དཔལ་ཀྱེའི་རྡོ་རྗེའི་རྩ་བའི་རྒྱུད་བརྟག་པ་གཉིས་པའི་དཀའ་འགྲེལ།

༼ཀ༽༄༅། །དཔལ་ཀྱེའི་རྡོ་རྗེའི་རྩ་བའི་རྒྱུད་བརྟག་པ་གཉིས་པའི་དཀའ་འགྲེལ་བཞུགས།། ཨོཾ་སྭ་སྟི་སིདྡྷཾ། དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཀྱེ་ཡི་རྡོ་རྗེ་རྣལ་འབྱོར་ཆེའི། །རྒྱུད་འབུམ་ལྔ་དོན་རབ་བསྡུས་པ། །སྟོང་པ་སྙིང་རྗེ་གཉིས་སུ་མེད། །རྒྱུད་གསུམ་སྟོན་པར་བྱེད་པའི་སྒྲའོ། །རྒྱུད་འདི་ནི་ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་བརྟག་པ་གཉིས་ལས་བླ་མ་རྣམས་ཀྱིས་མང་དུ་གསུངས་ཀྱང༌། གཞུང་གི་དོན་རྣམས་མཆན་དུ་བཀོད་ནས་འདིར་མ་བྲིས། བླ་མའི་ངག་དོན་དཀའ་བའི་གནས་རྣམས་ཅུང་ཟད་བརྗོད་པར་བྱ་སྟེ། བཤད་པ་མང་པོ་ནི་གསང་སྔགས་གདམས་ངག་གི་རྒྱུད་ཡིན་པས་འཆོལ་བར་འགྱུར་ལ་རྒྱུད་མངོན་རྟོགས་སུ་སློང་པ་ཞེས་བྱ་སྟེ་ལམ་བསྐྱེད་རྫོགས་གཉིས་སུ་སློང་བ་འདི་མཆོག་ཡིན་ལ་བཤད་པ་མང་པོ་དོན་མེད་པས་སྤང་ངོ༌། །དེ་ཡང་ཐོག་མར་ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ངོ་ཤེས་པར་བྱ་བའི་ཕྱིར་རྒྱུད་ཀྱི་སྤྱིའི་རྣམ་གཞག་མཚན་གྱི་དོན་དང་བཅས་པའོ། །དེ་ཡང་སྤྱིར་ཐོབ་པར་བྱ་བའི་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ལ། དེ་ཐོབ་པར་བྱེད་པའི་ལམ་རིང་བ་དང་ཉེ་བ་བསམ་གྱིས་མི་ཁྱབ་པ་ལས་འདི་ཐེག་པ་ཆེན་པོའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཐེག་པ་ལས་འདི་སྔགས་སོ། །དེ་ལ་རྒྱུད་སྡེ་བཞི་ལས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །དེ་ལ་ཐབས་དང་ཤེས་རབ་གཉིས་ལས་འདི་གཉིས་སུ་མེད་པའི་རྒྱུད་དོ། །དེ་ལ་ཡང་རྒྱུད་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཡོད་པ་ལས་འདི་ཀྱེའི་རྡོ་རྗེའི་རྒྱུད་དོ། །དེ་ལ་ཡང་རྩ་རྒྱུད་དང་བཤད་རྒྱུད་ལས་འདི་རྩ་བའི་རྒྱུད་དོ། །དེ་ཡང་རྒྱུད་རྒྱས་པ་དང་བསྡུས་པ་ལས་འདི་རྒྱུད་བསྡུས་པ་བརྟག་པ་གཉིས་པའོ། །འདིའི་མཚན་གྱི་དོན་གང་ཡིན་ཞེ་ན་རང་གི་སེམས་ཉིད་ཐོག་མ་མེད་པ་ནས་རྒྱུན་མ་ཆད་པ་ནི་རྒྱུད་ཡིན་ལ། དེ་ཉིད་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདག་ཉིད་ནི་ཀྱེའི་རྡོ་རྗེ་ཡིན་ཞིང༌། དེ་རང་བཞིན་གྱི་རྣམ་པར་རྟོག་པས་ཟིལ་གྱིས་མ་མནན་ཅིང༌། གློ་བུར་གྱི་རྣམ་པར་རྟོག་པ་སྤང་བར་གྱུར་པས་ན་རྒྱལ་པོའོ། །དེ་བས་ན་རང་གི་སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ནི་བརྗོད་པར་བྱ་བ་དོན་གྱི་རྒྱུད་ཡིན་ལ། དེ་རྗོད་པར་བྱེད་པ་སྒྲའི་ཚོགས་དང་གླེགས་བམ་རྣམས་ལ་ཀྱེའི་རྡོ་རྗེའི་རྒྱུད་ཅེས་བྱ་བར་གདགས་པ་ནི་རྗོད་པར་བྱེད་པ་ཚིག་གི་རྒྱུད་དོ། །གལ་ཏེ་སེམས་གཉིས་མེད་ཀྱི་ཡེ་ཤེས་རང་ལ་གནས་ན་རྗོད་བྱེད་ཀྱི་རྒྱུད་ལ་དགོས་པ་ཅི་ཡོད་སྙམ་ན། སེམས་རྟོགས་པ་རྣམས་ལ་དགོས་པ་མེད་ཀྱང་སེམས་མ་རྟོགས་པ་རྣམས་ལ་སྟོན་པའི་དགོས་པ་ཡོད་དོ། །འོ་ན་སེམས་ཉིད་རྟོགས་པ་རང་ལ་དགོས་པ་ཅི་ཡོད་སྙམ་ན། སེམས་རྟོགས་པ་ནི་ཆོས་ཀྱི་སྐུ་ཡིན་ལ། སེམས་ཉིད་མ་རྟོགས་པ་ནི་ལམ་གཞན་ལ་སྙིང་པོ་མེད་པའི་ཕྱིར་རོ། །དེས་ན་སེམས་ཉིད་རྟོགས་པ་ནི་དགོས་པའི་ཡང་དགོས་པ་ཡིན་ལ། དེ་རྟོགས་པ་བྱེད་པའི་ཡན་ལག་ཏུ་རྨོངས་པ་རྣམས་ལ་མིང་དང་ཐ་སྙད་ཀྱི་སྒོ་ནས་སྟོན་པ་དང༌། དབང་བསྐུར་བ་ནས་བརྩམས་ཏེ་ཐུན་མོང་གི་དངོས་གྲུབ་ཐོབ་པར་བྱེད་པ་ནི་དགོས་པ་ཡིན་ནོ། །དེ་ལྟར་རྗོད་བྱེད་ཚིག་གིས་བརྗོད་བྱ་སྟོན་པར་བྱེད་ལ། བརྗོད་བྱ་དོན་གྱིས་དགོས་པའི་དགོས་པ་བསྒྲུབ་པར་འབྲེལ་ཏོ། །ཀླད་ཀྱི་དོན་བསྟན་ཟིན་ཏོ། །ལེའུ་དང་པོ་ཨེ་ཝཾ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་ནི་རྒྱུད་ཀྱི་མངོན་རྟོགས་སྟོན་པས་ན་རྒྱུད་མ་ལུས་པའི་མདོར་བསྟན་པ་ཡིན་ནོ། །རྟེན་གྱི་གང་ཟག་དབང་པོ་རབ་འབྲིང་གསུམ་ལ་དགོངས་ནས་གླེང་གཞི་དང་མཚན་དང༌། ཡན་ལག་རྒྱས་པར་དབྱེ་བ་གསུམ་དུ་བསྟན་པ་ཡིན་ནོ། །སྤྱིར་ལེའུ་འདི་ནས་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སྟོན། དེ་ཅིའི་ཕྱིར་ཐོག་མར་སྟོན་སྙམ་ན་མཐར་ཐུག་ཐོབ་པར་བྱ་བའི་འབྲས་བུ་ཀྱེའི་རྡོ་རྗེ་ཡིན་ལ། དེ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་ཡིན་པ་གཞན་གྱིས་ཐོབ་པར་མི་ནུས་པས་ལམ་གཞན་ཐམས་ཅད་དེའི་ཡན་ལག་ཏུ་གྱུར་པ་ཡིན་པས་རྒྱུད་འདིའི་བརྗོད་བྱའི་གཙོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་པས་འོག་ནས་སྟོན་པའི་འབྱུང་པོའི་གཏོར་མ་དང་བཟླས་པ་ལ་སོགས་པ་ཐམས་ཅད་སྣང་ཡང་རང་གི་ངོ་བོའམ་གོ་ཡུལ་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཤེས་པར་བྱའོ། །ཡེ་ཤེས་ཀྱི་མཚན་ཉིད་ཐོས་པ་ལས་བྱུང་བ་ཙམ་ནི་ཕ་རོལ་ཏུ་ཕྱིན་པ་ཙམ་ལ་ཡང་ཡོད་པས་དེ་ལས་ཁྱད་པར་དུ་འཕགས་པ་རྡོ་རྗེའི་ལུས་ཀྱི་གནས་ལུགས་དང༌། དེ་ལ་ཕྱི་རོལ་གྱི་ཆོས་ཐམས་ཅད་བསྡུས་ཏེ་སྤྲོས་པ་བཅད་པའི་ལུགས་སྦས་པའི་དོན་དུ་འཆད་པའོ། །གླེང་གཞི་འདི་དག་སྟོན་པའི་བཀའ་ཡིན་ནམ་སྡུད་པའི་ཚིག་ཡིན་ན་སྟོན་པའི་བཀར་མི་རིགས་ཏེ། བདག་གིས་ཐོས་པ་ཞེས་པས་སྟོན་པ་ཐོས་སྒྲོགས་ཉན་ཐོས་སུ་འགྱུར་རོ། །འོ་ན་སྟོན་པའི་བཀའི་ཐོག་མར་སྡུད་པ་པོས་རང་དགའི་ཚིག་མི་རིགས་སྙམ་ན་འདི་ནི་སྡུད་པ་པོའི་ཚིག་ཡིན་ཏེ་སྐྱོན་མེད། ཆོས་ཡང་དག་སྡུད་པ་ལས་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བས་གླེང་སློང་ལ་ཆོས་སྡུས་ཤིག་ཅེས་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བའི་བཀའ་ཡིན་པས་འགལ་བ་མེད་དོ། །འདི་ཁོ་ན་སྐད་མང་ཉུང་སྒྲོ་སྐུར་མེད་པར་བདག་ཉིད་ཀྱིས་སྟོན་པ་ལས་ཐོས་པའི་གཞན་དང་གཞན་ལས་མ་བརྒྱུད་པས་བརྒྱུད་པ་ཉེ་བའོ། །དུས་གཅིག་ནི་སྟོན་པའི་གསུང་གི་ཕྲིན་ལས་ཆོས་འཆད་པའི་དུས་ན་ཐོས་ཀྱི་གཞན་དུ་འདི་མ་ཐོས་པས་བརྒྱུད་པ་རྙེད་པར་དཀའ་བའོ། །དུས་གཞན་དུ་ནི་གཞན་ཐོས་སོ་ཞེས་བྱ་བར་ཤུགས་ལས་ཤེས་སོ། །བྷ་ག་བྷཉྫ་ན་ཞེས་བྱ་བའི་སྒྲ་དྲངས་པས་བཅོམ་པར་འགྱུར་ཏེ། ཐོག་མར་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་མཐའ་དག་བཅོམ་པ་ནི་ཉོན་མོངས་པའི་བདུད་བཅོམ་པའོ། །ཉོན་མོངས་པ་མེད་པས་གང་གིས་ཀྱང་བར་དུ་གཅོད་པར་མི་ནུས་པས་ལྷའི་བུའི་བདུད་བཅོམ། དེ་བས་ན་ཚེ་ལ་དབང་ཐོབ་པས་འཆི་བདག་གི་བདུད་བཅོམ། འཆི་བ་མེད་པས་ཕུང་པོ་ཉིང་མཚམས་སྦྱོར་བ་མེད་པས་ཕུང་པོའི་བདུད་བཅོམ་པའོ། །ཡང་བྷ་ག་ཨཾ་ས་ཞེས་སྒྲ་དྲངས་ན་ལྡན་པར་འགྱུར་ཏེ་ལྡན་པ་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་དང་ལྡན་པའོ། །དེ་ཡང་འདིར་དབང་ཕྱུག་ཕུན་སུམ་ཚོགས་པ་ནི་སྟོན་པ་འདི་ལ་འཇིག་རྟེན་ལྷ་དང་བདུད་དང་ཚངས་པ་ལ་སོགས་པ་གང་གིས་ཀྱང་ཆོས་དང་མཐུན་པར་རྒོལ་བ་མེད་པས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཕྱིན་པའི་ཡོན་ཏན་ནོ། །གཟུགས་བཟང་པ་ནི་བ་སྤུའི་ཁུང་བུ་གཅིག་ལ་ཡང་བསྐལ་བའམ་བསྐལ་པ་ལས་ལྷག་པར་བལྟས་ཀྱང་ཆོ་ག་མི་ཤེས་པས་ཏེ་བཟོད་པ་མཐར་ཕྱིན་པའི་ཡོན་ཏན་ནོ། །གྲགས་པ་ནི་གདུལ་བྱ་གང་ན་གནས་པ་དེར། དེས་གྲགས་པས་ཡིད་ཚིམ་པར་བྱེད་པ་སྟེ། བདག་ཅག་ལྷ་རྣམས་ཀྱི་སྟོན་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ་ཚུལ་ཁྲིམས་མཐར་ཕྱིན་པའོ། །དཔལ་ནི་ཞིང་ཁམས་དང་འཁོར་གྱི་ཚད་ཡོངས་སུ་གཟུང་བར་མི་ནུས་པས་ཏེ་སྦྱིན་པར་མཐར་ཕྱིན་པའོ། །ཡེ་ཤེས་ནི་སྐད་ཅིག་གཅིག་གི་ཁོངས་སུ་ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་མཁྱེན་པ་སྟེ་བསམ་གཏན་མཐར་ཕྱིན་པའོ། །བརྩོན་འགྲུས་ཀྱི་ཕུན་སུམ་ཚོགས་པ་ནི་སྐད་ཅིག་མ་གཅིག་ལ་གདུལ་བྱ་མཐའ་དག་གི་སྐལ་བ་ཇི་ལྟ་བ་བཞིན་དུ་དོན་མཛད་པ་སྟེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཕྱིན་པའོ། །དེ་ལྟར་དྲུག་ལ་ལྡན་པ་ཡིན་པར་གང་གསུངས་པ། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་ལྡན་ཞེས་བྱ། །ཞེས་གསུངས་སོ། །དཔལ་ཁ་སྦྱོར་ལས་ཀྱང༌། འདི་ལྟ་སྟེ་དབང་ཕྱུག་དང༌། གཟུགས་བཟང་བ་དང༌། དཔལ་དང༌། གྲགས་པ་དང༌། བརྩོན་འགྲུས་དང༌། ཡེ་ཤེས་ཏེ་དྲུག་པོ་འདི་མངའ་བའི་ཕྱིར་བཅོམ་ལྡན་འདས་སོ། །བཅོམ་ལྡན་འདས་དེ་གནས་གང་ན་བཞུགས་སྙམ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཞེས་བྱ་བ། སྐུའི་གསང་བ་གསུང་གི་གསང་བ་ཐུགས་ཀྱི་གསང་བ་གསུམ་མཚོན་པར་བྱེད་པའི་བརྡར་ལོངས་སྤྱོད་རྫོགས་པའི་སྐུའི་བཞུགས་གནས་ནི་གྲུ་གསུམ་སྟེ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རིག་མའི་སྐྱེས་བུ་རྡོ་རྗེ་ཅན། །ལོངས་སྤྱོད་བཞི་དང་ཡང་དག་ལྡན། །སྐུ་གསུང་ཐུགས་སུ་དབྱེ་བ་ཡི། །གྲུ་གསུམ་རྣམས་སུ་བསྒོམ་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །རྡོ་རྗེ་ནི་ཇི་ལྟར་རྡོ་རྗེའི་རིན་པོ་ཆེ་གང་གིས་ཀྱང་མི་ཕྱེད་པ་ལྟར་ནམ་མཁའ་གང་གིས་ཀྱང་མི་ཕྱེད་པས་རྡོ་རྗེའི་རང་བཞིན་ནམ་མཁའི་ཁམས་ཟུར་གསུམ་པའོ། །དེ་ཉིད་ལ་བཙུན་མོའི་བྷ་ག་ཞེས་སྨོས་སོ། །བཙུན་མོ་ནི་སངས་རྒྱས་ཀྱིས་བསྟན་པར་བྱ་བས་ན་སྤྱན་ལ་སོགས་པ་ནི་རྡོ་རྗེ་ལྷ་མོའོ། །ཡང་ན་རྡོ་རྗེ་ནི་རིགས་ལྔ་ཡིན་ལ་དེའི་བཙུན་མོ་ནི་སྤྱན་མ་ལ་སོགས་པའོ། །ཞེས་སྦྱར་བར་བྱའོ། །བྷ་ག་ནི་འཇོམས་པ་སྟེ་དེའི་ཉེར་གནས་སུ་རྣམ་རྟོག་འཇོམས་པའོ། །ཡང་ན་ལོངས་སྤྱོད་པའི་ཁྱིམ་ཡིན་པ་སྟེ། གང་ན་གཙོ་བོར་སྤྱོད་འགྱུར་བའི། །ཁྱིམ་ནི་བྷ་ག་ཞེས་སུ་གསུངས། །ཞེས་སཾ་པུ་ཊ་ལས་གསུངས་སོ། །དེ་ཉིད་དང་པོར་རབ་ཏུ་དགང་བ་ལ་སོགས་པའི་ཡོན་ཏན་གོང་ནས་གོང་དུ་སྦར་བའི་ཕྱིར་གདེངས་ཁ་གྱེན་ལ་ཕྱོགས་པའོ། །ཐབས་དང་ཤེས་རབ་ཟུང་དུ་ཆུད་པས་ན་ཕྱི་དཀར་ལ་ནང་དམར་བའོ། །དེ་ལྟ་བུའི་ཆོས་འབྱུང་གི་ནང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་རྣམ་པ་རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་ན་བཞུགས་པའོ། །སྔོན་བྱུང་གི་རྣམ་འཕྲུལ་དང་རྗེས་འཇུག་གི་སྒོམ་པ་དང་འབྲས་བུ་མཐར་ཕྱིན་པ་གསུམ་ཀ་འདི་ཡིན་ནོ། །གལ་ཏེ་རྒྱུད་སྡེ་ཐམས་ཅད་དུ་སྐབས་འདིར་འཁོར་ལ་སོགས་པ་གསུངས་ན་འདིར་མི་གསུངས་པ་ཅི་ཡིན་སྙམ་ན། བདེན་ཏེ་དེ་ནི་རྒྱུད་རྒྱས་པའི་སྐབས་སུ་སྨོས་ཟིན་ལ་རྒྱུད་འདི་ནི་དེ་ལས་ཕྱི་མར་འགྱུར་བའི་ཕྱིར་རོ། །འཁོར་ཡོད་པར་གང་ལས་ཤེས་ན། འོག་ནས་བདག་མེད་མ་ལ་སོགས་པ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པས་ཤེས་སོ། །སྤྱིར་སྟོན་པ་དང་འཁོར་ཐ་དད་མེད་པ་ཡིན་ཏེ་འོ་ན་སྟོན་པ་ལ་འཁོར་ཞུ་བ་མི་རིགས་སོ་ཞེ་ན། གདུལ་བྱ་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར་ཏེ། རྡོ་རྗེ་རྩེ་མོ་ལས། ཨེ་མ་ཧོ་གར་མཁན་འཁོར་ལོ་འདི། །རང་གི་ཡེ་ཤེས་དྲན་པར་བྱེད། །ཅེས་པའོ། །གལ་ཏེ་གྲོལ་བར་འདོད་པ་ནི་ཐེག་པ་དམན་པ་སྲིད་པ་ལ་ཞེ་སྡང་འགའ་ཞིག་གི་རྣམ་པར་རྟོག་པ་ལ་སྡུག་བསྔལ་དང་བྲལ་བ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེ་ཐོབ་པར་བྱེད་པ་ལ་ནི་གཟུགས་ལ་སོགས་པ་འདི་རྣམས་དང་བྲལ་དགོས་པ་ཡིན། བསྐྱེད་པའི་རིམ་པ་དང་རྩའི་འཁོར་