེའི་རྡོ་རྗེ་ཞེས་པ་ཐབས་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་རང་བཞིན་ལྷན་སྐྱེས་སོ། །དེ་གང་གིས་མི་ཤེས་པ་དེ་ངལ་བ་དོན་མེད་པའོ། །གསུམ་པ། ཆུ་བོའི་རྒྱུན་ནི་རབ་འབབ་དང༌། །ཞེས་པ་ཏིང་ངེ་འཛིན་ཉིན་མཚན་རྒྱུན་ཆད་མེད་པ་དང༌། མར་མེའི་རྩེ་མོ་རབ་བཅིངས་ལྟར། །ཞེས་པ་ཉམས་སུ་མྱོང་བ་གསལ་བའི་དཔེའོ། །དེ་ཉིད་ནི་ལྷན་ཅིག་སྐྱེས་པའོ། །མཚན་ལས་རྣལ་འབྱོར་མའི་ཙཀྲ་ནི་བཅོ་ལྔའོ། །འདུ་བ་གཅིག་ནི་གཞལ་ཡས་ཁང་གཅིག་གི་ནང་དུ་བསྒོམ་པའོ། །སྦས་དོན་དུ་རྣལ་འབྱོར་མ་རྩ་སུམ་ཅུ་རྩ་གཉིས་འདུ་བ་བདག་གི་ལུས་ལ་ཚང་བའོ།།  །།དེ་ལྟར་ཐབས་དངོས་བསྟན་ནས་དེ་ཉིད་དག་པ་གསུམ་དུ་བསྡུ་བ་ལེའུའི་འབྲེལ། རྣལ་འབྱོར་མ་བཅོ་ལྔའི་རྣམ་དག་གང་གི་ངོ་བོ་ཡིན་པ་རྟོགས་པར་བྱ་བའི་ཕྱིར་རྣམ་པར་དག་པའི་ལེའུའོ། །སྦས་དོན་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་གོམས་པར་བྱས་པས། གཟུང་འཛིན་གྱི་རྣམ་པར་རྟོག་པ་སྦྱོང་བས་ན་རྣམ་པར་དག་པ་བཤད་པར་བྱའོ། །ཞེས་པའོ། །འདིར་བརྗོད་པར་བྱ་བའི་དོན། དེ་བཞིན་ཉིད་ཀྱི་དག་པ་ཐོས་བསམ་གྱི་ཡུལ་དུ་གཏན་ལ་འབེབས་པ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྤྱི། ལྷ་སོ་སོའི་དག་པ་བསྐྱེད་རིམ་དང་སྤྱི། རང་རིག་པའི་དག་པ་སྦས་པ་གཉིས་ཀ་དང་འབྲེལ་ལོ། །རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་གྱིས་བཤད་དོ། །མངོན་པར་རྟོགས་པ་དེ་བཞིན་ཉིད་ཀྱི་དག་པ་དེ་ཁོ་ན་ཉིད་བསྒོམ་པའི་ལྟ་བ་དང་འབྲེལ། ལྷ་སོ་སོའི་དག་པ་རྫོགས་པའི་རིམ་པའི་རྟེན་བསྐྱེད་པའི་རིམ་པ་བསྒོམ་པ་དང་འབྲེལ། རང་རིག་པའི་དག་པ་ལྷ་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར། རྫོགས་པའི་རིམ་པའི་དེ་ཁོ་ན་ཉིད་བསྒོམ་པ་དང་འབྲེལ་ལོ། །བཤད་པའི་རྒྱུད་སཾ་པུ་ཊའི་བརྟག་པ་ལྔ་པའི་རབ་ཏུ་བྱེད་པ་གཉིས་པ་ལས་གསལ་བར་གསུངས་སོ། །ལུས་རྣམ་པར་གཞག་པ་བཅུ་དྲུག་པོ་ཐམས་ཅད་དང་འབྲེལ་ལོ། །དེ་ཡང་སྤྱི་ཙམ་དུ་བསྟན་ན་རང་བཞིན་གྱིས་གནས་པའམ། རྒྱུའི་རྒྱུད་དངོས་པོའི་འདུག་ཚུགས་ཀྱི་དབང་དུ་བྱས་ན་ཆོས་ཐམས་ཅད་རྟོག་པ་དང་བྲལ་བས། ཆོས་རང་བཞིན་གྱིས་འོད་གསལ་བ་དེ་བཞིན་ཉིད་ཀྱི་དག་པའོ། །སེམས་རང་བཞིན་རྟོག་པ་ཐམས་ཅད་དང་བྲལ་བས་སེམས་རང་བཞིན་གྱིས་འོད་གསལ་བ་རང་རིག་པའི་དག་པ། རང་བཞིན་གྱིས་ལུས་ཞལ་ཕྱག་གི་རྣམ་པ་ཅན་གྱི་གཟུགས་ཀྱི་སྐུར་ངོ་བོ་ཉིད་ཀྱིས་གནས་པ་དང༌། མ་དག་པའི་དུས་ན་ཕུང་པོ་ལྔ། སྐྱེ་མཆེད་བཅུ་གཉིས། འབྱུང་བ་བཞི་སྟེ། ཉི་ཤུ་རྩ་གཅིག་ངོ་བོ་ཉིད་ཀྱིས་ལྷ་ཉི་ཤུ་རྩ་གཅིག་གི་བདག་ཉིད་ཡིན་པ་ལྷ་སོ་སོའི་དག་པའོ། །ལམ་བསྒོམ་པའི་དེ་བཞིན་ཉིད་ཀྱི་དག་པ། ཡེ་ཤེས་ཀྱི་ཚོགས་བསག ལྷ་སོ་སོའི་དག་པ་བསྐྱེད་པའི་རིམ་པས་སྦྱང་གཞི་སོ་སོའི་གཉེན་པོར་མཉམ་གཞག་དང་རྗེས་སྤྱོད་དུ་ལྷ་སོ་སོ་བསྒོམ་པའོ། །རང་རིག་པའི་དག་པ་སེམས་ཉིད་བདེ་བ་ཆེན་པོ་རྟོགས་པར་བྱ་བའི་ཕྱིར་ཐབས་གཉིས་བསྒོམ་པའོ། །འབྲས་བུའི་དབང་དུ་བྱས་པའི་དེ་བཞིན་ཉིད་ཀྱི་དག་པ་དང༌། རང་རིག་པའི་དག་པ་གཉིས་མཐར་ཐུག་པ་ཆོས་ཀྱི་སྐུ། ལྷ་སོ་སོའི་དག་པ་མཐར་ཕྱིན་པ་གཟུགས་སྐུ་གཉིས་སོ། །དེ་ལ་འདིར་རྒྱུའི་རྒྱུད་ཀྱི་དག་པ་དང༌། ལམ་གྱི་དག་པ་གཉིས་གསུངས་སོ། །དག་པར་མིང་བཏགས་པའང་རང་བཞིན་ཉིད་ཀྱི་དག་པ་ལ། དག་པར་བཞག་པ་དང༌། དེའི་ངོ་བོ་ཉིད་ཡིན་པ་ལ་དེ་ལྟར་བསྒོམས་པས་དྲི་མ་དག་པ་ལ་དག་པར་གཞག་པ་དང༌། མཚོན་བྱེད་ཀྱི་རྟགས་ལ་དག་པར་བཞག་པ་སྟེ། དང་པོ་རྒྱུའི་རྒྱུད་ཡིན་ལ། ཕྱི་མ་གཉིས་ཐབས་ཀྱི་རྒྱུད་ཀྱི་དག་པའོ། །གཞུང་ལ་གཉིས་ཏེ། དག་པ་གསུམ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་ལས། དེ་བཞིན་ཉིད་ཀྱི་དག་པ་གསུམ་མདོར་བསྟན་པ། ངེས་པར་དངོས་པོ་ཐམས་ཅད་ཀྱི། དག་པ་ཞེས་པ་རྟོག་པའི་དྲི་མ་ཐམས་ཅད་དང་བྲལ་བ་མ་བཅོས་པའི་ཡེ་ཤེས་ཏེ། དེ་བཞིན་ཉིད་དོ། །ལྷ་སོ་སོའི་དག་པ་མདོར་བསྟན་པ། ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །ཞེས་པ་དེ་བཞིན་ཉིད་ཀྱི་དག་པ་ཐོས་བསམ་གྱི་ཡུལ་དུ་རྟོགས་པ་དང༌། ཡེ་ཤེས་ཚོགས་བསག་བསྒོམས་པའི་ཕྱི་ནས་སྦྱང་གཞི་སོ་སོ་ལྷ་སོ་སོར་བསྒོམ་པའོ། །རང་རིག་པའི་དག་པ་མདོར་བསྟན་པ་ཕུང་པོ་ལྔ་དང་ལ་སོགས་པ་སྟེ། རང་བཞིན་གྱིས་ནི་རྣམ་པར་དག །ཅེས་པ་རང་བཞིན་གྱིས་རྣམ་པར་དག་ཀྱང་གློ་བུར་བའི། ཉོན་མོངས་ཤེས་བྱའི་སྒྲིབ་སྦྱང་བྱ། །ཞེས་པའོ། །དེ་སྦྱོང་བའི་ཐབས་དག་པ་གཉིས་རྟོགས་ཀྱང་རང་རིག་པའི་དག་པ་མ་རྟོགས་ན་མི་གྲོལ་བས་རང་རིག་བདག་ཉིད་ལ་སོགས་པ་གསུངས་སོ། །ཡུལ་གྱི་དངོས་པོ་ནི་གཟུགས་འཛིན་ནོ། །དངོས་པོ་དེ་ཀུན་དག་པ་སྟེ། །ཞེས་པ་རང་རིག་པའི་ངོ་བོར་རོ། །འདི་ལྟར་འགྲོ་བ་སངས་རྒྱས་བདག་ཀྱང་རང་རིག་པའི་བདེ་བ་ཆེན་པོའི་ངོ་བོའོ། །གཉིས་པ་ལའང་གསུམ་ལས། དང་པོ་སྦྱང་གཞི། ཀྱེ་བཅོམ་ལྡན་འདས་ལ་སོགས་པ་སྟེ། དག་པས་དུག་མེད་བྱས་ནས་ནི། །ཞེས་པ་དེ་བཞིན་ཉིད་ཀྱི་དག་པས་བརྟགས་པའི་དུག་མེད་པར་བྱས་ནས། བསྟེན་བྱ་འདི་དག་སྟེ། ཕུང་པོ་ལ་སོགས་པ་སྒྱུ་མ་ལྟ་བུར་ཤེས་པས་བསྟེན་པའོ། །ལྷ་སོ་སོའི་དག་པས་ཐ་མལ་པའི་དུག་མེད་པར་བྱེད་པ་ལྷར་ཤེས་པས་བསྟེན་པའོ། །རང་རིག་པའི་དག་པས་ལྷ་ལ་ཞེན་པའི་དུག་མེད་པར་བྱས་ནས་རང་རིག་པ་བདེ་བ་ཆེན་པོའི་ངོ་བོར་རྟོགས་པས་བསྟེན་པའོ། །ལྷ་སོ་སོའི་དག་པ་རྒྱས་པར་བཤད་པ། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཞེས་པ་ལ་སོགས་པ་སྟེ། ངོ་བོ་ཉིད་ཀྱིས་ཡིན་པ་དང་ཡིན་པ་ལྟར་བསྒོམས་པས་ཐ་མལ་པར་ཞེན་པ་སྦྱོང་བ་གཉིས་སོ། །ཞེ་སྡང་ཞེས་བཤད་རྡོ་རྗེ་མ། །ཞེས་པ་ནི་གོང་དུ་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པ་བདག་མེད་མ་ཡིན་ལ། དེ་ཉིད་འདིར་ཉོན་མོངས་པ་ལས་ཞེ་སྡང་དག་པ་རྡོ་རྗེ་མ་ཟེར་ལ། བརྟག་པ་ཕྱི་མ་ལས་ཡིད་ཀྱི་སྐྱེ་མཆེད་དང་རྣ་བ་དག་པར་བྱེད་པར་བཤད་དོ། །དེ་བཞིན་དུ་འདོད་ཆགས་དག་པ་ཆུའི་རྣལ་འབྱོར་མ་ནི་གོང་དུ་འདུ་ཤེས་ཀྱི་ཕུང་པོ་དག་པར་བཤད་ལ། འོག་ཏུ་སྐྱེ་མཆེད་ལྕེ་དག་པ་ལ་སོགས་པར་བཤད་དོ། །གཏི་མུག་དེ་བཞིན་རྡོ་རྗེར་བཤད་ནི། གོང་དུ་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་རྡོ་རྗེ་མ་ཉིད་དོ། །ཕུང་པོ་ཞེས་པ་ཐ་མལ་པའི་ཕུང་པོའི་རྟོག་པ་སྦྱང་བར་བྱའོ། །ཕྱག་གི་དག་པ་སྟོང་པ་ཉིད། །ལ་སོགས་པ་ནི་རྟགས་དེས་དོན་དེ་ལྟ་བུ་མཚོན་པ་ལ་དག་པར་གཞག་པའོ། །རང་རིག་པའི་དག་པ་སྡུད་པ་པོས་གླུར་བླངས་པའི་ཚུལ་གྱིས་རྒྱས་པར་བཤད་པ་ནི། གཙོ་བོར་རང་རིག་པའི་དག་པ་ཡིན་ཡང་གསུམ་ཀ་ལ་སྦྱོར་ཏེ། དེ་བཞིན་ཉིད་ཀྱི་དག་པའི་དབང་དུ་བྱས་ནས། གང་དང་གང་གིས་ཞེས་པ་ཕུང་པོ་ལ་སོགས་པ་སྦྱང་གཞི་གོང་དུ་བཤད་པ་རྣམས་སོ། །འཇིག་རྟེན་འཆིང་འགྱུར་བ་ནི་དེ་ལ་བདེན་པར་བརྟགས་པས་སོ། །དེ་དང་དེས་ནི་འཆིང་བ་ལས་གྲོལ་ཏེ། ཞེས་པ་དེ་བཞིན་ཉིད་ཀྱི་དག་པ་རྟོགས་པ་བདེན་པས་སྟོང་པ་སྒྱུ་མ་ལྟ་བུར་ཤེས་པས་སོ། །དེ་ཉིད་མི་ཤེས་པའང་དེ་བཞིན་ཉིད་ཀྱི་དག་པ་མ་ཤེས་པས་སོ། །དེ་ཉིད་རྣམ་སྤངས་དངོས་གྲུབ་རྙེད་མི་འགྱུར། །ཞེས་པ་ཕུང་པོ་ལ་སོགས་པ་སྤངས་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་ཉིད་ཀྱི་དག་པ་མ་ཤེས་ན་མི་གྲོལ་བ་དང༌། ཕུང་པོ་ལ་སོགས་པ་སྤངས་པས་ཀྱང་དངོས་གྲུབ་མི་འགྲུབ་པ་དེའི་ཕྱིར་རོ། །སྒྲ་མེད་པ་ལ་སོགས་པས་ནི་དེ་བཞིན་ཉིད་ཀྱི་དག་པ་རྟོགས་པས་དེ་དག་བདེན་པ་མེད་པར་ཤེས་པས་སོ། །སེམས་ཀྱི་རྣམ་པར་དག་པ་ནི་དབང་པོ་དང་རྣམ་ཤེས་ལ་བྱའོ། །ཐམས་ཅད་རྣམ་པར་དག་པའང་དེ་བཞིན་ཉིད་ཀྱི་ངོ་བོར་རོ། །རང་བཞིན་དག་པའི་འགྲོ་ལ་འགྲོ་བར་ཤེས། །ཞེས་པའང་རང་བཞིན་གྱིས་དག་པ་སྟེ། བདེན་པས་སྟོང་པ་ཡིན་ལ། དེ་ལ་དེ་ལྟར་རྟོགས་པའོ། །ལྷ་སོ་སོའི་དག་པ་ལ་སྦྱར་ན། གང་དང་གང་གིས་འཇིག་རྟེན་འཆིང་འགྱུར་བ། །ཞེས་པ་ཕུང་པོ་ལ་སོགས་པ་ལ་ཐ་མལ་དུ་ཞེན་པས་སོ། །དེ་དང་དེ་ནི་ཞེས་པ་དེ་ཉིད་ལྷར་གོམས་པས་སོ། །དེ་ཉིད་མི་ཤེས་པ་ལྷ་སོ་སོའི་དག་པ་མི་ཤེས་པས་སོ། །དེ་ཉིད་རྣམ་སྤངས་ཞེས་པ་ལྷའི་བདག་ཉིད་ཡིན་པའི་ཕུང་པོ་ལ་སོགས་པའོ། །དེའི་ཕྱིར་ནི་ལྷར་ཤེས་ན་གྲོལ་བ་དང༌། ལྷའི་བདག་ཉིད་ཀྱི་ཕུང་པོ་ལ་སོགས་པ་སྤངས་ན་མི་གྲོལ་བ་དེའི་ཕྱིར་རོ། །དྲི་མེད་ལ་སོགས་པའང་ཐ་མལ་པ་མེད་པའོ། །རྣམ་པར་དག་པ་ལའང་ལྷའི་ངོ་བོ་ཉིད་དུའོ། །དེའང་རང་བཞིན་གྱིས་ཡིན་པ་ལ་ཡིན་པར་ཤེས་པས་རང་བཞིན་གྱིས་དག་པའི་འགྲོ་ལ་འགྲོ་བར་ཤེས་པའོ། །གཙོ་བོ་རང་རིག་པའི་དག་པ་ལ་སྦྱར་ན། གང་དང་གང་གིས་འཇིག་རྟེན་འཆིང་འགྱུར་བ་ནི་གཟུང་འཛིན་དུ་ཞེན་པས་སོ། །དེ་དང་དེས་ནི་དེ་རྣམས་ཉིད་རང་རིག་པའི་ངོ་བོར་རྟོགས་ནའོ། །དེ་ཉིད་མི་ཤེས་པའང་རང་རིག་པའི་དག་པར་རྟོགས་པའོ། །དེ་ཉིད་རྣམ་སྤངས་རང་རིག་པ་བདེ་བ་ཆེན་པོའི་བདག་ཉིད་ཡིན་པའི་ཕུང་པོ་ལ་སོགས་པའོ། །དེའི་ཕྱིར་ནི་རང་རིག་པའི་ངོ་བོར་མ་རྟོགས་ན་མི་གྲོལ་བ་དང༌། དེ་སྤངས་པས་ཀྱང་མི་འགྲུབ་པས་སོ། །སྒྲ་མེད་པ་ལ་སོགས་པ་དེ་རྣམས་ལ་ཐ་དད་དུ་ཞེན་པའི་རྟོག་པ་མེད་པའོ། །ཐམས་ཅད་རྣམ་པར་དག་པ་རང་རིག་པའི་ངོ་བོར་རོ། །དེ་ཡང་ཡིན་པ་ལྟར་ཤེས་པ་ཡིན་པས། རང་བཞིན་དག་པའི་འགྲོ་ལ་འགྲོ་བར་ཤེས། །ཞེས་པའོ། །ལེའུའི་མཚན་རྣམ་པར་དག་པ་ཞེས་པའང༌། དེ་བཞིན་ཉིད་ཀྱི་དག་པས་བརྟགས་པའི་དྲི་མ་དག་པ་དང༌། ལྷ་སོ་སོའི་དག་པས་ཐ་མལ་དག་པ་དང༌། རང་རིག་པའི་དག་པས་རྟོག་པའི་དྲི་མ་དག་པའོ། །དེ་ཉམས་སུ་ལེན་པའི་སྒྲུབ་པ་པོའི་གང་ཟག་གི་མཚན་ཉིད་ལ་གཉིས་ཏེ། ཐོག་མར་བདག་མེད་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། ལྟ་སྟངས་རྣམ་པ་བཞིས་འགྲུབ་པའི་མཚན་ཉིད་དང་ལྡན་པ་བསྟན་པའོ། །དང་པོ་ལེའུའི་འབྲེལ་བདག་མེད་མའི་དཀྱིལ་འཁོར་དག་པ་དང་བཅས་པ་བསྟན་ནས། དེའི་དཀྱིལ་འཁོར་དུ་དབང་བསྐུར་བ་བསྟན་ཏོ། །སྦས་དོན་གྱི་འབྲེལ་གསུངས་པ་མེད་དོ། །འདིའི་བརྗོད་པར་བྱ་བའི་དོན་བུམ་དབང་དང་འབྲེལ་པ་ཐམས་ཅད་བསྐྱེད་རིམ་དང་སྤྱི། དབང་གོང་མ་གསུམ་དང་འབྲེལ་པ་སྦས་པ། ཕན་ཡོན་གྱི་ཚུལ་གྱིས་ཞར་ལ་མཐར་ཐུག་བཤད་པའང་ཡོད་དོ། །རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་ནོ། །མངོན་པར་རྟོགས་པ་ལམ་ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་སྣོད་དུ་བྱེད་པའི་ཆོ་ག་དང་འབྲེལ་ལོ། །བཤད་པའི་རྒྱུད་གུར་གྱི་ལེའུ་བཞི་པ་ལས་བུམ་པའི་དབང་གསལ་བར་བཤད། བདུན་པ་ལས་དབང་གི་གྲངས་བཞི་དང་ཁྱད་པར་དུ་གསང་དབང་དང་ཤེས་རབ་ཡེ་ཤེས་གསལ་བར་བཤད། བརྒྱད་པ་ལས་དཀྱིལ་འཁོར་གསལ་བར་བཤད། དགུ་པ་