ལོ་ལ་སོགས་པ་འདི་རྣམས་ཅི་བྱ་སྙམ་ན། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །དངོས་པོ་ཉིད་ཀྱིས་རྣམ་པར་གྲོལ། །ཞེས་གསུངས་སོ། །དེ་ལྟར་ཧེ་རུ་ཀ་བསྒོམ་བྱ། །ཞེས་པ་དེ་ནས་རྡོ་རྗེ་སྙིང་པོས་གསོལ་པ། དེའི་ཚེ་བཅོམ་ལྡན་འདས་དེ་བེམ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ནི་བེམ་པོ་མིན་ནོ། །ཅི་ལགས། ང་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །རྡོ་རྗེ་སྙིང་པོས་གསོལ་པ། མེ་ལོང་ལྟ་བུའི་ཡེ་ཤེས་དེ་ཅི་ལགས། རྡོ་རྗེ་འཛིན་པས་བཀའ་སྩལ་པ། བདེན་པ་མ་ཡིན་པ་དང་བརྫུན་པ་མ་ཡིན་པ་དང་བླང་བ་མ་ཡིན་པ་དང་དོར་བ་མ་ཡིན་པའོ། །དེ་ལྟར་ང་ཉིད་མཉམ་ཉིད་ལ་སོགས་པའོ། །དེའི་ཕྱིར་རྣམ་པ་མེད་པའི་བྱང་ཆུབ་ནི་མ་ཡིན་ནོ། །རྡོ་རྗེ་སྙིང་པོས་གསོལ་པ། དེའི་ཚེ་ཁྱོད་འདུས་བྱས་ཉིད་དོ། །ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་འཛིན་པས་བཀའ་སྩལ་པ། དེ་ལྟ་ནི་མ་ཡིན་ནོ། །ཇི་ལྟར་མེ་ལོང་རྣམས་གཟུགས་བརྙན་དོན་མེད་པ་དང་བདེན་པ་རྣམ་པར་སྤངས་པ་དེ་བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོ་འདུས་བྱས་པས་ཀྱང་ཟིལ་གྱིས་གནོན་པར་མི་འགྱུར་རོ། །དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་ཅན་དུ་ཧེ་རུ་ཀ་བསྒོམ་པར་བྱ། ཞེས་པའི་དོན་ཏོ། །སྡོམ་པའི་དབྱེ་བའང་བཤད་པར་བྱ། །ཞེས་པ་དེ་ལ་ཕྱི་རོལ་དུ་སྤང་བའི་ཆོས་མང་པོ་བསྡུས་པ་ལྟར་འདིར་ཇི་སྙེད་ཡོད་པའི་ཆོས་ཐམས་ཅད་རྩ་དང་འཁོར་ལོ་ལ་སོགས་པ་བསྡུས་ནས་སྤྲོས་པ་ཐམས་ཅད་གཅོད་པས་སམ་ཡང་ན་མི་མཐུན་པའི་ཕྱོགས་ཐམས་ཅད་སྡོམ་པས་སྡོམ་པ་ཞེས་བྱ། ཕྱི་རོལ་དུ་ཉན་ཐོས་ལུས་ངག་སྡོམ་པ། བྱང་ཆུབ་སེམས་དཔའ་མི་དགེ་བ་འཁོར་དང་བཅས་པ་སྡོམ་ལ། འདིར་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་སྡོམ་པའོ། །འཕོ་བ་བཅུ་དྲུག་དང་དབྱུ་གུ་དྲུག་ཅུ་རྩ་བཞི་དང་ཆུ་ཚོད་སུམ་ཅུ་རྩ་གཉིས་ཞེས་པ་ཕྱི་རོལ་གྱི་རྩིས་པ་རྣམས་ཀྱིས་བ་རུར་འབྲིང་པོ་གཅིག་ལ་ཞོ་གཅིག་ཏུ་བྱས་པའི་ཟངས་སྲང་བཅུ་གཉིས་ལ་རྒྱར་སོར་བཅུ་གཉིས་དཔངས་སོར་དྲུག་བྱས་པའི་སྣོད་བྱས་ལ། དེ་ལ་ལྕགས་ར་ཏི་དྲུག་ལས་བྱས་པའི་ཐུར་མ་སོར་དྲུག་པས་བུག་ཕུ་ག་སྟེ་དེ་སྣོད་ཆུས་བཀང་བའི་སྟེང་དུ་བཞག་ལ་དེ་གང་བའི་བར་ནི་དབྱུ་གུ་གཅིག་གོ །ནང་དུ་བརྩིས་ན་དེའི་བར་ལ་རྣལ་འབྱོར་པ་ཁམས་སྙོམས་པའི་དབང་དུ་བྱས་པའི་དབུགས་སུམ་བརྒྱ་སུམ་ཅུ་རྩ་ཕྱེད་དང་བརྒྱད་རྒྱུའོ། །ཡང་བཏེག་སྟེ་དེ་ཟད་པའི་བར་ལ་ཡང་དེ་བཞིན་ནོ། །དེ་གཉིས་བསྡོམས་པ་ནི་ཆུ་ཚོད་གཅིག་གོ །དེའི་བར་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་རྒྱུའོ། །ཆུ་ཚོད་གཉིས་ནི་འཕོ་བ་གཅིག་སྟེ་ལུག་ལ་སོགས་པའི་མིང་ངོ༌། །རླུང་ནི་སྟོང་སུམ་བརྒྱ་ལྔ་བཅུའོ། །དེས་ནི་སྣ་གཡས་གཡོན་གྱི་འཕོ་བ་རྫོགས་སོ། །འཕོ་བ་གཉིས་ཀྱི་ཐུན་དེ་ནི་རླུང་ཉིས་སྟོང་ལྔ་བརྒྱའོ། །དེ་གཉིས་ནི་ཐུན་གཅིག་སྟེ་རླུང་ལྔ་སྟོང་བཞི་བརྒྱ་རྒྱུ་སྟེ་འཁོར་ལོ་གཅིག་ཡོངས་སུ་རྫོགས་སོ། །དེ་གཉིས་ལ་ཞག་ཕྱེད་དེ་རླུང་ཁྲི་བརྒྱད་བརྒྱ་རྒྱུ། དེ་གཉིས་ལ་ཞག་གཅིག་སྟེ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུའོ། །དེ་ལྟ་བུའི་རླུང་སྟོང་བརྒྱད་བརྒྱ་པ་རེ་འགགས་པས་ས་རེ་རེ་མངོན་དུ་བྱེད་དོ། །དེ་ལྟར་ཕྱི་རོལ་གྱི་ཐམས་ཅད་ལུས་ལ་ཆུད་པར་བྱ་བ་འདི་ནི་ཐོས་བསམ་གྱིས་གཏན་ལ་དབབ་པ་ཡིན་ནོ། །དེ་ལྟར་མོས་པ་བྱས་ནས་སྡོམ་པའི་ཐབས་ནི་ལྟེ་བར་གཏུམ་མོ་ཞེས་བྱ་བ་ལ་སོགས་པ་སྟེ་ཇི་ལྟར་བསྟན་པའི་འཁོར་ལོ་བཞི་ཡི་གེ་དགོད་པ་དང་བཅས་པ་དང༌། རྩ་གསུམ་དང་མེ་གསུམ་གྱི་འཁོར་ལོ་ཡང་བླ་མའི་མན་ངག་བཞིན་ཤེས་པར་བྱས་ལ། བཤང་སྒོའི་རླུང་གཙུབས་པས་སུམ་མདོའི་མེ་སྦར་ཏེ་དེས་ལྟེ་བའི་ཨཾ་འབར་ཏེ་ལྟེ་བར་གཏུམ་མོ་སྦར་བའོ། །ཨཾ་ནི་རྣམ་པར་རྟོག་པ་གསོད་པས་ཙཎྜཱ་ལཱི་ཞེས་བྱའོ། །མེ་དེ་རྩ་གཡས་ནས་སོང་སྟེ་སྙིང་གའི་འཁོར་ལོ་བསྲེག་པ་ནི་དེ་བཞིན་གཤེགས་པ་ལྔ་བསྲེག་ཅེས་བྱ་སྟེ། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་ཡི་གེ་བྷྲཱུྃ་ཨཱྃ་ཛྲཱིཾཁྃ་ཧཱུྃ་རྣམས་སོ། །ཡང་མགྲིན་པར་སོང་སྟེ་བསྐོར་བ་ལན་གསུམ་བྱས་ནས་མགྲིན་པའི་འཁོར་ལོ་བསྲེག་པ་ནི་སྤྱན་མ་ལ་སོགས་པ་ཡང་བསྲེགས་ཏེ། ཡ་ར་ལ་ཝ་བཞི་བསྲེག་པའོ། །དེ་ནས་སྨིན་མཚམས་གནད་ཀྱི་སྒོ་ཕྱེ་སྟེ་སྣ་བུག་གཡས་ནས་སོང་སྟེ་དེ་བཞིན་གཤེགས་པ་རྣམས་ཀྱི་སྣ་བུག་གཡོན་པ་ནས་ཞུགས་ཏེ་དེའི་འཁོར་ལོ་བཞི་བཞུས་ནས་སྣ་བུག་གཡས་ནས་ཕྱུང་ནས་རང་གི་སྣ་བུག་གཡོན་ནས་ཞུགས། སྤྱི་གཙུག་གི་སྒོ་ཕྱེ་སྟེ་རྩ་གཡོན་པ་ནས་བརྒྱུད། དེ་ནས་སྔར་བསྲེགས་པ་རྣམས་གསོས་བཏབ་ནས་ལྟེ་བའི་ཨཾ་གི་བར་དུ་ཕྱིན་པ་དང༌། དེ་ལས་མེ་ཆེར་འབར་ཏེ་ཨ་ཝ་དྷཱུ་ཏཱི་ནས་ཞུགས་ཏེ་སྤྱི་གཙུག་གི་འཁོར་ལོའི་ཧཾ་ལ་ཕོག་སྟེ་དེ་ལས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་འཛག་པ་ནི་བསྲེགས་པས་རི་བོང་ཅན་ཧཾ་འཛག་ཅེས་པ་ཟླ་པའི་བརྡས་བསྟན་པའི་བྱང་ཆུབ་ཀྱི་སེམས་འཛག་ཅེས་བྱ་བའི་དོན་ཏོ། །དེ་ནས་འབར་འཛག་གི་རྣམ་པ་རྩེ་འཕྲད་པ་ལ་དམིགས་ཏེ་སྲོག་རྩོལ་ཡང་དག་པར་བསྡོམས་ལ་རྣལ་འབྱོར་བྱའོ། །དེ་ལྟ་བུ་ལས་རང་བྱུང་གི་ཡེ་ཤེས་འབྱུང་བར་འགྱུར་ཞིང་སྔར་བསྟན་པའི་ལས་ཀྱི་རླུང་རྣམས་འགག་པ་དང༌། ཆོས་མཐུན་པའི་ཉམས་རྣམས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །བཤད་པ་འདི་ནི་བླ་མའི་མན་ངག་གོ །ལེའུ་དང་པོའོ། །འདི་ལེའུ་དང་པོ་ལྷན་ཅིག་སྐྱེས་པའི་རྒྱུའི་རྗེས་ལ་གསུངས་སྙམ་པ་ལ། ཐོབ་པར་བྱ་བའི་འབྲས་བུ་སྐུ་གསུང་ཐུགས་སྙིང་པོ་ཀྱེའི་རྡོ་རྗེའི་དངོས་གྲུབ་དང༌། དེ་ཐོབ་པར་བྱེད་པའི་ཐབས་ཀྱི་གཙོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་བ་དེ་ཡང་ལེའུ་དང་པོར་བསྟན་ལ་ཐབས་གཞན་བཟླས་པས་ཀྱང་འགྲུབ་སྟེ། སཾ་པུ་ཊ་ལས། རྡོ་རྗེ་སེམས་དཔའི་སྙིང་པོ་སོགས། །འབུམ་དུ་བཟླས་པས་རབ་ཏུ་འགྲུབ། །ཅེས་གསུངས་པའམ་ཡང་ན་འཇིག་རྟེན་ལས་འདས་པའི་དངོས་གྲུབ་པ་དེ་ལ་དང་པོ་འཇིག་རྟེན་པའི་དངོས་གྲུབ་མ་བསྟན་པར་སེམས་ཅན་འཇུག་པའམ་ཡིད་ཆེས་པར་མི་འགྱུར་ཏེ། དེ་བས་ན་ལེའུ་འདི་གསུངས་སོ། །སྤྱིའི་དོན་ཏོ། །སྔགས་ནི་སྙན་གསན་འབེབས་པར་ཤེས་པར་བྱ་སྟེ། བསྒྲུབ་པར་བྱ་བ་མངོན་དུ་བྱེད་པའོ། །ཨཱ་ལི་ཀཱ་ལི་གཉིས་ནི་སྔགས་ཡང་ན་དེ་ལས་གང་བཏུ་བའོ། །ཁ་སྦྱོར་ལས། དེ་ལ་ཨ་ལི་ཀཱ་ལི་འདྲེས། །སྡེ་མཚན་བརྒྱད་ནི་རྣམ་པར་གནས། །ལུས་ཅན་རྣམས་ཀྱི་སྔགས་གཟུགས་ཀྱིས། །ལས་ཀྱི་ཚོགས་ནི་བྱེད་པར་འགྱུར། །ཞེས་གསུངས་སོ། །དེ་བས་ན་སྔགས་སུམ་ཅུ་རྩ་གཉིས་ཀྱིས་རྩ་སུམ་ཅུ་རྩ་གཉིས་རྟོགས་པར་འགྱུར་རོ། །སྦས་པའི་དོན་ནོ། །ཡང་ན་སྔགས་ཞེས་བྱ་བ་ནི་དེ་ཁོ་ན་རྗོད་པར་བྱེད་པའི་སྒྲའི་ཕྱིར་སྔགས་ཞེས་བྱའོ། །ཡང་ན་རྣམ་རྟོག་ལས་ཡིད་སྐྱོབ་པར་བྱེད་པའི་ཕྱིར་སྔགས་ཏེ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། དབང་པོ་དང་ནི་ཡུལ་རྣམས་ཀྱི། །རྐྱེན་ལས་གང་གང་བྱུང་བའི་ཡིད། །ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །ཞེས་བྱ་བ་དང་རྡོ་རྗེ་རྩེ་མོ་ལས་ཀྱང༌། སངས་རྒྱས་ཀུན་གྱིན་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་ཅིང༌། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །སྔགས་ཀྱི་མཚན་ཉིད་ཡིན་པར་བརྗོད། །ཅེས་སོ། །དེ་བས་ན་ལུས་ལ་བརྟེན་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་པ་དེ་ནི་སྔགས་ཀྱི་དོན་ཡིན་ནོ། །ཞེས་བསྟན་པའི་ཕྱིར་ལེའུ་དང་པོའི་རྗེས་ལ་བསྟན་པའོ། །མཐར་ཐུག་པའི་དོན་ཏོ། །དང་པོ་བར་ཆད་ཞི་བར་བྱེད་པའི་གཏོར་མའི་སྔགས་དང༌། ཐུགས་སྐུལ་བར་བྱེད་པའི་བཟླས་པའི་སྔགས་དང༌། སྔགས་ཐམས་ཅད་ཀྱི་ཁ་སྐོང་བར་བྱེད་པ་དང༌། དམ་ཚིག་དང་རབ་གནས་དང་སྦྱིན་སྲེག་དང་འབྲེལ་པར་བྱེད་པ་བྱིན་གྱིས་རློབ་པའི་སྔགས་དང༌། དམན་པ་འཛིན་པར་བྱེད་པ་ལས་ཚོགས་དང་འབྲལ་པའི་སྔགས་རྣམས་སོ། །དེ་དག་ནི་སྤྱིའི་དོན་ཏོ། །ས་བོན་ཞེས་བྱ་བ་སྐྱེ་བའི་རྒྱུ་ཡིན་ཏེ། བསྐྱེད་རིམ་ནི་ཡི་གེ་འདི་རྣམས་ལས་བསྐྱེད་ཅིང་རྫོགས་རིམ་པ་རྣམས་ཀྱི་ལུས་ལ་ཡང་འདི་བཞིན་དུ་གནས་ལ་མཐར་ཐུག་ཡེ་ཤེས་ལྔ་ཡང་འདིས་སྟོན་པས་ན་ས་བོན་ནོ། །བྷྲཱུྃ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་རྣམ་པར་སྣང་མཛད་ཀྱི་ས་བོན་ནོ། །ཨཱྃ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་རིན་ཆེན་འབྱུང་ལྡན་ནོ། །ཛྲཱིཾ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ་འོད་དཔག་ཏུ་མེད་པའོ། །ཁྃ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་དོན་ཡོད་གྲུབ་པའོ། །ཧཱུྃ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ་མི་བསྐྱོད་པའི་ས་བོན་ནོ། །རྒྱུད་འདི་ནི་ཐུགས་ཀྱི་རིགས་གཙོ་བོར་འགྱུར་ཞིང་དེ་ལས་ཀྱང་སྙིང་པོ་ལྟ་བུ་ཀྱེའི་རྡོ་རྗེ་ཞེས་བྱ་བ་གཙོ་བོ་ཡིན་པར་བསྟན་པའི་ཕྱིར་དེའི་སྙིང་པོ་གཙོ་པོར་སྟོན་ཏེ། དེ་ཝ་ཞེས་བྱ་བ་ནི་རོལ་པ་སྟེ། ལྷའམ་སེམས་ཅན་གྱི་དོན་ལ་རོལ་པར་བྱེད་དོ། །ཞེས་བྱ་བའོ། །པི་ཙུ་ཞེས་པ་ནི་འཇམ་པ་སྟེ་ཇི་ལྟར་བལ་འདབ་འཇམ་པོས་སྦར་སྦུར་སྡུད་པ་ལྟར་འདིའི་ཐུགས་རྗེ་འཇམ་པོས་སེམས་ཅན་སྡུད་པའོ། །བཛྲ་ཞེས་པ་མི་ཕྱེད་པས་ཏེ། ཤེས་རབ་སྟོང་པ་ཉིད་ཀྱི་རྡོ་རྗེས་ཕ་རོལ་རྣམ་པར་འཇོམས་པ་ལྟར་ཐུགས་རྗེས་མ་རུངས་པ་རྣམས་རྣམ་པར་འཇོམས་པའོ། །དེ་བས་ན་ཀྱེའི་རྡོ་རྗེ་འདི་ནི་ཆོས་གསུམ་དང་ལྡན་པ་ཞེས་བྱའོ། །ཧཱུྃ་གསུམ་ནི་སྐུ་གསུང་ཐུགས་མི་ཕྱེད་པ་སྟེ། གསང་བ་འདུས་པ་ལས། ཧཱུྃ་ནི་སྐུ་དང་གསུང་དང་ཐུགས། །རྡོ་རྗེ་མི་ཕྱེད་གསུམ་འབྱུང་བ། །ཞེས་སོ། །ད་ནི་སྔགས་ཐམས་ཅད་ཀྱི་སྤྱིའི་རྣམ་པར་གཞག་པ་ཡི་གེ་ལྔས་ཁྱད་པར་དུ་བྱ་བ་སྟོན་ཏེ། སྔགས་ཐམས་ཅད་ཀྱི་ཞེས་པ་ཡི་གེ་འདི་རྣམས་ཀྱི་ཁྱད་པར་དུ་མ་བྱས་པ་རྣམས་ལ་ཡིན་གྱི། ཡོད་པ་རྣམས་ལ་བསྣན་པ་ནི་མ་ཡིན་ནོ། །རྐང་པ་དང་པོར་ཨོཾ་ཞེས་བྱ་བ་ལ་སོགས་པའོ། །འདི་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་ཤེས་པར་བྱ་སྟེ་དངོས་གྲུབ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་ངེས་པར་གཞུག་གོ །རྡོ་རྗེ་རྩེ་མོ་ལས་ཨྃ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང༌། །སྐལ་བ་བཟང་རྣམས་དང་ལྡན་ཞིང༌། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་སོ། །དེ་བས་ན་དང་པོར་འབྱུང་ངོ༌། །ཨོཾ་ཨ་ཀཱ་རོ་ཞེས་བྱ་བར་འབྱུང་བས། ཡང་ཨ་ཡིག་ཀྱང་ཐོག་མར་འབྱུང་ངོ༌། །ཞེས་བྱ་བར་འགྲུབ་བོ། །དེ་ནི་གསུང་གི་སྔགས་ཡིན་པས་སམ། ཨ་ཞེས་བྱ་བ་ནི་མ་སྐྱེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་འབྱུང་བས་སོ། །དེས་ན་ཨ་ཞེས་བྱ་བ་འབྱུང་སྟེ། སྒྱུ་འཕྲུལ་དྲ་བ་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་སྡེ་ཆེན་འདྲེན་པར་བྱེད། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་གསུངས་སོ། །དེ་ནས་སྔགས་ཀྱི་རྗེས་ལ་ཧཱུྃ་ཞེས་པ་བརྗོད་དེ། ཡང༌། ཡི་གེ་ཧཱུྃ་ནི་ཅི་ཡིན་བརྗོད། །སྡུག་བསྔལ་འཇོམས་ཤིང་འཇོམས་བྱེད་པ། །སྲིད་པའི་ཞགས་པ་གཅོད་པར་བྱེད། །གདུག་པར་སྔགས་ཤིང་གསོད་བྱེད་པ། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ་སྟེ། དེ་ཡང༌། གདུག་དང་སྡུག་བསྔལ་འཇོམས་བྱེད་ཅིང༌། །བདེ་བ་དག་ནི་འགུགས་པར་བྱེད། །ཕཊ་ནི་འཇོམས་བྱེད་སྒྲ་ཡིན་ཏེ། །གྲོགས་དང་བཅས་པ་འཇོམས་པར་བྱེད། །ཅེས་སོ། །མཐར་ནི་སྭཱ་ཧཱ་ཞེས་སྦྱར་ཏེ། སྭཱ་ཧཱ་ཞེས་བྱ་ཅི་ཡིན་པ་བརྗོད། །སྡིག་པ་ཐམས་ཅད་ཞི་བྱེད་ཅིང༌། །དགེ་བའི་ཚོགས་ནི་འཕེལ་བར་བྱེད། །ཉེས་པར་བྱས་པ་འཕྲོག་བྱེད་ཅིང༌། །སྡུག་བསྔལ་ཐམས་ཅད་འཇོམས་པའི་མཆོག །ཅེས་དཔལ་རྩེ་མོ་ལས་གསུངས་པས་འདི་དག་གིས་འགྲུབ་བོ། །དེ་བས་ན་ཨོཾ་ཨ་བྷྲཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ལྟ་བུ་ཡི་གེ་རེ་རེ་ལ་སོ་སོར་སྦྱར་བའམ། ཡང་ན་ཕྲེང་སྔགས་ལ་སྦྱར་བར་བྱའོ། །དེ་ལྟར་ཡི་གེ་རེ་རེ་ཉིད་ཁོ་ན་ངེས་པར་བཤད་པ་དེ་ལྟར་མཁས་པས་གསང་སྔགས་མ་ལུས་པ་ལ་དེ་ལྟར་བྱའོ། །ཞེས་ཁོང་དུ་ཆུད་པར་བྱས་ལ། ལས་ཚོགས་མཐའ་དག་ལ་ཧེ་རུ་ཀ་བཞི་བདག་མེད་མ་དང་ལྔ་གང་ཡང་རུང་བ་ལ་བསྐྱེད་རིམ་བརྟན་པར་འགྱུར་ཞིང་སྔོན་དུ་བསྙེན་པ་འབུམ་ཕྲག་བཞི་སོང་བས་སོ་སོའི་དངོས་གྲུབ་ལ་འཇུག་པར་བྱའོ་ཞེས་པ་ནི་བླ་མའི་མན་ངག་གོ །གྲོང་ཁྱེར་དཀྲུགས་པ་ལ་ཡང་དངོས་གྲུབ་ཀྱི་དོན་དུ་བྱེ་བ་ཕྲག་གཅིག་བཟླས་ལ། མཚན་མ་མཐོང་གི་བར་དུ་བསྒྲུབས་ཏེ་ལས་ལ་སྦྱོར་བ་ན་ལག་པ་ལ་འཁོར་ལོ་རྩིབས་བརྒྱད་ལ་ཡི་གེ་བརྒྱད་བཀོད་ཅིང༌། མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་བཀོད་ལ། ལྟེ་བའི་ཨཾ་སྡེ་བརྒྱད་དང་བཅས་པས་དཀྲུགས་པ་ནི། ཙཎྜཱ་ལཱིའི་མན་ངག་གོ །ལས་ཀྱི་ཚོགས་མཐའ་དག་གི་སྤྱིའི་བསྙེན་པ་ནི་སྔར་བསྟན་ལ། ཁྱད་པར་གྱི་ཉེན་པ་ལ་སྔགས་བརྒྱད་པོ་འདིའི་དོན་ཡིན་ཏེ། ཚོགས་གཉིས་བསགས་པ་སྔོན་དུ་སོང་ནས། གདན་གྱི་སྟེང་དུ་ས་བོན་ཙམ་ལས་འཆད་པའི་ལྷ་བསྐྱེད་པ་ནི་བསྙེན་པའོ། །ཡེ་ཤེས་པ་གཞུག་པ་ནི་ཉེ་བར་སྒྲུབ་པའོ། །གནས་གསུམ་བྱིན་གྱིས་བརླབ་པ་ནི་སྒྲུབ་པའོ། །དབང་བསྐུར་རྒྱས་གདབ་ནི་སྒྲུབ་པ་ཆེན་པོའོ། །དེ་ནས་སྙིང་གར་སྔགས་བཀོད་ལ་བཟླས་པ་བྱའོ། བཟླས་བསྒོམ་གྱིས་འགྲུབ་པ་ནི་རབ་ཡིན་ལ། རྫས་སྦྱོར་ལ་སོགས་པ་ལ་ལྟོས་པ་ནི་འབྲིང་དང་ཐ་མ་སྟེ་བཤད་པའི་རྒྱུད་ཀྱི་བརྟག་པ་བདུན་པ་ལྟར་བྱའོ། །ཨ་ཕུཿཞེས་བྱ་བ་ལ་སོགས་པའི་ཆོ་གས་ཆར་དབབ་པའི་ཆོ་ག་གསུངས་ཏེ། སྔོན་དུ་བསྙེན་པ་སོང་བའི་རྣལ་འབྱོར་པས། གྲོང་ཁྱེར་གྱི་རླུང་མཚམས་ན་རྫིང་བུ་དངོས་སུ་ཡོད་དམ། མེད་ན་ཡང་ཕྱོགས་དེར་རྫིང་བྱས་ཏེ། དེར་དཀྱིལ་འཁོར་བཞེངས་དགོས་པས། སའི་ཆོ་ག་ཇི་ལྟ་བ་བཞིན་བྱའོ། །དེའི་ཕྱེད་ཉིན་ཀླུ་གནས་པའི་མཚོ་འགྲམ་ནས་ས་ནག་པོ་བླངས་ལ་བདུད་རྩི་ལྔ་དང་ཙནྡན་ལ་སོགས་པ་བླུགས་ལ་མཐའ་ཡས་ཀྱི་གཟུགས་སྟོད་མི་ལ་སྦྲུལ་མགོའི་གདེངས་ཀ་བདུན་ཡོད་པ་སྨོད་སྦྲུལ་འཁྱིལ་བ་སྙིང་གར་ཐལ་མོ་སྦྱར་བ་བྱས་ཏེ་ཁམ་ཕོར་ཁ་སྦྱོར་དུ་བཅུག་ལ་དཀྱིལ་འཁོར་གྱི་འགྲམ་དུ་གཞག་གོ །ཡོ་བྱད་ཀྱི་ཚོགས་མ་ལུས་པ་བསོགས་ཏེ། སའི་ལྷ་མོ་དང་ལྷ་དང་བུམ་པ་སྟ་གོན་དུ་གནས་པ་རྣམས་ཆོ་ག་བཞིན་བྱའོ། །དེ་ནས་མཐའ་ཡས་ཀྱི་ཁམ་ཕོར་ཁ་ཕྱེ་ལ། སྐད་ཅིག་གིས་སྟོང་པར་བསམ། དེ་ནས་ཨ་ཕུཿལས་མཐའ་ཡས་མདོག་སེར་པོ་ཇི་ལྟ་བ་བཞིན་བསྐྱེད་ལ། དེ་ནས་ས་བོན་གྱི་འོད་ཀྱིས་ས་འོག་ནས་མཐའ་ཡས་རང་བཞིན་པ་བཀུག་ལ་བསྟིམ། སྐུ་གསུང་ཐུགས་བྱིན་གྱིས་བརླབས། དབང་བསྐུར་གྱི་ལྷ་སྤྱན་དྲངས་ཏེ་དབང་བསྐུར་བར་བསམས་ལ། དངོས་སུ་བུམ་པ་བདུད་རྩིས་གང་བས་མེ་ལོང་ལ་བླུགས་ལ་དབང་བསྐུར་ཏེ་སྣང་བ་མཐའ་ཡས་ཀྱི་དབུ་རྒྱན་བྱས་ཏེ། ཡན་ལག་བཞིའོ། །དེ་ནས་མེ་ཏོག་ནག་པོ་དང༌། སྤོས་དང༌། མར་མེ་དང༌། དྲི་དང༌། ཞལ་ཟས་ཀྱིས་ཀྱང་མཆོད་ལ། མཁན་པའི་ཁུ་བ་དང་གླང་པོའི་ཆང་གིས་མགོ་ལ་བྱུག བ་ནག་མོའི་འོ་མས་དགང༌། ཅུང་ཟད་གཏོར་ལ། གཞོན་ནུ་མ་ནག་མོས་བཀལ་བའི་སྐུད་པ་ནག་པོས་རྒྱ་གྲམ་དུ་དཀྲི། སྟ་གོན་ནོ། །དེའི་ནང་པར་དཀྱིལ་འཁོར་ཁྲུ་གསུམ་པའི་ཚད་དུ་བྱས་ལ་དུར་ཁྲོད་ཀྱི་སྲད་བུས་ཐིག་གདབ་པ་ལ་སོགས་པ་གཞུང་བཞིན་བྱའོ། །དེ་ནས་རྒྱན་དགྲམ་པ་ནས་བརྩམས་ཏེ་དཀྱིལ་འཁོར་བསྒྲུབ་པ་དང༌། མཆོད་པ་དང༌། བདག་ཉིད་འཇུག་པ་ལ་སོགས་པ་མ་ལུས་པ་དཀྱིལ་འཁོར་ཆོ་ག་བཞིན་བྱའོ། །དེ་ནས་མཐའ་ཡས་ཀྱི་ཁམ་ཕོར་ཁ་ཕྱེ་ལ། སྟ་གོན་ལ་གནས་པའི་སྐབས་སུ་ཇི་ལྟར་བྱ་བ་བཞིན་བྱའོ། །ཁྱད་པར་ནི་བ་ནག་མོའི་འོ་མས་བཀང་སྟེ། བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་དུ་བསྒོམས་ལ། མ་རུངས་པའི་བསམ་པ་ཞེས་བྱ་བ་མཐའ་ཡས་གཟིར་ལ་ཆར་དབབ་བོ་སྙམ་པས། ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་སོ། །གལ་ཏེ་མི་འབབ་ན་ཞེས་བྱ་བ་ནི་སྤོགས་པས། གནད་ལ་དབབ་པའི་ཆོ་ག་སྟེ། སྔགས་བཟློག་པ་ཞེས་བྱ་བ་འབྲུ་རེ་ནས་མི་བཟློག་སྟེ། ཚིག་རེ་ནས་བཟློག་པ་འདི་ནི་མན་ངག་གོ །དེ་ནས་དཀྱིལ་འཁོར་གྱི་མཇུག་གི་བྱ་བ་སྤྱི་ཆོ་ག་དང་འདྲ་བར་ཤེས་པར་བྱའོ། །ལེའུ་གཉིས་པའི་མན་ངག་གོ །དེ་ལྟར་སྔགས་ཟློས་པ་ལ་ལུས་ལྷར་བསྐྱེད་དགོས་པས། སྔོན་དུ་འགྲོ་བ་ཚོགས་གཉིས་བསགས་པ་དང༌། སྲུང་བའི་འཁོར་ལོ་བསྒོམ་པ་དང༌། གདན་བསྒོམ་པ་དང༌། དེར་ཧེ་རུ་ཀ་གསུམ་འཁོར་དང་བཅས་པ་བསྐྱེད་པ་སྟོན་ཏེ། དེ་ཡང་མངོན་པར་རྟོགས་པའི་གཞུང་འདི་ནི་ཤིན་ཏུ་འཁྲུགས་པ་ཡིན་ཏེ། དེ་བས་ན་བླ་མའི་མན་ངག་གིས་བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་ཚུལ་གྱིས་འཁྲུགས་པ་བསྡེབས་ཏེ་འཆད་དོ། །ལེའུ་འདིའི་བརྗོད་བྱའི་དོན་བསྐྱེད་པའི་རིམ་པ་སྟོན་ཏོ། །སྤྱིའི་དོན་ནོ། །ལེའུ་གསུམ་པའི་དོན་ནོ། །དེ་ནས་ལྷར་བསྐྱེད་པ་དེ་ཉིད་ཀྱི་ཡན་ལག་རྣམས་ཡོངས་སུ་ཚང་བར་བྱ་བའི་ཕྱིར་དང་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་ཐོབ་པར་བྱ་བའི་ཕྱིར། ལྷ་དབང་བསྐུར་བའི་ལེའུ་ཞེས་བྱ་སྟེ། དབང་བསྐུར་བའི་ཚུལ་དངོས་དང༌། ཞར་ལས་ཐུན་གྲངས་དང་སྤྱོད་ལམ་གྱི་རྣལ་འབྱོར་དང་བཅས་པ་སྟོན་ཏེ། སྤྱིའི་དོན་ནོ། །ལེའུ་བཞི་པའོ། །དེ་ནས་ལྷའི་བཟླས་བསྒོམ་ལ་གནས་ཀྱང་དེ་ཁོ་ན་ཉིད་མ་རྟོགས་ན་གྲོལ་བར་མི་འགྱུར་བས་དེའི་འོག་ཏུ་དེ་ཁོ་ན་ཉིད་ཀྱི་ལེའུ་ལྔ་པ་གསུངས་ཏེ། ཐོག་མར་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དང༌། སྐྱེད་བྱེད་ཅེས་བྱ་བ་ལ་སོགས་པ་དེ་ཁོ་ན་ཉིད་རྟོགས་པར་བྱེད་པའི་ཐབས་ཟབ་མོའི་རྣལ་འབྱོར་འཐད་པ་དང་བཅས་པ་དང༌། སྒོམ་པ་པོ་མེད་ཅེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་རྟོགས་པའི་ཚུལ་དང༌། དོན་དམ་གྱི་ཚུལ་དང༌། དེ་ལ་ཀུན་རྫོབ་ཏུ་ལྷ་དང་སྔགས་དང་ཕྱག་རྒྱ་དང་དཀྱིལ་འཁོར་དང་བསམ་གཏན་གྱི་དེ་ཁོ་ན་ཉིད་རྟོགས་པ་ཕན་ཡོན་དང་བཅས་པ་བསྟན་ཏོ། །དེ་ལྟར་ལྷ་དང་སྔགས་ལ་མངོན་པར་ཞེན་ཏེ། འདི་ཁོ་ན་ལྟར་གྲུབ་བོ་སྙམ་དུ་རློམ་པ་རྣམས་ལ། དེ་ལྟར་མ་ཡིན་ཏེ། བློ་ལ་སྣང་བ་ཐམས་ཅད་ནི་བརྟགས་པའོ་ཞེས་བསྟན་པའི་ཕྱིར། ངོ་བོས་གཟུགས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་གཟུགས་ནི་དཀར་པོ་དང་སྔོན་པོ་ལ་སོགས་པ་སྟེ། མིག་གི་ཡུལ་དུ་གྱུར་པ་གཟུགས་ཀྱི་སྐྱེ་མཆེད་དོ། །འདི་ཇི་ལྟ་བུ་ཡིན་སྙམ་པ་ལ། མེད་ཅེས་བྱ་བ་ཡོད་པ་མ་ཡིན་ཞེས་བྱ་བའི་དོན་ནོ། །གལ་ཏེ་ཡོད་པར་གྲུབ་ན་ཇི་ལྟར་མེད་པ་ཡིན་སྙམ་པ་ལ། ངོ་བོས་ཞེས་བྱ་སྟེ་རང་བཞིན་གྱིས་མེད་པའམ་རང་བྱུང་དུ་མེད་པ་ཞེས་བྱ་བའི་དོན་ནོ། །ཇི་ལྟར་རང་བཞིན་གྱིས་མེད་པ་ཡིན་ཞེ་ན། གློ་བུར་གྱི་རྐྱེན་ལ་རག་ལས་པའི་ཕྱིར་དང༌། གགས་མི་སྐྱེ་བའི་ཕྱིར་དང༌། སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་དང༌། བྱིས་པ་རྣམས་ཀྱིས་གཙང་བ་དང་བདེ་བ་དང་བདག་དང་རྟག་པར་འཛིན་པ་དེ་ལྟར་མ་གྲུབ་པའི་ཕྱིར་ངོ་བོས་མེད་པའོ། །དེས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཙམ་ཞེས་བྱ། རྣམ་པར་རྟོག་པས་བརྟགས་པའམ། གྲགས་པ་ཙམ་ཞེས་བྱ་བའི་དོན་ནོ། །རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ཉིད་སྟོང་པ་ཉིད་དུ་བཤད། །ཅེས་སོ། །ཡང༌། མི་སྟོང་ཅུང་ཟད་མེད་པ་ལ། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་དབུ་མ་ལས་སོ། །ཕར་ཕྱིན་ལས། གང་ལ་རང་བཞིན་མེད་པ་དེ་ནི་བརྗོད་དུ་མེད་པའོ་ཞེས་པས། ངོ་བོས་མེད་བྱ་བ་འདི་བདེན་པ་གཉིས་ཆར་དུ་བསྟན་པའོ། །ལེའུ་ལྔ་པའི་མན་ངག་གོ །དེ་ལྟར་རིམ་པ་གཉིས་ལ་གནས་ན་དྲོད་ཐོབ་པའི་རྣལ་འབྱོར་པ་སྤྱོད་པ་སྤྱད་པ་ལ་དབང་བས་ལེའུ་དྲུག་པ་སྤྱོད་པའི་ལེའུ་གསུངས་ཏེ། སྤྱོད་པ་བྱེད་པའི་གང་ཟག་དང༌། དུས་དང༌། གྲོགས་དང༌། སྤྱོད་པའི་དགོས་པ་བསྟན་པའོ། །དེ་ཁོ་ན་ཉིད་མ་རྟོགས་ན་སྤྱོད་པ་སྤྱད་པ་ལ་མི་དབང་ངོ༌། །སྤྱིའི་དོན་ཏོ། །ལེའུ་དྲུག་པའོ། །རྒྱལ་ཚབ་ཀྱི་སྤྱོད་པ་ལ་གནས་པས་གྲོགས་ངོ་ཤེས་པར་བྱ་བའི་ཕྱིར་དང༌། གནས་ལ་སོགས་པ་ངོ་ཤེས་པར་བྱ་བའི་ཕྱིར་ཙྪོ་མ་ཞེས་བྱ་བའི་ལེའུ་བདུན་པ་བསྟན་ཏོ། །ཙྪོ་མ་ཞེས་བྱ་བ་ནི་བརྡ་ཡིན་ཏེ། ཀླ་ཀློའི་སྐད་དམ་ལུས་ཀྱི་བརྡ་སྟེ། རྣལ་འབྱོར་པ་དམ་ཚིག་ཅན་རྣམས་མཚོན་པར་བྱེད་ཅིང་གཞན་ཐེ་ཚོམ་གྱི་གནས་ཡིན་ནོ། །སྤྱིའི་དོན་ཏོ། །ལེའུ་བདུན་པའོ། །བརྡ་མཚོན་པའི་རྣལ་འབྱོར་པ་རྣམས་ནི་ཡེ་ཤེས་ཀྱི་རྣལ་འབྱོར་མ་ཡིན་ནོ། །དེ་ནས་ལེའུ་བརྒྱད་པ་བསྐྱེད་པའི་རིམ་པ་སྟེ། དཀྱིལ་འཁོར་གྱི་འཁོར་ལོའི་ཐབས་ལ་བརྟེན་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་རྫོགས་རིམ་རྣམས་སྟོན་ཏོ། །སྤྱིའི་དོན་ཏོ། །འཁོར་ལོ་ས་དང་ཆུ་ནི་སྔོན། །ཞེས་པ། འཁོར་ལོ་ནི་བྷྲཱུྃ་ལས་རྣམ་པར་སྣང་མཛད་ཀྱི་མཚན་མར་གྲགས་ཏེ། ས་ནི་ལྃ་ལས་བྱུང་བའི་དཀྱིལ་འཁོར་གྲུ་བཞི་པ་སེར་པོ་རྡོ་རྗེའི་ཕྲེང་བས་བསྐོར་བའོ། །ཆུ་ནི་ཝྃ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ་བུམ་པའི་ཚར་གྱིས་མཚན་པའོ། །བྱིན་ཟ་ནི་རྃ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རྡོ་རྗེའི་ཕྲེང་བས་ཕྱི་རོལ་བསྐོར་བའོ། །རླུང་ཆེན་ནི་ཡྃ་ལས་འབྱུང་བ་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་སྔོན་པོ་དུ་བ་འཐུལ་ཞིང་འཁྱིལ་བ་འཕན་གཉིས་ཀྱིས་མཚན་པའོ། །ཐོག་མར་ས་ནས་གསུངས་པས་དེ་བཞིན་བྱས་ཤིང་བསྒོམས་པ་ཡིན་ནམ་སྙམ་ན་མ་ཡིན་ཏེ། བཤད་པའི་རྒྱུད་ནས། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །རྡོ་རྗེ་དཀྱིལ་འཁོར་བསྒོམ་པར་བྱ། །རྡོ་རྗེ་དཀྱིལ་འཁོར་སྟེང་གནས་པར། །མེ་ཡི་དཀྱིལ་འཁོར་བསྒོམ་པར་བྱ། །གསང་བའི་དཀྱིལ་འཁོར་དབུས་གནས་པར། །ཆུ་ཡི་དཀྱིལ་འཁོར་བསྒོམ་པར་བྱ། །ཆུ་ཡི་དཀྱིལ་འཁོར་དབུས་གནས་པར། །བརྟུལ་ཞུགས་ཅན་གྱིས་དབང་ཆེན་བསྒོམ། །ཞེས་གསུངས་སོ། །ཡང་གལ་ཏེ་དེ་ལྟར་གསུངས་པ་བདེན་མོད་ཀྱང༌། ཐོག་མར་ས་ནས་གསུངས་པ་དེ་ཇི་ལྟར་དྲང་བར་བྱ་སྙམ་ན། ཇི་ལྟར་ཕྱི་བསྒོམ་པ་ནང་གི་དབང་གིས་ན། བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