ལས་བུམ་པ་སྟ་གོན། བཅུ་བཞི་པ་ལས་ཀྱང་གསང་དབང་དང་ཤེས་རབ་ཡེ་ཤེས། བཅོ་ལྔ་པ་ལས་ཆུའི་དབང་ལ་སོགས་པའི་གྲངས་གསལ་བར་བཤད་དོ། །སཾ་པུ་ཊའི་བརྟག་པ་གཉིས་པའི་རབ་ཏུ་བྱེད་པ་དང་པོ་དང༌། རྒྱུད་ཕྱི་མས་ཕན་འདོགས་སོ། །ཆོ་གའི་གྲངས་ཉི་ཤུ་རྩ་དགུས་བསྡུས་ཏེ། བསྙེན་པ་རབ་འབྲིང་གསུམ་དུ་བྱས་ཏེ། ཐ་མ་གྲངས་ཀྱི་བསྙེན་པ། འབྲིང་དུས་ཀྱི་བསྙེན་པ་སྟེ། ལྟ་སྟངས་ཀྱི་ལེའུ་ནས། ཟླ་དྲུག་གོམས་པའི་སྦྱོར་བ་ལས། །ཞེས་གསུངས་པ་ལྟར་ཟླ་བ་དྲུག རབ་མཚན་མའི་བསྙེན་པ་སྟེ། དེ་ལའང་ཐ་མ་རྨི་ལམ་དུ་གནང་བ་ཐོབ་པ། འབྲིང་བུམ་པ་ནམ་མཁའ་ལ་འཇོག་ནུས་པ། རབ་ཡི་དམ་ལྷ་ལས་དངོས་སུ་གནང་བ་ཐོབ་པའོ། །ས་ཆོག་ལ་ས་བསླང་བ་ལ་སོགས་པ་སྔོན་དུ་སོང་བ་ལས་སམ་བྱ་བས་སྐྱོན་སྦྱང་བ་དང༌། ཏིང་ངེ་འཛིན་གྱིས་བགེགས་སྦྱང་བ་སྟེ་ས་སྦྱང་བ་དང༌། གཟུང་བ་རྐང་སྟབས་ཀྱི་དགོད་པ་བྱ་བའོ། །སྟ་གོན་ལ། སའི་ལྷ་མོ་དང༌། ལྷ་དང༌། བུམ་པ་དང༌། སློབ་མ་བཞིའོ། །དཀྱིལ་འཁོར་ཞག་གི་ཉིན་མོའི་བྱ་བ་ཐིག་གདབ་པ། རྡུལ་ཚོན་བྲི་ཞིང་ལྷ་དགོད་པ། བུམ་པ་དབུལ་ཞིང་རྒྱན་དང་མཆོད་པ་བཤམ་པ་གསུམ། སྲོད་ཐུན་གྱི་དང་པོ་ལ་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང༌། སློབ་དཔོན་དང་སློབ་མ་འཇུག་པ་གཉིས་ཏེ། བཅུ་བཞི་སྦྱོར་བའི་ཆོ་གའོ། །དངོས་གཞི་ཆུ་དང༌། ཅོད་པན། རྡོ་རྗེ། དྲིལ་བུ། མིང་སྟེ་ལྔ། དྲུག་པ་རྫོགས་པའི་སངས་རྒྱས་ཀྱི་དབང༌། བདུན་པ་དེ་བརྟན་པར་བྱེད་པ་བུམ་པའི་དབང༌། དེ་རྣམས་ཀྱི་མཐའ་རྟེན་རྗེས་སུ་གནང་བའི་དབང༌། དེ་ནས་གསང་དབང༌། དེའི་མཐའ་རྟེན་ལུང་བསྟན། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང༌། དེའི་མཐའ་རྟེན་དབུགས་དབྱུང༌། དེ་ནས་དབང་བཞི་པ། དེའི་མཐའ་རྟེན་གཟེངས་བསྟོད་དེ་བཅུ་བཞིའོ། །རྗེས་ཀྱི་བྱ་བ་ལ་སློབ་མའི་བྱ་བ་ཡོན་དབུལ། སློབ་དཔོན་གྱི་བྱ་བ་ལ་དཀྱིལ་འཁོར་གྱི་ལྷ་ལ་མཆོད་བསྟོད་བཟོད་པར་གསོལ་ཏེ་གཤེགས་སུ་གསོལ།                   རྗེས་མ། >>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*