་ལ་དགོངས་ཏེ། རེག་པ་སྲ་བའི་ཆོས་ཀྱིས་ཏེ། །ས་ནི་དེ་ལྟར་སྐྱེ་བར་འགྱུར། །ཞེས་བཅུ་པ་ལས་འཆད་པར་འགྱུར་རོ། །དེ་ནི་ལུས་ཀྱི་དཀྱིལ་འཁོར་འཁོར་ལོ་ལ་དགོངས་ཏེ། ཁ་སྦྱོར་ལས། རྐང་པའི་འོག་ཏུ་རྩོམ་ཆེན་རླུང༌། །གཞུ་ཡི་དབྱིབས་སུ་རྣམ་པར་གནས། །སུམ་མདོར་ཡང་ནི་མེ་ཡིན་ཏེ། །གྲུ་གསུམ་འབར་བའི་རྣམ་པར་གནས། །ཟླུམ་པོའི་རྣམ་པའི་གཟུགས་ཀྱིས་ནི། །ཆུ་ནི་ལྟོ་བར་འགྱུར་བ་ཡིན། །སྙིང་གར་ཡང་ནི་ས་ཡིན་ཏེ། །ཀུན་ནས་གྲུ་བཞི་པ་ཉིད་དོ། །ཞེས་གསུངས་པ་འདིས་འགྲུབ་པ་ཡིན་ནོ། །དེས་ན་གང་ལྟར་ཡང་འགལ་བ་ཡོད་པ་མ་ཡིན་ནོ། །ཟླ་བ་མེ་ལོང་ཡེ་ཤེས་ལྡན། །ཞེས་པ་གདན་གྱི་སྟེང་དུ་ཨཱ་ལི་ཕྲག་གཉིས་སྐར་མ་ལྟ་བུར་བསམས་ཏེ། སུམ་ཅུ་རྩ་གཉིས་པོ་དེ་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སུ་མོས་པར་བྱའོ། །དེ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བཅོ་ལྔ་དུས་གཅིག་ཏུ་བསྐྱེད་དེ། དེ་མེ་ལོང་ཡེ་ཤེས་སུ་མོས་པ་བྱའོ། །ཡང་དབུས་མའི་སྟེང་དུ་ཀཱ་ལི་སོ་བཞི་ལ་ཡ་ར་ལ་ཝ་ཌ་ཌྷ་ཞེས་དྲུག་བསྣན་པས་བཞི་བཅུ། དེ་སྐར་མའི་རྣམ་པ་འདྲ་བ། བརྒྱད་ཅུ་པོ་དེ་དཔེ་བྱད་བཟང་པོ་བརྒྱད་ཅུར་མོས་པ་བྱའོ། །དེ་ལས་ཉི་མ་བཅོ་ལྔ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མོས་པ་བྱའོ། །དེ་དག་གི་བར་དུ་ཨྃ་ལ་སོགས་པ་ས་བོན་བཅོ་ལྔ། དེ་ལས་ཕྱག་མཚན་ས་བོན་གྱིས་མཚན་པ་སྟེ་སོ་སོར་རྟོག་པའི་ཡེ་ཤེས་སུ་མོས་པ་བྱའོ། །སོ་སོར་ཕྱག་མཚན་ས་བོན་ཉི་མ་ཟླ་བ་འདྲེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་མོས་པ་བྱའོ། །དེ་ནས་ལྷ་མོ་བཅོ་ལྔའི་སྐུ་དུས་གཅིག་ཏུ་བསྐྱེད་དེ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སུ་མོས་པ་བྱའོ། །འདི་ལྟར་རྣམ་པ་ཟླ་བ་ལ་སོགས་པ་དེ་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པར་མོས་པ་བྱེད་ན། དེ་ལྟར་བསྒོམ་པའི་དགོས་པ་ནི་ཅི་ཡིན། ཡང་འདི་དག་གི་འཐད་པ་དང་ངེས་པའི་ཚིག་ཀྱང་ཅི་ཡིན་སྙམ་ན། དེ་ལ་རྣམ་པ་དེ་དང་དེར་བསྒོམ་པ་ནི། ལས་དང་པོ་པ་རྣམས་ལ་བསྒོམ་སླ་བར་བྱ་བའི་ཕྱིར་ཏེ། རྣམ་པ་ཙམ་ལམ་དུ་བྱེད་པའོ། །རྣམ་པ་དེ་ལ་དོན་དེར་མོས་པ་བྱས་པས་ནི་ལན་ཅིག་ཐོབ་པའི་རྒྱུར་འགྱུར་པ་སྟེ། མོས་པ་ལམ་དུ་བྱེད་པའམ། འབྲས་བུ་ད་ལྟ་ནས་བསྒོམས་པས་འབྲས་བུ་ལམ་དུ་བྱེད་པའོ། །དེས་ཚོགས་བསོག་ཅིང་སྒྲིབ་པ་འབྱང་བས་བྱིན་རླབས་ལམ་དུ་བྱེད་པའོ། །དེ་བས་ན་རྣམ་པ་ལ་ངོ་བོར་ཞེན་པས་འཇུག་པའི་ལམ། དེ་ལ་སངས་རྒྱས་ཀྱི་ཐུགས་རྗེས་མི་སླུ་བས་འབྲེལ་པས་མི་སླུ་བའི་ལམ་ཞེས་བྱའོ། །ངེས་ཚིག་དང་འཐད་པ་ཡང་ཅིའི་ཕྱིར་མེ་ལོང་ལྟ་བུ་ཞེས་བྱ། ཅིའི་ཕྱིར་ཟླ་བར་བསྒོམ། ཨཱ་ལི་ལས་བསྐྱེད་པའི་རྒྱུ་མཚན་ཅི་ཡིན་ན། ཆོས་ཐམས་ཅད་གཟུགས་བརྙན་གྱི་ཚུལ་གྱིས་སྣང་བས་ན་མེ་ལོང་དང་འདྲ་བས་མེ་ལོང་སྟེ། ཡེ་ཤེས་གྲུབ་པ་ལས་ཇི་ལྟར་གཟུགས་བརྙན་མེ་ལོང་ལ། །རང་ཉིད་ངེས་པར་སྣང་བ་བཞིན། །དེ་བཞིན་ཆོས་སྐུའི་ཡེ་ཤེས་ནི། །སྣང་བས་མེ་ལོང་ཞེས་བྱའོ། །ཞེས་སོ། །གཟུགས་ཀྱི་ཕུང་པོ་དང་ཀུན་གཞི་དག་པའི་བདག་ཉིད་དོ། །དེ་ཟླ་བ་ཁོ་ནར་བསྒོམ་པ་ནི་འདྲ་བའི་ཕྱིར་ཏེ། རྡོ་རྗེ་རྩེ་མོ་དང་ཁ་སྦྱོར་ལས། ཡིད་གཉིས་ཀུན་ལས་རྣམ་པར་གྲོལ། །རྣམ་པར་རྟོག་པའི་རབ་རིབ་འཕྲོག །ཉོན་མོངས་དྲི་མ་ཀུན་ལས་འདས། །ཟླ་མཚུངས་སེམས་ནི་ཟླ་བ་ཉིད། །ཅེས་དྲི་མ་དང་བྲལ་བར་འདྲ་བས་སོ། །ཡང་ཅིའི་ཕྱིར་མཉམ་པ་ཉིད་ཡིན་སྙམ་ན། ཡེ་ཤེས་གང་གི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་སྟེ། དེ་བཞིན་གཤེགས་ཀུན་ཡེ་ཤེས་དང༌། །རང་གི་དང་ནི་འགྲོ་བའི་ཡང༌། །དངོས་ཉིད་གཅིག་པར་ཐུགས་ཆུད་པས། །མཉམ་ཉིད་ཡེ་ཤེས་ཞེས་བྱའོ། །ཡེ་ཤེས་དེ་ནི་ཚོར་བའི་ཕུང་པོ་དང༌། ཉོན་མོངས་པ་ཅན་རྣམ་པར་དག་པའི་བདག་ཉིད་ཀྱི་ཕྱིར་རོ། །དེ་ཉི་མར་བསྒོམ་པ་ནི་ཉི་མ་དང་འདྲ་བའི་ཕྱིར་ཏེ། ཉི་མས་མུན་པ་ཐམས་ཅད་མཉམ་པའི་འཇོམས་པས་སམ། ཡང་ན་ཡེ་ཤེས་དེ་སེམས་ཅན་ལ་ཆགས་པས་སེམས་ཅན་འཛིན་ཏེ། སྙིང་རྗེའི་སྡུག་པ་ཡང་དག་འབྱུང༌། །སེམས་ཅན་རྗེས་སུ་འཛིན་པ་པོ། །དགེ་བའི་ཆོས་ཀྱི་ཡང་དག་གང༌། །ཉོན་མོངས་ཐམས་ཅད་ངེས་པར་གནོན། །ཞེས་སོ། །དེས་ནི་ཉི་མ་འོད་དམར་བ་དང་མུན་པ་འཇོམས་པས་སོ། །ཡེ་ཤེས་དེ་སྐུའི་རྣམ་པར་འབྱུང་བས་ན། དཔེ་བྱད་བརྒྱད་ཅུ་འབྱུང་སྟེ་ཀཱ་ལི་ལས་བསྐྱེད་དེ། སངས་རྒྱས་ཡོན་ཏན་ཀ་སོགས་ཀྱིས། །རྣལ་འབྱོར་གྱིས་ནི་འཇུག་པར་འགྱུར། །ཞེས་སོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་རང་བཞིན་གྱིས་འོད་གསལ་བས་ཤེས་བྱ་ཐམས་ཅད་ལ་མ་འདྲེས་པར་མཁྱེན་པ་སྟེ། གདོད་ནས་དག་ཅིང་སྐྱེ་བ་མེད། །རང་བཞིན་གྱིས་ནི་འོད་གསལ་བ། །ཕན་ཚུན་ཁྱབ་པའི་ཡེ་ཤེས་པས། །སོ་སོར་རྟོག་པ་ཅན་ཞེས་བཤད། །ཅེས་སོ། །བྱ་བ་ནན་ཏན་ནི་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་རོ་གཅིག་པ་སྟེ། ཀུན་ཏུ་ཀུན་ནས་སངས་རྒྱས་ཀྱི། །སངས་རྒྱས་མཛད་པ་ལ་འཇུག་པ། །སངས་རྒྱས་ཐམས་ཅད་མཛད་གཅིག་པས། །བྱ་བ་གྲུབ་པ་ཞེས་བཤད་དོ། །ཞེས་སོ། །འདུ་བྱེད་ཀྱི་ཕུང་པོ་དང་སྒོ་ལྔའི་རྣམ་ཤེས་ཀྱི་བདག་ཉིད་དོ། །དེ་འདིར་གཅིག་ཏུ་འགྱུར་བ་དང་འདྲ་བས་སོ། །ཆོས་ནི་ཕུང་པོ་ལྔའི་བདག་ཉིད་དམ་སྒྲིབ་པ་ཐམས་ཅད་ཀྱི་བདག་ཉིད་དོ། །དག་པ་ནི་རྣམ་པར་དག་པ་སྟེ་ཅིའི་ངོ་བོར་ཡང་མ་གྲུབ་པའོ། །མངོན་པར་བྱང་ཆུབ་པ་ལྔ་པོ་འདི་སྦྱང་གཞི་དང་ལམ་དང་འབྲས་བུ་དང་བཅས་པའོ། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །ཞེས་པ་ལ་སོགས་པ་ནི། ཨཱ་ལི་སུམ་ཅུ་གཉིས་ལས་ཟླ་བའི་དཀྱིལ་འཁོར་སྟེང་ཟུར་གསུམ་པ་ཨཱ་ལིས་མཚན་པ་ཡིན་ཏེ། དཔལ་ཁ་སྦྱོར་ལས། གྲུ་གསུམ་རྒྱ་ཆེའི་རང་བཞིན་ཅན། །སངས་རྒྱས་ཀུན་གྱི་ཡོན་ཏན་གནས། །འདི་ཡང་ཨ་སོགས་གཟུགས་ཀྱིས་ནི། །སངས་རྒྱས་ཡོན་ཏན་འཇུག་པར་འགྱུར། །ཤེལ་དང་ཟླ་བ་ལྟ་བུ་ནི། །དེ་ཡི་སྟེང་དུ་འཇུག་པར་འགྱུར། །ཞེས་སོ། །ཀཱ་ལི་ནི་ཟླ་བ་སྔ་མ་ལྟ་བུ་ཀཱ་ལིས་བརྒྱན་པའོ། །ཟླ་བའི་སྟེང་དུ་ཡང་ཟླ་བ། །བྱང་ཆུབ་ཟླ་བ་གཉིས་པ་ཅན། །སངས་རྒྱས་ཡོན་ཏན་ཀ་སོགས་ཀྱིས། །སྐར་འདྲ་འདི་ཡང་འཇུག་པར་འགྱུར། །ཞེས་སོ། །དེ་ལྟ་བུའི་ཟླ་བ་གཉིས་ནི། རྡོ་རྗེ་སེམས་དཔའི་གདན་ནོ། །ཡི་གེ་ལས་བྱུང་གོང་བུ་ལ། །ཧཱུྃ་ཕཊ་རྣམ་པར་འདོད་མི་བྱ། །ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ། །དཀར་པོ་ཧཱུྃ་གིས་མཚན་པའོ། །བྱང་ཆུབ་སྤྱོད་པ་བླ་ན་མེད། །དེ་ཡི་ས་ནི་རྟོགས་པ་སྟེ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་ངེས་པར་བརྟག་པར་བྱ། །ཞེས་སོ། །དེ་ལས་འོད་འཕྲོས་བསྡུས་གཅིག་ཏུ་གྱུར་པ་ལས། ཡང༌། རྡོ་རྗེ་སེམས་དཔའི་རྡོ་རྗེ་ནི། །རྩེ་མོ་ལྔ་པ་འོད་ཟེར་ཅན། །ཞེས་དང༌། འདིས་ནི་སྔགས་ཀྱི་རྣལ་འབྱོར་གྱིས། །སྤྲོ་བ་དང་ནི་བསྡུ་བ་བྱ། །ཞེས་སོ། །སེམས་དཔའི་གཟུགས་བརྙན་ལས་བྱུང་བའི། །དཀྱིལ་འཁོར་བདག་པོ་རྣམ་པར་བསྒོམ། །ཕྱག་མཚན་ཞལ་སོགས་གོང་མ་བཞིན། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཅེས་པས། སྐུ་མདོག་དཀར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པའོ། །རྡོ་རྗེ་ཡོངས་གྱུར་དེ་མ་ཐག །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཟླ་བའི་ཁ་དོག་ཉམ་འོད་ཀྱི། །རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ། །ཞེས་གསུངས་སོ། །མཉམ་ཉིད་མཚུངས་པར་འདོད་པ་ཉིད། །ཅེས་པ། ཁ་སྦྱོར་ལས། སྟོང་པ་བསྒོམ་པར་མི་བྱ་ཞིང༌། །སྟོང་མིན་བསྒོམ་པར་མི་བྱའོ། །སྟོང་པ་མི་སྤང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤང་ངོ༌། །ཞེས་སོ། །དེ་མཐའ་གསུམ་ལ་མི་རེག་པ་ནི། དེ་ཁོ་ན་ཉིད་བསྒོམ་པར་བཅོམ་ལྡན་འདས་ཀྱིས་གསུངས་པ། ཇི་ལྟར། གང་ལ་སྒོམ་པ་པོ་གང་མེད། །གང་ཡང་རྣམ་པར་སྒོམ་པའང་མེད། །བསྒོམ་བྱ་ཉིད་ཀྱང་ཡོད་མ་ཡིན། །དེ་ནི་དེ་ཉིད་བསྒོམ་པར་བརྗོད། །ཅེས་སོ། །བཟའ་དང་བཏུང་དང་བླུགས་པ་དང༌། །ཞེས་པ་ཡང་བཤད་རྒྱུད་ལས། གཟུགས་རྣམས་ཐམས་ཅད་བལྟ་བ་དང༌། །སྒྲ་ནི་རྒྱས་པར་ཉན་པ་དང༌། །སྨྲ་བ་དང་ནི་དགོད་པ་དང༌། །སྣ་ཚོགས་རོ་ནི་ཟ་བ་དང༌། །ལས་རྣམས་ཐམས་ཅད་བྱེད་པ་དང༌། །གཞན་དུ་སེམས་ནི་མི་འགྲོ་བའི། །དེ་ཉིད་རིག་པའི་རྣལ་འབྱོར་པ། །རྣལ་འབྱོར་རྟག་ཏུ་སྐྱེ་བར་འགྱུར། །དེ་ནི་གཉིས་མེད་ཅེས་སུ་བརྗོད། །འདི་ནི་བྱང་ཆུབ་སེམས་མཆོག་ཉིད། །རྡོ་རྗེ་རྡོ་རྗེ་སེམས་དཔའ་དཔལ། །རྫོགས་པའི་སངས་རྒྱས་བྱང་ཆུབ་ཉིད། །འདི་ནི་ཤེས་རབ་ཕ་རོལ་ཕྱིན། །ཕ་རོལ་ཕྱིན་པ་ཀུན་གྱི་ཚོགས། །འདི་ཉིད་མཉམ་པ་ཉིད་དུ་གསུངས། །ཞེས་སོ། །འདོད་ཆགས་ཞེ་སྡང་ཕྲག་དོག་དང༌། །ཞེས་པ། ཀུན་རྟོག་མོང་པོས་མུན་པ་ཟིལ་མནན་ཅིང༌། །རབ་ཏུ་འཇོམས་པས་སྨྱོ་ཞིང་གློག་འགྱུ་བའི། །ཆགས་སོགས་དགག་དཀའི་དྲི་མས་གོས་པ་ཡི། །སེམས་ནི་རྡོ་རྗེ་ཅན་གྱིས་འཁོར་ལོ་གསུངས། །འོད་གསལ་རྟོག་པ་ལས་ནི་རྣམ་གྲོལ་བའི། །ཆགས་སོགས་དྲི་མས་གོས་པ་རྣམ་སྤངས་པ། །གཟུང་དང་འཛིན་མེད་སེམས་དཔའ་མཆོག་གིས་ནི། །དེ་ཉིད་མྱ་ངན་འདས་པ་མཆོག་ཏུ་གསུངས། །ཞེས་སོ། །ལེའུ་བརྒྱད་པའོ། །རྣལ་འབྱོར་མའི་དག་པ་རྟོགས་པར་བྱ་བའི་ཕྱིར་ལེའུ་དགུ་པ་གསུངས་ཏེ། ངེས་པར་དངོས་པོ་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་ཉིད་ཀྱི་དག་པ་སྟེ་རྟོགས་པའི་ལྟ་བའོ། །ཕྱི་ནས་ཞེས་བྱ་བ་ལ་སོགས་པ་ནི་ལྷ་སོ་སོའི་དག་པ་སྟེ་བསྐྱེད་པའི་རིམ་པའོ། །རང་རིག་ཅེས་བྱ་བ་ནི་རང་རིག་པའི་དག་པའོ། །གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཞེས་པ་འདི་ནི་གཏི་མུག་གི་གཉིད་སད་པས་ཕུང་པོ་ལ་སོགས་པའི་དོན་རྟོགས་ནས་དག་པ་མ་རྙེད་པའི་རྙེད་པ་ལྟ་བུར་བྱེད་པའོ། །སྤྱིར་རྣམ་པར་དག་པ་ཞེས་པ་ནི་སྐྱོན་མེད་པའོ། །རང་བཞིན་གྱིས་སྐྱོན་མེད་པ་ནི་ངོ་བོ་ཉིད་ཀྱིས་དག་པ་སྟེ། རང་བཞིན་གྱིས་ནི་རྣམ་པར་དག །ཅེས་སོ། །ཡང་གློ་བུར་གྱི་དྲི་མ་འཁྲུད་པར་བྱེད་པ་ལ་ཡང་དག་པ་སྟེ། ལྷ་རྣམས་ཀྱིས་ནི་ཐ་མལ་པའི་དྲི་མ་འཁྲུད་ལ། རྫོགས་པའི་རིམ་པ་རང་རིག་པས་ནི་ལྷར་ཞེན་པའི་སྐྱོན་ཡང་འཁྲུད་པར་བྱེད་དོ། །ཕྱག་དག་པ་ལ་སོགས་པ་ནི་ཕྱག་དང་ཞབས་སུ་ཞེན་པའམ་སྟོང་པར་ཞེན་པའི་དྲི་མ་སྦྱང་བའོ། །བླ་མའི་ཞལ་ནས་དག་པ་གསུམ་ཡིན་ཏེ། རྒྱུའི་རྒྱུད་ཀྱི་དེ་བཞིན་ཉིད་ཀྱི་དག་པ་ནི་ཆོས་ཐམས་ཅད་ཅིའི་ངོ་བོར་ཡང་མ་གྲུབ་པའོ། །རང་རིག་པའི་དག་པ་ནི་ཐམས་ཅད་རང་གི་སེམས་ཉིད་དོ། །ལྷ་སོ་སོའི་དག་པ་ནི་རྣམ་པ་ཐ་དད་དུ་སྣང་བ་ཉིད་ལྷའི་སྐུའི་ངོ་བོར་སྣང་བའོ། །དེ་ལྟར་དག་པ་གསུམ་གྱིས་གློ་བུར་གྱི་དྲི་མ་དག་པར་བྱེད་དེ། སྣང་བ་སྣ་ཚོགས་ལྷའི་སྐུ་རུ་སྣང་བ་འདི་དག་པའི་སྣང་བ་ཡིན་པ་ལ། མ་དག་པ་ཐ་མལ་པར་སྣང་བ་སྦྱང་བའི་ཕྱིར་ལྷ་སོ་སོའི་དག་པའོ། །ཐམས་ཅད་རང་གི་སེམས་ཡིན་པ་ལ་ཐ་དད་དུ་འཛིན་པ་ནི་མ་དག་པ་སྟེ། དེ་སྦྱང་བ་ནི་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ཏོ། །ཡིན་ཅིའི་ངོ་བོར་ཡང་མ་གྲུབ་པ་མིན་པ་ལ་དག་པ་མ་ཡིན་པའི་ནང་དུ་རྟོག་པ་མྱོང་བ་ནི་མ་དག་པའོ། །དེ་སྦྱོང་བར་བྱེད་པ་ནི་དེ་བཞིན་ཉིད་ཀྱི་དག་པའོ། །ཐམས་ཅད་དེ་བཞིན་ཉིད་དུ་འདུས་པས་དག་པ་གཅིག་ཏུ་འགྱུར་ལ། ཀུན་རྫོབ་ཏུ་གཟུགས་ལ་སོགས་པ་སྦྱང་བས་ན་དག་པ་གཉིས་ཀྱང་མི་འགལ་ལོ། །ཀུན་རྫོགས་ཏུ་དེ་བཞིན་ཉིད་ལས་ལོགས་སུ་སེམས་མྱོང་བས་གསུམ་དུ་ཡང་མི་འགལ་ལོ། །དག་པ་མཐར་ཕྱིན་པ་ལས་ཀྱང་གསུམ་དུ་འགྱུར་ཏེ། དེ་བཞིན་ཉིད་ལས་ཆོས་ཀྱི་སྐུ། རང་རིག་ལས་ལོངས་སྤྱོད་རྫོགས་པའི་སྐུ། ལྷ་སོ་སོ་ལས་སྤྲུལ་པའི་སྐུའོ། །ཡང་ན་དེ་བཞིན་ཉིད་ནི་དབྱིངས་ཡིན་ལ། རང་རིག་པ་ནི་ཡེ་ཤེས་ཡིན་པས། དེ་གཉིས་ལས་ལྷ་སོ་སོ་བ་གཟུགས་ཀྱི་སྐུ་འབྱུང་ངོ༌། །སྤྱིའི་དོན་ཏོ། །ལེའུ་དགུ་བའོ། །དེ་ནས་ལུས་དང་སེམས་མཐུན་པ་རྣལ་འབྱོར་མའི་དཀྱིལ་འཁོར་དག་པ་དང་བཅས་པར་སློབ་མ་དབང་བསྐུར་བ་མ་བྱས་ན། བསྟན་པ་དང་ལམ་ལ་མི་དབང་བས་རྣམ་པར་དག་པའི་ལེའུ་དང་འབྲེལ་ལོ། །ལེའུ་བཅུ་པ་དབང་བསྐུར་བའི་ཆོ་ག་སྟོན་ཏེ་ལེའུ་འདིར་སློབ་མ་སྨིན་པར་བྱ་བའི་ཆོ་ག་སྟོན་ཏེ། དེ་ལ་བདུན། བསྙེན་པའི་ཆོ་ག་དང༌། སའི་ཆོ་ག་དང༌། སྟ་གོན་གྱི་ཆོ་ག་དང༌། བྲི་ཞིང་རྒྱན་དགྲམ་པ་དང༌། བསྒྲུབ་ཅིང་མཆོད་པ་དང༌། འཇུག་ཅིང་དབང་བསྐུར་བ་དང༌། མཇུག་གི་བྱ་བའོ། །དང་པོ་རབ་མཚན་མའི་བསྙེན་པ། འབྲིང་དུས། ཐ་མ་གྲངས་ཀྱི་བསྙེན་པ་སྟེ། དཀྱིལ་འཁོར་བདག་པོའི་བསྙེན་པ་འབུམ། །ཞེས་སོ། །དེ་ནས་སའི་ཆོ་ག་ལ་ལྔ་སྟེ། ས་བརྟག་པ་དང༌། བསླང་བ་དང༌། སྦྱང་བ་དང༌། གཟུང་བ་དང༌། བསྲུང་བའོ། །དང་པོ་ནི་ཚལ་དང་ཞེས་བྱ་བ་ལ་སོགས་པའོ། །བསླང་བ་ལ་མངོན་པ་ལས་བསླང་བ་དོན་གྱི་འཇུག་པས་ཁ་བསྐང༌། མི་མངོན་པ་ལས་བསླང་བ་འོག་གི་རབ་གནས་ཀྱི་ལེའུར་ཤེས་པར་བྱའོ། །སྦྱང་བ་ལ་གཉིས། ལས་དང་བྱ་བས་སྦྱང་བ་ནི། དཀྱིལ་འཁོར་ཁྲུ་གསུམ་ཞེས་བཤད། ཏིང་ངེ་འཛིན་གྱིས་སྦྱང་བ་ནི་དང་པོར་ལྷའི་ཞེས་པས་བསྟན་ཏོ། །བློས་བཟུང་བ་དོན་གྱིས་ཤེས་སོ། །སྟངས་སྟབས་ཀྱི་བཀོད་པ་ནི། ལྷའི་རྣལ་འབྱོར་སྔོན་དུ་སོང་བས་བྱ་སྟེ་ཁྲུས་དང་གཙང་སྦྲ་སྔོན་དུ་སོང་བས་བྱའོ། །སྟ་གོན་ནི་བཞི་སྟེ། སའི་ལྷ་མོ་གོང་དུ་བསྟན། ལྷ་སྟ་གོན་སཾ་པུ་ཊའི་རྒྱུད་ཕྱི་མས་ཁ་བསྐང༌། བུམ་པ་སྟ་གོན་ནི། བུམ་པ་སྟ་གོན་བརྒྱད་སོགས་ཞེས་པ་ལ་སོགས་པས་བསྟན། སློབ་མ་སྟ་གོན་ཀྱང་སཾ་པུ་ཊའི་རྒྱུད་ཕྱི་མས་ཁ་བསྐང་ངོ༌། །བྲི་ཞིང་རྒྱན་དགྲམ་པ་ལ་གཉིས། བྲི་པ་དང་རྒྱན་དགྲམ་པའོ། །བྲི་པ་ལ་ཐིག་གིས་བྲི་བར་འདོད་ལྷ་ཞེས་པས་བསྟན། རྡུལ་ཚོན་གྱིས་བྲི་བ་ནི། རྡུལ་ཚོན་དམ་པ་ཞེས་པས་བསྟན། རྒྱན་དགྲམ་པ་ཤུགས་ལས་ཤེས་པར་བྱའོ། །དེ་ནས་བསྒྲུབ་ཅིང་མཆོད་དོ། །འཇུག་ཅིང་དབང་བསྐུར་བ་ལ་གཉིས། སློབ་དཔོན་དག་འཇུག་པ་དང༌། སློབ་མ་འཇུག་པའོ། །དབང་བསྐུར་བ་ནི། ཐུན་མོང་དུ་རིག་པའི་དབང་ལྔ་བརྟུལ་ཞུགས་དང་བཅས་པ་སཾ་པུ་ཊའི་ཕྱི་མ་དང༌། གུར་གྱི་ལེའུ་བརྒྱད་པས་ཁ་བསྐང༌། ཐུན་མོང་མ་ཡིན་པའི་དབང་བཞི་དང༌། སློབ་དཔོན་གྱི་དབང་མཐའ་རྟེན་རྗེས་གནང་དང་བཅས་པ། གང་ཞིག་དབང་ནི་རབ་ཕྱེ་བ། །ཞེས་པས་བསྟན། གསང་བའི་དབང་མཐའ་རྟེན་དང་བཅས་པ་དེར་ནི་རིགས་ལྔ་ཞེས་པ་ཚིག་རྐང་བཅུས་བསྟན། ཤེས་རབ་ཡེ་ཤེས་ཀྱི་དབང་མཐའ་རྟེན་དང་བཅས་པ་རོ་མཉམ་སློབ་མའི་སྤྱོད་ཡུལ་དུ་ཞེས་པ་ལ་སོགས་པས་བསྟན། དོན་གྱི་བཞི་པ་ཤེས་རབ་ཡེ་ཤེས་ནི་དེ་ཁོ་ན་ཉིད་བསྟན་པའམ་མྱོང་བ་ཉིད་ཡིན་ལ། ཚིག་གི་བཞི་པ་ནི་ཕྱི་ནས་དེ་ཉིད་ཅེས་པས་བསྟན། ལམ་དུ་བྱེད་པའི་བཞི་པ་དང་འབྲས་བུ་གྲུབ་པའི་བཞི་པ་ནི། དང་པོ་སྤྲིན་གྱི་རྣམ་པ་ཞེས་བྱ་བ་ལ་སོགས་པ་དང༌། དངོས་གྲུབ་མཚན་ཉིད་མི་ཕྱེད་པ། །ཞེས་བྱ་བ་ལ་སོགས་པས་བསྟན་ནོ། །དེ་ནས་དཀྱིལ་འཁོར་གྱི་མཇུག་གི་བྱ་བ་ཁ་བསྐང་ངོ༌། །སྤྱིར་དབང་ལ་འདིར་མ་ཚང་བ་རྣམས་བརྟག་པ་ཕྱི་མའི་གསུམ་པ་དང༌། ལྔ་པ་དང༌། བཅུ་གཉིས་པས་ཁ་བསྐངས་ལ། དེར་མ་ཚང་བ་བཤད་པའི་རྒྱུད་རྡོ་རྗེ་གུར་དང་སཾ་པུ་ཊས་ཁ་བསྐང༌། དེ་ཡང་མ་ཚང་བ་དེ་ཉིད་འདུས་པས་ཁ་བསྐངས་ཏེ། ཇི་ལྟར་དེ་ཉིད་འདུས་པ་ཡི། །དཀྱིལ་འཁོར་ཆོ་ག་དེ་བཞིན་བྱ། །ཞེས་འབྱུང་བས་སོ། །དེས་ཀྱང་མ་ཚང་བ་གསང་བ་སྤྱི་རྒྱུད་ཀྱིས་ཁ་བསྐངས་ཏེ། གང་དག་ཏུ་ནི་དཀྱིལ་འཁོར་གྱི། །ལས་ཀྱི་ཆོ་ག་རྣམས་མེད་པ། །དེ་ནི་སྤྱི་ཡི་རྒྱུད་དག་ལས། །གསུངས་པའི་ཆོ་ག་མཁས་པས་བསྟེན། །ཞེས་སོ། །འདིར་ཐུན་མོང་གི་དབང་ཡན་ཆད་ཆོ་ག་མི་གསལ་བ་ལ། ཐུན་མོང་མ་ཡིན་པའི་དབང་བཞི་ནི་རྒྱུད་ཀྱི་རྒྱལ་པོ་འདིར་གསལ་བར་གསུངས་སོ། །སྤྱིའི་དོན་ཏོ། །ལེའུ་བཅུ་པའོ། །དེ་ལྟར་དབང་བསྐུར་ཞིང་ལམ་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱིས་སེམས་ཅན་གཞན་རྗེས་སུ་གཟུང་བའི་ཕྱིར། སྤྱོད་པ་བྱེད་པ་ལ་ཡན་ལག་ཚང་དགོས་པས་དེ་གྲུབ་པར་སྟོན་པ་ལྟ་སྟངས་ཀྱི་ལེའུ་འདི་གསུངས་སོ། །ནཱ་ད་ཞེས་བྱ་བ་ལ་སོགས་པ་བཟའ་བའི་དམ་ཚིག་བསྟན་ཏོ། །ཤ་ལྔ་བདུད་རྩི་ལྔ་ནི་ལས་དང་པོ་པས་རིལ་བུ་ཆོ་ག་བཞིན་བྱས་ལ་བཟའོ། །གོམས་ནས་ཇི་ལྟར་རིགས་པས་བཟའོ། །དེའི་དགོས་པ་ནི། ཀྱེའི་རྡོ་རྗེ་འགྲུབ་ཕྱིར་ཏེ། མཐར་ཐུག་རྟོག་པ་ཐམས་ཅད་ཞི་བྱེད་པའོ། །གནས་སྐབས་མཁའ་འགྲོ་ཐམས་ཅད་འདུ་བ་དང༌། གྲུབ་པའི་ཕྱིར་དང་བཅུད་ལེན་དུ་འགྱུར་བའི་ཕྱིར་ཏེ། དཔལ་གསང་བ་འདུས་པ་ལས། ཤ་ཆེན་དམ་ཚིག་མཆོག་གིས་ནི། །རྡོ་རྗེ་གསུམ་མཆོག་འགྲུབ་པར་འགྱུར། །ཞེས་པ་དང༌། རྡོ་རྗེ་གུར་ལས། མི་བསྐྱོད་བསྟེན་པའི་རྣལ་འབྱོར་པ། །ནད་རྣམས་ཐམས་ཅད་རྣམ་པར་སྤང༌། །ཞེས་སོ། །འདི་རྣམས་དེ་བཞིན་གཤེགས་པ་ལྔར་ཤེས་པའི་རྣལ་འབྱོར་པས་སྤྱད་ཀྱི། དེ་ལྟ་མ་ཡིན་ན་ཁྱི་དང་ཕག་འདྲ་བར་འགྱུར་རོ། །དགོངས་པ་ལུང་བསྟན་ལས། གསང་བ་འདུས་པ་མི་ཤེས་པར། །སྦས་པའི་དམ་ཚིག་སྤྱོད་བྱེད་ཅིང༌། །ཁྱི་དང་ཕག་དང་ཁྭ་རྣམས་ཀྱི། །སྤྱོད་པ་དག་ནི་སྟོན་པར་བྱེད། །ཅེས་གསུངས་སོ། །ཡང་རྡོ་རྗེ་གདན་བཞི་ལས། རྡོ་རྗེ་ལྕགས་ཀྱུ་མི་བསྐྱོད་པ། །གནས་ཀྱི་ལྕགས་ཀྱུ་རིན་ཆེན་འབྱུང༌། །དོན་ཡོད་རྒྱལ་བའི་ལྕགས་ཀྱུ་སྟེ། །དཔག་མེད་གཡོ་བའི་ལྕགས་ཀྱུ་ཡིན། །ལྕགས་ཀྱུ་ཆེ་ལ་དགོད་པ་ནི། །ཡེ་ཤེས་ལྔ་རུ་གསུངས་པའོ། །ཞེས་སོ། །ཀུ་རུ་ཀུལླེའི་སྒྲུབ་ཐབས་ནི། ལྟ་སྟངས་ཀྱི་ཁྱད་པར་གྱི་རྣལ་འབྱོར་ཏེ། སྒྲོལ་མ་སྐུ་མདོག་དམར་མོའི་ཁྱད་པར་རོ། །དེའི་སྒྲུབ་ཐབས་རྒྱས་པ་ནི་རྒྱུད་རྒྱས་པའི་དངོས་གྲུབ་ཀྱི་བརྟག་པ་བཅུ་གཉིས་པའི་དབང་གི་དངོས་གྲུབ་ཀྱི་སྐབས་སུ་གསུངས་སོ། །དེ་བས་ན་འདིར་གསུངས་པའོ། །དེའི་མངོན་པར་རྟོགས་པ་ནི། རང་ཉིད་ཀུ་རུ་ཀུལླེར་སྐད་ཅིག་གིས་བསྐྱེད་ལ། དེའི་ཐུགས་ཀར་ཧྲཱིཿབསམས་ཏེ། དེ་ལས་འོད་བྱུང་བས་བླ་མ་དང་ཀུ་རུ་ཀུལླེ་སངས་རྒྱས་དང་བཅས་པ་སྤྱན་དྲངས་ལ། དེ་ལ་མཆོད་པ་དང༌། བདུན་པོ་དག་པ་དང༌། ཚངས་པའི་གནས་བཞི་བསྒོམ་པ་དང༌། སྟོང་པ་ཉིད་ཀྱི་བར་ཁ་བསྐང་ངོ༌། །དེ་ནས་ཧྲཱིཿལས་བྱུང་བའི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེའི་ཆོ་ག་ཡན་ལག་གསུམ་ལས་བསྐྱེད་དོ། །ཁ་དོག་དམར་མོ་ནི་དབང་གི་ཡིན་ལ། ལྟུང་བ་ལ་ནག་པོ། དགུག་པ་ལ་སེར་པོ། རེངས་པ་ལ་ལྗང་གུར་བྱའོ། །དེ་ལྟར་དམ་ཚིག་པ་བསྐྱེད་ནས། ཡེ་ཤེས་པ་གཞུག་པ་དང༌། སྐྱེ་མཆེད་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་བ་ནས་དབུ་རྒྱན་སྣང་བ་མཐའ་ཡས་ཀྱི་བར་ཡན་ལག་བཞི་རྫོགས་པར་བྱས་ལ། ཐུགས་ཀའི་ཟླ་བ་ལ་ཧྲཱིཿ དེ་ལ་སྔགས་ཀྱིས་བསྐོར་བ་ལ་དམིགས་ལ་སྔགས་བཟླའོ། །དེ་ལ་གང་ཟག་དབང་པོ་རབ་ཀྱིས་བསྒོམས་པ་ཙམ་གྱིས་འགྲུབ། འབྲིང་གིས་བཟླས་བསྒོམ་གཉིས་ཀྱིས་འགྲུབ་བོ། །གྲངས་ནི་འབུམ་ཕྲག་གཅིག་གོ །དེ་ལྟར་གང་ཟག་གཞུག་པའི་རིམ་པའི་སྒོ་ནས། མངོན་པར་རྟོགས་པའི་རིམ་པ་དང་སྦྱར་ཏེ། བརྟག་པ་དང་པོ་རྩ་བའི་རྒྱུད་ཀྱི་ཚུལ་དུ་བཤད་པའི་མན་ངག་རྫོགས་སོ། །བརྟག་པ་དང་པོའི་མ་ཚང་བ་དེ་ཉིད་ཁ་བསྐང་པ་དང༌། མི་གསལ་བ་གསལ་བར་བྱ་བའི་ཕྱིར་བརྟག་པ་གཉིས་པ་རྒྱུད་ཕྱི་མའི་ཚུལ་དུ་གནས་སོ། །དེ་ལ་ལེའུ་བཅུ་གཉིས་ཡོད་པ་ལས། ལེའུ་དང་པོ་རབ་གནས་ཀྱི་ལེའུ་སྟོན་ཏེ། དེ་ལྟར་ལྟ་སྟངས་ཀྱིས་སེམས་ཅན་གདུག་པ་ཅན་བཏུལ་ནས། སྐལ་བ་དང་ལྡན་པའི་སེམས་ཅན་དམན་པ་རྣམས་གཞུག་པའི་ཕྱིར་འདི་བསྟན་ཏོ། །དེས་ན་རྒྱུད་འདི་མཐའ་དག་གི་གང་ཟག་གཅིག་སངས་རྒྱས་པའི་ཆ་རྐྱེན་སྟོན་ལ། དེ་དམིགས་པར་བྱ་བའི་ཡུལ་འབྲས་བུའི་རྒྱུད་དང༌། དེ་ཐོབ་པར་བྱེད་པ་ལ་རིམ་པ་གཉིས་པོ་འདི་ཡིན་ལ། དེ་ཉམས་སུ་ལེན་པ་ལ་སྣོད་དུ་རུང་དགོས་པས་སྨིན་པར་བྱེད་པ་དབང་བསྐུར་བའི་ཆོ་ག་བརྟག་པ་དང་པོར་བསྟན་ལ། གཉིས་པ་ཕྱི་མ་འདི་ཁ་བསྐང་གསལ་བྱེད་དུ་འཆད་དོ། །དེ་ཡང་བཟང་པོ་དྲུག་དང་ལྡན་པར་བྱ་སྟེ། རྟེན་དང༌། སློབ་དཔོན་དང༌། དུས་དང༌། གནས་དང༌། ཡོ་བྱད་དང༌། ཆོ་ག་ཡོངས་སུ་དག་པ་བཟང་པོའོ། །དང་པོ་ནི་རྟེན་མཚན་ཉིད་དང་ལྡན་པ་བཟོ་ཡོངས་སུ་རྫོགས་པའོ། །གཉིས་པ་སློབ་དཔོན་ནི། དེ་ཉིད་བཅུ་ལ་སོགས་པ་ཤེས་པ་ལས་ཀྱི་ཆོ་ག་མཐོང་བ། བསྙེན་པ་རྫོགས་པའོ། །གསུམ་པ་ནི་ཤིས་པའི་དུས་སོ། །བཞི་པ་གནས་ནི་མཚན་ཉིད་དང་ལྡན་པའོ། །ལྔ་པ་ཡོ་བྱད་ནི་སྦྱིན་སྲེག་གི་རྫས་དང༌། དཀྱིལ་འཁོར་གྱི་ཡོ་བྱད་བུམ་པ་ལ་སོགས་པ་དང༌། ཁྱད་པར་དུ་རབ་གནས་ཀྱི་མངའ་དབུལ་བའི་ཡོ་བྱད་རྣམས་སོ། །དྲུག་པ་རབ་ཏུ་གནས་པའི་ཆོ་ག་ནི། དཀྱིལ་འཁོར་གྱི་ཆོ་ག་ཇི་ལྟ་བ་བཞིན་བྱས་ལ། དེ་ནས་རབ་གནས་ཀྱི་སྟ་གོན་བྱ། ཕྱིད་ཉིན་དངོས་གཞི་བྱ། ཁྲུས་བྱ་བ་དང༌། སྦྱང་བ་དང༌། དམ་ཚིག་པ་བསྐྱེད་པ་དང༌། ཡེ་ཤེས་པ་གཞུག་པ་དང༌། བྱིན་གྱིས་བརླབ་པ་དང༌། དབང་བསྐུར་བ་དང༌། མཆོད་པ་ནི་ཐུན་མོང་ངོ༌། །ཁྱད་པར་དུ་སྟ་གོན་ལ་སྙན་གསན་དབབ་པ་དང༌། གཤེགས་སུ་གསོལ་བའོ། །དངོས་གཞི་ལ་མཆོད་པ་བྱས་ལ་སྤྱན་དབྱེ་བ། བརྟན་པར་བཞུགས་པ་དང༌། མཆོད་པར་བསྒོ་བ་དང༌། སྨོན་ལམ་གདབ་པའོ། །སྦྱིན་སྲེག་ནི་རབ་ཏུ་གནས་པ་དང་འབྲེལ་པས་རབ་གནས་ཀྱི་མཇུག་ཏུ་ཡོང་ངོ༌། །སྟ་གོན་གི་དུས་སུ་སློབ་དཔོན་དང་སློབ་མའི་སྡིག་པ་ཞི་བར་བྱ་བའི་ཕྱིར་སྦྱིན་སྲེག་བྱ། དངོས་གཞིའི་དུས་སུ་ལྷ་མཆོད་པའི་ཕྱིར་སྦྱིན་སྲེག་བྱ། མཇུག་ཏུ་ལྷག་ཆད་ཁ་བསྐང་བར་བྱ་བའི་ཕྱིར་སྦྱིན་སྲེག་བྱའོ། །སྦྱིན་སྲེག་གི་ཆོ་ག་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གོ །དང་པོ་ལ་བརྒྱད། ཐབ་དང༌། བུད་ཤིང་དང༌། མེ་དང༌། བསྲེག་རྫས་དང་མཆོད་རྫས་ཀྱི་བཤམ་ཐབས་དང༌། དགང་གཟར་དང་བླུགས་གཟར་དང༌། དུས་དང༌། ཕྱོགས་དང༌། སྒྲུབ་པོའི་ཁྱད་པར་རྣམས་སོ། །དངོས་གཞི་ལ་དྲུག་སྟེ། བདག་གི་རྣལ་འབྱོར་དང༌། མེ་སྦར་ཞིང་བསྒྲུབ་པ་དང༌། ཐབ་དང༌། ཡོ་བྱད་བསང་ཞིང་བྱིན་གྱིས་བརླབ་པ་དང༌། ཐབ་ཁུང་མངོན་པར་འདུ་བྱ་བ་དང༌། འཇིག་རྟེན་པའི་མེ་ལྷ་མཆོད་པ་དང༌། འདས་པ་མཆོད་པའོ། །མཇུག་ལ་གཉིས། འཇིག་རྟེན་པའི་མེ་ལྷ་མཆོད་པ་དང༌། ལས་ཀྱི་རྗེས་མི་མངོན་པར་བྱ་བའོ། །རབ་ཏུ་གནས་པ་དང་སྦྱིན་སྲེག་གི་མངོན་པར་རྟོགས་པ་གཉིས་ཆར་དཀྱིལ་འཁོར་གྱི་ཆོ་ག་ལས་ཤེས་པར་བྱའོ། །ལེའུ་དང་པོའོ། །དེ་ལྟར་དམན་པ་རྗེས་སུ་བཟུང་བ་ནས། དེས་ཆོག་པར་འཛིན་པ་སུན་གདོན་པའི་ཕྱིར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དང༌། དེའི་རྒྱུ་དྲི་བ་སྟོན། དེས་ན་ལེའུ་འདི་བརྟག་པ་དང་པོའི་མངོན་པར་རྟོགས་པ་ཐམས་ཅད་སྟོན་པར་བྱེད་དོ། །སྤྱིའི་དོན་ཏོ། །ཧེ་རུ་ཀ་ཞེས་བྱ་བ་ནི། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པ། །ཞེས་བྱའོ། །དེའི་རྣམ་པ་ནི་ཞལ་བརྒྱད་ཕྱག་བཅུ་དྲུག་ཞབས་བཞི་ཞེས་པའོ། །གཞན་པའི་སེམས་ཀྱིས་ཞེས་པ་ནི་ཀུ་རུ་ཀུལླེ་ལ་སོགས་པ་ཤེས་རབ་ཀྱི་རྣལ་འབྱོར་དང༌། ཕྱག་གཉིས་པ་ལ་སོགས་པ་ཐབས་ཀྱི་རྣལ་འབྱོར་གཞན་ལ་གནས་པར་མི་བྱའོ། །ཇི་ལྟར་ཞེ་ན་འབྲས་བུ་འབྱུང་བ་མེད་པའི་ཕྱིར་དང༌། དཔལ་གྱི་འོས་མ་ཡིན་པའི་ཕྱིར་རོ། །དེ་ལ་འབྲས་བུ་འབྱུང་བ་མེད་པ་ནི། སྤྱིར་གསང་སྔགས་པ་འབྲས་བུ་ལམ་དུ་བྱེད་པས། རྒྱུ་འདྲ་བས་འབྲས་བུ་འདྲ་བར་སྒྲུབ་པར་བྱེད་པ་ཡིན་པས། ལོངས་སྤྱོད་རྫོགས་པའི་སྐུ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཡིན་ལ། དེ་རྣམས་གཞན་གྱིས་ཐོབ་པར་ག་ལ་འགྱུར། ལོངས་སྤྱོད་རྫོགས་པའི་སྐུ་ཉིད་དེ་དེ་ལྟར་བཞུགས་པར་ཅིས་ཤེས་ན། ཆོས་ཀྱི་སྐུའི་དབང་དུ་བྱས་ནས། རྣམ་པ་གཞན་དཔལ་གྱི་འོས་མ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་སྐུ་ཞེས་བྱ་བ་ནི། སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་ཡིན་ལ། སྟོང་པ་ཉིད་ནི་ཕྱག་བཅུ་དྲུག་དང་ཞལ་བརྒྱད་དུ་སྤྲུལ་ལ། སྙིང་རྗེའི་སྤྱོད་པ་ནི་བསྡུ་བའི་དངོས་པོ་བཞི་ཞབས་བཞིར་སྤྲུལ་ལོ། །དེས་ན་ལོངས་སྤྱོད་རྫོགས་པའི་སྐུ་དེ་ལྟར་ཡིན་ནོ། །གལ་ཏེ་རྣམ་པ་དེ་ལྟ་བུ་གཞན་ལ་ཡང་སྦྱར་དུ་རུང་མོད་སྙམ་ན། བདེན་མོད་ཀྱི། བཅོམ་ལྡན་འདས་ནི་ཆོས་རྣམས་ཀྱི་གདུལ་བྱ་གང་འདུལ་དེ་དང་དེའི་རྣམ་པར་སྟོན་པ་ཡིན་ན། རྒྱུད་འདིར་ཞུགས་པ་རྣམས་ལ་དེ་ལྟ་བུའི་རྣམ་འཕྲུལ་མཛད་ནས་གསུངས་སོ། །དེ་ཁོ་ན་གཙོ་བོ་ཡིན་པའི་ཕྱིར་འདི་ཁོ་ན་བསྒོམ་པར་རིགས་སོ། །དེ་ལྟར་ཡིན་པར་ཀྱང་འོག་ནས། ཕྱག་ནི་བཅུ་དྲུག་ཞལ་བརྒྱད་པ། །ཞེས་གསུངས་པས་ཤེས་པར་ནུས་སོ། །སློབ་དཔོན་གཞན་དག་ནི་དཔལ་ཧེ་རུ་ཀ་དང་བདག་མེད་མ་ནི་མཚོན་པ་ཙམ་དུ་ཟད་ཀྱི། དེས་མཚོན་ནས་ལྷའི་རྣལ་འབྱོར་གཞན་ཡང་བཟུང་ངོ༌། །དྲོད་དེ་དག་དང་སྔགས་ལ་སོགས་པའི་ནུས་པ་ལས་བྱུང་བ་ལྟ་བུ་མ་ཡིན་ཏེ། རང་གི་སེམས་ཀྱི་མཐུ་ཞེས་བྱའོ། །དེ་ལ་ཕན་འདོགས་པ་རྗེས་སུ་བཟུང་བ་དང༌། གནོད་པ་བྱ་བ་ཚར་བཅད་པ་གཉིས། གང་རུང་གཅིག་ནུས་ན་འབྲིང་ཡིན་ལ། གཉིས་ཀ་ནུས་ན་ཆེན་པོའོ། །དེ་ཁོ་ན་ཉིད་ཀྱི་སེམས་ཀྱི་མཐུ་ཡོད་པ་རྣམས་ཀྱིས་སྤྱད་ན་ངུ་འབོད་དུ་མི་འགྱུར་ལ། དེ་ལྟར་མ་ཡིན་ན་འགྱུར་རོ། །དཔལ་གསང་བ་འགྲུབ་པ་ལས། དཔེར་ན་སྐྱེས་བུ་ལ་ལ་ཞིག །སྨན་དང་སྔགས་སོགས་མི་འཛིན་པར། །དུག་སྦྲུལ་མགོ་ལ་འཇུ་བྱེད་པ། །གཤིན་རྗེའི་ཁར་འགྲོ་ཁོ་ནར་ཟད། །དེ་བཞིན་དེ་ཉིད་མེད་བཞིན་དུ། །ངོ་མཚར་ཆེ་བ་ལྟར་བྱེད་པ། །ཇི་སྲིད་ནམ་མཁའ་གནས་ཀྱི་བར། །ཤི་བའི་འོག་ཏུ་དམྱལ་བར་འགྲོ། །ཞེས་པ་ལྟ་བུའོ། །གལ་ཏེ་སྤྱོད་པ་དེ་ལྟ་བུ་ལ་གནས་ཀྱང་སྡིག་པ་ལ་སོགས་པ་མ་དག་པར་འགྲུབ་པར་མི་འགྱུར་རོ་སྙམ་ན། དེ་དག་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །ཞེས་རྒྱུད་ཀྱི་ཆེ་བ་བསྟན་པའི་ཕྱིར། མཚམས་མེད་ལྔ་ནི་བྱེད་པ་དང༌། །ཞེས་གསུངས་སོ། །མཚམས་མེད་ལྔ་ནི། ཕ་དང༌། མ་དང༌། དགྲ་བཅོམ་པ་གསོད་པ་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང༌། དགེ་འདུན་གྱི་དབྱེན་བྱེད་པའོ། །མ་རུང་བའི་ལས་བྱེད་པ་ཞེས་བྱ་བ་ནི་དེ་དང་ཉེ་བ་ལྔ་བྱེད་པ་སྟེ། དགྲ་བཅོམ་པ་སུན་བྱུང་བ་དང༌། བྱང་ཆུབ་སེམས་དཔའ་ངེས་གནས་པ། །སློབ་པ་གསོད་དང་དགེ་འདུན་གྱི། །འདུ་བའི་སྒོ་ནི་འཕྲོག་པ་དང༌། །མཚམས་མེད་པ་དང་ཆ་འདྲ་སྟེ། །ལྔ་པ་མཆོད་རྟེན་འཇིག་པ་ཡིན། །ཞེས་པའོ། །དཔལ་གསང་བ་འདུས་པ་ལས། གདོལ་པ་སྨྱིག་མ་མཁན་ལ་སོགས། །གསོད་དོན་དུ་ནི་སེམས་པ་པོ། །དེ་རྣམས་ཀྱིས་ཀྱང་ཐེག་པ་ཡི། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། །ཞེས་གསུངས་སོ། །ཟླ་བ་གཅིག་ཏུ་ཞེས་པ། ཐོག་མ་ཁོ་ནར་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་གནས་པས་དྲོད་ཆུང་ངུ་ཐོབ་པར་བྱའོ། །དེ་ནས་བདག་གི་རྟོག་པ་དེ་བརྟན་ནམ་མི་བརྟན་བརྟག་པའི་ཕྱིར། ཉིན་མོ་ཟླ་དང་མཐུན་པའི་སྤྱོད་པ་བྱས་ལ། མཚན་མོ་ཀུན་འདར་གྱི་སྤྱོད་པ་བྱའོ། །དེས་རྟོག་པ་དེ་ལ་གནོད་པར་འགྱུར་ན་སླར་བསྡུས་ལ་བསྒོམ་པ་ལ་འབད་དོ། །རྟོག་པ་ལ་མི་གནོད་ན་དྲོད་ཆུང་ངུ་ཐོབ་པར་ངེས་པ་ཡིན་པས། རང་གི་ཡུལ་སྤངས་ཏེ་བརྟུལ་ཞུགས་ཀྱི་སྨྱོན་སྤྱོད་འཇིག་རྟེན་པའི་མངོན་དུ་སྤྱད་དེ། ཇི་སྲིད་དྲོད་འབྲིང་པོ་ཐོབ་པའི་བར་ཡིན་གྱི་འདི་ལ་ངེས་པ་མེད་དོ། །དྲོད་འབྲིང་པོ་ཐོབ་ནས་ཀུན་ཏུ་བཟང་པོའི་སྤྱོད་པ་ཟླ་བ་གཅིག་ཏུ་གསང་ལ་སྤྱད་དོ། །དང་པོ་ནས་གོམས་པའི་ཕྱག་རྒྱ་དང་ལྡན་པ་རྣམས་ལ་ནི་ལུང་བསྟན་པ་འདི་མི་དགོས་སོ། །ལྷག་མ་རྣམས་ནི་ཕྱག་རྒྱ་མ་རྙེད་ཀྱི་བར་དེ་སྲིད་དུ་བྱའོ། །ཕྱག་རྒྱ་ལ་བསྔགས་པ་དེ་སྙེད་ཅིག་གིས་ཅི་བྱ་སྙམ་ན། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ནི་ཕྱག་རྒྱ་མ་ལ་བརྟེན་པའི་ཕྱིར། རྡོ་རྗེ་གུར་ལས། མི་ཡི་ཕྱག་རྒྱ་བླངས་ནས་ནི། །དེ་ལ་ཆོས་ནི་རབ་ཏུ་དབྱེ། །དེ་དང་ལྷན་ཅིག་དངོས་གྲུབ་འགྱུར། །ཕྱག་རྒྱའི་དངོས་གྲུབ་ཅེས་སུ་གྲགས། །ཞེས་གསུངས་ལ། དང་པོ་དབང་དུས། བར་དུ་ལམ་དུས། ཐ་མ་འབྲས་བུ་མངོན་དུ་བྱེད་པའི་དུས། ཞེས་བྱ་བ་གསུམ་ལས། གསང་སྔགས་རྣལ་འབྱོར་ཆེན་པོ་འདོད་ཆགས་ཀྱི་སྤྱོད་པས་སེམས་ཅན་རྗེས་སུ་འཛིན་པ་རྣམས་ལ་ནི། དུས་གསུམ་ཀར་ཕྱག་རྒྱ་བསྟེན་པ་དང༌། དང་པོ་དང་ཐ་མར་བསྟེན་ལ་བར་དུ་མི་བསྟེན་པ་དང༌། བར་དང་ཐ་མར་བསྟེན་ལ་དང་པོར་དངོས་སུ་མི་བསྟེན་པ་དང༌། དང་པོ་དང་བར་པ་གཉིས་ཀ་ལ་ཡེ་ཤེས་ཀྱི་ཕྱག་རྒྱ་ཙམ་ལས་དངོས་སུ་མི་བསྟེན་ལ། ཐ་མར་དངོས་སུ་བསྟེན་པ་ཞེས་བྱ་བ་སྟེ། ཕྱག་རྒྱ་མ་བསྟེན་པར་འདོད་ཆགས་མི་སྤང་བའི་ཕྱིར། ཕྱག་རྒྱའི་རྣལ་འབྱོར་ལ་བསྔགས་པ་བྱས་སོ། །བདག་དང་རྟོགས་པ་མཉམ་པའི་ཐབས་རྙེད་ན་ནི་རྒྱུད་གཉིས་ཅིག་ཅར་གྲོལ་བར་འགྱུར་ལ། གལ་ཏེ་མ་རྙེད་ན་ནི་རང་གི་ལུས་ཐབས་སུ་བསྒྱུར་ལ་བྱའོ། །ཞེས་པ་ནི། བུད་མེད་གཟུགས་ནི་སྤངས་ནས་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་ཕྱག་རྒྱ་བསྟེན་པས་དངོས་གྲུབ་ཏུ་འགྱུར་ན་སོ་སོ་སྐྱེ་བོ་ཕལ་པ་ཆུང་མ་ཅན་ཇི་སྙེད་ཅིག་མཐོང་ངོ་སྙམ་ན། དེ་དག་ནི་གསལ་བར་ནུས་པ་མ་ཡིན་ནོ། །རྣལ་འབྱོར་བ་ནི་གསལ་བར་ནུས་པ་ཞེས་བྱ་སྟེ། དྲོད་འབྲིང་དང་ཆེན་པོ་ཐོབ་པས། འཇིག་རྟེན་པའི་སྔོན་དུ་མི་མོས་པ་བཟློག་པ་དེས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་རོ། །བདེ་བར་གཤེགས་པ་རྣམས་ནི་སྐུ་གསུམ་གྱི་བདག་ཉིད་ཡིན་ལ། དེ་ཐོབ་པར་བྱ་དགོས་པས། རྫོགས་རིམ་གྱིས་ནི་རྣམ་པར་མི་རྟོག་པ་ཙམ་ཞིག་ཐོབ་པར་འགྱུར་གྱི། གཟུགས་སྐུ་ནི་ཐོབ་པ་མ་ཡིན་ཏེ། དེ་ནི་བསྐྱེད་པའི་རིམ་པ་ཁོ་ནས་ཐོབ་པར་འགྱུར་རོ། །དེ་ཡང་རྒྱུའི་རྡོ་རྗེ་འཆང་ནི་ཆོ་སྐུ་ཡིན། འབྲས་བུ་རྡོ་རྗེ་འཆང་ལོངས་སྤྱོད་རྫོགས་པའི་སྐུ་ནི་ཞིང་ཁམས་དག་པ་བདེ་བ་ཅན་ན་བཞུགས་སོ། །དེ་བས་ན་ཆོས་ཀྱི་སྐུ་དེ་ཡང་ལོངས་སྤྱོད་རྫོགས་པའི་སྐུའི་ཐུགས་ཡིན་པས་དེ་ལ་བརྟེན་ནོ། །ཆོས་ཀྱི་སྐུ་འདི་ནི་དམིགས་པ་ཐམས་ཅད་ལས་གྲོལ་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱང་རང་བཞིན་གྱིས་རྣམ་པར་དག་པའོ། །རང་བཞིན་གྱིས་དག་ན་ལམ་དོན་མེད་པར་འགྱུར་སྙམ་ན། མ་ཡིན་ཏེ་བག་ཆགས་ཕལ་པ་གློ་བུར་གྱི་དྲི་མས་བསྒྲིབས་པའོ། །སྤྱིའི་དོན་ཏོ། །ལེའུ་གཉིས་པའོ། །ལེའུ་གསུམ་པ་ཕྱག་རྒྱ་ཆེན་པོའི་དབང་བསྐུར་བའི་རིམ་པའི་ཆེ་བ་དང་བཅས་པ་ཤེས་པར་བྱ་བའི་ཕྱིར་ལེའུ་གཉིས་པའི་རྗེས་ལ་གསུངས་སོ། །དེ་ཡང་དབང་བཞིས་གྲངས་ངེས་པ་བཞིན་དགའ་བ་ཡང་གྲངས་ངེས་ཏེ། གོ་རིམ་ཀྱང་འདྲ་སྟེ་སྔ་མ་ལ་མ་ལྟོས་པར་དབང་བསྐུར་དུ་མི་དབང་བ་བཞིན། དགའ་བ་ཡང་སྔ་མ་སྔ་མ་ལ་མ་ལྟོས་པར་སྐྱེ་བར་བལྟས་པས་སྐྱེ་བར་མི་འགྱུར་རོ། །ཤེས་རབ་ལ་བརྟེན་ཏེ་ཡེ་ཤེས་སྐྱེ་བ་དེ་དབང་གསུམ་པ་ཡིན་ལ། དེ་དབང་གི་དངོས་གཞི་ཡིན་ལ། དེ་ཉིད་ཀྱི་ཡེ་ཤེས་དེ་ཡང་བཞི་པ་ཡིན་ལ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཐར་ཕྱིན་པའོ། །སྤྱིའི་དོན་ཏོ། །ཡུལ་དྲུག་ཅེས་པ་ནི། མིག་གི་ཡུལ་དུ་གྱུར་པས་ན་གཟུགས། རྣ་བའི་ཡུལ་དུ་གྱུར་པས་སྒྲ། སྣའི་དབང་པོ་གཟུང་བས་དྲི། དེ་ལ་ཞིམ་པ་དང༌། མི་ཞིམ་པ་དང༌། གཉིས་ཀ་མ་ཡིན་པ་དང༌། ལྷན་ཅིག་སྐྱེས་པ་དང༌། ཡང་དག་པར་སྦྱང་བ་དང༌། ཡོངས་སུ་གྱུར་པ་ལས་བྱུང་བའོ། །ལྷན་ཅིག་སྐྱེས་པ་ནི་ཙནྡན་ལ་སོགས་པའོ། །སྦྱར་བ་ནི་སྦྱར་སྤོས། ཡོངས་སུ་གྱུར་པ་ནི་འབྲས་བུ་སྨིན་པའོ། །རོ་ནི་ལྕེའི་དབང་པོས་བཟུང་ཞིང་མྱང་བ་སྟེ་དྲུག་གོ །དེ་ཡང་ཁ་བ་དང༌། སྐྱུར་བ་དང༌། ཚ་བ་དང༌། བསྐ་བ་དང༌། མངར་བ་དང༌། ལན་ཚྭའོ། །རེག་བྱ་ནི་ལུས་ཀྱི་དབང་པོའི་གཟུང་བྱ་སྟེ། དེ་ཡང་དུ་མ་སྟེ། འཇམ་པ་དང༌། རྩུབ་པ་དང༌། ལྕི་བ་དང༌། ཡང་བ་དང༌། ལྷོད་པ་དང༌། གྲང་བ་དང༌། ཚ་བ་ལ་སོགས་པའོ། །དབང་པོ་དྲུག་ནི། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་རྣམས་སོ། །དེ་ལ་མིག་གི་རྣམ་པར་ཤེས་པ་ཡང་དག་པར་གནས་པས་གཟུགས་གསལ་བ་ནི་མིག་གི་དབང་པོའོ། །རྣ་བའི་རྣམ་པར་ཤེས་པ་ཡང་དག་པར་གནས་པས་སྒྲ་གསལ་བ་ནི་རྣ་བའི་དབང་པོའོ། །དེས་འགྲེའོ། །ཡུལ་དང་ཡུལ་ཅན་དེ་དག་གིས་སེམས་ཅན་སྐྱེ་བའི་སྐབས་འབྱེད་ཅིང་རྒྱས་པར་བྱེད་པའི་ཕྱིར། སྐྱེ་མཆེད་བཅུ་གཉིས་ཏེ། གཟུགས་ཀྱི་ཕུང་པོ་དང༌། ཚོར་བའི། འདུ་ཤེས་ཀྱི། འདུ་བྱེད་ཀྱི། རྣམ་པར་ཤེས་པའི་ཕུང་པོའོ། །དེ་ཡང་མཉེན་པ་དང་སྲ་བ་ནི་རེག་པའི་གཟུགས་སོ། །སྔོན་པོ་དང་སེར་པོ་ལ་སོགས་པ་ནི་བསྟན་དུ་ཡོད་པའི་གཟུགས་སོ། །ཚོར་བ་ནི་དགེ་སྡིག་གི་རྣམ་པར་སྨིན་པའི་འབྲས་བུ་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བའོ། །འདུ་ཤེས་ནི་གང་མིག་གིས་མཐོང་བ་དང༌། རྣ་བས་ཐོས་པ་དང༌། རང་གིས་གང་བརྗོད་པ་དང༌། རྣམ་པར་ཤེས་པས་གང་སོ་སོར་ཉམས་སུ་མྱོང་བ། འདུ་བྱེད་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་དེ། དགེ་བ་དང་མི་དགེ་བའི་གནས་སྐབས་གང་ལ་ཡང་སེམས་རབ་ཏུ་སྤྱོད་པའོ། །རྣམ་པར་ཤེས་པ་ནི། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་རྣམ་པར་ཤེས་པའོ། །ཁམས་བཅོ་བརྒྱད་ནི། དབང་པོ་དྲུག ཡུལ་དྲུག རྣམ་པར་ཤེས་པ་དྲུག་སྟེ། དེ་དག་ནི་ཁམས་བཅོ་བརྒྱད་དོ། །རྣལ་འབྱོར་མ་རྣམས་གོ་བྱའི་ཕྱིར། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་འདི་དག་འཁོར་བའི་ཆོས་ཏེ། འདི་རྣམས་རྣམ་བར་དག་པ་རྣམས་ལ་བྱང་ཆུབ་འགྲུབ་པར་འགྱུར་ཏེ། ཡང་འདི་རྣམས་མ་བཟུང་བར་མི་འགྲུབ་བོ། །ལེའུ་གསུམ་པའོ། །ལེའུ་བཞི་པ་འདིས་སྔར་བསྟན་པ་རྣམས་ཀྱི་ཐེ་ཚོམ་གྱི་གནས་རྣམས་གཅོད་པར་བྱེད་པས་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པས་བརྟག་པ་དང་པོའི་ལེའུའི་དོན་དྲིས་པའོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པས་ལན་སྟོན་པ་ལས། རྡོ་རྗེའི་གླུ་དང་གར་དང་དེ་དག་གི་རྣལ་འབྱོར་ཕན་ཡོན་དང་བཅས་པ་སྟོན། ལྷ་མོ་རྣམས་ཀྱི་ཕྱག་རྒྱ་དང་ས་བོན་གྱི་ངེས་པ་རྣམས་སྟོན་ཏོ། །སྡོམ་པ་དང་གཏོར་མ་དང་རིགས་ཀྱི་དབྱེ་བ་རྣམས་རྒྱས་པར་སྟོན་ཏོ། །སྤྱིའི་དོན་ཏོ། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་པ་འདི། འདིར་རང་བཞིན་གྱིས་སངས་རྒྱས་ཡིན་པ་ལ་དགོས་ཏེ། དེ་སྐབས་སུ་མ་བབ་པ་ཡང་མ་ཡིན་ཏེ། འཁོར་ལོ་ལ་སྐུ་གསུམ་བཞག་པ་དང༌། ལུས་བདེ་བར་བཞག་པ་ལ་སོགས་པ་དེ་ཐམས་ཅད་ཆོས་མཐུན་པས་བཞག་པ་ཡིན་ལ། དེའི་དགོས་པ་ཡང་དེ་ལྟར་ཤེས་པས་ལམ་བསྒྲུབ་པ་ཡིན་ལ། དཔེར་ན་རྟོག་པ་ལ་སྣང་བའི་བསྐྱེད་རིམ་ལ་སྐུ་གསུམ་ཡེ་ཤེས་ལྔར་མོས་པ་ལྟ་བུའོ། །དེ་ལྟར་ལམ་དང་ཆོས་མཐུན་པར་བཞག་པ་ཡིན་པར་རྣལ་འབྱོར་མ་རྣམས་ཀྱི་ཤེས་པའོ། །དེ་ལྟར་ཡང་ལམ་ཐམས་ཅད་རང་གི་ལུས་ལ་ཚང་ན་སེམས་ཅན་རྣམས་མི་གྲོལ་བ་འདི་ཅིའི་རྒྱུ་སྙམ་ན། འོན་ཀྱང་གློ་བུར་དྲི་མས་བསྒྲིབས་ཏེ། དྲི་མ་ནི་གཟུང་འཛིན་ལ་སོགས་པའོ། །གློ་བུར་དྲི་མ་ནི་སེམས་ཉིད་རང་གི་ངོ་བོ་མེད་པས་བསལ་དུ་བཏུབ་པ་ཡིན་ཏེ། ཡང་དང་པོ་དག་ནས་སྐབས་སུ་མ་དག་པ་ཡང་མ་ཡིན་པས། དེས་ན་གློ་བུར་བ་དེ་ཐབས་འདིས་བསལ་ན་འཚང་རྒྱ་བ་ཡིན་ནོ། །གལ་ཏེ་འདིར་གཏོར་མས་འབྱུང་པོ་ཐམས་ཅད་མཆོད་པར་བྱེད་ན་ཞེས་པ། བདག་རྡོ་རྗེ་སེམས་དཔར་ཁས་འཆེ་ནས་འཇིག་རྟེན་པའི་ལྷ་ལ་མཆོད་ན་རྒྱལ་པོ་དམ་ངོས་ཀྱི་སྤྱོད་པ་བྱེད་པ་དང་འདྲའོ་སྙམ་ན། དེ་ནི་འཇིག་རྟེན་པའི་ལྷ་ལ་སྐྱབས་གནས་སམ་མཆོག་ཏུ་འཛིན་པ་ལ་དགོངས་ཀྱི། འདིའི་གཙོ་བོ་རྣམས་ནི་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཡིན་ལ། དེའི་འཁོར་དུ་གཏོགས་པ་རྣམས་ནི་སྙིང་རྗེའི་མགྲོན་ཡིན་པས་འགལ་བ་ཅི་ཡོད། རྣལ་འབྱོར་ཆེན་པོའི་ལུགས་ཀྱི་དེ་དག་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་དག་ཏུ་བསྒྱུར་ནས་མཆོད་པ་བྱེད་པ་ཡིན་ན། ཐ་མལ་གྱིས་བྱེད་པ་ནི་རྣལ་འབྱོར་པ་ལ་ནམ་ཡང་བཀག་པས་འགལ་བ་མེད་དོ། །སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་རྣམས་ནི་ལེགས་པར་གསུངས་པ་ཡིན་ན། འགལ་བར་མཐོང་བ་རྣམས་ནི་རང་གི་བློ་རྟོག་གི་སྐྱོན་ཡིན་ནོ། །ལེའུ་བཞི་པའོ། །ལེའུ་ལྔ་པ་འདི་ཉིད་བརྟག་པ་དང་པོར་དཔལ་ཧེ་རུ་ཀའི་མངོན་པར་འབྱུང་བ་ལེའུ་གསུམ་པ་དང་བརྒྱད་པའི་མ་ཚང་བ་ཁ་སྐོང་བར་བྱེད་དོ། །གསུང་མངོན་པར་འབྱུང་བ་ཕྲེང་བའི་སྔགས་དང༌། དབང་མངོན་པར་འབྱུང་བ་ལེའུ་བཅུ་པར་མ་ཚང་བ་ཁ་སྐོང་བར་བྱེད་དེ། དཀྱིལ་འཁོར་དང༌། བུམ་པ་དང༌། སློབ་མ་འཇུག་པ་རྣམས་སོ། །སྤྱིའི་དོན་ཏོ། །གཞལ་ཡས་ཁང་བསྐྱེད་པ་དང༌། ལྷ་བསྐྱེད་པ་དང༌། གདན་བསྟན་པའོ། །དང་པོ་ནི་འཁོར་ལོ་ཞེས་པ། བསོད་ནམས་ཀྱི་ཚོགས་བསག་པ་དང༌། སྟོང་པ་ཉིད་བསྒོམ་པ་དང༌། སྲུང་བའི་འཁོར་ལོ་བསྒོམ་པ་དང༌། ཆོས་འབྱུང་དང་འབྱུང་བ་རིམ་བརྩེགས་གྱུར་པ་ལས་བསྐྱེད་པའི་བར་ནི། ཡན་ལག་དང་པོ་རྣམ་པར་སྣང་མཛད་ཀྱི་ཡན་ལག་གོ །ཡན་ལག་གཉིས་པ་ལ། རྒྱུའི་རྡོ་རྗེ་འཆང་དང༌། འབྲས་བུ་རྡོ་རྗེ་འཆང་དང༌། ལྷ་མོ་དབྱུང་བ་དང༌། རྡོ་རྗེ་འཆང་ཞུ་བ་དང༌། དེ་ལ་གླུས་བསྐུལ་བ་དང༌། བཞེངས་པའི་མཚན་ཉིད་དང༌། ལྷ་མོའི་ས་བོན་དང༌། འབྲས་བུ་ས་བོན་ལས་བཞེངས་པའི་ཚུལ་དང༌། ལྷ་མོའི་སྐུ་མདོག་ཕྱག་མཚན་བསྟན་པའོ། །ཡན་ལག་གཉིས་པ་རྡོ་རྗེ་སེམས། །དབང་ནི་མི་བསྐྱོད་དེ་བཞིན་གཤེགས། །བདུད་རྩི་མྱང་བ་འོད་དཔག་མེད། །མཆོད་པ་དོན་ཡོད་གྲུབ་པ་སྟེ། །བསྟོད་པ་རིན་ཆེན་འབྱུང་ལྡན་དཔལ། །ཇི་སྲིད་སྐྱོ་བར་མ་གྱུར་པ། །དེ་སྲིད་དུ་ནི་རབ་ཏུ་སློབས། །སྐྱོ་བ་ངག་གི་བཟླས་པ་དང༌། །དག་པ་རྗེས་སུ་དྲན་པར་བྱ། །སློབ་དཔོན་རྡོ་རྗེའི་གླུ་བླངས་ཏེ། །སྤྱོད་ལམ་ལྷ་ཡི་ང་རྒྱལ་གྱིས། །བྱ་ཞིང་མཚན་མ་རྙེད་གྱུར་ནས། །རྫོགས་པའི་རིམ་པ་འདོད་པར་བསྒོམ། །དེ་དག་ནི་འདིར་ཁ་བསྐང་བའི་ཚིགས་སུ་བཅད་པ་སྟེ། རྒྱས་པར་ནི་བཤད་པའི་རྒྱུད་ཀྱི་དགོངས་པ་བསྐང་བའི་སྒྲུབ་ཐབས་ཡན་ལག་དྲུག་པར་ཤེས་པར་བྱའོ། །ལེའུ་ལྔ་པའོ། །ལེའུ་དྲུག་པར་ལུས་ལ་བཏབ་པའི་ཕྱག་རྒྱ་ལྔའི་དགོས་པ་དང༌། ལས་དང་པོ་པ་རྣམས་ལ་བྲིས་སྐུ་ལ་བརྟེན་ཏེ་དངོས་གྲུབ་འགྲུབ་པའི་ཆོ་ག་བསྟན་ཏོ། །སྤྱིའི་དོན་ཏོ། །རབ་ཏུ་བཞད་ནས་ཞེས་པ། བྲིས་སྐུ་ནི་ལས་དང་པོ་པ་ལྷ་གསལ་བའི་ཡན་ལག་ཏུ་འགྱུར་བ་ཡིན་ལ། འོན་ཀྱང་བྲིས་སྐུ་ནི་བྱ་བ་དང་སྤྱོད་པའི་རྒྱུད་དུ་གསུངས་ལ། འདི་ནི་མཆོག་ཏུ་གྱུར་པའི་རྒྱུད་ཡིན་པས། བྲིས་སྐུས་ཅི་བྱ་སྙམ་ན། ཨེ་མ་ཧོ་རྒྱུད་ཀྱི་དགོངས་པས་ཕྱོགས་གཅིག་ཏུ་བཟུང་བས་ནོངས་ཏེ་རྒྱུད་རེ་རེས་ནི་གང་ཟག་བསམ་གྱིས་མི་ཁྱབ་པའི་ལམ་སྟོན་པར་བྱེད་པ་ཡིན་ན། འདི་ལ་མཆོད་པ་བྱས་པས་ཀྱང་ཚོགས་ཡོངས་སུ་རྫོགས་ལ། དེའི་སྤྱན་སྔར་དངོས་གྲུབ་ཀྱང་འགྲུབ་པར་འགྱུར་རོ། །དཔལ་གསང་བ་འདུས་པ་ལས་ཀྱང༌། ལུས་དང་ངག་སེམས་མཆོད་པ་ཡིས། །ནན་ཏན་དུ་ནི་མཆོད་པར་བྱ། །ཞེས་པ་དང༌། རྡུལ་ཚོན་གྱིས་བྲིས་པ་དང༌། རས་ལ་བྲིས་པ་ཁྱད་པར་ཅི་ཡོད་ན། ལས་ཆུང་བས་རས་ལ་བྲིས་པ་འདི་ཉིད་མཆོག་གོ །བྲིས་སྐུ་ལ་སྨད་ན་བསྐྱེད་རིམ་ལ་སྨད་དོ། །དེ་ན་གང་ལ་ཡང་འགལ་བ་མེད་དོ། །ལེའུ་དྲུག་པའོ།།  །།ལེའུ་བདུན་པར་སྐུ་རྡོ་རྗེའི་དམ་ཚིག་བྲིས་སྐུ་གསུངས་ཀྱང༌། གསུང་རྡོ་རྗེའི་དམ་ཚིག་མ་གསུངས་པ་དང༌། བརྟག་པ་དང་པོར་ལེའུ་བདུན་པ་དང་བཅུ་པ་དང༌། གསུམ་པ་དང་བཞི་པ་དང་ལྔ་པ་དང་དྲུག་པ་རྣམས་སུ་ཚོགས་ཀྱི་བཟའ་བ་དགོས་ཀྱང་བཟའ་བའི་ཚུལ་མ་གསུངས་པས་དེ་དག་ཁ་བསྐང་བའོ། །ལས་དང་པོ་པ་རྣམས་ལ་གླེགས་བམ་གྱི་ཆོ་ག་སྟོན་ཏོ། །སྤྱིའི་དོན་ཏོ། །ལེའུ་བདུན་པའོ།།  །།ལེའུ་བརྒྱད་པར་ཕྱག་རྒྱ་ཆེན་པོའི་རྟེན་པདྨ་ཅན་ཡིན་པའི་མཚན་ཉིད་བསྟན་ཏེ། ལས་འབྲས་བུ་དང་བཅས་པའི་ཕྱིར་སྨོན་ལམ་གདབ་བོ། །དེ་ནས་ལྷ་མོ་དེ་དགྱེས་ནས་ཞེས་བྱ་བ་ལ་སོགས་པས། རྒྱུད་སྦྱང་བ་མ་བྱས་པའི་གདུལ་བྱ་གདུལ་དཀའ་བ་རྣམས་ཀྱི་འདུལ་བའི་ཐབས་སྟོན་ཏོ། །དེའི་དོན་ནི་འདི་ཡིན་ཏེ། སློབ་དཔོན་བློ་གྲོས་ཆེན་པོ་སློབ་མའི་བསམ་པ་ཤེས་ཤིང༌། རྗེས་སུ་མཐུན་པའི་ཆོས་སྟོན་ནུས་པ་ནི། གཞན་གྱི་དོན་བྱེད་པ་ལ་དབང་བས། དེས་གསོ་སྦྱོང་ལ་སོགས་པ་གང་ལ་གང་འདུལ་འདི་དག་བསྟེན་པར་བྱའོ། །དེ་ཁོ་ན་ཉིད་ལ་འཇུག་པ་ལས་ཀྱང༌། བླ་མས་སློབ་མའི་བསམ་ཤེས་ནས། །རྗེས་སུ་སྟོན་པར་བྱེད་པ་གང༌། །དེ་ནི་སློབ་དཔོན་ཉིད་ཡིན་གྱི། །གཞན་དང་སློབ་མ་བསྡུ་འོས་མིན། །ཞེས་གསུངས་སོ། །གལ་ཏེ་རྣལ་འབྱོར་ཆེན་པོའི་རྒྱུད་འདིར། དབང་ལ་སོགས་པའི་ཐབས་ཁོ་ནས་ཆོག་གི གསོ་སྦྱོང་ལ་སོགས་པས་ཅི་བྱ་སྙམ་ན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གང་ཡང་མི་འདོར་བ་ཡིན་ན། དེ་ལ་ཐབས་སྣ་ཚོགས་དགོས་ཀྱི། བཞི་བརྒྱ་པ་ལས། ཐབས་རིགས་སྣ་ཚོགས་ཐབས་ཀྱིས་ནི། །མ་རྟོགས་སེམས་ཅན་རྟོགས་པར་བྱེད། །ཅེས་སོ། །དེ་ལྟར་སློབ་དཔོན་བློ་གྲོས་ཆེན་པོ་དེ་ལ་འགའ་ཞིག་སློབ་དཔོན་དུ་གསོལ་བ་འདེབས་ན། དེ་ལ་སླར་ལེགས་པར་དྲིས་ལ་དེའི་བསམ་པ་རྟོགས་པར་བྱའོ། །གལ་ཏེ་བློ་ཆེ་བ་ཞིག་ཡིན་ལ་དེ་ལ་ཐེག་པ་མཆོག་སྦྱིན་པར་བྱའོ། །རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ། །ཐེག་པ་དམན་ལ་སྦྱར་མི་བྱ། །ཞེས་སྤྱོད་འཇུག་ལས་སོ། །གལ་ཏེ་བློ་དམན་པར་མཐོང་ན། དེའི་བློ་རྒྱ་བསྐྱེད་པའི་ཕྱིར་རིམ་གྱིས་སྦྱངས་ཏེ་ཅིག་ཅར་དུ་མི་བསྟན། དེ་སྐྱོན་དུ་འགྱུར་བས། ལང་ཀར་གཤེགས་པ་ལས། རང་གི་སེམས་སྣང་བའི་རྒྱུད་རིམ་གྱིས་དག་པར་འགྱུར་གྱི། ཅིག་ཅར་གྱིས་མ་ཡིན་ནོ། །ཞེས་གསུངས་སོ། །ཡང་བློ་གྲོས་རྒྱ་ཆེན་པོ་རྣམས་ལ་ཡང་སྒྲོ་འདོགས་གཅད་པ་དང༌། གཞན་གཟུང་བའི་དོན་དུ་དེ་དག་ལ་སྤྱད་པར་བྱའོ། །དེ་ལ་གསོ་བ་ནི་དགེ་བའི་ས་བོན་གསོ་ལ། །སྦྱོང་བ་ནི་སྡིག་པ་སྦྱོང་བ་སྟེ། འདི་ནི་ཚེ་འདི་འབའ་ཞིག་ཙམ་དུ་དོན་དུ་གཉེར་ཞིང༌། མཐོ་རིས་ཙམ་ལས་འདོད་པ་མེད་པ་རྗེས་སུ་གཟུང་བའོ། །དེ་ལ་གསོ་སྦྱོང་སྟེར་བ་ལ་སྐྱབས་སུ་འགྲོ་དགོས་ཏེ། གཞན་ལ་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་མཛོད་ལས་སོ། །སྐྱབས་འགྲོ་སྐྱེ་བ་ལ་རང་འཇིགས་པ་དང༌། དཀོན་མཆོག་གི་ཡོན་ཏན་དྲན་དགོས་སོ། །དེ་ལ་ཚེ་འདི་དོན་མེད་པ་དང༌། འཆི་བའི་འཇིགས་པ་དང༌། ངན་སོང་གི་འཇིགས་པ་བཤད་དོ། །དེའི་རྗེས་ལ་དཀོན་མཆོག་གི་ཡོན་ཏན་མདོར་བསྡུས་པ་ཙམ་དྲན་པར་བྱའོ། །དེ་ལ་འཇིགས་པ་ལས་སྐྱོབ་པར་འདོད་པས་སྐྱབས་འགྲོ། མཐོ་རིས་ཐོབ་པའི་རྒྱུ་གསོ་སྦྱོང་སྦྱིན་ཏེ། བཤེས་པའི་སྤྲིངས་ཡིག་ལས། གསོ་སྦྱོང་འདོད་སྤྱོད་ལྷ་ལུས་ཡིད་འོང་བ། །སྐྱེས་པ་བུད་མེད་དག་ལ་སྩོལ་བར་བགྱི། །ཞེས་སོ། །འདི་ཡན་ལག་བརྒྱད་དང་ལྡན་པ་སྟེ། མཛོད་ལས། ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །བཞི་གཅིག་དེ་བཞིན་གསུམ་རིམ་བཞིན། །དེས་དྲན་ཉམས་པ་དྲེགས་པར་འགྱུར། །ཞེས་སོ། །དེ་རྗེས་བསླབ་པའི་གནས་བཅུ་སྦྱིན། །ཞེས་པ། ནུས་པ་བཅུ་ཡིན་ལ། མ་ནུས་ན་སྣ་གཅིག་སྤྱོད་པ་དང༌། སྣ་འགའ་སྤྱོད་པ་དང༌། ཕལ་ཆེར་སྤྱོད་པ་དང༌། ཡོངས་སུ་རྫོགས་པའི་དགེ་བསྙེན་གྱི་བར་རོ། །བཅུ་གང་ཞེ་ན། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང༌། །མི་ཚངས་སྤྱོད་བརྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང༌། །དུས་མིན་ཁ་ཟས་དངུལ་ལས་ལྡོག་བྱེད་པ། །ཡན་ལག་བཅུ་ནི་དགེ་ཚུལ་སྡོམ་པ་ཡིན། །ཡང་ན་མི་དགེ་བཅུ་པོ་མཐའ་དག་བསྡམས་པ་ལ་བྱའོ། །དེ་ལྟར་ལྡོག་པའི་ཚུལ་ཁྲིམས་དང༌། འཇུག་པའི་ཚུལ་ཁྲིམས་ལ་ལེགས་པར་གནས་ནས། དེའི་འོག་ཏུ་ཤེས་རབ་རྣམ་པ་གསུམ་བསྐྱེད་པར་བྱ་སྟེ། ཇི་སྐད་དུ། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱར། །ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉིས་ཀ་དོན་ཡུལ་ཅན། །ཞེས་སོ། །དེ་བས་ན་དེ་ལ་བྱེ་བྲག་སྨྲ་བ་བསྟན་ཞེས་བྱ་སྟེ། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཉིད་དོ། །མདོ་སྡེ་ཐམས་ཅད་ཀྱང་དྲང་དོན་དུ་བྱས་ནས་བསྟན་བཅོས་ཚད་མར་བྱེད་པའོ། །དེ་དག་ནི་ཐོས་བསམ་གྱི་ལྟ་བ་གཏན་ལ་འབེབས་པའོ། །དེ་ནས་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་འཇུག་གོ །དེས་འབྲས་བུ་བྱང་ཆུབ་རྣམ་པ་གསུམ་དུ་འགྱུར་རོ། །ཞེས་བྱ་བ་དེ་ལྟ་བུ་ཡིན་ཏེ། འདིའི་གཞུང་ལུགས་ནི་མཐའ་ཡས་མོད་ཀྱི། གངས་ཅན་འདི་ན་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་ལུགས་ཙམ་སྟོན་པ་མཛོད་ཀྱི་ཚིག་ལེའུར་བཅས་པ་འདི་ཙམ་ལ་བརྟེན་ཏེ་ཤེས་པར་ནུས་སོ། །འདི་ནི་སངས་རྒྱས་པའི་གྲུབ་མཐའ་ཐམས་ཅད་ཀྱི་གཞི་མ་ལྟ་བུ་ཡིན་ནོ། །དེ་ཤེས་ནས་མདོ་སྡེ་པ་ཞེས་བྱ་བ་སྟེ། མདོའི་ཚིག་གི་བཤད་ཐབས་ནི། སློབ་དཔོན་དབྱིག་གཉེན་གྱིས། མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལེན་བཅས་ཏེ་བསྙེན་པར་བྱ། །ཞེས་རྣམ་པར་བཤད་པའི་རིགས་པ་ལས་གསུངས་པ་ལྟ་བུའོ། །མདོ་སྡེ་ཚད་མར་བྱེད་པས་སོ། །མདོ་ལུང་སྡེ་བཞི་པ་དང༌། དྲན་པ་ཉེར་གཞག་ལ་སོགས་པ་འགའ་ཙམ་ནི་ཉན་ཐོས་ཀྱི་གཞུང་ལུགས་ཡིན་ནོ། །ཉན་ཐོས་མདོ་སྡེ་པ་འདི་ནི་ཐེག་པ་ཆེན་པོ་ལ་ཉེ་བ་ཡིན་ནོ། །ཟབ་པ་དང་རྒྱ་ཆེ་བ་ལ་ལྷག་པར་མོས་པ་ཐེག་པ་ཆེན་པོའི་གང་ཟག་ཡིན་པས། དེ་ལ་རྣལ་འབྱོར་སྤྱོད་པ་བརྟེན་ཏེ། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་སྟོན་པ་སྟེ། དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པའི་མདོ་དང༌། ཐེག་པ་ཆེན་པོ་བསྡུས་པ་ལ་སོགས་པའི་བསྟན་བཅོས་རྣམས་ཡིན་ཏེ། འདི་ནི་ཐེག་པ་ཆེན་པོའི་གྲུབ་མཐའི་གཞི་ལྟ་བུ་ཡིན་ནོ། །དེའི་རྗེས་སུ་དབུ་མ་བསྟན། །ཞེས་པ། ཇི་ལྟར་སྣང་བ་ཐམས་ཅད་ཀུན་རྫོབ་ཙམ་སྟེ། རྟེན་ཅིང་འདྲེལ་བར་འབྱུང་བའི་ཕྱིར། མཐའ་ཐམས་ཅད་ལས་གྲོལ་བས་དབུ་མའོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། ལང་ཀར་གཤེགས་པ་ལ་སོགས་པའི་མདོ་དང༌། རིག་པའི་ཚོགས་དྲུག་ལ་སོགས་པའི་བསྟན་བཅོས་སོ། །དེ་ལྟར་ཐེག་པ་ཆེན་པོ་ཐུན་མོང་བ་བསྟན་པས། བྱང་ཆུབ་སེམས་དཔར་འགྱུར་ལ། རང་དང་གཞན་གྱི་དོན་མྱུར་དུ་འགྲུབ་པར་བྱ་བའི་ཕྱིར། གསང་སྔགས་ཀྱི་ལམ་སྟོན་ཏེ། དེ་ཡང་གཙང་སྦྲ་ལ་སོགས་པ་གཙོ་བོར་སྟོན་པ་བྱ་བའི་རྒྱུད་ཀྱི་ལམ་ལ་གཞུག དེ་ནི་ལེགས་པར་གྲུབ་པ་དང་དཔུང་པ་བཟང་པོ་ལ་སོགས་པའོ། །དེ་ནས་དང་པོར་གཙང་སྦྲ་ལ་སོགས་པ་སྨད་དེ་ཕྱིའི་བྱ་བ་དང༌། ནང་གི་ཏིང་ངེ་འཛིན་གཉིས་ཀ་ལ་མཉམ་པར་སྤྱོད་པས་སྤྱོད་པའི་རྒྱུད་དོ། །རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་དང༌། དམ་ཚིག་གསུམ་བཀོད་པ་དང༌། འཇམ་དཔལ་གསང་བའི་རྒྱུད་ལ་སོགས་པའོ། །དེ་ནས་ཕྱིའི་བྱ་བ་མཐའ་དག་དོར་ཏེ། ཏིང་ངེ་འཛིན་གཙོ་བོར་གྱུར་པ་སྔགས་དང་ཕྱག་རྒྱ་ཙམ་གྱིས་དངོས་གྲུབ་བསྒྲུབ་པ། རྣལ་འབྱོར་གྱི་རྒྱུད་དེ། དེ་ཁོ་ན་ཉིད་འདུས་པ་ལ་སོགས་པའོ། །དེ་ནས་ལག་པའི་ཕྱག་རྒྱ་ལ་སོགས་པ་དོར་ཏེ། ཏིང་ངེ་འཛིན་ཁོ་ན་གཙོ་བོར་བྱེད་པ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་ཐབས་ཟབ་མོ་མ་ཡིན་པ་དཔལ་གསང་བ་འདུས་པ་དང༌། བསྐྱེད་པའི་རིམ་པ་ཟབ་ཅིང་སྤྲོས་པ་རྒྱ་ཆེ་བ། བདེ་མཆོག་སྒྱུ་མ་སྟེ་རྣལ་འབྱོར་བླ་ན་མེད་པའི་རྩ་བའི་རྒྱུད་དེ་དག་ལ་བསླབ་པར་བྱའོ། །དེ་ལྟར་རྫོགས་པར་ཤེས་ནས་དེ་རྗེས་ཀྱེའི་རྡོ་རྗེ་བརྩམས་ཏེ། ཤིན་ཏུ་ཟབ་མོའི་བསྐྱེད་རྫོགས་ཀྱི་རིམ་པའི་ཐབས། སྟོང་ཉིད་སྙིང་རྗེ་རྟོགས་པར་བྱེད་པ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཕྱི་མའི་ཕྱི་མ་འདི་བསྟན་ཞེས་བྱ་བར་དགོངས་སོ། །འདིས་སེམས་ཅན་རིམ་གྱིས་འདུལ་བས་ན་འདུལ་བའི་ལེའུའོ། །ལེའུ་བརྒྱད་པའོ།།  །།ལེའུ་དགུ་པ་ཁ་སྦྱོར་ཞེས་བྱ་བས་གདུག་པ་ཅན་མི་ཐུལ་བ་ལ་དྲག་ཤུལ་གྱི་ལས་བསྟན། རྟོག་མེད་དངོས་གྲུབ་སྦྱིན་པ་པོ། །ཞེས་པས་སྔར་མ་བསྟན་པའི་རྣམ་པར་དག་པ་སྟོན་ཏོ། །བདག་མེད་མས་གསོལ་བ་ཞེས་བྱ་བ་ལ་སོགས་པས་སྔགས་བཏུ་བ་སྟོན་ཏོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པས་གང་ཟག་སྡིག་པ་རླབས་པོ་ཆེ་ལ་འཇུག་པ་མཐོང་ན་མཚོན་སྣུན་པར་བྱེད་པ་ལ། འདི་དེ་ལས་ཁྱད་པར་དུ་བསྟན་ཏེ། འོ་ན་དེ་ལྟར་གསོད་ན་མུ་སྟེགས་གསོད་པའི་མཆོད་སྦྱིན་བྱེད་པ་དང་ཁྱད་ཅི་ཡོད་སྙམ་ན། སྙིང་རྗེས་བསད་པ་ཞེས་སྨོས་ཏེ། མུ་སྟེགས་རྣམས་ནི་རང་དོན་བྱེད་པ་ཡིན་པས་བརྩེ་བ་དང་བྲལ་བ་ཡིན་ལ། འདིར་ཐེག་པ་ཆེན་པོ་པ། སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང༌། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་པས་འགྲུབ་བོ། །ཐབས་ལ་མཁས་པ་ནི་སྡིག་ཅན་དེ་ལ་དང་པོ་གསོལ་བ་གདབ་ཅིང་ཞི་བས་བཟློག དེས་ཀྱང་མ་ལྡོག་ན་བླ་མ་ལ་བདག་གིས་འདི་ལྟར་བགྱི་བའི་དུས་ལགས་སམ། ཞེས་ཞུ། གལ་ཏེ་བླ་མ་མི་བཞུགས་ན་བླ་མ་དང་སངས་རྒྱས་ཐམས་ཅད་དམིགས་པ་དེ་དག་ལ་གསོན་ཅིག་བྱས་ལ་གསོལ་བ་གདབ། དེས་རྗེས་སུ་གནང་བར་འགྱུར་རོ། །བདག་ལ་མི་མགུ་བ་མེད་པར་ཤིན་ཏུ་མ་ཚོར་བ་འདི་ནི་ཐབས་མཁས་པའོ། །ཆོ་ག་ནི་ཏིང་ངེ་འཛིན་གྱི་སྒོ་ནས་བསྒྲལ་པས་མི་བསྐྱོད་པའི་ཞིང་དུ་སྐྱེ་བར་འགྱུར་རོ། །བདག་ཧེ་རུ་ཀའི་རྣལ་འབྱོར་ལ་གནས་པས་མདུན་དུ་ཡྃ་དང་རྃ་ལས་རླུང་དང་མེའི་སྦྱོར་བ་བྱས་ལ། མཁའ་འགྲོའི་ཚོགས་སྤྲོས་ལ་དེ་དག་གིས་དགུག ཁྲག་སྐྱུག་པ་ལ་སོགས་པ་དང་ལྡན་པས་མེའི་དབུས་ན་གནས་པར་བསམ་མོ། །དེ་ནས་དེ་ལམ་ནས་མེ་ཞུགས་ཏེ་སྙིང་གར་རྃ་བསྒོམས་ཏེ། དེ་ལ་ཕོག་པས་དེ་འབར་ཞིང་ཧཱུྃ་བསྲེག་ཅིང༌། མཁའ་འགྲོ་མ་རྣམས་ཀྱིས་ལྟེ་བའི་རྩ་གཅོད་པར་བསྒོམས་ན་འགྲུབ་པར་འགྱུར་རོ། །རྟོག་མེད་དངོས་གྲུབ་ཅེས་བྱ་བ་ལ་སོགས་པས། གསང་སྔགས་པས་འདོད་ཡོན་བསྟེན་པ་ནི་ཐ་མལ་གྱི་རྟོག་པ་བསལ་ཏེ་བསྟན་ཏེ། དེ་ནི་ལྷའི་རྣམ་པ་ཡིན་ནོ། །དེ་ཀ་སྙིང་རྗེའི་སྤྱན་ནི་དམར་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ལེའུ་ལྔ་པའི་འཕྲོས་སུ་ཡང་འགྱུར་རོ། །བསྡུ་བའི་དངོས་པོ་བཞི་ནི་ཟང་ཟིང་ལ་སོགས་པའི་སྦྱིན་པ་དང༌། ཕ་རོལ་ཏུ་ཕྱིན་པ་སྟོན་པའི་ངག་སྙན་པར་སྨྲ་བ་དང༌། གཞན་དེ་ལེན་དུ་འཇུག་པ་དོན་སྤྱོད་པ་དང༌། རང་ལེན་པ་དོན་མཐུན་པ་ཞེས་བྱའོ། །རྣམ་པར་ཐར་པ་བརྒྱད་ནི། གཟུགས་ཅན་གཟུགས་ལ་ལྟ་བ་དང༌། ནང་གཟུགས་མེད་པར་ཤེས་ནས་ཕྱིའི་དོན་ལ་ལྟ་བ་དང༌། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱི་མངོན་སུམ་དུ་བྱས་ཏེ་གནས་པ་དང༌། དེ་ལྟར་གཟུགས་ལས་འདས་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་གནས་པ་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དང༌། འདུ་ཤེས་དང་ཚོར་བ་མངོན་སུམ་དུ་བྱས་པའི་རྣམ་པར་ཐར་པའོ། །སྟོང་པ་བཅུ་དྲུག་ནི། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི། དྲན་པ་དང༌། ཆོས་རབ་ཏུ་འབྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །བདག་མེད་མས་གསོལ་བ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་བཏུ་བ་སྟེ། དེ་ལ་བཏུ་བའི་གཞི་ནི། ཨཱ་ལི་ཀཱ་ལི་ལས་ཐུའོ། །གང་བཏུ་ན་སྙིང་པོ་ལ་སོགས་པའི་སྔགས་རྣམས་སོ། །བཏུ་བའི་ཚུལ་ནི་ཀཱ་ལི་ལས་ལུས་ཐུ་བ། ཨཱ་ལི་ལ་ནི་ཡན་ལག་བཏུ་བའོ། །ལེའུ་དགུ་པའོ།།  །།ལེའུ་བཅུ་པར་དེ་ནས་ཞེས་བྱ་བ་ལ་སོགས་པས་བཟླས་པའི་ཡུལ་ཕྲེང་བ་བསྟན་ཏོ། །སྤྱིར་ཕྲེང་བ་མེད་པའི་བཟླས་པ་བས། ཕྲེང་བའི་དེ་ཁོ་ན་ཉིད་དང་ལྡན་པའི་བཟླས་པ་ཕན་ཡོན་ཆེ་ལ། དེ་ཡང་ལས་སོ་སོ་བསྔགས་པས། གྲངས་དང༌། ཐག་པ་དང༌། རབ་གནས་ལ་སོགས་པ་ནི། བཤད་པའི་རྒྱུད་རྡོ་རྗེ་གུར་དང་ཁ་སྦྱོར་ལས་བསྟན་པ་ལྟར་བྱའོ། །འདིར་ནི་དྲག་པོའི་སྔགས་བརྒྱད། ཆར་དབབ་པ་དང་བཅས་པའི་ཕྲེང་བ་བསྟན། དེའི་དུས་ཀྱི་ཁ་ཟས་སྟོན་ཏོ། །ལེའུ་བཅུ་པའོ།།  །།སེམས་ཅན་སུ་གང་ཡང་རུང་བ་ལ་བརྙས་པ་མི་བྱ་བ་འདི་ནི། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུངས་ཕལ་ཆེར་ནས་གསུངས་པས། འདི་ནི་དམ་ཚིག་མཆོག་ཏུ་གྱུར་པ་གྲུབ་པའི་མཐའ་མཆོག་ཏུ་གྱུར་པའོ། །ལེའུ་བཅུ་གཅིག་པའོ།།  །།ལེའུ་བཅུ་གཉིས་པར་དེ་ནས་རྡོ་རྗེ་ཅན་གྱིས་ཞེས་བྱ་བ་ལ་སོགས་པས་ནི་དབང་བཞིའི་ཚིགས་སུ་བཅད་པ་སྟོན། མཁའ་གསང་བྱིན་གྱིས་བརླབས་པ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་སྟོན་ཏོ། །རྡོ་རྗེ་ཉིད་ཆེན་པོ་བཟུང་བ་ནི། ལག་པ་གཡས་པར་རྡོ་རྗེ་གཏད་ལ། ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་ཐུགས་ཀྱི་དམ་ཚིག་གོ །དྲིལ་བུ་ཆེ་བཟུང་བ་ནི་ལག་པ་གཡོན་པར་དྲིལ་བུ་གཏད་ལ། ངོ་བོ་ཉིད་ཀྱིས་དག་པར་བསྟན་པ་གསུང་གི་དམ་ཚིག་གོ །དེ་རིང་ཞེས་བྱ་བ་ནི་དེ་ལྟར་དམ་ཚིག་གསུམ་པོ་བྱིན་པའི་དུས་འདི་ནའོ། །དེའི་རྗེས་ལ་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་ནས། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་བྱའོ། །དེ་རྡོ་རྗེ་སློབ་དཔོན་དུ་འགྱུར་བའོ། །དེས་སློབ་མ་སྡུད་པ་ཉིད་དུ་གྱིས་ཤིག་པ་སྟེ་སྣོད་དང་འཚམ་པར་ཤོད་ཅིག་བྱ་བ་ནི་རྗེས་སུ་གནང་བའི་དབང་ངོ༌། །འདིས་ནི་ཐུན་མོང་མ་ཡིན་པའི་རྡོ་རྗེ་སློབ་དཔོན་གྱི་དབང་བསྟན་ཏོ། །གསང་དབང་སྟེར་པ་ན་འདི་བརྗོད་དེ། ཇི་ལྟར་འདས་པའི་སངས་རྒྱས་ནི་རྡོ་རྗེ་འཆང་ཆེན་པོའོ། །དེས་བྱང་ཆུབ་ཀྱི་སྲས་ནི་དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའ་ལ་སོགས་པའོ། །དེ་ལ་ཇི་ལྟར་དབང་བསྐུར་བ་བཞིན་ཏེ། ཟླ་གསང་ཐིག་ལེ་ལས། རྣམ་དག་རྡོ་རྗེ་ལས་ནི་བྱུང་བའི་ཡེ་ཤེས་ཆུས། །རིན་ཆེན་རབ་འབར་བྱང་ཆུབ་སེམས་ནི་རྣམ་བྱུང་ནས། །རྒྱལ་བ་ཐམས་ཅད་ཀྱི་ནི་དབུ་ནི་བསྐམས་པ་ལ། །དྲི་མེད་ཡེ་ཤེས་ཆར་གྱིས་སྤྱི་བོར་དབང་བསྐུར་མཛོད། །ཅེས་གསུངས་སོ། །ཤེས་རབ་ཡེ་ཤེས་ལ་ལྷ་མོ་དགའ་སྦྱིན་ནི་དགའ་བ་བཞིའི་རིམ་པས་སོ། །གནས་སྦྱིན་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེ་ལྟར་བརྟག་པ་ཕྱི་མ་ཚིགས་སུ་བཅད་པ་བཞི་བརྒྱ་བཞི་བཅུ་པོ་འདིའི་འོག་རྗེས་སུ་ཡི་རང་པ་ལ་སོགས་པ་ཚིགས་བཅད་བཅུ་བདུན་མ་ཚང་བར་གཏམ་རྒྱུད་བླ་མ་བརྒྱུད་པ་རྣམས་གསུངས་སོ། །སྒྱུ་མ་ནི་བུད་མེད་སྒྱུ་འཕྲུལ་དེས་ཞུས་པའམ། གཉིས་སུ་མེད་པའི་ཡེ་ཤེས་སྟོན་པའི་ཕྱིར་ཏེ། སངས་རྒྱས་མཉམ་སྦྱོར་ལས། བུད་མེད་ཀུན་གྱི་སྒྱུ་མའི་རྒྱ། །འདི་ནི་གཉིས་སུ་མེད་པའི་མཆོག །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་སོ། །འདིས་བརྟག་པ་གཉིས་པའི་མིང་བསྟན་ཏོ། །བརྟག་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྟོག་པ་མེད་ཀྱང༌། ཆོ་ག་ལ་སོགས་པ་སྟོན་པ་སྟེ། རྡོ་རྗེ་རྩེ་མོ་ལས། ཆོས་ཀུན་གཟུགས་ཅན་མ་ཡིན་ཡང༌། །གཟུགས་ཅན་དུ་ཡང་འདི་རུ་བརྟག །ཆོས་ཀུན་ཚིག་གི་སྤྱོད་ཡུལ་མིན། །སྒྲ་རུ་ཡང་ནི་འདི་བསྟན་ཏོ། །དེ་བས་ངོ་མཚར་ཆོས་འདི་རུ། །རྟོག་པ་རྟོག་པ་ཡིན་པར་བརྗོད། །དེ་ཉིད་གསང་བ་བསྒྲུབ་པའི་ཕྱིར། །ལས་རྣམས་དྲུག་པོ་ཉིད་དང་ནི། །གཟུགས་ཅན་ཚིག་གི་མཐུ་དག་དང༌། །འབྲས་ཕྱིར་གདམས་པ་ངོ་མཚར་ཆེ། །དེ་ཕྱིར་འདི་ནི་རྟོག་པར་བརྗོད། །ཅེས་སོ། །ཀྱེའི་རྡོ་རྗེ་ནི་སྟོང་པ་དང་སྙིང་རྗེ་གཉིས་བསྡུས་པའོ། །མཁའ་འགྲོ་མ་ནི་སྐུ་ཉིད་དུ་སྟོན་པའོ། །དྲྭ་བ་ནི་སྒྱུ་མ་འམ་ཚོགས་སོ། །སྡོམ་པ་ནི་བདེ་བ་སྟེ་སྒྱུ་མ་ཐམས་ཅད་མཉམ་སྦྱོར་བས། །མཆོག་ཏུ་བདེ་བས་བདེ་མཆོག་ཉིད། །ཅེས་སོ། །དེ་ལྟར་བརྗོད་པར་བྱ་བ་དོན་གྱི་རྒྱུད་དང༌། རྗོད་པར་བྱེད་པ་སྒྲའི་རྒྱུད་དེ་དག་ཐམས་ཅད་ཀྱང༌། ཌཱ་ཀི་ནི་ཛྭ་ལ་སམྦ་ར། ཞེས་པའི་མཚན་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དཔལ་ལྡན་ཡེ་ཤེས་མཁའ་འགྲོ་མ་ལས་རིམ་འོངས་ཏེ། །རྗེ་བཙུན་ཀཧྞ་ཌ་མ་གཉིས་མེད་ག་ཡ་དང༌། །གཉིས་པ་ཌོཾ་བི་ཧེ་རུ་ཀ་དཔལ་ཨ་ལ་ལ། །ནགས་ཁྲོད་གརྦྷ་རི་པ་དེ་བཞིན་ཛ་ཡ་ཤྲཱི། །ཐུབ་དཀའ་ཟླ་དཔལ་རིམ་གཉིས་མན་ངག་དང་བཅས་པ། །མ་ནོར་རིམ་པར་སྟོན་མཛད་དཔའ་བོ་རྡོ་རྗེ་མཛེས། །གཞུང་གི་དོན་རྣམས་ནི་མཆན་དུ་ལེགས་པར་བཏབ་ལ། དེར་མ་འདུས་པའི་མན་ངག་གིས་གནས་རྣམས་ཕྱོགས་གཅིག་ཏུ་བྲིས་པ། མན་ངག་དོན་གསལ་ཞེས་བྱ་བ་རྨོངས་པས་རྟོགས་སླ་བའི་དོན་དུ་བྲིས་པ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*