བླ་མ་མངའ་རིས་པས་མཛད་པའི་བརྟག་གཉིས་ཀྱི་ཚིག་འགྲེལ། ༡

༼ཀ༽༄༅། །བླ་མ་མངའ་རིས་པས་མཛད་པའི་བརྟག་གཉིས་ཀྱི་ཚིག་འགྲེལ་བཞུགས་སོ།། བླ་མ་དམ་པ་རྣམས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །རང་བཞིན་ལྷན་ཅིག་སྐྱེས་པ་མཁའ་ལྟར་དྲི་མེད་གློ་བུར་སྒྲིབ་སྤྲིན་སྟུག་པོས་ཁེབས་བར་གྱུར་པ་དེ། །སྨིན་གྲོལ་ཏིང་འཛིན་དྲག་པོས་རླུང་གིས་གཏོར་བས་མཁྱེན་བརྩེའི་ཉི་ཟེར་གསལ་བ་ཀྱེ་ཡི་རྡོ་རྗེ་དཔལ། །དེའི་གསུང་རྒྱ་མཚོ་བསྲུབས་པའི་བདུད་རྩི་སྣོད་བཟང་བརྒྱུད་པའི་འགྲོ་བའི་ནད་སེལ་བླ་མ་རྣམས་བཏུད་ནས། །རྒྱུ་ལམ་འབྲས་བུ་རྡོ་རྗེའི་ཚིག་ཏུ་རྒྱས་བཏབ་བཤད་རྒྱུད་ལས་འོངས་གདམས་ངག་དྲུག་གིས་དབྱེ་བར་བྱ། །ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་པ་ལ། རྒྱུད་ཙམ་གྱི་སྤྱིའི་ངོ་བོ་སེམས་ཉིད་རང་རིག་པའི་ཡེ་ཤེས་ཡིན་ལ། དེས་ཚིག་ནི་འབྲེལ་ཞིང་རྒྱུན་ཆགས་པས་ན་རྒྱུད་དོ། །དེ་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཞེས་བྱ་བར་གྲགས། །ཞེས་གསུངས་སོ། །དེ་ལ་དབྱེ་ན་གསུམ་སྟེ། རྒྱུའི་རྒྱུད་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་རང་ཆེས་སུ་དུས་ཐམས་ཅད་དུ་གནས་པ་དང༌། ཐབས་ཀྱི་རྒྱུད་རྒྱུའི་རྒྱུད་དེ་ལྟར་གནས་པ་ལས་བྱུང་བ་སྨིན་གྲོལ་གྱི་ཏིང་ངེ་འཛིན་འཁོར་དང་བཅས་པ་དང༌། འབྲས་བུའི་རྒྱུད་ཐབས་ཉམས་སུ་བླངས་པ་ལས་བྱུང་བ་དྲི་བྲལ་གྱི་ཡེ་ཤེས་སྐུ་དང་ཟུང་དུ་འཇུག་པའོ། །དེ་ཡང་སྔ་མའི་འཕྲོ་ལས། རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་བཞིན་རང་བཞིན་དང༌། །མི་འཕྲོགས་པ་ཡི་རབ་ཕྱེ་བ། །གཞི་དང་རང་བཞིན་རྒྱུ་ཡིན་ཏེ། །དེ་བཞིན་མི་འཕྲོགས་འབྲས་བུའོ། །གཞི་ནི་ཐབས་ཞེས་བྱ་བ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་སོ། །སོ་སོའི་ངེས་ཚིག་ནི་ཐབས་ཀྱི་རྐྱེན་དང་ཕྲད་ན་འབྲས་བུ་འབྱུང་རུང་གི་ནུས་པ་ཡོད་པས་ན་རྒྱུ་སྟེ། དེ་ཉིད་ལས། དམྱལ་བ་ཡི་དྭགས་བྱོལ་སོང་དང༌། །ལྷ་དང་ལྷ་མིན་མི་རྣམས་དང༌། །བཤང་བའི་སྲིན་བུ་ལ་སོགས་པ། །ལྷ་དང་ལྷ་མ་ཡིན་གྱིས་ཀྱང༌། །བདེ་བ་གང་ཕྱིར་མི་ཤེས་པ། །རྟག་ཏུ་རང་བཞིན་བདེ་བ་ཅན། །འཇིག་རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་དུ་མེད། །ཅེས་པ་དང༌། སཾ་པུ་ཊ་ལས། བསྐལ་བ་ཀུན་གྱི་སྔོན་གྲུབ་པ། །སློབ་དཔོན་ཆེན་པོ་གདོད་ནས་གྲུབ། །ཆོ་ག་འདི་ཡིས་སེམས་ཅན་རྣམས། །རྒྱལ་བར་འགྱུར་བར་ཐེ་ཚོམ་མེད། །ཅེས་གསུངས་སོ། །རང་རིག་པའི་ཕྲེང་བ་བར་མ་ཆད་པས་ན་རྒྱུད་དེ། གུར་ལས། ཇི་ལྟར་ནམ་མཁའ་མི་འཇིག་པ། །ནམ་མཁའ་ཇི་བཞིན་དེ་བཞིན་སེམས། །ཞེས་གསུངས་པས་སོ། །རྒྱུ་ལ་འབྲས་བུ་སྐྱེད་པའི་ནུས་པ་ཡོད་པ་དེ་མངོན་དུ་བྱེད་པའི་ཐབས་ཡིན་པས་ན་ཐབས། དེ་སྨིན་ལམ་གྱིས་འགྲུབ་པ་ཡང༌། སཾ་པུ་ཊ་ལས། དང་པོ་དཀྱིལ་འཁོར་ཆེན་པོ་ཡི། །སྙིང་ག་ཡི་ནི་དཀྱིལ་འཁོར་དུ། །རང་གི་དབང་སོགས་རྒྱས་པ་ཡི། །རྡོ་རྗེ་སློབ་དཔོན་མཚུངས་མེད་པ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་པ་དང༌། དེ་ནས་གྲོལ་བར་བྱེད་པའི་ལམ་བསྐྱེད་རྫོགས་གཉིས་ཀྱི་ཐོས་བསམ་སྒོམ་གསུམ་གྱིས་འགྲུབ་པ་ཡང༌། སཾ་པུ་ཊ་ལས། གང་ཕྱིར་ཐོས་པའི་དེ་ཉིད་ནི། །བསམ་གཏན་སྤྲོ་བ་ཉིད་ཀྱི་ཕྱིར། །རྡོ་རྗེ་སློབ་དཔོན་འགྲོ་བར་འགྱུར། །ཞེས་གསུངས་སོ། །དེ་ཉིད་བརྒྱུད་པའི་གདམས་ངག་བར་མ་ཆད་ལས་བྱུང་བ་དང༌། ཉམས་སུ་མྱོང་བའི་ཏིང་ངེ་འཛིན་བར་མ་ཆད་པས་ན་རྒྱུད་དེ། །སྔ་མ་སཾ་པུ་ཊའི་བརྟག་པ་ལྔ་པའི་གཉིས་པ་ལས། བསྟན་བཅོས་ཚད་མ་སློབ་དཔོན་དང༌། །ལུང་གི་རྗེས་འབྲང་དེ་ཉིད་ཤེས། །གསང་དོན་དེ་ཉིད་དངོས་པོ་ཡང༌། །དེ་ཉིད་ལ་ནི་གཅིག་ནས་གཅིག །ཅེས་གསུངས་སོ། །གཉིས་པ་ཡང་རྩ་བའི་རྒྱུད་ཀྱི་ལེའུ་བརྒྱད་པ་ལས། ཆུ་བོའི་རྒྱུན་ནི་རབ་འབབ་དང༌། །མར་མེའི་རྩེ་མོ་རབ་བཅིངས་ལྟར། །རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས། །ཉིན་དང་མཚན་དུ་མཉམ་པར་གཞག །ཅེས་གསུངས་སོ། །རྒྱུ་ལ་གནས་པ་དེ་ཉིད་ཐབས་ཉམས་སུ་བླངས་པ་ལས་མངོན་དུ་གྱུར་པས་ན་འབྲས་བུ་ཡིན་ལ། རྒྱུད་ནི་ཆོས་ཀྱི་སྐུ་ནམ་མཁའ་ལྟར་སྐྱེ་འགག་ཐམས་ཅད་དང་བྲལ་བས་རྟག་པ་སྟེ། སཾ་པུ་ཊའི་རྒྱུད་ཕྱི་མ་ལས། གཞན་ཡང་མཐའི་མཐའ་ཇི་སྲིད་པར་གནས་པའི་ཕྱིར་རྟག་པའོ། །ཞེས་གསུངས་པ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་གནས་འཕོ་བ་མེད་པའི་ཚུལ་གྱིས་རྟག་པ་དང༌། སྤྲུལ་པའི་སྐུའི་མཛད་པ་རྒྱུན་མི་འཆད་པས་སོ། །དེ་ཡང་སཾ་པུ་ཊའི་རྒྱུད་ཕྱི་མ་ལས། དུར་ཁྲོད་དུ་བཞུགས་པས་ཀྱང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་དུ་རྒྱུ་ཞིང་རྣམ་པར་དག་པའི་སེམས་ཆོས་ཀྱི་སྒོ་དུ་མར་རྗེས་སུ་འཁོར་ཞིང་ལྷན་ཅིག་ཏུ་བཅོམ་ལྡན་འདས་འཁོར་བར་བཞུགས་སོ། །ཞེས་གསུངས་སོ། །དེ་རྣམས་ཀྱི་རྒྱུད་ཅེས་པའི་དོན་བསྟན་ཏོ། །ཀྱེའི་རྡོ་རྗེ་ནི་ཐབས་ཤེས་རབ་གཉིས་སུ་མེད་པ་སྟེ། རྒྱུའི་རྒྱུད་སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་མ་དག་པའི་གནས་སྐབས་ན་འཁོར་བ་གཟུང་འཛིན་སྣ་ཚོགས་སུ་སྣང་ཞིང་སྐྱེ། དག་པའི་གནས་སྐབས་ན་ཡེ་ཤེས་དང་སྐུ་ལ་སོགས་པ་ཡོན་ཏན་སྣ་ཚོགས་སུ་སྣང་ཞིང་སྐྱེ་བས་ན་ཐབས་ཏེ། ཀྱེའི་དོན་ཏོ། །སྣ་ཚོགས་སུ་སྣང་ཡང་ངོ་བོ་སྤྲོས་པ་ཐམས་ཅད་དང་བྲལ་བས་ཤེས་རབ་སྟེ། རྡོ་རྗེའི་དོན་ཏོ། །དེ་ཡང་སློབ་དཔོན་ཏོག་རྩེ་པས། ཐབས་ནི་དངོས་པོ་སྐྱེད་པ་པོ། །བཟང་པོའི་ཞལ་སྔ་ནས་ཀྱིས་གསུངས། །ཞེས་པ་དང༌། རང་བཞིན་མེད་པའི་རང་བཞིན་གྱིས། །ཤེས་རབ་ཆར་ཡང་ཡང་དག་གནས། །ཞེས་པ་དང༌། གསང་བ་འདུས་པ་རྒྱུད་ཕྱི་མ་ལས་ཀྱང༌། གང་ཞིག་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་གསུངས་སོ། །ཐབས་ཀྱི་རྒྱུད་ནི། རྒྱུའི་རྒྱུད་ཐབས་ཤེས་རབ་གཉིས་མེད་དེ་ལས་བྱུང་བའམ། དེའི་ངོ་བོ་ཐབས་ཤེས་རབ་གཉིས་མེད་ཡིན་པའམ། དེ་ཉིད་མངོན་དུ་བྱེད་པའི་ཐབས་ཡིན་པས་དང༌། ཡང་སྨིན་གྲོལ་ཉིད་ལའང་སྨིན་པར་བྱེད་པའི་དབང་ཐབས། གྲོལ་བར་བྱེད་པའི་བསྐྱེད་རྫོགས་གཉིས་ཤེས་རབ། དེ་ཉིད་ལ་ཡང་བསྐྱེད་པའི་རིམ་པ་ཐབས། རྫོགས་པའི་རིམ་པ་ཤེས་རབ། དེ་ལ་ཡང་རང་བྱིན་གྱིས་བརླབ་པའི་རིམ་པ་ཐབས། དཀྱིལ་འཁོར་འཁོར་ལོ་ཤེས་རབ། རང་བྱིན་གྱིས་བརླབ་པ་ལ་ཡང༌། རྟེན་རྩའི་འཁོར་ལོ་ཐབས། དེ་ལ་བརྟེན་པའི་ཞུ་བདེ་ཤེས་རབ། རྟེན་ལ་ཡང་སྙིང་ག་དང་མགྲིན་པ་ཐབས་ལ། ལྟེ་བ་དང་སྤྱི་བོ་ཤེས་རབ། རོ་མ་ཐབས་ལ་རྐྱང་མ་ཤེས་རབ། རྟེན་པ་ཡང་ཞུ་བ་ཐབས་ལ། བདེ་བ་ཤེས་རབ། དཀྱིལ་འཁོར་འཁོར་ལོ་ཡང་སྒྲུབ་པ་པོ་ལྷར་བསྐྱེད་པ་ཐབས་ལ། ཤེས་རབ་ཕྱག་རྒྱ་ལྷར་བསྐྱེད་པ་ཤེས་རབ། ཧཱུྃ་ལས་རྡོ་རྗེ་བསྐྱེད་པ་ཐབས་ལ། ཨཿལས་པདྨ་བསྐྱེད་པ་ཤེས་རབ། ཡང་དེ་ལ་བརྟེན་པའི་ཞུ་བ་ཐབས་ལ། བདེ་བ་ཤེས་རབ་ཏུ་གསུངས་ཏེ། དེ་རྣམས་ཐམས་ཅད་རགས་པ་དང་ཕྲ་བ་ལ་བཏགས་པ་ཡིན་ཞེས་གསུངས་ཏེ་ཐབས་ཀྱི་རྒྱུད་ཀྱི་ཀྱེའི་རྡོ་རྗེའོ། །འབྲས་བུའི་རྒྱུད་ལ་ཆོས་སྐུ་ཤེས་རབ། གཟུགས་ཀྱི་སྐུ་ཐབས། ཆོས་ཀྱི་སྐུ་ལ་དམིགས་པ་མེད་པའི་ཤེས་རབ་ཤེས་རབ་ལ། དམིགས་པ་མེད་པའི་སྙིང་རྗེ་ཐབས་ཏེ། འདི་ཉིད་ལས། ཧེ་ནི་སྙིང་རྗེ་ཆེན་པོ་ཉིད། །བཛྲའང་ཤེས་རབ་བརྗོད་པར་བྱ། །ཞེས་གསུངས་སོ། །སཾ་པུ་ཊ་ལས་ཀྱང༌། སེམས་ཅན་ཡོད་དང་ཡོད་མེད་ཅེས། །དེ་ལྟར་ཡོངས་སུ་བརྟག་མི་བྱ། །དམིགས་མེད་ཤེས་རབ་ཆེན་པོ་ཉིད། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །ཐམས་ཅད་དོན་བྱེད་སྙིང་རྗེ་ཉིད། །དམིགས་མེད་གནས་ཀྱི་ཤེས་རབ་དང༌། །དམིགས་མེད་སྙིང་རྗེ་ཆེན་པོ་གཉིས། །གློ་ངང་ལྷན་ཅིག་གཅིག་གྱུར་པ། །ནམ་མཁར་ནམ་མཁའ་ཇི་ལྟ་བུའོ། །ཞེས་གསུངས་སོ། །གཟུགས་ཀྱི་སྐུ་ལ་ཡང་ཡབ་ཏུ་སྣང་བ་ཐབས་ཀྱི་མཚོན་བྱེད་དམ་རྣམ་པ་ཡིན་པས་ཐབས། ཡུམ་དུ་སྣང་བ་ཤེས་རབ་ཀྱི་མཚོན་བྱེད་དམ་རྣམ་པ་ཡིན་པས་ཤེས་རབ་སྟེ་འབྲས་བུའི་རྒྱུད་ཀྱི་ཀྱེའི་རྡོ་རྗེའོ། །རྒྱལ་པོ་ནི་རྒྱུའི་རྒྱུད་རང་བཞིན་གྱིས་མཚན་མ་དང་རྣམ་པར་རྟོག་པས་རྫི་མི་སྲིད་པས། རྒྱལ་པོ་ཆེན་པོ་དང་འདྲ་བས་རྒྱལ་པོ། ཐབས་ཀྱི་རྒྱུད་རང་བཞིན་གྱིས་མཚན་མ་དང་རྣམ་པར་རྟོག་པ་དང་བྲལ་བའི་རྒྱལ་པོ་དེ་ཉིད་མངོན་དུ་བྱེད་པའི་ཐབས་ཡིན་པ་དང༌། གློ་བུར་བ་ཡང་ཕར་འཇོམས་པའི་ནུས་པ་དང་ལྡན་པས་རྒྱལ་པོ། འབྲས་བུའི་རྒྱུད་ནི་རང་བཞིན་གྱིས་དག་པ་དེ་ཉིད་མངོན་དུ་གྱུར་པ་དང༌། གློ་བུར་བས་ཀྱང་རྫི་མི་སྲིད་པས་རྒྱལ་པོའོ། །བརྗོད་བྱ་དོན་གྱི་རྒྱུད་བཤད་ཟིན་ཏོ། །དེའི་རྗོད་བྱེད་ཀྱི་སྒྲའི་རྣམ་རིག་མིང་དང༌། ཚིག་དང༌། ཡི་གེའི་སྒྲ་སྤྱིའི་རྣམ་པར་སྣང་བ་རྒྱུད་ཀྱི་དོན་སྟོན་པས་ན་རྒྱུད་དོ། །དེ་ལྟར་རྒྱུད་ཀྱི་མཚན་དུ་ཡང་འོག་གི་དོན་མ་ལུས་པ་ཆུད་པ་ཡིན་ནོ། །མཚན་དེ་དང་ལྡན་པའི་རྒྱུད་དེ་ལ་བཤད་ཐབས་ཀྱི་མན་ངག་དང༌། མདོ་རྒྱས་པར་གནས་པ་དང༌། རྒྱུད་གནས་པའི་གོ་རིམ་དང༌། གང་ཟག་གཅིག་གི་མངོན་པོར་རྟོགས་པར་བསྒྲིག་པ་དང༌། བཤད་པའི་རྒྱུད་ཀྱིས་ཇི་ལྟར་ཕན་འདོགས་པ་སྟེ་ལྔའོ། །དང་པོ་ནི་འཆད་པ་པོ་དང་ཉན་པ་པོས་རྟོགས་པར་སླ་ཞིང་གཟུང་བདེ་བས་གདམས་ངག་དྲུག་དང་སྦྱར་ཏེ་བཤད་པ། དབང་ལམ་གྱི་འཁོར་ལོར་འཁོར་བ་བསྟན་པར་བྱ་བའི་ཕྱིར་བདག་ཉིད་ཅན་གསུམ་དང་སྦྱར་ཏེ་བཤད་པ། རང་གི་རྒྱུད་རྒྱུན་ཆགས་གཅིག་གཏན་ལ་དབབ་པའི་དབང་དུ་བྱས་ནས་རྒྱུད་གསུམ་དང་སྦྱར་ཏེ་བཤད་པ། སྤང་བྱ་མི་མཐུན་པའི་ཕྱོགས་གསུམ་སྤོང་བའི་དབང་དུ་བྱས་ནས་དག་པ་རྣམ་པ་གསུམ་དང་སྦྱར་ཏེ་བཤད་པ། འབྲས་བུ་སྐུ་བཞི་ལམ་དུ་བྱ་བའི་ཕྱིར་གནས་པ་བཞི་དང་སྦྱར་ཏེ་བཤད་པ། སྣོད་མ་ཡིན་པ་ལ་གསང་བའི་དབང་དུ་བྱས་ནས་གསང་བ་རྣམ་པ་བདུན་དང་སྦྱར་ཏེ་བཤད་པ་སྟེ་དྲུག་གོ །དང་པོ་ནི་བཤད་པའི་རྒྱུད་དཔལ་ནམ་མཁའ་དང་མཉམ་པ་ལས། ཡི་གེ་དང་ནི་ཡན་ལག་དང༌། བསྡུས་པའི་དོན་དང་སྤྱི་ཡི་དོན། །སྦས་པའི་དོན་དང་མཐར་ཐུག་དོན། །ཞེས་གསུངས་པའི་རྗེས་སུ་འབྲངས་ཏེ། བཤད་པར་བྱ་བའི་གདམས་ངག་གསུམ། འཆད་ལུགས་ཀྱི་མན་ངག་གསུམ་སྟེ་དྲུག་གོ །དེ་ཡང་སྔ་མ་གསུམ་ནི་བརྗོད་བྱའི་རིགས་ཏེ། སྤྱིའི་དོན་དུ་བཤད་པ་དང༌། སྦས་པའི་དོན་དུ་བཤད་པ་དང༌། མཐར་ཐུག་པའི་དོན་དུ་བཤད་པའོ། །ཕྱི་མ་གསུམ་རྗོད་བྱེད་ཀྱི་རིགས་ཏེ། ཡན་ལག་གི་དོན་གྱིས་བཤད་པ་དང༌། ཡི་གེའི་དོན་གྱིས་བཤད་པ་དང༌། བསྡུས་པའི་དོན་གྱི་མན་ངག་གིས་བཤད་པའོ། །སྤྱི་ནི་གཉིས་ཀྱི་ཐུན་མོང་དུ་གྱུར་པ་སྟེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། རྡོ་རྗེ་ཐེག་པ་གཉིས་ཀྱི་བརྗོད་བྱ་ཐུན་མོང་དུ་གྱུར་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། ཚད་མེད་པ་བཞི་དང༌། ས་བཅུ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྤྱིའི་དོན་ཏོ། །བསྐྱེད་རིམ་ཡན་ལག་དང་བཅས་པ་རྣམས་ནི་ཐུན་མོང་གི་དངོས་གྲུབ་ཀྱི་རྒྱུའི་གཙོ་བོ་ཡིན་ལ། མཆོག་གི་དངོས་གྲུབ་བསྒྲུབ་པ་ལ་ཡང་དགོས་པས། དངོས་གྲུབ་གཉིས་ཀྱི་རྒྱུ་ཐུན་མོང་བ་ཡིན་པའི་ཕྱིར། བསྐྱེད་པའི་རིམ་པ་སྤྱི་ཞེས་བྱའོ། །སྦས་པ་ནི་འོག་མ་འོག་མའི་ཡུལ་དུ་མ་གྱུར་པ་སྟེ། བུམ་དབང་ཙམ་ཐོབ་པའི་ཡུལ་མ་ཡིན་པའི་ཐབས་ལ་མིང་བཏགས་ན་རང་བྱིན་གྱིས་བརླབ་པའི་རིམ་པའི་སྦས་པ་དང༌། དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱི་སྦས་པ་དང༌། ཡེ་ཤེས་ལ་མིང་བཏགས་ན་རང་བྱུང་གི་ཡེ་ཤེས་ཀྱི་སྦས་པ་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྦས་པ་དང༌། བྱང་ཆུབ་ཀྱི་སེམས་ལ་མིང་བཏགས་ན་དོན་དམ་བྱང་ཆུབ་སེམས་ཀྱི་སྦས་པ་དང༌། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་སྦས་པ་ཞེས་བྱའོ། །དེ་གཉིས་ཀ་ཡང་གསང་བ་ཆོས་ཀྱི་དཀྱིལ་འཁོར་གསུམ་དང་འབྲེལ་བ་ཡིན་གསུངས་ཏེ། སཾ་པུ་ཊའི་བརྟག་པ་བདུན་པ་ལས། གསང་བ་ཆོས་ཀྱི་དཀྱིལ་འཁོར་ལའོ། །ཞེས་གསུངས་ལ། དེ་ཉིད་ཀྱི་དོན་རྒྱུད་ཕྱི་མ་ལས། དཀྱིལ་འཁོར་ལུས་སུ་གསུངས་པ་སྟེ། །དཀྱིལ་འཁོར་བྷ་གར་བརྗོད་པ་ཉིད། །དཀྱིལ་འཁོར་ཡང་ནི་བྱང་ཆུབ་སེམས། །དཀྱིལ་འཁོར་གསུམ་ནི་བརྟག་པར་བྱ། །ཞེས་གསུངས་ཏེ། རང་བྱིན་གྱིས་བརླབ་པའི་རིམ་པའི་རྟེན་རྩའི་འཁོར་ལོ་ལུས་ཀྱི་དཀྱིལ་འཁོར། དེ་ལ་བརྟེན་པའི་ཡི་གེ་བྷ་གའི་དཀྱིལ་འཁོར། དེ་གཉིས་ལ་བརྟེན་པའི་ཞུ་བདེ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །དཀྱིལ་འཁོར་འཁོར་ལོའི་ཐབས་ཤེས་རབ་ཀྱི་ལུས་ལྷར་བསྐྱེད་པ་ལུས་ཀྱི་དཀྱིལ་འཁོར་མཁའ་གསང་བྱིན་གྱིས་བརླབ་པ་བྷ་གའི་དཀྱིལ་འཁོར། དེ་ལ་བརྟེན་ནས་སྐྱེས་པ་ཞུ་བདེ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །མཐར་ཐུག་ནི་བོགས་དབྱུང་དུ་མེད་པ་སྟེ། སྦས་པའི་དོན་གྱི་མཐར་ཐུག ས་བཅུ་གཉིས་པ་དང་བཅུ་གསུམ་པ་སྟེ། དེ་ཡང་བཅུ་གཉིས་པ་སྦས་པ་ཡིན་ཡང༌། མཐར་ཐུག་པ་མ་ཡིན་པས། དེ་ལས་ཀྱང་བཅུ་གསུམ་པ་སྐུ་གསུམ་མཛད་པ་དང་བཅས་པ་མཐར་ཐུག་དངོས་ཡིན་ལ། མཐར་ཐུག་ལ་ཉེ་བ་ལ་དགོངས་ནས། ས་དང་པོ་ཡན་ཆད་ཀྱང་སྤྱིའི་དོན་གྱི་མཐར་ཐུག་སྟེ་བཏགས་པ་བ་ཡིན་ལ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ཡང༌། མངོན་རྟོགས་རྒྱན་ལས། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གི་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །ཞེས་ས་བཅུ་པ་ལ་སངས་རྒྱས་ཀྱི་སར་མིང་བཏགས་པ་བཞིན་ནོ། །སྤངས་རྟོགས་ཀྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། ས་བཅུ་གཅིག་པ་ལ་ཤེས་བྱ་ཐམས་ཅད་གཞན་སྣང་གི་ཚུལ་དུ་མཁྱེན་པ་ཡིན་ལ། བཅུ་གཉིས་པ་ལ་ཕྱག་རྒྱའི་སྐྱེ་གནས་ཀྱི་སྙིང་པོར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་གཅིག་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་རོ་གཅིག་པའི་ཚུལ་དུ་མཐོང་སྟེ། སཾ་པུ་ཊའི་བརྟག་པ་བཅུ་པ་ལས། ཕྱག་རྒྱ་མ་ཡི་གནས་སུ་ཁམས་གསུམ་མཐོང་ཞེས་གསུངས་པའི་དོན་ཡིན་ནོ། །ས་བཅུ་གསུམ་པ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་པའི་ཡེ་ཤེས་གཅིག་ཉིད་དུ་སྣང་བ་རུ་ཐུགས་སུ་ཆུད་དེ། དེ་ཡང་སཾ་པུ་ཊའི་བརྟག་པ་དང་པོའི་རབ་ཏུ་བྱེད་པ་བཞི་པ་ལས། གང་དག་བསམ་གྱིས་མི་ཁྱབ་པའི་གནས་མངོན་དུ་མ་བྱས་པ་དེ་ནི་བདེ་བར་གཤེགས་པ་སྟེ་སངས་རྒྱས་ཡིན་ལ། མཚན་གཞི་མཚོན་པར་བྱེད་པ་ནི་རྡོ་རྗེ་སེམས་དཔར་གསུངས་སོ། །ཞེས་གསུངས་སོ། །དེ་བས་ན་གཉིས་འཛིན་མ་ལུས་པ་མ་སྤངས་པ་དང༌། སྤངས་པས་ཁྱད་པར་དུ་བྱས་པ་ཡིན་ནོ། །ཡན་ལག་གི་དོན་ནི་འཇིག་རྟེན་ལ་གྲགས་པའི་བརྡ་དང་མཐུན་པ། བསྟན་བཅོས་ལ་གྲགས་པའི་བརྡ་དང་མཐུན་པ། སྒྲ་འཇུག་པའི་རྒྱུ་མཚན་དང་བཅས་པ་དང༌། ངེས་ཚིག་དང་བཅས་པས་བཤད་པ་རྣམས་སོ། །ཡི་གེའི་དོན་ནི་ཡི་གེ་ཁ་ཕྲལ་ཏེ་བཤད་པ་དང༌། སྒྲ་ལས་དྲངས་ནས་བཤད་པ་རྣམས་སོ། །བསྡུས་པའི་དོན་ནི། འཇིག་རྟེན་ལ་གྲགས་པའི་སྒྲ་མེད། བསྟན་བཅོས་ལ་གྲགས་པའི་སྒྲ་མེད། སྒྲ་འཇུག་པའི་རྒྱུ་མཚན་དང་ངེས་ཚིག་མེད་ཅིང་ཡི་གེའི་དོན་ཡང་མ་ཡིན་ཏེ་ཀླ་ཀློའི་སྐད་དང༌། དོན་གཞན་གྱི་སྐད་ཀྱིས་བརྗོད་པ་དང༌། དེ་བཞིན་གཤེགས་པའི་བརྡར་གསུངས་པའོ། །དེ་ཡང་བརྗོད་བྱའི་རིགས་ལ་རྗོད་བྱེད་ཀྱི་རིགས་འཇུག་པས་དབྱེ་ན་ཡན་ལག་གི་དོན་གྱིས་ཕ་རོལ་ཏུ་ཕྱིན་པ་དང་སྤྱིའི་དོན་དུ་བཤད་པ། བྱང་ཆུབ་ནི་སྤངས་པ་དང་ཡེ་ཤེས། ཕྱོགས་དང་མཐུན་པ་རྒྱུ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བཤད་པ་ལ་སོགས་པའོ། །ཡི་གེའི་དོན་གྱིས་བཤད་པ་རྒྱུད་གསུམ་པོ་འདི་ན་མེད་དོ། །བསྡུས་པའི་དོན་ནི་ས་བཅུ་ལ་གནས་ལ་སོགས་པའི་བརྡས་བསྟན་པའོ། །བསྐྱེད་རིམ་གྱི་སྤྱི་ཡན་ལག་གི་དོན་གྱིས་བཤད་པ་སྤྱན་དམར་བ་སྙིང་རྗེ་ཆེན་པོས་སེམས་ཅན་ལ་ཆགས་པའི་རྟགས། སྐུ་མདོག་ནག་པོ་བྱམས་པའི་ཐུགས་ལས་མི་འགྱུར་བའི་རྟགས་ཡིན་པ་ལ་སོགས་པའོ། །ཡི་གེའི་དོན་ཧཱུྃ་ཀུན་ཏུ་དགའ་བའི་རང་བཞིན་ཅན་ཞེས་པ་ལ་ཁ་ཕྲལ་ཏེ། ཧ་ལས་དྲངས་ཏེ་ཧ་གྲ་ཧ་ཀ་གཟུང་བ། ཧ། གྲ་ཧ་ཙ་འཛིན་པ། ཐིག་ལེ་མ་ཡིན་པས། མ། མ་ན་ཡིད། ཨཱུ་ལོགས་སུ་ཕྲལ་ཏེ་ཤ་ལ་བཞག་པས་ཤཱུ། ཤཱུ་ནྱ་ཏཱ་སྟོང་པའི་ཡིད་དེ། སེམས་ཉིད་བདེ་བ་ཆེན་པོའི་ངོ་བོ་ཡིན་པ་ལ་སོགས་པའོ། །བསྡུས་པའི་དོན་བསྐྱེད་རིམ་གྱི་ཡན་ལག་ཚོགས་ཀྱི་འཁོར་ལོའི་དུས་སུ་ཆང་ལ་མ་ད་ནས་སྟོན་པ་ལ་སོགས་པའོ། །ཡན་ལག་གི་དོན་གྱིས་རང་བྱིན་གྱི་བརླབ་པའི་སྦས་པ་བཤད་པ་ཕྱག་རྒྱ་ལ་མ་ལྟོས་པར་བདག་ཉིད་ལ་ཉམས་མྱོང་བསྐྱེད་པས་བདག་བྱིན་བརླབ། ཕྱག་རྒྱ་ལ་མ་ལྟོས་པར་བདག་གི་ལུས་སུ་རང་འབྱུང་བས་ན་རང་བྱུང་ཞེས་པ་ལ་སོགས་པའོ། །ཡི་གེའི་དོན་གླེང་གཞིའི་ཨེ་ཝཾ་མ་ཡ་བཞི་ཁ་ཕྲལ་བས་འཁོར་ལོ་བཞིར་བཤད་པ་དང༌། སྲུ་ཏ། སྲུ། སྲ་བ་དྷཱུ་ཏུ་ན་འཛག་པ་སྟེ། ཙཎྜཱ་ལཱི་འབར་བས་ཧྃ་ལས་བྱང་ཆུབ་ཀྱི་སེམས་འབབ་པ་དང༌། ཏ། བིསྟཱར་རྒྱས་པ་སྟེ་རང་བྱུང་གི་ཡེ་ཤེས་རྒྱས་པར་བཤད་པ་ལ་སོགས་པའོ། །བསྡུས་པའི་དོན་དུ་འཁོར་ལོ་བཞི་ལ་རིག་བྱེད་བཞིའི་བརྡས་བསྟན་པ་ལྟ་བུའོ། །ཡན་ལག་གི་དོན་གྱི་བཤད་པ། དཀྱིལ་འཁོར་འཁོར་ལོའི་བཤད་པ། དཀྱིལ་སྙིང་པོ་བདེ་བ། འཁོར་བདེ་བའི་རྟེན། བྱང་ཆུབ་ཀྱི་སེམས་འདུས་པ། འཁོར་ལོ་མི་རྟོག་པས་རྣམ་པར་རྟོག་པ་གཅོད་པ་ལ་སོགས་པའོ། །ཡི་གེའི་དོན་ཨེས་ཕྱག་རྒྱ། ཝྃ་གྱིས་སྒྲུབ་པའོ། །ཨེས་ཆོས་འབྱུང་གྲུ་གསུམ། ཝྃ་གྱིས་གསང་བའི་རྡོ་རྗེ། ཡང་ཨེས་ཆོས་འབྱུང༌། ཝྃ་གྱིས་རྩ་མཛེས་པའི་སྤྱི་བོ། ཨེས་འདོམ་གྲུ་གསུམ། ཝྃ་གྱིས་གསང་བའི་རྡོ་རྗེ་སྟེ། ཡི་གེ་ཁ་ཕྲལ་ཏེ་དབྱིབས་མཐུན་པའི་སྒོ་ནས་བཤད་པ་དང༌། མ་ཡ་ཞེས་པའི་མའི་སྒྲ་ལས་དྲངས་པས་མ། མ་ཧཱ་རཱ་ག་འདོད་ཆགས་ཆེན་པོ་སྟེ། དགའ་བ་བཞི་བཤད་པ་ལ་སོགས་པའོ། །བསྡུས་པའི་དོན་ཐབས་སྒྲུབ་པ་པོ་ལ། ཀོ་ལ་བ་ཞེས་ཙནྡན་སྐྱེ་བའི་མིང་གིས་བཏགས་པ་དང༌། ཤེས་རབ་ཕྱག་རྒྱ་ལ་མུམྨུ་ནི་ཞེས་ཤིང་གི་མིང་གིས་བསྟན་པ་དང༌། རྡོ་རྗེ་ལ་བོལླ། པདྨ་ལ་ཀ་ཀོལླ་ཞེས་སྨན་གྱི་མིང་གིས་བསྟན་པ་ལ་སོགས་པའོ། །ཡན་ལག་གི་དོན་གྱིས་སྤྱིའི་དོན་གྱི་མཐར་ཐུག་བཤད་པ། ཡོན་ཏན་གྱི་རྟེན་བྱེད་པས་ས་ཞེས་པ་ལྟ་བུའོ། །ཡིག་དོན་མེད། བསྡུས་པའི་དོན་གནས་ལ་སོགས་པའི་བརྡས་བསྟན་པ་སྔར་དང་འདྲ། ཡན་ལག་གི་དོན་གྱིས་སྦས་པའི་དོན་གྱི་མཐར་ཐུག་བཤད་པ། རྣམ་རྟོག་གི་མི་ཕྱེད་པས་ན་མི་ཕྱེད་པ། ཕྱག་རྒྱ་ལ་བརྟེན་པའི་དངོས་གྲུབ་ཡིན་པས་ན་ཕྱག་རྒྱའི་དངོས་གྲུབ། གོང་ན་མེད་པས་ན་མཆོག་ཅེས་པ་ལ་སོགས་པའོ། །ཡིག་དོན་གླེང་གཞིའི་སྤྲུལ་པའི་སྐུའི་བཞུགས་ཚུལ་བཤད་པའི་སྐབས་ན་བི་ཛ་ཧ་ར་ལ། བི། བི་ཙི་ཏྲཱ་ན་སྣ་ཚོགས་ཏེ་འདུལ་བྱེད་སྣ་ཚོགས་དང༌། གདུལ་བྱ་སྣ་ཚོགས། ཛ། ཛནྨ་ན་སྐྱེ་བོའི་ཡིད། ཧ། ཧ་ར་ན་འཕྲོག་པ་སྟེ་གདུལ་བྱ་སྣ་ཚོགས་ཀྱི་ཡིད། འདུལ་བྱེད་སྣ་ཚོགས་ཀྱིས་གང་ལ་གང་འདུལ་གྱི་རྣམ་པས་དོན་མཛད་ཅིང་བཞུགས་པར་བཤད་པ་ལྟ་བུའོ། །བསྡུས་པའི་དོན་ས་བཅུ་གཅིག་པ་དང༌། བཅུ་གཉིས་པ་ལ་འཐུང་གཅོད་ཉེ་བའི་འཐུང་གཅོད་ཀྱིས་བསྟན་པ་ཟིན་དུ་རུང༌། དེ་ལྟར་བརྗོད་བྱ་སྤྱི་གཉིས་སྦས་པ་གཉིས། མཐར་ཐུག་གཉིས་ཏེ་དྲུག་པོ་དེ་རེ་རེ་ལ་རྗོད་བྱེད་གསུམ་གསུམ་བཞག་ན་བཅོ་བརྒྱད་དུ་འགྱུར་བ་ལས། སྤྱི་ལ་གཉིས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྤྱིའི་སྐབས་སུ་ཡིག་དོན་མེད། མཐར་ཐུག་ལ་གཉིས་ཀྱི་སྤྱིའི་དོན་གྱི་མཐར་ཐུག་ལ་ཡིག་དོན་མེད་པས་བཅུ་དྲུག་གོ །དེ་ལྟར་བརྗོད་བྱའི་རིགས་དང་རྗོད་བྱེད་ཀྱི་རིགས་སོ་སོར་ཕྱེ་བས་འཆད་པ་པོས་བཤད་སླ་ལ། ཉན་པ་པོས་ཀྱང་གཟུང་བདེ་བ་ཡིན་ནོ། །བདག་ཉིད་ཅན་གསུམ་ནི། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྔགས་དང་དབྱིབས་དང་ཆོས་བདག་ནི། །སྐུ་གསུང་ཐུགས་ཀྱི་རང་བཞིན་ཏེ། །དེ་ཡི་ངོ་བོར་རྒྱུད་ཀུན་བརྟག །ཅེས་གསུངས་སོ། །དེའི་རྗེས་སུ་འབྲངས་ནས་བཤད་པ་སྟེ། སྦྱང་གཞི་ལུས་ལ་བུམ་པའི་དབང་བསྐུར་ནས་ལུས་ཉིད་སྤྲུལ་པའི་སྐུར་སྟོན་པར་བྱེད་པ་བསྐྱེད་པའི་རིམ་པའི་དབྱིབས་ཀྱི་ལམ་འཁོར་དང་བཅས་པ་སྟོན་པ་དབྱིབས་ཀྱི་བདག་ཉིད་དོ། །སྦྱང་གཞི་ངག་ལ་གསང་དབང་བསྐུར་ནས་ངག་ཉིད་གསུང་ལོངས་སྐུར་སྟོན་པར་བྱེད་པ་ཙཎྜཱ་ལཱི་སྔགས་སུ་བཤད་པ་སྔགས་ཀྱི་བདག་ཉིད་དུ་བཤད་པའོ། །ཆོས་ཀྱི་བདག་ཉིད་ལ་གཉིས་ལས། སེམས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ནས། སེམས་ཉིད་ཆོས་སྐུར་སྟོན་པ་བྱེད་པ་དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱི་ལམ་སྟོན་པ་དབང་ཆོས་ལྟར་བཤད་པ་སྟེ་འདིས་སྤྱོད་པ་ཡང་བསྡུས། ལུས་ངག་ཡིད་གསུམ་མཐའ་དག་ལ་དབང་བཞི་པ་བསྐུར་ནས་མཐའ་དག་ངོ་བོ་ཉིད་སྐུར་སྟོན་པར་བྱེད་པ། ལམ་ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པ་སྟོན་པ་མཐར་ཐུག་ཆོས་ཀྱི་བདག་ཉིད་དུ་བཤད་པའོ། །རྒྱུད་གསུམ་གྱི་རྒྱུད་ཀྱི་དོན་ཇི་ལྟར་བསྡུས་པ་མཚན་དོན་གྱི་སྐབས་སུ་གཏན་ལ་ཕབ་ཟིན་ཏོ། །དག་པ་གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པ་ཡང་ལེའུ་དགུ་པ་རྣམ་པར་དག་པའི་ལེའུར་འཆད་པར་འགྱུར་རོ། །གནས་པ་བཞིས་སྐུ་བཞི་ལམ་དུ་བྱེད་པ། སཾ་པུ་ཊའི་བརྟག་པ་ལྔ་པའི་རབ་ཏུ་བྱེད་པ་གཉིས་པར་འབྱུང་ལ། གསང་བ་བདུན་རྒྱུད་ཕྱི་མ་ལས་གསུངས་ཏེ། བཤད་ཐབས་ཀྱི་གྲངས་ཙམ་དུ་བགྲང་བ་ལས་འདིར་སྦྱར་ནས་ཇི་ལྟ་བ་བཞིན་རྒྱས་པར་གསུངས་པ་མེད་དོ། །དེ་ལྟར་བཤད་ཐབས་དྲུག་ལས། སཾ་པུ་ཊ་ལ་ཐམས་ཅད་འཇུག གུར་ལས་རྒྱུད་གསུམ་བདག་ཉིད་ཅན་གསུམ་དང་སྦྱར་ཏེ་བཤད་པར་སྦྱར། རྩ་བའི་རྒྱུད་དང་པོ་གཉིས་དང་གཙོར་སྦྱར་གསུངས་ཏེ། དོན་གྱིས་ན་དང་པོ་བཞི་ཀ་འཇུག་གོ །མདོར་རྒྱས་དུར་གནས་པ་ནི། རྩ་བའི་རྒྱུད་གླེང་གཞི་ཕུན་སུམ་ཚོགས་པའི་ཚུལ་གྱིས་མདོར་བསྟན། བརྟག་པ་དང་པོ་མངོན་པར་རྟོགས་པའི་རིམ་པ་སྟོན་པའི་དབང་དུ་བྱས་ནས་རྩ་བའི་རྒྱུད་ཀྱི་ཚུལ་དུ་བཤད། བརྟག་པ་ཕྱི་མ་བརྟག་པ་དང་པོ་དང་བརྟག་པ་ཕྱི་མ་ཉིད་ཀྱིའང་དོན་སྔ་མ་མི་གསལ་བ་གསལ་བ་དང༌། མ་ཚང་བ་ཁ་བསྐང་པའི་ཚུལ་གྱིས་རྒྱུད་ཕྱི་མའི་ཚུལ་དུ་བཤད་པ་གསུམ་དུ་གནས་སོ། །གུར་ལེའུ་དང་པོའི་གླེང་གཞིའི་ཚུལ་གྱིས་མདོར་བསྟན། གཉིས་པ་མན་ཆད་གང་བཤད་པའི་ཆོས་ཕུན་སུམ་ཚོགས་པའི་ཚུལ་གྱིས་རྒྱས་པར་བཤད་པ་གཉིས་སུ་གནས། སཾ་པུ་ཊ་ཡང༌། གླེང་གཞི་ཕུན་སུམ་ཚོགས་པའི་ཚུལ་གྱིས་མདོར་བསྟན། མཚན་གྱི་དོན་གྱིས་ཅུང་ཟད་རྒྱས་པར་བཤད། ཡང་བརྟག་པ་དང་པོས་ཐབས་དང་འབྲས་བུའི་རྒྱུད་མདོར་བསྟན། བརྟག་པ་གཉིས་པ་ནས་བཅུ་པའི་བར་གྱིས་མངོན་པར་རྟོགས་པའི་རིམ་པ་གཙོར་སྟོན་པས་རྩ་བའི་རྒྱུད་ཀྱི་ཚུལ་དུ་བཤད། རྒྱུད་ཕྱི་མ་མི་གསལ་བ་གསལ་བ་དང༌། མ་ཚང་བ་ཁ་བསྐང་བའི་ཚུལ་གྱིས་རབ་ཏུ་རྒྱས་པར་བཤད་པ་ལྔར་གནས་སོ། །གོ་རིམ་ལ་ནི་རྩ་བའི་རྒྱུད་ནི་སོ་ནམ་ལ་འཇུག་པར་འདོད་པས་ལོ་ཏོག་ཕུན་སུམ་ཚོགས་པའི་ཡོན་ཏན་སྟོན་པ་ལྟར། ཐོབ་པར་བྱ་བའི་འབྲས་བུ་གང་ལ་དམིགས་ཏེ་བསྒྲུབ་པ། སྐུ་གསུང་ཐུགས་སྙིང་པོ་ཀྱེའི་རྡོ་རྗེའི་དངོས་གྲུབ་གླེང་བསླང་གི་མདོ་ལ་བརྟེན་ཏེ་དང་པོར་བསྟན། དེ་ནས་དེ་ཐོབ་པར་བྱེད་པའི་ཐབས་ལུས་རྣམ་པར་གཞག་ནས་དགུ་པ་ཡན་ཆད་ཀྱིས་བསྟན། ཐབས་ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་བཅུ་པ་དང་བཅུ་གཅིག་པས་བསྟན་ཏེ། གཞུག་པའི་གོ་རིམ་གྱིས་གོ་རིམ་དུ་རྣམ་པར་གཞག་པའོ། །སཾ་པུ་ཊའི་བརྟག་པ་དང་པོ་མདོར་བསྟན་ཡིན་པས་གོ་རིམ་མེད་ལ། བརྟག་པ་གཉིས་པའི་རབ་ཏུ་བྱེད་པ་དང་པོས་རྟེན་གྱི་གང་ཟག་དབང་བསྐུར་བ་བསྟན། གཉིས་པའི་གཉིས་པ་ནས་དགུ་པ་རྫོགས་ཀྱི་བར་གྱིས་ཉམས་སུ་བླང་བར་བྱ་བའི་ཐབས་བསྟན། ཐབས་ཉམས་སུ་བླངས་པ་ལས་བྱུང་བའི་འབྲས་བུ་བཅུ་པས་བསྟན་ཏེ། མངོན་པར་རྟོགས་པ་རྒྱུད་ལ་སྐྱེ་བའི་གོ་རིམ་ཡིན་ནོ། །རྡོ་རྗེ་གུར་དུ་ཤེས་རབ་ཏུ་རློམ་པའི་གང་ཟག་བླ་མ་ལ་རག་ལས་སུ་གཞུག་པར་བྱ་བའི་ཕྱིར། འབྲས་བུ་སྟོན་འཕྲོ་ལ་རྟེན་གྱི་གང་ཟག་སྟོན་པ་ལ་སོགས་པ་འཁྲུགས་པའི་ཚུལ་གྱིས་བཤད་པ་ཡིན་ནོ། །རྒྱུད་གང་ཟག་གཅིག་གིས་མངོན་པར་རྟོགས་པར་སྦྲེལ་བ་ནི་རྟེན་གྱི་གང་ཟག་དང༌། དེས་ཉམས་སུ་བླང་བར་བྱ་བའི་ཐབས། ཐབས་ཉམས་སུ་བླངས་པ་ལས་བྱུང་བའི་འབྲས་བུ་དང་གསུམ་མོ། །དང་པོ་ནི་རྒྱུ་ལ་ལྟོས་པའི་རྟེན་གྱི་གང་ཟག་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཡིན་ཏེ། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་བཞིན་གྱིས་དག་པ་ཡོད་པས་སྨིན་གྲོལ་གྱི་ཐབས་དང་ཕྲད་ན་དྲི་མ་དང་བྲལ་བའི་དག་པ་ཐོབ་ཏུ་རུང་བའི་ཕྱིར་རོ། །དམྱལ་བ་ཡི་དྭགས་བྱོལ་སོང་དང༌། །ཞེས་པ་ལ་སོགས་པ་དང༌། བསྐལ་པ་ཀུན་གྱི་སྔོན་གྲུབ་པ། །ཞེས་པ་ལ་སོགས་པ་དང༌། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་པའི་ལུང་གིས་གྲུབ་བོ། །རིགས་ལ་ལྟོས་པའི་རྟེན་གྱི་གང་ཟག་དེ་གདུལ་བྱ་ཉེ་བ་མིའི་ལུས་ཐོབ་ཅིང་རིགས་ལྔའི་མཚན་མ་དང་ལྡན་པ་སྟེ། རྩ་བའི་རྒྱུད་ལས། བུད་མེད་དམ་ནི་སྐྱེས་པ་ཡི། །གང་གི་སྲིན་ལག་རྩ་བ་ལ། །རྡོ་རྗེ་རྩེ་དགུ་པར་གྱུར་པ། །མི་བསྐྱོད་པ་ཡི་རིགས་མཆོག་ཉིད། །རྣམ་སྣང་མཛད་ཀྱི་འཁོར་ལོ་འགྱུར། །དཔག་མེད་མགོན་གྱི་པདྨ་ཉིད། །རིན་ཆེན་འབྱུང་གི་རིན་ཆེན་ཉིད། །ལས་ཀྱི་རིགས་ཀྱི་རལ་གྲི་ཉིད། །རྣལ་འབྱོར་པ་གང་ནག་པོ་ཉིད། །དེ་ཡི་ལྷ་ནི་མི་བསྐྱོད་པ། །རྣལ་འབྱོར་པ་གང་དཀར་པོ་ཆེ། །དེ་ཡི་ལྷ་ནི་རྣམ་སྣང་མཛད། །རྣལ་འབྱོར་པ་གང་སྔོ་བསངས་ཆེ། །དེ་ཡི་ལྷ་ནི་དོན་ཡོད་ཆེ། །རྣལ་འབྱོར་བ་གང་སེར་པོ་ཆེ། །རིན་ཆེན་བདག་པོ་རིགས་ཀྱི་ལྷ། །རྣལ་འབྱོར་པ་གང་དཀར་དམར་ཉིད། །འོད་དཔག་མེད་པའི་རིགས་ཀྱི་ལྷ། །རྣལ་འབྱོར་པ་གང་དཀར་དང་སེར། །དེ་ནི་སེམས་དཔའི་རིགས་སུ་བཤད། །སྐྱེ་བོ་རྣལ་འབྱོར་མཐར་ཕྱིན་པས། །ང་རྒྱལ་མི་བཅག་ཐོ་མི་འཚམ། །ཀུན་རྫོབ་གཟུགས་སུ་གནས་ནས་ནི། །དེ་རྣམས་བདེ་གཤེགས་རིགས་སུ་འགྱུར། །བུད་མེད་རྣམས་ཀྱི་མཚན་ཉིད་ནི། །ཇི་ལྟར་སྐྱེས་པ་དེ་བཞིན་ནོ། །ཞེས་གསུངས་སོ། །སྤང་བྱ་ལ་ལྟོས་པའི་རྟེན་གྱི་གང་ཟག་ཞེ་སྡང་ཤིན་ཏུ་ཤས་ཆེ་བ་མི་བསྐྱོད་པའི་ཁྱད་པར་གྱི་གདུལ་བྱ་ཡིན་པ་ལ་སོགས་པ་སྟེ། གུར་ལས། འདོད་ཆགས་ཞེ་སྡང་གཏི་མུག་དང༌། །ང་རྒྱལ་སེར་སྣའི་སྐྱེ་བོ་རྣམས། །གདུལ་ཕྱིར་རང་གི་འཁོར་ལོ་ལ། །རྡོ་རྗེའི་གཟུགས་ནི་དུ་མ་འཛིན། །ཞེས་གསུངས་སོ། །རྐྱེན་ལ་ལྟོས་པའི་གང་ཟག་ལ་གཉིས་ལས། རྒྱུད་སྦྱང་བ་མ་བྱས་པ་རེ་ཞིག་ན་འགྲུབ་ཏུ་རུང་བའི་གང་ཟག་མཚམས་མེད་པ་ལྔ་བྱེད་པ་ལ་སོགས་པའི་སྡིག་ཅན་ཡང༌། སྨིན་གྲོལ་གྱི་ཐབས་དང་ཕྲད་ན་བརྩོན་འགྲུས་དྲག་པོས་གྲུབ་པའི་རྒྱུར་འགྱུར་སྲིད་པས་གདུལ་བྱ་ཉེ་བ་ཡིན་ཏེ། རྩ་བའི་རྒྱུད་ལས། མཚམས་མེད་ལྔ་ནི་བྱེད་པ་དང༌། །སྲོག་ཆགས་གསོད་ལ་དགའ་བ་དང༌། །གཞན་ཡང་སྐྱེ་བ་དམན་གང་དང༌། །རྨོངས་དང་མ་རུངས་ལས་བྱེད་དང༌། །གཟུགས་ངན་ཡན་ལག་མ་ཚང་བ། །བསམས་ན་དེ་དག་འགྲུབ་པར་འགྱུར། །ཞེས་པ་དང༌། གདོལ་པ་སྨྱིག་མཁན་ལ་སོགས་པ། །གསོད་པ་དོན་དུ་སེམས་པ་པོ། །དེ་རྣམས་ཀྱི་རྡོ་རྗེ་ཤེས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པས་སོ། །གཉིས་པ་རྒྱུད་སྦྱང་བ་བྱས་པས་འགྲུབ་པར་ངེས་པའི་གང་ཟག་དེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཐོས་བསམ་དང་བསླབ་པས་རྒྱུད་སྦྱངས་པ་ལམ་དུ་འཇུག་ཏུ་རུང་བ་དང༌། དབང་གིས་སྦྱངས་པ་ལམ་ཉམས་སུ་ལེན་པའི་གང་ཟག་གོ །སྔ་མ་ནི་རྩ་བའི་རྒྱུད་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་བ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བརྩམས། །སློབ་མ་གུས་པས་བླངས་ནས་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པ་དང༌། ཡང༌། དགེ་བ་བཅུ་ལ་གོམས་པ་དང༌། །བླ་མ་ལ་གུས་དབང་པོ་དུལ། །དེས་ནི་རེ་ཞིག་ངེས་འགྲུབ་འགྱུར། །ཞེས་གསུངས་པས་སོ། །གཉིས་པ་ནི། དང་པོ་དཀྱིལ་འཁོར་ཆེན་པོ་ཡི། །སྙིང་ག་ཡི་ནི་དཀྱིལ་འཁོར་དུ། །རང་གི་དབང་སོགས་རྒྱས་པ་ཡིས། །རྡོ་རྗེ་སློབ་དཔོན་མཚུངས་མེད་པ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པའི་དོན་ཡིན་ལ། དེ་སྟོན་པའི་གཞུང་རྩ་རྒྱུད་ཀྱི་ལེའུ་བཅུ་པ་དང༌། དེར་མི་གསལ་བ་གསལ་བ་དང༌། མ་ཚང་བ་ཁ་བསྐང་བ་བརྟག་པ་ཕྱི་མ་ལས་ཀྱང་འབྱུང་ངོ༌། །དེས་ཉམས་སུ་བླང་བར་བྱ་བའི་ཐབས་ནི་མངོན་རྟོགས་བཅུ་གཅིག་སྟེ། ཐབས་ལ་གནས་ནས་མོས་པར་བྱ་བའི་དབང་དུ་བྱས་ནས་རྫོགས་པའི་རིམ་པའི་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་དང༌། རྫོགས་པའི་རིམ་པའི་རྟེན་དུ་བསྐྱེད་པའི་རིམ་པ་བསྒོམ་པ་དང༌། དེ་ཡང་ཡེ་ཤེས་ཀྱི་ངོ་བོར་རྟོགས་པར་བྱ་བའི་ཕྱིར་རྫོགས་པའི་རིམ་པ་བསྒོམ་པ་དང༌། རིམ་པ་གཉིས་ལ་གནས་པ་དེས་རང་གི་སེམས་ཀྱི་བརྟན་གཡོ་བརྟག་པའི་དོན་དུ་སྤྱོད་པ་ཇི་ལྟར་སྤྱད་པ་དང༌། སྤྱོད་པ་ལ་གནས་པ་དེས་ཉེ་བའི་རྒྱུ་ལ་ཨཱ་ལི་ཀཱ་ལིའི་བདག་ཉིད་ཀྱི་དོན་དམ་པ་དང༌། ཀུན་རྫོབ་ཀྱི་ངོ་བོ་དེའི་སེམས་མངོན་དུ་བྱ་བ་སྟེ། གཙོ་བོར་མཆོག་སྒྲུབ་པའི་མངོན་པར་རྟོགས་པ་ལྔ་དང༌། དེ་བཞིན་གཤེགས་པའི་ཐུགས་སྙིང་པོ་ནས་བསྐུལ་བའི་ཕྱིར་སྔགས་ཀྱི་བཟླས་པ་དང༌། བར་ཆད་ཞི་བ་ལ་སོགས་པའི་དོན་དུ་གཏོར་མ་དང༌། སྐུ་གཟུགས་ལ་སོགས་པ་བྱིན་གྱིས་བརླབ་པའི་དོན་དུ་རབ་གནས་དང༌། ལས་མཐའ་དག་འགྲུབ་པའི་ཐབས་སྦྱིན་སྲེག་དང༌། དམན་པ་ལ་མོས་པའི་གང་ཟག་རྗེས་སུ་བཟུང་བའི་དོན་དུ་ཕྲིན་ལས་རབ་འབྱམས་དང༌། དེ་ཐམས་ཅད་འགྲུབ་པའི་གྲོགས་དམ་ཚིག་དང་སྡོམ་པ་སྟེ་དྲུག་གོ །དང་པོ་ནི་བསྐྱེད་པའི་རིམ་པ་དང༌། མཆན་མ་དང་བཅས་པའི་རྫོགས་པའི་རིམ་པ་དང༌། སྦྱིན་སྲེག་དང༌། གཏོར་མ་དང༌། ལས་ཀྱི་ཚོགས་རབ་འབྱམས་ལ་སོགས་པ་བྱེད་པ་ན། སྣང་བ་དེ་དང་དེའི་རྣམ་པར་སྣང་ཡང་གོ་ཡུལ་དུ་སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་རྟོགས་པར་བྱེད་པ་སྟེ། དེ་སྔོན་དུ་འགྲོ་དགོས་པར་ཡང་རྩ་བའི་རྒྱུད་ལས། དངོས་པོ་མེད་པར་ཡོངས་ཤེས་པ། །དེ་ལྟར་ཧེ་རུ་ཀ་བསྒོམ་བྱ། །ཞེས་པ་དང༌། ཡང་སཾ་པུ་ཊ་ལས། དང་པོ་སྟོང་ཉིད་བསམས་པ་ཡིས། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །ཞེས་པ་དང༌། ཡང༌། ལུས་ཀྱིས་སྟོང་པའི་ཞེང་སོགས་ལ། །བློ་དང་ལྡན་པས་ས་བོན་གདབ། །ཅེས་གསུངས་པའོ། །གཉིས་པ་དང༌། གསུམ་པ་ནི། སྤང་བྱ་སྤོང་བའི་དབང་དུ་བྱས་ནས་ཐ་མལ་གྱི་རྣམ་རྟོག་སྤོང་བ་ལ་བསྐྱེད་རིམ་དགོས་ཏེ། གུར་ལས། ཕལ་པའི་རྣམ་རྟོག་གཞོམ་པའི་ཕྱིར། །བསྒོམ་པ་ཡང་དག་རབ་ཏུ་གྲགས། །ཞེས་གསུངས་སོ། །ལྷ་ལ་མངོན་པར་ཞེན་པ་ལ་སོགས་པ་གཟུང་འཛིན་གྱི་རྟོག་པ་སྤོང་བ་ལ་རྫོགས་རིམ་དགོས་ཏེ། རྩ་བའི་རྒྱུད་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱི། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ན་སྤྲོས་མེད་བྱེད། །ཅེས་གསུངས་སོ། །ཐོབ་བྱ་ལ་ལྟོས་ན་གཟུགས་ཀྱི་སྐུ་འཐོབ་པར་བྱེད་པ་བསྐྱེད་རིམ་སྟེ། གུར་ལས། སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ནི་ངེས་པར་འཐོབ། །ཅེས་པ་དང༌། ཡང༌། སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །དེ་ནི་ཐབས་ཀྱིས་བསྒྲུབ་བྱ་དང༌། །དེ་ནི་ཐབས་ཀྱི་གཟུགས་ཅན་ནོ། །ཞེས་གསུངས་པས་སོ། །ཆོས་ཀྱི་སྐུ་རྫོགས་རིམ་གྱིས་འཐོབ་སྟེ། སཾ་པུ་ཊ་ལས། རང་བྱུང་ངོ་བོ་འདི་ཉིད་ནི། །ཆོས་ཀྱི་སྐུར་ཡང་རབ་ཏུ་གྲགས། །ཞེས་རང་བྱུང་གི་ཡེ་ཤེས་ཆོས་སྐུ་ལམ་དུ་བྱེད་པར་བཤད་པས་སོ། །ལམ་བསྒོམ་པ་ན་རྟེན་དང་བརྟེན་པ་ཡིན་ཏེ། རྫོགས་རིམ་ལ་རྟེན་དུ་བསྐྱེད་རིམ་དགོས་པར་རྩ་བའི་རྒྱུད་ལས། རྫོགས་པ་སྒོམ་པ་མེད་པ་སྟེ། །བསྐྱེད་པ་ཡིས་ནི་ཅི་ཞིག་འཚལ། །ཞེས་པའི་ལན་དུ། ཨེ་མ་བྱང་ཆུབ་སེམས་དཔའ་ཆེ། །དད་པའི་ཤུགས་ཀྱིས་རབ་ཏུ་ཉམས། །ལུས་ཀྱི་དངོས་མེད་གང་ལས་བདེ། །བདེ་བ་སྨྲ་བར་མི་ནུས་སོ། །ཁྱབ་དང་ཁྱབ་བྱེད་ཚུལ་གྱིས་ནི། །བདེ་བས་འགྲོ་བ་ཁྱབ་པ་ཉིད། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་པར། །བདེ་བ་ཉིད་ནི་དམིགས་མི་འགྱུར། །ཞེས་གསུངས་པས་སོ། །དེ་ལ་བརྟེན་ནས་རྫོགས་རིམ་བསྒོམ་པ་ཡང༌། །གུར་ལས། སངས་རྒྱས་ང་རྒྱལ་དམིགས་ནས་ནི། །ཆོས་ཀྱི་དབྱིངས་ནི་འོད་གསལ་བ། །གང་ཞིག་བསྒོམ་པ་དེ་བས་ན། །སངས་རྒྱས་ཉིད་ནི་ངེས་པར་འཐོབ། །ཅེས་གསུངས་སོ། །དེ་ལྟར་དགོས་པ་གསུམ་གསུམ་ཡོད་པ་དེ་བས་ན། རྩ་བའི་རྒྱུད་ཀྱི་ལེའུ་བརྒྱད་པ་ལས། །བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །ཞེས་གསུངས་སོ། །བཞི་པ་རིམ་པ་གཉིས་ལ་གནས་པས་དྲོད་ཐོབ་པ་ནི། ཚེ་འདིར་མཆོག་གི་དངོས་གྲུབ་འདོད་ན་སྤྱོད་པ་བྱེད་དགོས་ཏེ། རྩ་བའི་རྒྱུད་ལས། ཅུང་ཟད་དྲོད་ནི་ཐོབ་པ་ན། །གལ་ཏེ་སྤྱོད་པ་བྱེད་འདོད་པས། །གལ་ཏེ་འགྲུབ་འགྱུར་འདོད་ཡོད་ན། །འདིས་ནི་སྤྱོ་པ་སྤྱད་པ་ཉིད། །ཅེས་གསུངས་པས་སོ། །ལྔ་པ་སྤྱོད་པ་ལ་གནས་པ་དེས་མཆོག་གི་དངོས་གྲུབ་ཀྱི་ཉེ་བའི་རྒྱུ་མིའི་ཕྱག་རྒྱ་ལ་བརྟེན་ནས། བྱང་ཆུབ་ཀྱི་སེམས་ཆོས་བརྒྱད་དམ་དྲུག་གི་བདག་ཉིད་ཅན་ཏེ། དེ་ལ་དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་བསྐྱེད་པའི་ཞུ་བདེ་གཉིས། རང་བྱིན་བརླབ་ཀྱིས་བསྐྱེད་པའི་ཞུ་བདེ་གཉིས་ཏེ། གཞི་ཐབས་ཤེས་རབ་གཉིས་ཀ་ལ་ཚང་བའི་དབང་དུ་བྱས་ན་བརྒྱད་ཡིན་ལ། ཕྱག་རྒྱས་རང་བྱིན་བརླབ་མ་བསྒོམས་ན་རང་བྱིན་གྱིས་བརླབ་པའི་ཞུ་བདེ་གཉིས་མེད་པས་དྲུག་མཆོག་གི་ཟེ་བའི་གནས་སུ་མངོན་དུ་བྱས་པས་མཐར་དབུ་མར་ཐིམ་པ་ལས། ས་བཅུ་གསུམ་པ་གཟུང་འཛིན་གྱི་དྲི་མ་མ་ལུས་པ་དང་བྲལ་བ་དེ་མངོན་དུ་འགྱུར་བ་ཡིན་ཏེ། རྩ་བའི་རྒྱུད་ལས། དངོས་གྲུབ་མཚན་ཉིད་མི་ཕྱེད་པ། །ཕྱག་རྒྱའི་རྣལ་འབྱོར་པ་ཡིས་འགྲུབ། །ཅེས་པ་དང༌། གུར་ལས། མི་ཡི་ཕྱག་རྒྱ་བླངས་ནས་ནི། །དེ་དང་ལྷན་ཅིག་དངོས་གྲུབ་འགྱུར། །ཕྱག་རྒྱའི་དངོས་གྲུབ་ཅེས་སུ་གྲགས། །ཞེས་པ་དང༌། སཾ་པུ་ཊ་ལས། སྤྱན་དང་ལྷན་ཅིག་རྣམ་སྣང་མཛད། །མཱ་མ་ཀཱི་དང་མི་བསྐྱོད་པར། །འགྲུབ་འགྱུར་དཀར་མོ་ལྷན་ཅིག་ཏུ། །པདྨ་ཅན་དང་སྒྲོལ་མར་ནི། །ལྷན་ཅིག་དོན་ཡོད་གྲུབ་པར་འགྱུར། །རིན་ཆེན་རིན་ཆེན་མ་དང་འགྲུབ། །ཅེས་རྒྱས་བཤད་དང་བཅས་པས་འགྲུབ་པ་ཡིན་ནོ། །ལྔ་པོ་དེ་རྣམ་གྲངས་ངེས་པ་དང༌། གོ་རིམ་ངེས་པ་ཅན་དུ་དགོས་པས་མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་གཙོ་བོ་ཡིན་ནོ། །ལྷག་མ་དྲུག་ནི་མཆོག་སྒྲུབ་པའི་གྲོགས་ཙམ་དུ་གྲངས་དང་གོ་རིམ་མེད་པར་ཅི་རིགས་པར་དགོས་པ་དང༌། ཐུན་མོང་སྒྲུབ་པའི་ཐབས་དངོས་ཡིན་པས་དངོས་གྲུབ་མཐའ་དག་སྒྲུབ་པའི་ཐབས་ཞེས་བྱའོ། །བཅུ་གཅིག་པོ་དེ་རྣམས་སྟོན་པའི་གཞུང་རྩ་བའི་རྒྱུད་དུ། ལེའུ་དང་པོའི་ཕྱི་མའི་ཆ་ལུས་རྣམ་པར་གཞག་པ་བཅུ་དྲུག་ནས་ལེའུ་དགུ་པའི་བར་གྱིས་བསྟན་ཏོ། །ཐབས་ཉམས་སུ་བླངས་པ་ལས་བྱུང་བའི་འབྲས་བུ། སྐུ་གསུང་ཐུགས་སྙིང་པོ་ཀྱེའི་རྡོ་རྗེའི་དངོས་གྲུབ་སྐུ་གསུམ་ཕྲིན་ལས་དང་བཅས་པ་སྟེ། རྩ་བའི་རྒྱུད་ཀྱི་ལེའུ་དང་པོར་གླེང་བསླང་གི་དྲིས་ལན་གྱིས་བཤད་པ་ཡིན་ནོ། །བཤད་པའི་རྒྱུད་ཀྱིས་ཇི་ལྟར་ཕན་འདོགས་པ་ནི། མི་གསལ་བ་གསལ་བ་དང༌། མ་ཚང་བ་ཁ་བསྐང་བ་དང༌། ཆ་མཐུན་ངེས་པ་སྐྱེད་པའི་ཚུལ་གྱིས་སོ། །དང་པོ་ལ་ཡང་ཚིག་གི་དོན་རྣམ་པར་ཕྱེ་སྟེ། གསལ་བ་དང་དོན་ཙམ་གསལ་བར་བྱེད་པའོ། །གཉིས་པ་ནི་མངོན་པར་རྟོགས་པ་དགོས་པ། རྩ་བའི་རྒྱུད་དུ་མ་བཤད་པ། བཤད་རྒྱུད་ནས་འབྱུང་བའོ། །གསུམ་པ་ནི་རྩ་བའི་རྒྱུད་ནས་བཤད་པ་དང་འདྲ་བར་བཤད་རྒྱུད་ནས་འབྱུང་བ་སྟེ། དེས་ཀྱང་ངེས་ཤེས་ཁྱད་པར་ཅན་སྐྱེད་པའི་ཚུལ་གྱིས་ཕན་འདོགས་པ་ཡིན་ནོ། །དེ་ཡན་ཆད་ཀྱིས་ནི་བསྡུས་པའི་དོན་གཏན་ལ་ཕབ་པ་ཡིན་ནོ། །ཡན་ལག་གི་དོན་རྒྱུད་ལ་འཇུག་པ་ནི། འདི་སྐད་དང་ཐོས་པ་སྦྱར་བས་གང་ཐོས་པའི་ཆོས་ཕུན་སུམ་ཚོགས་པ་དབྲི་བསྣན་མེད་པའོ། །དེ་ཡང་སཾ་པུ་ཊའི་བརྟག་པ་དང་པོའི་བཞི་པ་ལས། འདི་སྐད་ཅེས་བྱ་བའི་ཚིག་གི་ཕྲད་ནི། དེ་སྐད་གསུངས་ནས་ཞེས་བྱ་བའི་མཐར་ཐུག་པའི་རྒྱུད་ཀྱི་ཚོགས་ལ་བསྙེགས་སོ། །ཞེས་བརྗོད་དོ། །ཞེས་གསུངས་ཏེ། ཡ་ཐ་འདི་སྐད་ནས། མ་ཐ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས་རྗེས་སུ་ཡི་རང་བའི་མདོ་འབྱུང་བས་དེ་ལ་ཐུག་པའི་བར་རོ། །བདག་གིས་ཐོས་པ་ནི་འཁོར་ཕུན་སུམ་ཚོགས་པའི་གཙོ་བོ་སྡུད་པ་པོ་སྟེ། དེ་ཡང་བདག་གིས་ཐོས་པ་ཞེས་བྱ་བ་ནི། བདག་ཉིད་ཀྱིས་ཐོས་པའི་ཕྱིར་རོ་ཞེས་གསུངས་པས། ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་དགག་པ་དང༌། སྒྲུབ་པ་ལ་ཉེ་བ་མངོན་སུམ་གྱི་ཚིག་སྟེ་དངོས་སུ་ཐོས་པའོ། །ཡང་ཐོས་པ་ཞེས་བྱ་བ་ནི་རྣ་བའི་ཡེ་ཤེས་ཀྱིས་ཐོས་པ་ཡིན་གྱི་བསླབས་པ་ནི་མ་ཡིན་ནོ། །དེ་སྐད་དུ་ཡང་སཾ་པུ་ཊ་ལས། ཀྱེ་བཅོམ་ལྡན་འདས་བསླབས་པའི་སྐྱོན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡུད་པར་བྱེད་པ་དང་འཆད་པ་པོ་དག་དབྱེར་མེད་པར་འགྱུར་རོ། །ཞེས་གསུངས་ཏེ། དྲང་དོན་དུ་འཁོར་དང་སྟོན་པ་རྒྱུད་ཐ་དད་པའི་དབང་དུ་བྱས་ནས། རྟོགས་པ་ཁྱད་པར་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དུས་གཅིག་ན་ཐོས་ཞེས་སྦྱར་བས་གང་གི་ཚེ་ཐོས་པའི་དུས་ཕུན་སུམ་ཚོགས་པ་སྟེ། སྟོན་པའི་སྤྱོད་ལམ་བཞི་ལས། ཆོས་འཆད་པའི་དུས་ན་ཐོས་ཞེས་པ་ཙམ་དུ་བཟུང་བ་སྟེ། དེ་ཡང་དུས་ཞེས་བྱ་བ་ནི་དུས་ཚོད་ཅེས་གསུངས་སོ། །ཞེས་གསུངས་པ་སྟེ། ཉིན་ཞག་གི་དུས་ལ་སོགས་པ་ངེས་པ་བཟུང་ན། དེའི་དུས་ན་གཞན་ན་བཞུགས་པར་སྣང་སྲིད་པས་ཐེ་ཚོམ་གྱི་རྒྱུར་འགྱུར་བ་ཡིན་ནོ། །གཅིག་ན་ཞེས་བྱ་བ་ནི། དུས་སྐད་ཅིག་གཅིག་ཉིད་ལའོ། །ཞེས་གསུངས་ཏེ། དུས་གཅིག་ན་འདི་ལན་ཅིག་ཙམ་ཐོས་ཀྱི་གཞན་དུ་མ་ཐོས་ཞེས་ཆོས་རྙེད་པར་དཀའ་བ་བསྟེན་པ་དང༌། ཡང་དུས་གཅིག་ན་འདི་ཐོས་ཀྱི། གཞན་དུ་གཞན་ཡང་ཐོས་ཞེས་སྡུད་པ་པོ་ཐོས་པ་མང་བར་བསྟན་པ་དང༌། ཡང་དུས་སྐད་ཅིག་གཅིག་ལ་ཐོས་ཤིང་ཐུགས་སུ་ཆུད་པས་སྡུད་པ་པོ་ཤེས་རབ་ཕུན་སུམ་ཚོགས་པ་བསྟན་ཅིང༌། སྟོན་པས་ཀྱང་སྐད་ཅིག་གཅིག་ལ་གསུངས་པས་གཉིས་ཀ་ཡང་རྣམ་པར་ཐར་པའི་སྒོ་བསམ་གྱིས་མི་ཁྱབ་པ་ལ་མངའ་བརྙེས་པར་བསྟན་ཏོ། །གང་ལས་ཐོས་པའི་སྟོན་པ་ཕུན་སུམ་ཚོགས་པ་བཅོམ་ལྡན་འདས་ལ་བྷ་ག་ཝཱན། ཞེས་པའི་ཡི་གེའི་དོན་གྱིས་ཅུང་ཟད་ཙམ་བཤད་ན། བྷ་ག་ཛ་ན་ཞེས་དྲངས་པས་བཅོམ་པ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་བཅོམ་པ་དང༌། ནང་ན་ཉོན་མོངས་པ་མེད་པས་ཕྱི་རོལ་གྱི་ལྷའི་བུའི་བདུད་ཀྱིས་བར་ཆད་བྱ་བར་མི་ནུས་པ་དང༌། དེ་བས་ན་ཚེ་ལ་མངའ་བརྙེས་པ་དང༌། རྒྱུ་ཉོན་མོངས་པ་མེད་པས་འབྲས་བུ་རྣམ་སྨིན་གྱི་ཕུང་པོ་ཉིང་མཚམས་སྦྱོར་བ་མེད་པའོ། །དེ་ཡང༌། གང་ཞིག་མི་མཐུན་པའི་ཕྱོགས་བཅོམ་པ་དེའི་ཕྱིར་བཅོམ་ལྡན་འདས་སོ་ཞེས་གསུངས་པའོ། །བྷ་ག་ཨཾ་ས་ཞེས་དྲངས་ན་ལྡན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པས་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བཅས་པ། བྲམ་ཟེ་དང་བཅས་པ་ཐམས་ཅད་ཀྱིས་ཆོས་དང་མཐུན་པར་རྒོལ་བར་མི་ནུས་པས་དབང་ཕྱུག་ཕུན་སུམ་ཚོགས་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པས་སྐུའི་བ་སྤུའི་ཁུང་བུ་རེ་རེ་ཙམ་ལ་ཡང་བསྐལ་པའམ་དེ་ལས་ལྷག་པར་བལྟས་ཀྱང་ཆོག་མི་ཤེས་པ་སྟེ་གཟུགས་བཟང་བ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པས། འཁོར་དང༌། གདུལ་བྱ་དང༌། ཞིང་ཁམས་འདི་ཙམ་ཞེས་ཚད་གཟུང་བར་མི་ནུས་པ་སྟེ་དཔལ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པས་གདུལ་བྱ་གང་ན་ཡོད་པ་ཐམས་ཅད་དུ། བདག་ཅག་ཁོ་ནའི་མདུན་ན་ཆོས་སྟོན་པར་མཛད་ཅིང་བཞུགས་པར་སྟོན་ནུས་པས་གྲགས་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པས། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་སྐད་ཅིག་རེ་རེ་ལ་ཐུགས་སུ་ཆུད་པས་ཏེ་ཡེ་ཤེས་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུགས་པས་གདུལ་བྱ་དུས་ལ་བབ་པ་རྣམས་ལ། དུས་ལས་མི་འདའ་བར་ཐུགས་རྗེ་ཆེན་པོ་འཇུག་པ་སྟེ། བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ་དྲུག་དང་ལྡན་པའོ། །དེ་ཡང་འདི་ལྟ་སྟེ་དབང་ཕྱུག་དང༌། གཟུགས་བཟང་བ་དང༌། དཔལ་དང༌། གྲགས་པ་དང༌། ཡེ་ཤེས་དང༌། བརྩོན་འགྲུས་ཏེ། བྷ་ག་དྲུག་ཅེས་གསུངས་སོ། །དེ་འདི་ལ་མངའ་བའི་ཕྱིར་བཅོམ་ལྡན་འདས་སོ་ཞེས་གསུངས་སོ། །དེ་ཡང་ཆོས་ཀྱི་སྐུ་དེ་བཞིན་ཉིད་དུ་གཤེགས་ཤིང༌། གཟུགས་ཀྱི་སྐུ་དེ་བཞིན་ཉིད་ལ་གཤེགས་པས་ན་དེ་བཞིན་གཤེགས་པ་སྟེ། རྒྱུད་འདི་ཉིད་ལས། བཅོམ་ལྡན་དེ་བཞིན་ཉིད་གཤེགས་ཤིང༌། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །ཅེས་གསུངས་སོ། །རིགས་ལྔ་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་ཐམས་ཅད་ཀྱི་སྐུ་མཚན་དཔེར་འབར་བ། གསུང་དབྱངས་ཡན་ལག་དྲུག་ཅུ། ཐུགས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ། སྙིང་པོ་ནི་དེ་གསུམ་ཀ་ཡང་ཡེ་ཤེས་གཅིག་གིས་བསྡུས་པས་སྐུས་གསུང་དང་ཐུགས་མི་འདོར། གསུང་གིས་སྐུ་དང་ཐུགས་མི་འདོར། ཐུགས་ཀྱིས་སྐུ་དང་གསུང་མི་འདོར་བའོ། །དེ་ཡང་སཾ་པུ་ཊའི་རྒྱུད་ཕྱི་མ་ལས། ཆུ་དང་འོ་མ་ལྟ་བུ་ཐ་མི་དད་པའི་ཚུལ་གྱིས་ཡོངས་སུ་འཛིན་ཏོ་ཞེས་གསུངས་སོ། །གང་དུ་ཐོས་པའི་གནས་ཕུན་སུམ་ཚོགས་པ་ནི་དོན་གྱིས་ན་ཆོས་ཀྱི་དབྱིངས་ཏེ། རྣམ་རྟོག་གིས་མི་ཕྱེད་པས་ན་རྡོ་རྗེ་ཡིན་ལ། དེ་ཉིད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བསྟེན་པར་བྱ་བས་ན་བཙུན་མོ། །དེ་མངོན་དུ་བྱས་པས་མཚན་མ་དང་རྣམ་པར་རྟོག་པ་བཅོམ་པས་ན་བྷ་གའོ། །དེ་ཉིད་རྒྱུ་དང་རང་གི་ངོ་བོ་དང་འབྲས་བུས་སྟོང་པ་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་ཅན་ཡིན་པའི་མཚོན་བྱེད་རྣམ་པ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ་གདེངས་ཁ་གྱེན་ལ་ཕྱོགས་པའི་ནང་ན་རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་རྒྱ་དང་ཚད་ཡོངས་སུ་མ་ཆད་པ་ན་བཞུགས་པ་ལས་ཐོས་པའོ། །འོ་ན་གཞལ་ཡས་ཁང་ན་བཞུགས་ཞེས་ཅི་སྟེ་མི་བརྗོད་སྙམ་ན། ཆོས་ཀྱི་དབྱིངས་སྐྱེ་བ་མེད་པ་ལས་རྟེན་དང་བརྟེན་པར་འབྱུང་བའི་མཚོན་བྱེད་དམ། སྐྱེ་བོ་འདོད་ཆགས་ཅན་གཞུག་པའི་དོན་དུ་དེ་སྐད་གསུངས་པ་ཡིན་ནོ། །དེས་གཞལ་ཡས་ཁང་ན་བཞུགས་པར་གོའམ་སྙམ་ན་རྒྱལ་པོ་གྲོང་ཁྱེར་ན་བཞུགས་ཞེས་བརྗོད་པ་ཉིད་ཀྱིས་ཁང་བཟངས་མཆོག་ན་བཞུགས་པར་རྟོགས་པ་དང་འདྲའོ། །དེ་དག་གིས་ནི་གནས་ཆོས་འབྱུང་གི་ནང་དུ་ཆུད་པའི་རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་རྒྱ་དང་ཚད་ཡོངས་སུ་མ་ཆད་པར་སྟོན་པ་རྩ་བའི་རྒྱུད་དུ་ཞལ་བརྒྱད་ཕྱག་བཅུ་དྲུག་པར་གསལ་ལ། སཾ་པུ་ཊར་རྡོ་རྗེ་སེམས་དཔའ་ཕྱག་དྲུག་པ་ཡིན་གསུང་ངོ༌། །འཁོར་དེ་བཞིན་གཤེགས་པ་ཏིལ་གྱི་གོང་བུ་ཙམ། དཔའ་བོའི་འཁོར་བྱེ་བ་ཕྲག་བརྒྱད་ཅུ། རྣལ་འབྱོར་མའི་འཁོར་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པ་དང་ལྷན་ཅིག་ཏུ་རྡོ་རྗེ་སྙིང་པོས་དུས་སྐད་ཅིག་གཅིག་ལ། ཆོས་ཕུན་སུམ་ཚོགས་པ་དབྲི་བསྣན་མེད་པ་འདི་སྐད་ཁོ་ན་ཐོས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་གླིང་གཞི་ནི། ནི་དཱ་ན་ཞེས་པ་ངེས་པ་སྟེར་བར་བྱེད་པ་སྟེ། དོན་གྱི་གླེང་གཞི་ཕུན་སུམ་ཚོགས་པ་ལྔ་སྔོན་ཆོས་འབྱུང་བའི་རྒྱུར་ངེས་ལ། ཚིག་གི་གླེང་གཞི་སྡུད་པ་པོས་བཀོད་པ་ནི་ཕྱི་རབས་པའི་གང་ཟག་ངེས་པའི་ཤེས་པ་བསྐྱེད་པའི་ཕྱིར་འབྱུང་བར་ངེས་པ་སྟེ། གནས་དེར་སྟོན་པ་དེ་ལ་དུས་དེ་ཙམ་ན་གྲོགས་འདི་རྣམས་དང་བཅས་པས་ཐོས་ཞེས་བརྗོད་པས་ངེས་ཤེས་འཇུག་པར་འགྱུར་བའོ། །དེ་ཡང་སཾ་པུ་ཊའི་དང་པོའི་རབ་ཏུ་བྱེད་པ་དང་པོ་ལས། གླེང་གཞི་ནི་བྱུང་བར་ངེས་པ་ཞེས་བྱ་བའི་དོན་ཏོ་ཞེས་གསུངས་པའོ། །དེ་རྣམས་ཀྱིས་ནི་འཁོར་དང་སྟོན་པ་ཐ་དད་པའི་དབང་དུ་བྱས་ནས་ཆོས་འབྱུང་བའི་རྒྱུར་བཤད་པས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྤྱི་ཡིན་ལ། རྗོད་བྱེད་ཡན་ལག་གི་དོན་གཙོ་བོར་གྱུར་པས་བཤད་པའོ། །དེ་རྣམས་ཉིད་བཤད་པ་གང་དུ་འཁོར་དང་སྟོན་པ་ཐ་མི་དད་ཀྱི་དབང་དུ་བྱས་ནས་རྒྱུད་ཀྱི་ལུས་རྣམ་གཞག་ཏུ་འགྱུར་ཏེ། ཡན་ལག་གི་དོན་གྱིས་བསྐྱེད་རིམ་གྱི་སྤྱི་དོན་དུ་བཤད་ན། འདི་སྐད་ཀྱིས་མངོན་པར་རྟོགས་པ་ཡན་ལག་དྲུག་མ་ཚང་བ་མེད་པ་ཐོས་པ་ནི་སྒོམ་པ་སྟེ། འོག་མ་ཀུན་ལ་ཡང་སྦྱར་རོ། །བདག་གིས་དཀྱིལ་འཁོར་གྱི་ལྷ་རྣམས། དུས་གཅིག་ན་ཞེས་པ་ཡེ་ཤེས་ཀྱི་ཚོགས་བསགས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པའི་དུས་ཡིན་ལ། དེའི་སྔོན་དུ་བསོད་ནམས་ཀྱི་ཚོགས་བསགས་པ་འགྲོ་བས་ཚོགས་གཉིས་བསགས་པ་སྔོན་དུ་སོང་བའི་དུས་སོ། །དེའི་ངང་ལས་སྲུང་འཁོར་གྱི་ནང་དུ་གཞིའི་ཡན་ལག་ཆོས་འབྱུང་དུ། རྒྱུའི་ཡན་ལག་འབྱུང་བ་རིམ་བརྩེགས་ལས་གཞལ་ཡས་ཁང་བསྐྱེད་པ་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ཞེས་པས་བསྟན་ལ། དེར་མངོན་བྱང་ལྔ་ལ་སོགས་པ་ལས་གཙོ་བོ་གང་ཡང་རུང་བ་བསྐྱེད་པ་བཅོམ་ལྡན་འདས་ལ་སོགས་པ་བསྟན་ཏོ། །ཁྱད་པར་དུ་སྐུ་རྡོ་རྗེ་ཕྱག་གཉིས་པ། གསུང་རྡོ་རྗེ་ཕྱག་བཞི་པ། ཐུགས་རྡོ་རྗེ་ཕྱག་དྲུག་པ། སྙིང་པོ་ཀྱེའི་རྡོ་རྗེ་ཕྱག་བཅུ་དྲུག་པའོ། །དེས་ཚོགས་གཉིས་བསགས་པ་སྔོན་དུ་སོང་བའི་དུས་སུ་གནས་ཆོས་འབྱུང་གི་ནང་དུ་ཆུད་པའི་གཞལ་ཡས་ཁང་དུ། སྟོན་པ་གཙོ་བོ་ཧེ་རུ་ཀ་བཞི་ལ་སོགས་པ། འཁོར་འཁོར་གྱི་ལྷ་མོ་རྣམས་ཆོས་ཕུན་སུམ་ཚོགས་པ་མངོན་པར་རྟོགས་པ་མ་ཚང་བ་མེད་པ་བསྟན་པ་ཡིན་ནོ། །དེས་ནི་འོག་ནས་འབྱུང་བའི་བསྐྱེད་རིམ་ཐམས་ཅད་དང༌། དེའི་སྔོན་དུ་འགྲོ་བའི་བུམ་པའི་དབང་དང༌། དེའི་ཡན་ལག་བཟླས་པ་དང༌། གཏོར་མ་དང༌། རབ་གནས་དང༌། སྦྱིན་སྲེག་དང༌། ལས་ཀྱི་ཚོགས་དང༌། དམ་ཚིག་དང་སྡོམ་པ་ཐམས་ཅད་ཀྱི་ཡང་ལུས་རྣམ་གཞག་ཏུ་འགྱུར་རོ། །དེ་ནི་བརྒྱུད་པའི་གདམས་ངག་གིས་བཤད་པ་ཡིན་གྱིས་བཤད་པའི་རྒྱུད་ཀྱིས་བཀྲལ་བ་མེད་དོ། །གླེང་གཞི་སྤྱིའི་དོན་དུ་བཤད་པའོ། །སྦས་པའི་དོན་དུ་བཤད་པ་ལ་གཉིས་ལས། རང་བྱིན་གྱིས་བརླབ་པའི་སྦས་པའི་དོན་དུ་བཤད་ན། ཨེ་ཝྃ་མ་ཡ་བཞི་ཁ་ཕྲལ་ཏེ། རིམ་པ་བཞིན་དུ་ལྟེ་བའི་ནང་རྩ་མདུད་གྲུ་གསུམ་དང༌། སྙིང་གའི་རྩ་མདུད་ཟླུམ་པོའམ་སྙིང་ཟླུམ་པོ་དང༌། མགྲིན་པའི་ཕྱི་ཟླུམ་པོ་དང༌། སྤྱི་བོའི་ཕྱི་རོལ་དབྱིབས་སྨིན་མཚམས་ཡན་ཆད་ཟླ་གམ་དུ་ཡོད་པ་དབྱིབས་མཐུན་པའི་སྒོ་ནས་བཤད་དེ། ཨེ་ནི་ས་རུ་ཤེས་བྱ་ལ། །ཞེས་པ་ནས། སྤྲུལ་པའི་འཁོར་ལོར་རྣམ་པར་གནས། །ཞེས་པ་ལ་སོགས་པ་གསུངས་སོ། །སྲུ་ཏ་ལས། སྲུ། སྲ་བ་དྷཱ་ཏུ་ན་འཛག་པ་སྟེ། བཤང་སྒོའི་རླུང་གིས་སུམ་མདོའི་མེ་བསྐུལ་བས་ཨྃ་འབར་བས་རྩ་གཡས་ཀྱི་རོ་མ་ནས་སོང༌། སྙིང་ག་དང་མགྲིན་པའི་ཡི་གེ་རྣམས་བཅོམ་ནས་སྤྱི་གཙུག་གི་ཧྃ་ལ་ཕོག་པས་རྐྱང་མ་ཉིད་ནས་ལྟེ་བའི་བར་དུ་འཛག་པ་དང༌། ཨྃ་ཆེར་འཕྲོས་ཏེ་དབུ་མ་ནས་འབར་བས་ཧཱུྃ་དང་ཨོཾ་ཞེན་ཐོགས་མེད་པར་བཅོམ་སྟེ། སྤྱི་གཙུག་གི་ཧྃ་ལ་ཕོག་པས་མཐར་དབུ་མ་ནས་འཛག་པ་གཉིས་ཀ་བསྟན་ཏོ། །དེ་ཡང་ཐོས་ཞེས་བྱ་བ་ནི་འཛག་པར་གསུངས་སོ་ཞེས་གསུང་པས་སོ། ཏ། བིསྟཱ་ར་ན་བདེ་བ་ཆེན་པོའི་ཡེ་ཤེས་རྒྱས་པ་སྟེ། རང་བྱུང་གི་ཡེ་ཤེས་ཆེན་པོ་སྐྱེ་བའོ། །དེ་ཡང་ཏ་ཞེས་བྱ་བ་ནི་གང་ཡང་བདེ་བ་ཆེན་པོའི་མགོན་པོའོ་ཞེས་གསུངས་སོ། །ཡི་གེའི་དོན་ཏོ། །དུས་གཅིག་ན་ཞེས་པ་དུས་ནི་གསུམ་སྟེ། རྐྱང་མ་ནས་འཛག་པ་བདེ་བའི་དུས། རོ་མ་ནས་འབར་བ་སྡུག་བསྔལ་གྱི་དུས། མཐར་དབུ་མ་ན་འབར་འཛག་མངོན་དུ་བྱས་པ་བསམ་གྱིས་མི་ཁྱབ་པའི་དུས། དེ་ཙམ་ན་རང་བྱུང་གི་ཡེ་ཤེས་ལ་རྣམ་རྟོག་གི་ཟླ་མེད་པས་གཅིག་གོ །དེ་ཡང༌། དུས་ནི་བསམ་གྱིས་མི་ཁྱབ་བརྗོད། །བདེ་བའི་དུས་དང་སྡུག་བསྔལ་དུས། །བསམ་གྱིས་མི་ཁྱབ་དུས་ཉིད་དོ། །འོ་མའི་རྒྱུན་ལྟར་སྣ་བུག་ཏུ། །འོང་བ་བདེ་བའི་དུས་སུ་གསུངས། །མེ་ཡི་གཟུགས་ཀྱིས་འགྲོ་བ་ནི། །སྡུག་བསྔལ་དུས་དང་དེ་གཅིག་གྲགས། །གཅིག་ནི་ལྷན་ཅིག་མེད་པ་ཡིན། །དུས་ནི་བསམ་གྱིས་མི་ཁྱབ་འགྱུར། །ཞེས་གསུངས་སོ། །འདི་མན་ཆད་བླ་མ་བརྒྱུད་པའི་གདམས་ངག་གིས་བཤད་པ་ཡིན་ཏེ། རང་བྱུང་གི་ཡེ་ཤེས་དེ་ཉིད་མཚན་མ་དང་རྣམ་པར་རྟོག་པ་བཅོམ་པ་དང༌། བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐལ་བ་དང་ལྡན་པ་བཅོམ་ལྡན་འདས་དེ་ཉིད་ལྟེ་བའི་གནས་སུ་ཡང་དང་ཡང་དུ་བྱོན་ཞིང་གཤེགས་པས་དེ་བཞིན་གཤེགས་པ། བདུད་རྩི་ལྔ་དང༌། འབྱུང་བ་བཞི་དང༌། དབང་པོའི་སྒོ་ཐམས་ཅད་ཀྱི་དྭངས་མ་འབབ་པས་ཐམས་ཅད་ལུས་གྲུབ་པའི་དང་པོ་ཡིན་པས་སྤྲུལ་པའི་འཁོར་ལོ་སྐུ་རྡོ་རྗེ། གསུང་འབྱུང་བའི་གནས་ཡིན་པས་མགྲིན་པ་གསུང་རྡོ་རྗེ། སེམས་ཀྱི་རྟེན་ཡིན་པས་སྙིང་ག་ཐུགས་རྡོ་རྗེ། དེ་ཐམས་ཅད་ཁྱབ་པའི་བྱང་ཆུབ་ཀྱི་སེམས་གཙོ་བོར་གནས་པས་བདེ་ཆེན་སྙིང་པོ་རྡོ་རྗེའོ། །ཡན་ལག་གི་དོན་ཏོ། །སྐུ་རོ་མ། གསུང་རྐྱང་མ། ཐུགས་ཀུན་འདར་མ། དེར་མངོན་དུ་བྱས་པའི་བདེ་བ་སྙིང་པོ་ཀྱེའི་རྡོ་རྗེའོ། །ཡང་སྐུ་རླུང་མགོ་ཟུག་པ། གསུང་ལོངས་སྤྱོད་པ། ཐུགས་ཐིམ་པ། སྙིང་པོ་རྡོ་རྗེ་ཆ་ཤས་དབུ་མར་འཇུག་པ། ཨོ་ལ་པ་ཏི་ལས་ཡན་ལག་ཐམས་ཅད་དུ་བརྟེན་ཏོ། །ཞེས་གསུངས་པའི་དོན་ཡིན་གསུངས་ཏེ། བསྡུས་པའི་དོན་གྱི་མན་ངག་གིས་བཤད་པའོ། །ཡང་སྐུ་ཞུ་བ། གསུང་བདེ་བ། ཐུགས་མི་རྟོག་པ། སྙིང་པོ་རང་རིག་པ་གསལ་བའོ། །རྡོ་རྗེ་བཙུན་མོ་ནི་ཕྱི་རོལ་དུ་བདག་མེད་མ་ལ་སོགས་པའི་ལྷ་མོ་ཡིན་ལ་དེ་ཉིད་ལུས་ལ་ངོ་བོ་ཉིད་ཀྱིས་གནས་པ་ནང་གི་ལྟེ་བའི་ཨྃ་ཡིན་ལ། བྷ་ག་དེའི་གནས་ཆོས་འབྱུང་གྲུ་གསུམ་མོ། །ཡན་ལག་གི་དོན་ཏོ། །དེས་ནི་བཞུགས་པའི་གནས་མཐའ་དག་གི་དབང་དུ་བྱས་ནས་རྩ་གསུམ་འཁོར་ལོ་བཞི་གཙོ་བོ་ལྟེ་བ་སྤྲུལ་པའི་འཁོར་ལོ་ཡིན་ལ། དུས་འགྲོ་འོང་སྤང་ཞིང་དབུ་མར་མངོན་དུ་བྱས་པ་བསམ་གྱིས་མི་ཁྱབ་པའི་དུས་སུ་སྟོན་པ་རང་བྱུང་གི་ཡེ་ཤེས་ཆོས་བཞི་ལྡན་འཁོར་དེ་བཞིན་གཤེགས་པའི་ངོ་བོ། བདུད་རྩི་ལྔ་དང༌། ལྷ་མོའི་ངོ་བོ་འབྱུང་བ་བཞི་དང༌། བྱང་ཆུབ་སེམས་དཔའི་ངོ་བོ་སྐྱེ་མཆེད་དྲུག་ལ་སོགས་པའི་དྭངས་མས་བསྐོར་ནས་བཞུགས་ཞེས་བྱ་བའི་དོན་ཏོ། །དེས་ནི་རང་བྱིན་གྱིས་བརླབ་པའི་རིམ་པ་ཐམས་ཅད་དང༌། དེའི་སྔོན་དུ་འགྲོ་བ་གསང་བའི་དབང་གི་ཡང་ལུས་རྣམ་པར་གཞག་པའོ། །དེ་ཉིད་དཀྱིལ་འཁོར་འཁོར་ལོའི་སྦས་པར་བཤད་ན། ཨེས་ཤེས་རབ་ཕྱག་རྒྱ། ཝྃ་གྱིས་ཐབས་སྒྲུབ་པ་པོ། ཡང་ཨེས་ཆོས་འབྱུང༌། ཨས་པདྨར་བསྐྱེད་པ། ཝྃ་གྱིས་སྒྲུབ་པོའི་གསང་གནས་ཧཱུྃ་ལས་རྡོ་རྗེར་བསྐྱེད་པ། ཤེས་རབ་ལ་ཡང་ཨེས་ཆོས་འབྱུང༌། ཝྃ་གྱིས་རྩ་མཛེས་པའི་སྤྱི་བོ། ཐབས་ལ་ཨེས་འདོམ་གྲུ་གསུམ། ཝྃ་གྱི་གསང་བའི་རྡོ་རྗེ་བསྟན་ཏེ། ཨེས་ནི་ཤེས་རབ་བརྗོད་པར་བྱ། །ཝྃ་ནི་ཐབས་དང་ལྡན་པ་ཉིད། །ཝྃ་གྱིས་རྣམ་པར་བརྒྱན་པ་ཉིད། །ཨེས་ནི་ངེས་པར་མཛེས་པར་འགྱུར། །ཐབས་དང་ཤེས་རབ་རང་བཞིན་གྱིས། །སྟེང་དང་འོག་ཏུ་སྙོམས་པར་འཇུག །ཨེ་ཉིད་དང་ནི་ཝྃ་ཉིད་ནི། །གཉིས་གཉིས་སུ་ནི་བརྗོད་པ་ཉིད། །ཅེས་གསུངས་སོ། །མ་ཡ་ལ། མ། མ་ཧཱ་རཱ་ག་ན་འདོད་ཆགས་ཆེན་པོ་སྟེ། ཐ་མལ་པའི་འདོད་ཆགས་ལས་མཆོག་ཏུ་གྱུར་པ་དགའ་བ་བཞི། ཡ། བཱ་ཡུ་ན་རླུང་སྟེ། དལ་བར་རྒྱུ་བའི་རླུང་གིས་བདེ་བའི་རྟེན་བྱང་ཆུབ་ཀྱི་སེམས་རྩ་གནས་ཐམས་ཅད་ནས་བསྡུས་པའོ། །དེ་ཡང་བདག་གིས་ཞེ་བྱ་བ་ནི། འདོད་ཆགས་ཆེན་པོ་འདི་ལ་རྟག་ཏུ་གནས་པའོ་ཞེས་གསུངས་སོ། །སྲུ། སྭ་བ་དྷཱ་ཏུ་ན་འཛག་པ་སྟེ། རྩ་བྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས། རྩ་བརྒྱ་ཉི་ཤུ། དེ་ལས་སུམ་ཅུ་སོ་གཉིས་སུ་དེ་ལས་རྩ་གསུམ་དུ། དེ་ན་དབང་གི་གནས་སུ་འཛག་པའོ། །དེ་ཡང་ཐོས་ཞེས་བྱ་བ་ནི་འཇག་པར་གསུངས་སོ། །ཞེས་གསུངས་སོ། །ཏ། བིསྟཱ་ར་ན་བདེ་བ་ཆེན་པོའི་ཡེ་ཤེས་རྒྱས་པ་སྟེ། ལྷན་སྐྱེས་ཀྱིས་ལུས་ཐམས་ཅད་ལ་ཁྱབ་པའོ། །དེ་ཡང་ཏ་ཞེས་བྱ་བ་ནི་གང་ཡང་བདེ་བ་ཆེན་པོའི་མགོན་པོ་ལའོ་ཞེས་གསུངས་སོ། །ཡི་གེའི་དོན་ཏོ། །དུས་ནི་རྣམ་པ་སྣ་ཚོགས་དང༌། རྣམ་པར་སྨིན་པའི་དུས་ནི་བདེ་བ་ལ་ལོངས་སྤྱོད་པས་བདེ་བའི་དུས་ཡིན་ལ། རྣམ་པར་ཉེད་པ་བདེ་བ་མི་རྟོག་པར་འགྱུར་བས་སྡུག་བསྔལ་གྱི་དུས། མཚན་ཉིད་དང་བྲལ་བའི་དུས་སུ་ལྷན་སྐྱེས་བསམ་གྱིས་མི་ཁྱབ་པ། མངོན་དུ་འགྱུར་པས་བསམ་གྱིས་མི་ཁྱབ་པའི་དུས། དེ་ལ་རྣམ་རྟོག་གི་ཟླ་མེད་པས་གཅིག་ཡིན་ནོ། །དེ་ཡང༌། དུས་ནི་རྣམ་པ་གསུམ་དུ་བརྗོད། །བདེ་བའི་དུས་དང་སྡུག་བསྔལ་དུས། །བསམ་གྱིས་མི་ཁྱབ་དུས་ཉིད་དོ། །ཞེས་བསྟན་པ་དང༌། དེ་ཉིད་བཤད་པ། འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མར་དམིགས་པར་མི་འགྱུར་རོ། །དེ་ལ་འདོད་ཆགས་ནུས་མཚན་ཉིད། །འདོད་ཆགས་བྲལ་བ་འགོག་པར་འགྱུར། །འདི་བྲལ་དབུ་མར་མི་རྟོག་པས། །འདི་གསུམ་དམིགས་པར་མི་འགྱུར་རོ། །འདོད་ཆགས་ཉིད་དང་ཆགས་བྲལ་ཉིད། །འདྲེས་པར་འགྱུར་བ་རྙོག་པ་མེད། །དེ་བཞིན་འདོད་ཆགས་ཆགས་བྲལ་ཉིད། །རོ་མཉམ་གཅིག་པུའི་སྐད་ཅིག་མ། །དངོས་པོ་ཀུན་གྱི་རོ་མཉམ་པ། །བསྒོམས་པས་དུས་ནི་གཅིག་ཏུ་གསུངས། །ཞེས་གསུངས་སོ། །འདི་མན་ཆད་ནི་བླ་མ་བརྒྱུད་པའི་མན་ངག་གིས་བཤད་པ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད། མཚན་མ་དང་རྣམ་པར་རྟོག་པ་བཅོམ་པ་དང༌། བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐལ་བ་དང་ལྡན་པས་བཅོམ་ལྡན་འདས། དབང་གི་གནས་སུ་ཡང་དང་ཡང་དུ་བྱོན་ཅིང་གཤེགས་པས་དེ་བཞིན་གཤེགས་པ། ཕུང་པོ་ལ་སོགས་པ་ཐམས་ཅད་ཀྱི་དྭངས་མ་ཚང་བས་ཐམས་ཅད། སྐུ་རྡོ་རྗེ་ཞུ་བ། གསུང་བ་དེ་བ། ཐུགས་མི་རྟོག་པ། སྙིང་པོ་རང་རིག་པ་གསལ་བ། སྐུ་དགའ་བ། གསུང་མཆོག་དགའ། ཐུགས་དགའ་བྲལ། སྙིང་པོ་ལྷན་སྐྱེས་སོ། །རྡོ་རྗེ་ནི་སྐུ་རྡོ་རྗེ་ནས་ཕྲིན་ལས་རྡོ་རྗེའི་བར། དེའི་བཙུན་མོ་ནི་བྲམ་ཟེ་མོ་སྤྱན་དུ་བསྐྱེད་པ་ལ་སོགས་པ། བྷ་ག་ནི་དེའི་མཁའ་ཨཿལས་པདྨར་བསྐྱེད་ལ། དེ་ལ་ལྷན་ཅིག་སྐྱེས་པ་བཞུགས་པའོ། །ཡན་ལག་གི་དོན་ཏོ། །དེས་ནི་གནས་ལུས་དང་བྷ་གའི་དཀྱིལ་འཁོར་དེ་ལས་ཀྱང་མཆོག་གི་ཟེ་བའི་གནས་སུ། དུས་བསམ་གྱིས་མི་ཁྱབ་པའི་དུས་མཚན་ཉིད་དང་བྲལ་བའི་སྐད་ཅིག་ལ་བཞུགས་པ་པོ་ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། འཁོར་དེ་བཞིན་གཤེགས་པའི་ངོ་བོ་ཕུང་པོ་ལྔའི་དྭངས་མ་ལ་སོགས་པས་བསྐོར་ནས་བཞུགས་ཞེས་པའི་དོན་ཏོ། །དེས་ནི་འོག་ནས་འབྱུང་བའི་དཀྱིལ་འཁོར་འཁོར་ལོའི་ཐབས་ཐམས་ཅད་དང༌། དེའི་སྔོན་དུ་འགྲོ་བ་ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། དེ་བརྟན་པར་བྱེད་པ་སྤྱོད་པའི་ཡང་ལུས་རྣམ་གཞག་སྟེ། དེ་ལྟར་སྨིན་གྲོལ་གྱི་ཏིང་ངེ་འཛིན་ཐམས་ཅད་མདོར་བསྟན་པའོ། །དེ་རྣམས་ཉིད་འབྲས་བུ་སྦས་པའི་དོན་གྱི་མཐར་ཐུག་ཏུ་བཤད་ན་ས་བཅུ་གསུམ་པ། གཉིས་སུ་མེད་པའི་ཡེ་ཤེས་གཅིག་ཉིད་ཕུན་སུམ་ཚོགས་པ་ལྔར་སྣང་བ་སྟེ། དེ་ཡང༌། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པ་ང༌། །དེ་དག་ཇི་ལྟར་འཚལ་བར་བགྱི། །གང་དུ་བདེ་བ་ཆེན་པོའི་མགོན་པོ་གར་མཛད་པ་གཅིག་དང་དུ་མའི་རོ་ཞེས་བྱ་བའི་ཚིག་གིས་རོལ་བར་མཛད་པའོ་ཞེས་གསུངས་པས། འདི་སྐད་ཀྱིས་བསྟན་པའི་ཆོས་ཀྱང་ཡེ་ཤེས་གཅིག་ཉིད་ཡིན་ལ། བདག་གིས་བསྟན་པའི་སྡུད་པ་པོ་ཡང་དེ་ཉིད་ཡིན་ཏེ། དེ་ཡང་འཆད་པ་པོ་ཉིད་སྡུད་པར་བྱེད་པ་ཡིན་ནོ་ཞེས་པ་དང༌། ཐོས་པ་ཞེས་བྱ་བ་ནི་ལྷག་པར་སོན་པ་སྟེ། འདིར་བསམ་གྱིས་མི་ཁྱབ་པ་ལ་ལྷག་པར་མོས་པའི་ཏིང་ངེ་འཛིན་རྙེད་དོ། །ཞེས་བྱ་བར་བསྙེགས་སོ་ཞེས་གསུངས་པས། ཐོས་པའི་དོན་ཇི་ལྟ་བ་བཞིན་དུ་མངོན་དུ་གྱུར་པར་བསྟན་ཏོ། །བཅོམ་ལྡན་འདས་ལ་སོགས་པའི་ཚིག་དོན་ཁྱད་པར་མེད་ལ། རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ཞེས་པ་ལ་སྐུ་གསུམ་གྱི་དབང་དུ་བྱས་ནས་བཞུགས་ཚུལ་གསུམ་སྟེ། སྟོན་པ་ཆོས་ཀྱི་སྐུའི་བཞུགས་པའི་གནས་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་ནི་ཀུན་དུ་བརྟགས་པ་དང་ཀུན་དུ་རྟོག་པའི་དྲི་མས་མི་ཕྱེད་པས་ན་རྡོ་རྗེ་ཡིན་ལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བསྟེན་པར་བྱ་བས་ན་བཙུན་མོ། དེ་ཉིད་མངོན་དུ་བྱས་པས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་འཇོམས་པས་བྷ་ག དེར་བཞུགས་པ་པོ་གཉིས་སུ་མེད་པའི་ཡེ་ཤེས། བཞུགས་པའི་ཚུལ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཚུལ་གྱིས་བཞུགས་པའོ། །དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེའི་རང་བཞིན་གང་གི་ཆོས་ཀྱི་འབྱུང་གནས་ལ་གང་གི་ཚེ། བཅོམ་ལྡན་འདས་བཞུགས་པ་དེའི་ཚེ་བདག་གིས་ཐོས་པའོ། །འདི་ལྟ་སྟེ་ཤེས་རབ་ཀྱི་དབང་གིས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་འཇོམས་པའི་ཕྱིར་ཤེས་རབ་བྷ་གར་གསུངས་པ་སྟེ་ཞེས་གསུངས་སོ། །ལོངས་སྐུའི་དབང་དུ་བྱས་ནས། གནས་ཆོས་ཀྱི་དབྱིངས་དེ་ཉིད་རྣམ་པ་ཆོས་འབྱུང་གི་ནང་དུ་ཆུད་པའི་གཞལ་ཡས་ཁང་རྒྱ་དང་ཚད་ཡོངས་སུ་མ་ཆད་པར་སྣང་བ། བཞུགས་པ་པོ་མཚན་དཔེར་འབར་བའི་སྐུ་ལྷན་ཅིག་སྤྱོད་མ་དང་ཞལ་སྦྱོར་གྱི་རྣམ་པར་བཞུགས་པར་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ་སྣང་བའོ། །དེ་ཡང་བྷ་ག་དེར་དེ་བཞིན་གཤེགས་པ་ཐམས་ཅད་དང་བཙུན་མོ་ལྷན་ཅིག་བཞུགས་པའོ། །ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །ཀུན་མཁྱེན་ཡེ་ཤེས་བླ་ན་མེད། །དེ་བཞིན་གཤེགས་པའི་བདེ་དོན་གང༌། །བཙུན་མོ་ཉེ་བར་མཛད་པའོ། །ཞེས་གསུངས་སོ། །ཡན་ལག་གི་དོན་ཏོ། །སྤྲུལ་པའི་སྐུ་བཞུགས་པའི་གནས་ནམ་མཁའ་དང་མཉམ་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། དུས་འཁོར་བ་མ་སྟོངས་ཀྱི་བར་དུ་གང་ལ་གང་འདུལ་གྱི་རྣམ་པས་དོན་མཛད་ཅིང་བཞུགས་པའོ། །དེ་ཡང་ཀྱེ་བཅོམ་ལྡན་འདས་བཞུགས་སོ་ཞེས་བྱ་བས་ཅི་གསུངས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རོ་གཅིག་པ་ཐབས་སྣ་ཚོགས་ཀྱིས་འདུལ་བའི་སྐྱེ་བོ་ཡིད་འཕྲོག་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ་ཞེས་གསུངས་ཏེ། བཞུགས་པ་ནི་བི་ཛ་ཧ་ར་སྟེ། བི། བི་ཙི་ཏྲ་ན་སྣ་ཚོགས་ཏེ་ཐབས་སྣ་ཚོགས་ཀྱིས། ཛ། ཛནྨ་ན་སྐྱེ་བོ། ཧ། ཧ་ར་ན་འཕྲོག་པ་སྟེ། གདུལ་བྱའི་སྐྱེ་བོ་སྣ་ཚོགས་ཀྱི་ཡིད་འདུལ་བྱེད་སྣ་ཚོགས་ཀྱིས་འཕྲོག་པ་སྟེ། ཡི་གེའི་དོན་ཏོ། །དེས་ནི་འོག་ནས་འབྱུང་བའི་འབྲས་བུའི་རྒྱུད་ཐམས་ཅད་ཀྱི་ལུས་རྣམ་པར་གཞག་པ་ཡིན་ནོ། །གླེང་གཞི་ཕུན་སུམ་ཚོགས་པའི་ཚུལ་གྱིས་རྒྱུད་ཀྱི་ལུས་རྣམ་པར་གཞག་པའོ། །གང་བཤད་པའི་ཆོས་ཕུན་སུམ་ཚོགས་པའི་ཚུལ་གྱིས་རྒྱུད་ཀྱི་ཡན་ལག་རྒྱས་པར་དབྱེ་བ་ལ། མངོན་པར་རྟོགས་པའི་རིམ་པ་གཙོ་བོར་སྟོན་པའི་དབང་དུ་བྱས་ནས། བརྟག་པ་དང་པོ་རྩ་བའི་རྒྱུད་ཀྱི་ཚུལ་དུ་བསྟན་པ་དང༌། བརྟག་པ་དང་པོ་དང༌། ཕྱི་མ་ཉིད་ཀྱི་ཡང་དོན་སྔ་མ་སྔ་མ་མི་གསལ་བ་གསལ་བ་དང༌། མ་ཚང་བ་ཁ་སྐོང་བར་བྱེད་པ། བརྟག་པ་གཉིས་པ་རྒྱུད་ཕྱི་མའི་ཚུལ་དུ་བཤད་པ་གཉིས་སུ་གནས་སོ། །དང་པོ་ལ་ཐོབ་པར་བྱ་བའི་འབྲས་བུ་གང་ལ་དམིགས་ཏེ་བསྒྲུབ་པ་སྐུ་གསུང་ཐུགས་སྙིང་པོ་ཀྱེའི་རྡོ་རྗེའི་དངོས་གྲུབ་དང༌། དེ་ཐོབ་པར་བྱེད་པའི་ཐབས་དང༌། ཐབས་ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་གི་མཚན་ཉིད་གསུམ་མོ། །དེའི་དང་པོ་ལའང་སྐུ་གསུང་ཐུགས་སྙིང་པོ་ཀྱེའི་རྡོ་རྗེའི་དངོས་གྲུབ་ལ་ཞུས་པ། དེ་ལ་ངོ་མཚར་བའི་སྒོ་ནས་ཉོན་ཅིག་པར་གདམས་པ། ཐུན་མོང་གི་འབྲས་བུ་རྡོ་རྗེ་གསུམ་གྱི་ངེས་ཚིག་ལ་ཞུས་པ་དང་ལན་བསྟན་པ། ཐུན་མོང་མ་ཡིན་པའི་འབྲས་བུ་སྙིང་པོ་ཀྱེའི་རྡོ་རྗེའི་དངོས་གྲུབ་ལ་ཞུས་པ་དང་ལན་བསྟན་པ་དང་བཞིའོ། །དང་པོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་ལ་སོགས་པ་སྟེ། གནས། སྟོན་པ། འཁོར། དུས་ཚང་བ་དང༌། བཤད་པའི་རྒྱུད་ལས་འབྱུང་བ་ལྟར། དེ་ནས་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུའི་ནང་ནས་རྡོ་རྗེ་སྙིང་པོ་ལ་གཟིགས་ཏེ་འཛུམ་པ་མཛད་དོ། །མཛད་མ་ཐག་ཏུ་དེའི་ཚེ་རྡོ་རྗེ་སྙིང་པོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས། ཡེ་ཤེས་ཀྱི་དབང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྗེ་བཙུན་གསང་བ་དང་སྦྱར་ལ། སྙིང་པོ་དང་ཤིན་ཏུ་ཆེས་གསང་བ་སྦྱར་ཏེ་བཤད་དུ་གསོལ། གཉིས་པ་ནི་སྐུ་ཞུས་པ་ལ་རྡོ་རྗེ་སེམས་དཔའ་ཉོན་ཅིག་ཅེས་པ་ལ་སོགས་པའོ། །གསུམ་པ་ནི་རྡོ་རྗེ་སྙིང་པོས་གསོལ་བ་ཞེས་པ་ལ་སོགས་པ་སྟེ། སྐུ་དེ་གང་ཕྱིར་རྡོ་རྗེ་སེམས་དཔའ་ལགས་ཞེས་པ་ལ་སོགས་པ་གསུམ་ཞུས་པའོ། །བཅོམ་ལྡན་འདས་ལ་སོགས་པས་ལན་ཏེ། མཚན་གྱི་རྣམ་གྲངས་ཀྱིས་ཡོན་ཏན་གྱི་ཁྱད་པར་སྟོན་པ་སྟེ། རེ་རེ་ལའང་དོན་རང་གི་ངོ་བོ། ཐུན་མོང་གི་རྣམ་པ། ཐུན་མོང་མ་ཡིན་པའི་རྣམ་པ། དེ་ལྟར་སྣང་བའི་རྒྱུ་མཚན། སྐུ་རྡོ་རྗེ་ལ་སོགས་པར་གཞག་པའི་ཚུལ་དང་ལྔའོ། །དང་པོ་དོན་ཆོས་ཀྱི་དབྱིངས་ཏེ། དེ་ཡང་བརྟག་པ་དང་རྟོག་པས་མི་ཕྱེད་པས་རྡོ་རྗེ་དང་འདྲ་བས། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །སྲིད་པ་གསུམ་དེ་བཞིན་ཉིད་དུ་རོ་གཅིག་པས། སེམས་དཔའ་སྲིད་པ་གསུམ་གཅིག་པའོ། །དེ་ཉིད་གདུལ་བྱ་ཐུན་མོང་བ་ལ་རྣམ་པ་མཚན་དཔེ་འབར་བའི་སྐུར་སྣང༌། ཐུན་མོང་མ་ཡིན་པ་ཀྱེའི་རྡོ་རྗེས་འདུལ་བའི་གདུལ་བྱ་ལ་ཕྱག་གཉིས་པར་སྣང༌། དེས་ཆོས་ཅན་དག་པ་ལ་ཡོད་པའི་དེ་བཞིན་ཉིད་དང༌། མ་དག་པ་ལ་ཡོད་པའི་དེ་བཞིན་ཉིད་གཉིས་མཚོན་ནོ། །དེ་བཞིན་ཉིད་དེས་སྐུའི་ཡོན་ཏན་གྱི་རྟེན་བྱེད་པས་ན་སྐུ་རྡོ་རྗེའོ། །གཉིས་པའི་དོན་ཡེ་ཤེས་ལྔ་རོ་གཅིག་པ་རང་གི་ཐུགས་སུ་ཆུད་པ་གཞན་ལ་སྟོན་པ་སྟེ། ཡེ་ཤེས་ཆེན་པོའི་རོས་གང་བ། ཞེས་པ་ཡེ་ཤེས་ཀྱི་རོའམ་བཅུད་དེས་རང་གི་རྒྱུད་ལ་རྫོགས་ཤིང་གང་བའོ། །ཡང་ན་ཡེ་ཤེས་དང་རོ་ཐ་མི་དད་པས་ན་ཡེ་ཤེས་ཆེན་པོའི་རོ་སྟེ། དེ་ཡང༌། གུར་ལས། ཁ་བ་ཚ་བ་རྡོ་རྗེར་དབུལ། །སྐྱུར་བ་རྡོ་རྗེ་ཉི་མ་ལ། །མངར་བ་རྡོ་རྗེ་རྟག་པ་ལ། དེ་བཞིན་ལན་ཚྭ་འཇིག་རྟེན་རྗེ། །རྟ་ཡི་རྒྱལ་པོ་ཐམས་ཅད་དམ། །བསྐ་བ་རབ་ཏུ་བརྟག་པར་བྱ། །ཞེས་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱིས་མཆོད་པ་གསུངས་པས་སོ། །སེམས་དཔའ་ཆེན་པོའི་མཛད་པ་རྒྱ་ཆེ་བས་སོ། །དེ་ཉིད་ཐུན་མོང་བ་ལ་གསུང་དབྱངས་ཡན་ལག་དྲུག་ཅུར་སྣང་ལ། ཐུན་མོང་མ་ཡིན་པ་ཀྱེའི་རྡོ་རྗེས་འདུལ་བའི་གདུལ་བྱ་ལ་ཕྱག་བཞི་པར་སྣང༌། དེ་གསུང་འབྱུང་བའི་རྒྱུ་མགྲིན་པ་ན་གནས་པའི་ཡེ་ཤེས་ཀྱི་རླུང་བཞི་མཚོན་པ་ཡིན་ནོ། །རང་གི་ཐུགས་སུ་ཆུད་པ་གཞན་ལ་གསུང་གིས་སྟོན་པས་ན་གསུང་རྡོ་རྗེའོ། །གསུམ་པ་ནི་ངོ་བོ་ཡེ་ཤེས་ལྔ་པོ་དེ་ཉིད། དེ་ཡང་ལམ་གྱི་གནས་སྐབས་སུ་དམ་ཚིག་བསྟེན་ཅིང་སྤྱད་པ་ལས་བྱུང་བས་དམ་ཚིག་སེམས་དཔའ་སྟེ། དམ་ཚིག་ཅེས་བརྗོད་པར་བྱ་སྟེ། དེ་ལ་བསྲུང་བ་དང་བཟའ་བ་གཉིས་སོ། །དང་པོ་ལ་རང་རང་གི་ཡུལ་ལས་རྣམ་པར་ཤེས་པ་ལྔའི་ལུས་བསྲུང་བ་ཞེས་བྱ་བའི་དམ་ཚིག་སྟེ། རྗེས་སྤྱོད་ལམ་དུ་གཟུགས་ལ་སོགས་པ་ལྷར་བྱེད་པ་དང༌། ཕུང་པོ་ལྔ་འདུས་པ་ཞེས་བྱ་བའི་དམ་ཚིག་སྟེ། མཉམ་གཞག་ལ་ཕུང་པོ་ལྔ་ལྷར་ལྔར་བསྒོམ་པ་དང༌། ཁམས་བཞི་འདུས་པ་ཞེས་བྱ་བའི་དམ་ཚིག་སྟེ། འབྱུང་བ་བཞི་ལྷ་མོ་བཞིར་བསྒོམ་པ་དང༌། རང་དང་གཞན་གྱི་དོན་རྒྱུར་གྱུར་པའི་བྱང་ཆུབ་ཀྱི་སེམས་གཉིས་འདྲིས་ཤིང་གོམས་པར་བྱེད་པ་ཞེས་བྱ་བའི་དམ་ཚིག་སྟེ། སྔོན་དུ་འགྲོ་བ་བསོད་ནམས་ཚོགས་བསགས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ཚད་མེད་པ་བཞི་སྒོམ་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འདྲིས་པར་བྱེད་པ་ཡིན་ལ། ཡེ་ཤེས་ཚོགས་བསགས་དང་རྫོགས་པའི་རིམ་པ་སྒོམ་པ་དོན་དམ་བྱང་ཆུབ་ཀྱི་སེམས་འདྲིས་པར་བྱེད་པའོ། །གཉིས་པ་བཟའ་བའི་དམ་ཚིག་ནི། བདུད་རྩི་མྱང་བ་དང་ཐུན་མཚམས་སུ་ཁ་ཟས་བྱིན་གྱིས་བརླབས་ཏེ་བསྟེན་པ་ལ་སོགས་པའོ། །དེ་ལྟར་བསྐྱེད་རྫོགས་གཉིས་འཁོར་དང་བཅས་པ་ལ་དམ་ཚིག་ཅེས་བྱའོ། །དེ་ཉིད་གདུལ་བྱ་ཐུན་མོང་བ་ལ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པར་སྣང་ལ། ཐུན་མོང་མ་ཡིན་པ་ཀྱེའི་རྡོ་རྗེས་འདུལ་བའི་གདུལ་བྱ་ལ་ཕྱག་དྲུག་པར་སྣང༌། དེས་མ་དག་པ་རྣམ་ཤེས་དྲུག་གནས་གྱུར་པ་མཚོན་ནོ། །དེ་ཉིད་ཐུགས་ཉིད་ཡིན་པས་ན་ཐུགས་རྡོ་རྗེའོ། །བཞི་པ་ནི་དོན་དམིགས་པ་མེད་པའི་སྙིང་རྗེ་དང༌། དམིགས་མེད་རྣམ་པར་མི་རྟོག་པའི་ཤེས་རབ་དབྱེར་མེད་པ་སྟེ། འཇིག་རྟེན་ན་ཀྱེ་ཞེས་པའི་སྒྲས་སྐུལ་བར་བྱེད་པ་ལྟར། སྙིང་རྗེས་སེམས་ཅན་གྱི་དོན་ལ་གཡོ་བས། ཧེ་ནི་སྙིང་རྗེ་ཆེན་པོ་ཉིད་དོ། །རྫས་ཀྱི་དངོས་པོ་རྡོ་རྗེ་ཕ་ལམ་གྱིས་དངོས་པོ་ཐམས་ཅད་འབིགས་ཤིང་གཅོད་པར་བྱེད་ལ། ཚུར་གང་གིས་ཀྱང་མི་ཆོད་པ་ལྟར། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་འཇོམས་ཤིང༌། ཚུར་ལ་མི་ཆོད་པས། བཛྲའང་ཤེས་རབ་བརྗོད་པར་བྱ། །ཞེས་བྱའོ། །དེ་ཉིད་གདུལ་བྱ་ཐུན་མོང་པ་ལ་སྐུ་གསུང་ཐུགས་འབྲལ་བ་མེད་པར་སྣང༌། ཀྱེའི་རྡོ་རྗེས་འདུལ་བ་ལ་ཕྱག་བཅུ་དྲུག་པའི་རྣམ་པར་སྣང༌། དེ་ཡང་ཤེས་རབ་ཀྱི་ཡུལ་རྣམ་ཐར་སྒོ་གསུམ་ཆོས་ཅན་རྒྱུ་དང་རང་གི་ངོ་བོ་དང་འབྲས་བུ་གསུམ་གྱིས་སྟོང་པ་ཡིན་ལ། དེ་ལས་ཀྱང་ཕྱེ་ན་སྟོང་པ་བཅུ་དྲུག་ཡིན་པ་ཕྱག་བཅུ་དྲུག་གིས་མཚོན། སྙིང་རྗེས་བསྡུས་པའི་དངོས་པོ་བཞིས་སེམས་ཅན་གྱི་དོན་བྱེད་པ་ཞབས་བཞིས་མཚོན་ནོ། །དེ་གཉིས་ཐུན་མོང་གི་ཡོན་ཏན་རྣམ་ཐར་བརྒྱད་ཡིན་པ་དེ་ཞལ་བརྒྱད་ཀྱིས་མཚོན་ནོ། །དེ་ཉིད་ཐབས་ཀྱི་རྒྱུད་མན་ཆད་ལ་མ་གྲགས་པས་སམ། རྡོ་རྗེ་གསུམ་གྱི་སྙིང་པོ་ཡིན་པས་ན་སྙིང་པོ་རྡོ་རྗེའོ། །དེ་རྣམས་ནི་བརྗོད་པར་བྱ་བའི་དོན་སྦས་པའི་དོན་གྱི་མཐར་ཐུག་ཏུ་རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་གྱིས་བཤད། མངོན་པར་རྟོགས་པ་ཐབས་ཉམས་སུ་བླངས་པ་ལས་བྱུང་བའི་འབྲས་བུ་དང་འབྲེལ་བཤད་པའི་རྒྱུད་སཾ་པུ་ཊའི་བརྟག་པ་བཅུ་པ་ལས་དོན་ཤིན་ཏུ་གསལ་བར་བཤད་པ་ཡིན་ནོ། །དེ་ཐོབ་པར་བྱེད་པའི་ཐབས་ལ་ལེའུ་བརྒྱད་པ་ཡན་ཆད་ཀྱིས་ཐབས་དངོས་བཤད་ལ། དེ་དག་པ་དང་སྦྱོར་བ་དགུ་པས་བཤད་དོ། །སྔ་མ་ལ་བཤད་པར་དམ་བཅའ་བ་ནི། དོན་གྱིས་ནི་རྒྱུད་མ་ལུས་པའི་བཤད་པར་དམ་བཅའ་བ་ཡིན་པས་བརྗོད་བྱའི་དོན་རྒྱུད་གསུམ་ཀ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཡིན་པས་མཚན་དོན་དུ་བཤད་པ་བཞིན་སྦྱར་ལ། རྗོད་བྱེད་སྒྲའི་སྒོ་ནས་གཞག་པ་དང༌། ཞུ་བ་པོ་གདུལ་བྱའི་སྒོ་ནས་གཞག་པ་བཤད་པའི་རྒྱུད་དང་ཕྱོགས་གཅིག་ཏུ་འདི་སྐད་བདག་གིས་ཐོས་པ་ལ་སོགས་པས་མགོ་དྲངས་པ་ཐབས་ཀྱི་རྒྱུད་ཡིན་ལ། གསང་བ་མཆོག་ལ་སོགས་པས་མགོ་དྲངས་པ་ཤེས་རབ་ཀྱི་རྒྱུད་དོ། །ཞུ་བ་པོ་གདུལ་བྱའི་དབང་དུ་བྱས་ན། བརྟག་པ་དང་པོ་ཐབས་ཀྱི་རྒྱུད་ལ་བརྟག་པ་ཕྱི་མ་ཤེས་རབ་ཀྱི་རྒྱུད་དོ། །དོན་དངོས་ལ་ཐབས་ཀྱི་ལུས་རྣམ་པར་གཞག་པ་དང༌། ཐབས་ཀྱི་རྒྱུད་དང་པོར་བསྒོམ་པ་བསྟན་པ། དེས་གྲོལ་བའི་ཡན་ལག་མ་ཚང་བ་མེད་པ་ཉིད་དུ་བསྟན་པ། ཡན་ལག་རྒྱས་པར་དབྱེ་བ་སྟེ་བཞིའོ། །དང་པོ་ནི་ཚིག་དུམ་བུ་བཅུ་དྲུག་སྟེ། ལྟ་སྟངས་ལེའུ་བཅུ་གཅིག་པའི་མདོར་བསྟན། དགུག་པ་ལེའུ་གཉིས་པའི། རྣལ་འབྱོར་མ་དགུག་པའི་བརྡ་ཆེན་ལེའུ་བདུན་པའི། དོན་བྱེད་རྣམ་མང་ལེའུ་གཉིས་པའི་གཞན་དོན་ཆར་དབབ་པ་ལ་སོགས་པ། རེངས་པར་བྱེད་པ་དང་སྐྲོད་པར་བྱེད་པ་དེ་ཉིད་ཀྱི། སྡེ་རེངས་བྱེད་པ་རྡོ་རྗེ་གྲི་གུག་གི་ཆོ་གའི། མངོན་སྤྱོད་རིམ་གྱིས་གདབ་པའི། ཇི་ལྟར་རིགས་པར་བརྒྱད་པའི་འབྱུང་བ་རིམ་བརྩེགས་བསྐྱེད་པའི། རྣལ་འབྱོར་མའི་བསྐྱེད་དང༌། རྣལ་འབྱོར་མ་བཅོ་ལྔ་བསྐྱེད་པའི། གནས་དང་གཞལ་ཡས་ཁང་གི བྱེད་རྒྱུ་མངོན་བྱང་ལྔའི་དོན་བྱེད་གཉིས་པ་དེ་བཞིན་གཤེགས་པ་ལྔའི་ས་བོན་ཟློས་པ་ལ་སོགས་པ་སྔགས་ཀྱི་བཟླས་པའི། ཡེ་ཤེས་རྫོགས་རིམ་ཐམས་ཅད་ཀྱི། རྣམ་ཤེས་རྡོ་རྗེ་སྐར་མའི་ལྷ་རྣམས་ཇི་ལྟར་འབྱུང་བ་གསུམ་པ་དང་བཞི་པའོ། །དེ་ལྟར་གཉིས་པ་ལ་བརྒྱད། གསུམ་པ་དང་བཞི་པ་ལ་གཅིག བདུན་པ་ལ་གཅིག བརྒྱད་པའི་བསྐྱེད་རིམ་ལ་བཞི། དང་པོ། ལྔ་པ། བརྒྱད་པའི་རྫོགས་རིམ་གསུམ་ལ་གཅིག བཅུ་གཅིག་པ་ལ་གཅིག་གོ །དྲུག་པ་དང༌། དགུ་པའི་མདོར་བསྟན་ནི་ཐམས་ཅད་ཡིན་ཏེ། དེ་རྣམས་ཀྱང་བསྐྱེད་རྫོགས་གཉིས་ཡན་ལག་དང་བཅས་པ་ཡིན་ལ་དེ་བརྟན་པས་སྤྱོད་པ་བྱེད་པ་དང༌། བསྐྱེད་རྫོགས་གཉིས་དག་པ་གསུམ་དུ་བསྡུས་ནས་དགུ་པ་ནས་འཆད་དོ། །གཉིས་པ་ནི་བསྟན་པའི་གོ་རིམ་ལ་འབྲས་བུ་དང་པོར་གསུངས་ཀྱང་མངོན་པར་རྟོགས་པ་ལས་འབྲས་བུ་ཧེ་རུ་ཀ་བཞིའི་དངོས་གྲུབ་ཀྱི་དང་པོར་དེའི་རྒྱུ་ཅིག་ཤེས་ཏེ་ཐབས་ཀྱི་རྒྱུད་དོ། །དེའི་དོན་གྱིས་ཤེས་པ། ཐབས་ལ་ཡང་གྲོལ་བྱེད་ལམ་གྱི་དང་པོར་སྨིན་པའི་ལམ། གྲོལ་བར་བྱེད་པ་ལ་ཡང༌། རྫོགས་རིམ་གྱི་དང་པོར་བསྐྱེད་རིམ། རྫོགས་རིམ་ལ་ཡང་དམིགས་མེད་ཀྱི་དང་པོར་དམིགས་བཅས་བསྒོམ་པའོ། །གསུམ་པ་ནི་ལུས་རྣམ་གཞག་གི་དོན་ཐམས་ཅད་ཀྱང་བསྐྱེད་རྫོགས་གཉིས་སུ་འདུས་ལ། དེས་ཀྱང་གང་ཟག་ཅིག་གྲོལ་བའི་ཡན་ལག་མ་ཚང་བ་མེད་པས་ཏེ་སྤང་བྱ་གཉིས་སྤོང་བ་དང་འབྲས་བུ་སྐུ་གཉིས་ཐོབ་པ་དང༌། ལམ་རྟེན་དང་བརྟེན་པ་ཡིན་པས་གོང་དུ་མངོན་པར་རྟོགས་པར་སྡུད་པའི་སྐབས་སུ་བཤད་པ་ལྟར་འདིར་ཡང་སྦྱར་རོ། །ཚིག་དོན་ནི། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །ཞེས་བོས་ནས། དངོས་པོ་སྟེ་ཕུང་པོ་ལ་སོགས་པ་ལྷའི་ངོ་བོར་ཤེས་པས་གྲོལ་ལ། ཐ་མལ་གྱི་དངོས་པོར་ཞེན་པས་འཆིང་བར་འགྱུར་བའོ། །དེ་ཡོངས་ཤེས་པས་ཏེ། དེ་ཉིད་ལྷར་ཤེས་པས་གྲོལ་བ་ཡིན། དེས་ན་ཐ་མལ་པའི་དངོས་པོ་མེད་པར་ལྷའི་དངོས་པོ་སྒོམ་གྱུར་ཤེས་རབ་ཅན། ཞེས་སྡུད་པ་པོ་བོས་ནས་ཐ་མལ་པའི་དངོས་པོ་མེད་པ་ཡོངས་ཤེས་པས་བསྐྱེད་པའི་རིམ་པའི་དཔལ་ཧེ་རུ་ཀ་བསྒོམ་པར་བྱའོ། །དེ་ཉིད་རྫོགས་རིམ་དུ་དངོས་པོ་སྟེ། ཡེ་ཤེས་ཀྱི་ངོ་བོར་རྟོགས་ན་གྲོལ་ཞིང༌། དངོས་པོའི་འཆིང་བས་དེ་ལྷ་ལ་ཡང་དག་ཏུ་ཞེན་ན་འཆིང་བར་འགྱུར་ལ། དེ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་ཤེས་ན་གྲོལ་བ་ཡིན། དེ་བས་ན་ལྷ་ལ་ཡང་དག་གི་དངོས་པོ་མེད་པར་ཤེས་པས་ཡེ་ཤེས་ཀྱི་ངོ་བོར་སྒོམ་གྱུར་ཤེས་རབ་ཅན། ཞེས་བོས་ནས། ལྷ་ལ་ཡང་དག་གི་དངོས་པོ་མེད་པར་ཤེས་པས་རྫོགས་པའི་རིམ་པའི་དཔལ་ཧེ་རུ་ཀ་བསྒོམ་པར་བྱ་ཞེས་པའོ། །བཞི་པ་ལ་གཉིས་ལས། ཐབས་ལ་གནས་པས་ཇི་ལྟར་མོས་པར་བྱ་བའི་དབང་དུ་བྱས་ནས། རྫོགས་པའི་རིམ་པའི་དེ་ཁོ་ན་ཉིད་ལེའུ་དང་པོར་བསྟན་ལ། དེ་ལྟར་མོས་པར་བྱས་ནས་གནས་པར་བྱ་བའི་ཐབས་གཉིས་པ་ནས་བརྒྱད་པའི་བར་གྱིས་བསྟན་ཏོ། །སྔ་མའི་བརྗོད་པར་བྱ་བའི་དོན་སྦས་པ་གཉིས། རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་གྱིས་གཙོར་བཤད་ཅིང་གཉིས་པོའང་ཅུང་ཟད་འཇུག མངོན་པར་རྟོགས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་བརྗོད་བྱའི་གཙོ་བོ་ཡིན་པས། དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་དང་འབྲེལ་པས་བསྡུས་དོན་གྱི་མིང་གཙོ་བོ་ལ་བཏགས་ལ། རྟེན་གྱི་སྒོ་ནས་རབ་ཏུ་དབྱེ་བ་ནི་ལྷ་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར་རྫོགས་པའི་རིམ་པ་བསྒོམ་པ་དང་འབྲེལ་ལོ། །བཤད་པའི་རྒྱུད་ནི་སཾ་པུ་ཊའི་རབ་ཏུ་བྱེད་པ་གཉིས་པ་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་རྟེན་རྩའི་འཁོར་ལོ་དང་བཅས་པ་ཆ་མཐུན། འཁོར་ལོའི་དབྱེ་བས་བརྒྱ་ཉི་ཤུ་ཡིན་པ་ཁ་བསྐང༌། ཐུན་མོང་གི་མཚན་ཉིད་ཅུང་ཟད་བསྡུས་ནས་བསྟན། བརྟག་པ་དྲུག་པའི་གཉིས་པ་ནས། གནས་གང་ན་གནས་པ་དང༌། ལས་བྱེད་པ་བཤད་ལ། རྣལ་འབྱོར་མ་གང་གི་ངོ་བོ་ཡིན་པ་དེ་ཉིད་ཀྱི་ཕྱག་རྒྱ་བསྡུས་པའི་ལེའུ་ནས་བཤད་དོ། །སྡོམ་པའི་རབ་ཏུ་དབྱེ་བ་ཡང༌། འདི་ཉིད་ཀྱི་ཕྱག་རྒྱ་བསྡུས་པ་དང༌། བརྟག་པ་དྲུག་པའི་རབ་ཏུ་བྱེད་པ་བཞི་པ་ལས་གསལ་བར་བཤད། ལུས་རྣམ་པར་གཞག་པ་ཡེ་ཤེས་ཞེས་པས་རྒྱས་པར་བཤད་པའོ། །དེ་ལ་གཉིས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་དང༌། རྟེན་གྱི་སྒོ་ནས་རབ་ཏུ་དབྱེ་བའོ། །དང་པོ་ནི་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེན་པོ་ངོ་བོ་ཉིད་ཀྱིས་གནས་པའོ། །དེའི་མཚན་ཉིད་རང་བཞིན་གྱིས་རྟོག་པ་ཐམས་ཅད་ཡང་དག་སྤངས་པའོ། །དེ་ཉིད་བརྟན་གཡོ་ཐམས་ཅད་དུ་སྣང་བས་དེ་ལས་བྱུང་བའི་ཚུལ་གྱིས་དངོས་པོ་ཀུན་ལ་ཁྱབ་ལ། སྣང་ཡང་དེའི་ངོ་བོ་ཉིད་ལས་མ་འདས་པས་བདག་གཅིག་པའི་ཚུལ་གྱིས་ཁྱབ་པའོ། །དེ་ལྟར་ལུས་ལ་གནས་ཀྱང་ལུས་ཀྱིས་བསྐྱེད་པ་མ་ཡིན་པའོ། །དེ་ལྟར་ཐོས་བསམ་གྱི་ཡུལ་དུ་གཏན་ལ་ཕེབས་པ་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་ཡིན་ནོ། །དེ་ཉིད་ཞུར་བདེ་ལ་སྦྱར་ན་ཀྱེའི་རྡོ་རྗེར་བསྐྱེད་པའི་ལུས་ལ་རྩའི་འཁོར་ལོ་གནས། རྩ་ལ་བདུད་རྩི་ཞུ་བ་གནས། དེ་ལ་ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གནས། དེའི་མཚན་ཉིད་གློ་བུར་པའི་རྟོག་པ་ཐམས་ཅད་ཀྱང་སྤངས་པའོ། །དེས་རྩའི་དངོས་པོ་ཀུན་ལ་ཁྱབ་པའོ། །དེ་ལྟར་ལུས་ལ་བརྒྱུད་ནས་གནས་ཀྱི། ལུས་ལས་དངོས་སུ་མ་སྐྱེས་པའོ། །གཉིས་པ་ནི་ཞུ་བདེ་ལྷན་སྐྱེས་ཀྱི་རྟེན་དཀྱིལ་འཁོར་འཁོར་ལོ་གཙོ་ཆེ་བའི་དབང་དུ་བྱས་ནས་རྩའི་འཁོར་ལོ་དང༌། རང་བྱིན་གྱིས་བརླབ་པའི་ཐབས་སྡོམ་པའི་རབ་ཏུ་དབྱེ་བའོ། །སྔ་མ་ལ་ཞུས་པ་དང་ལན་ལས། ཞུས་པ། ཀྱེ་བཅོམ་ལྡན་འདས་ཞེས་པ་སྟེ། རྡོ་རྗེའི་ལུས་ནི། ཀྱེའི་རྡོ་རྗེར་བསྐྱེད་པའི་ལུས་དབང་པོ་མ་ཚང་བ་མེད་པ་ལ། ལྷན་ཅིག་སྐྱེས་པའི་རྟེན། རྩ་དུ་ལགས་ཞེས་པའོ། །ལན་ལ་ལྔ་སྟེ། རྩ་སུམ་ཅུ་རྩ་གཉིས་ཀྱི་ལས་བསྟན་པ། དེ་རྣམས་ཀྱི་ནང་ནས་རྩའི་གཙོ་མོ་གསུམ་དུ་བསྟན་པ། གསུམ་པོ་དེ་ལས་རྩ་སུམ་ཅུ་རྩ་གཉིས་ཀྱི་མིང་སྤྱིའི་མཚན་ཉིད་བསྟན་པའོ། །དང་པོ་ནི་བཅོམ་ལྡན་འདས་ཞེས་པ་སྟེ། སྤྱིར་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས། འཁོར་ལོའི་དབྱེ་བས་བརྒྱ་ཉི་ཤུ་ཡིན་ལ། དེ་རྣམས་ཀྱི་ནང་ནས་གཙོ་བོར་གྱུར་པའི་རྩ་རྣམས་ནི་སུམ་ཅུ་རྩ་གཉིས་ཏེ། དེ་ཡང་གཙོ་བོར་འཇོག་པའི་རྒྱུ་མཚན་སོ་དང༌། སེན་མོ་སྐྱེད་པ་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པ། དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱི་དབང་དུ་བྱས་ན་བདེ་བ་ཆེན་པོ་ནི་ལྷན་སྐྱེས་སྐྱེ་བའི་གནས་དབང་གི་གནས་སུ་འཛག་པའོ། །རང་བྱིན་བརླབ་ལྟར་ན་བདེ་བ་ཆེན་པོ་རང་བྱུང་གི་ཡེ་ཤེས་ཀྱི་གནས་ལྟེ་བར་རོ། །དེ་ཡང་སཾ་པུ་ཊ་ལས། འཁོར་ལོ་བཞི་ཡིས་རབ་དབྱེ་བས། །བརྒྱ་ཕྲག་གཅིག་དང་ཉི་ཤུ་ལྷག །བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས། །རྩ་རྣམས་སུམ་ཅུ་རྩ་གཉིས་མཆོག །ཅེས་གསུངས་སོ། །གཉིས་པ་ནི་དེ་རྣམས་ཀྱི་ནང་ནས་ཞེས་པ་ལ་སོགས་པའོ། །གསུམ་པ་ལ་དོན་དམ་པའི་ལས་ལམ་དུ་བྱེད་པའི་དུས་ཀྱི་གཙོ་མོ་ཡིན་པའི་རྒྱུ་མཚན་རྐྱང་མ་ནས་བྱང་ཆུབ་ཀྱི་སེམས་ཕབ་པས་སྟོང་ཉམས་སྐྱེ་བས་ན། རྐྱང་མ་ཤེས་རབ་རང་བཞིན་གྱིས། རོ་མ་ནས་ཙཎྜཱ་ལཱི་སྦར་ནས་བྱང་ཆུབ་ཀྱི་སེམས་འབེབས་པས་སྟོང་ཉམས་སྐྱེ་བའི་ཐབས་ཡིན་པས་ན། ཐབས་ཀྱི་རོ་མ་ཡང་དག་གནས། །ཀུན་འདར་མར་རླུང་དང་བྱང་ཆུབ་ཀྱི་སེམས་བཙུད་ན་གཟུང་འཛིན་སྤོང་བས། གཟུང་བ་དང་འཛིན་པ་རྣམ་པར་སྤངས་པའོ། །ཀུན་རྫོབ་ཀྱི་ལས་ཏེ་ཐ་མལ་གྱི་དུས་ཅན་གཙོ་མོ་ཡིན་པའི་རྒྱུ་མཚན། རྐྱང་མ་མི་བསྐྱོད་འབབ་བཅས་པ་ལ་སོགས་པའོ། །བཞི་པ་མི་ཕྱེད་མ་དང་ཞེས་པ་སྟེ་རྩའི་མིང་དང༌། གནས་གང་ན་གནས་པ་དང༌། ལས་ཅི་བྱེད་པ། མི་ཕྱེད་མ་ནི་སྤྱི་བོར་གནས། །སོ་དང་སེན་མོ་འབབ་པར་དྲན། །ཞེས་པ་ལ་སོགས་པ་གསུངས་ལ། རྣལ་འབྱོར་མ་གང་གི་ངོ་བོ་ཡིན་པ། །རྩ་ནི་གཉིས་གཉིས་རྣལ་འབྱོར་མ། །རེ་རེའི་རྣམ་པ་རྣམས་སུ་བརྗོད། །རྐྱང་མ་རོ་མ་ཀུན་འདར་མ། །བདག་མེད་རྣལ་འབྱོར་མ་ཞེས་བརྗོད། །ཅེས་གསུངས་པས་ཤེས་སོ། །ལྔ་པ་བཅོམ་ལྡན་འདས་ལ་སོགས་པ་སྟེ། དོན་དམ་པའི་ལས་ཀྱི་དབང་དུ་བྱས་ནས་ཤེས་རབ་ཀྱི་ངོ་བོ་ཉིད་དུ་བསྟན་པ། སྲིད་གསུམ་ནི་སྤྱི་དོན་དུ་འདོད་པའི་སྲིད་པ་ལ་སོགས་པ་ཡིན་ལ། མཐར་ཐུག་ཏུ་སྐུ་གསུམ་ཡིན། འདིར་སྦས་དོན་དུ་ཞུ་བདེ་མི་རྟོག་པ་གསུམ་མོ། །དེ་རྩ་སུམ་ཅུ་རྩ་གཉིས་གང་བར་ཡོངས་སུ་གྱུར་ན་ཐམས་ཅད་ཀྱང་གཟུང་འཛིན་སྤོང་བའི་ལས་ཅན་ནོ། །ཀུན་རྫོབ་ཀྱི་ལས་ཀྱི་དབང་དུ་བྱས་ནས་ཐབས་ཀྱི་ངོ་བོ་ཉིད་དུ་བསྟན་པ་ནི། ཡང་ན་ཞེས་པ་སྟེ། རྩ་སུམ་ཅུ་རྩ་གཉིས་པོ་ཐམས་ཅད་ཀྱིས་ཐ་མལ་པའི་སོ་དང་སེན་མོ་ལ་སོགས་པ་ཐམས་ཅད་སྐྱེད་པས་དངོས་པོ་སྟེ་ཐབས་སོ། །རང་བྱིན་གྱིས་བརླབ་པའི་རིམ་པའི་ཐབས་སྡོམ་པའི་རབ་ཏུ་དབྱེ་བ་ནི། གང་བསྡམ་ན་མཚན་མ་དང་རྣམ་པར་རྟོག་པ་སྡོམ། གནས་གང་དུ་བསྡམ་པ་འཁོར་ལོ་བཞི་དང་རྩ་གསུམ་དུ། གང་གིས་སྡོམ་ན་ཙཎྜཱ་ལཱི་འབར་འཛག་གི་ཐབས་ཀྱིས། སྡོམ་པ་རང་གི་ངོ་བོ་རང་བྱུང་གི་ཡེ་ཤེས་གསལ་ལ་རྟོག་པ་མེད་པའོ། །གཞུང་ལས་གང་དུ་བསྡམ་པ་རྣམ་པར་གཞག་པ་དང༌། གང་གིས་སྡོམ་པ་བསྟན་པའོ། །སྔ་མ་ལ་རྩ་གཉིས་ཀྱི་རྣམ་པར་གཞག་པ་དང༌། རྩ་གསུམ་གྱི་རྣམ་པར་གཞག་པ་དང༌། འཁོར་ལོ་བཞིའི་རྣམ་པར་གཞག་པ་དང་གསུམ་མོ། །དང་པོ་ནི་སྡོམ་པ་ཞེས་པ་གང་དུ་བསྡམ་པ་དང༌། གང་གིས་སྡོམ་པའོ། །དབྱེ་བ་ནི་རྩ་གཉིས་དང༌། འཁོར་ལོ་བཞིར་སྡོམ་པའོ། །ཨཱ་ལིའི་བརྡས་བསྟན་པ་རྐྱང་མ་ཟླ་བ་ཞེས་པ་དེ་ཉིད་ནས་ཟླ་བ་ལྟར་དཀར་བའི་བྱང་ཆུབ་ཀྱི་སེམས་འབབ་པ། ཤེས་རབ་སྟེ་གཟུང་འཛིན་གྱིས་སྟོང་པའི་ཉམས་སྐྱེ་བའོ། །ཀཱ་ལིའི་བརྡས་བསྟན་པ་གཡས་ཀྱི་ར་མ་ནས་ཉི་མ་སྟེ་རཀྟ་ཉི་མ་ལྟར་དམར་བ་འབབ་ལ། ཐབས་ནི་རོ་མ་ནས་ཙཎྜཱ་ལཱི་སྦར་བས་བྱང་ཆུབ་ཀྱི་སེམས་འབེབས་པའི་ཐབས་ཀྱི་ལམ་ཡིན་པས་སོ། །གཉིས་པ་ཆོས་དང་ཐུགས་ཀྱིས་ཀུན་འདར་མ་བསྟན། ལོངས་སྤྱོད་རྫོགས་པ་དང་གསུང་གིས་རྐྱང་མ། སྤྲུལ་པ་དང་སྐུས་རོ་མ་བསྟན་ནོ། །བསྡུས་དོན་གྱི་མན་ངག་གོ །གསུམ་པ་ནི། ཨེ་ཝྃ་མ་ཡ་ཞེས་ཡི་གེའི་དོན་དུ་བཤད་པ་སྟེ། ཨེ་དང་ནང་རྩ་མདུད་གྲུ་གསུམ་དབྱིབས་མཐུན་པས་ལྟེ་བ། དེ་ན་ས་རླུང་གཙོ་བོར་རྒྱུ་ལ་ས་རྣམ་པར་དག་པ་ལྷ་མོ་སྤྱན། ཝཾ་དང་ནང་སྙིང་གའི་རྩ་ཀུན་འདར་གྱི་ཆ་ཤས་དབྱིབས་མཐུན་པས་སྙིང་ག དེ་ན་ཆུ་རླུང་གཙོ་བོར་གནས་ལ་ཆུ་རྣམ་པར་དག་པ་བདག་མེད་མ་ཞེས་མཱ་མ་ཀཱིའོ། །མ་དང་མགྲིན་པ་ཕྱིའི་དབྱིབས་མཐུན་པས་མགྲིན་པ། དེར་མེ་རླུང་གཙོ་བོར་གནས་ལ། མེ་དག་པ་གོས་དཀར་མོ། ཡ་དང་སྤྱི་བོ་ཕྱིའི་དབྱིབས་མཐུན་པས་སྤྱི་བོ། དེ་ན་རླུང་གི་རླུང་གཙོ་བོར་གནས་པས་དེ་རྣམ་པར་དག་པ་སྒྲོལ་མའོ། །ཐབས་ཀྱིས་ཟིན་ན་ཙཎྜཱ་ལཱི་སྦར་བའི་གནས་ཡིན་པས་མྱ་ངན་ལས་འདས་པ་སྐྱེད་ཅིང་སྤྲུལ། མ་ཟིན་ན་ལུས་གྲུབ་པའི་དང་པོ་ཡིན་པས་འཁོར་བ་སྐྱེད་ཅིང་སྤྲུལ་པས་སྤྲུལ་པའི་འཁོར་ལོའོ། །ཆོས་ཐམས་ཅད་སྙིང་ངམ་སེམས་ལས་བྱུང་བས་ཆོས་ཀྱི་འཁོར་ལོའོ། །རོ་དྲུག་ལ་ལོངས་སྤྱོད་པས་ལོངས་སྤྱོད་དོ། །བདེ་བ་ཆེན་པོ་ནི་ཞུ་བདེ་ཡིན་ལ་དེའི་རྟེན་ཕལ་ཆེར་སྤྱི་བོ་ན་གནས་པས་བདེ་ཆེན་ནོ། །འཁོར་ལོའི་གྲངས་ཀྱི་རིམ་པས་རྣམ་པར་གཞག་པ་ཞེས་པ་འཁོར་ལོ་བཞི་བཞིར་བཞག་ནས་ཆོས་བཞི་ཚན་རྣམས་ཚང་རྩི་བ་སྟེ། སྐད་ཅིག་མ་བཞི་ནི་དཀྱིལ་འཁོར་འཁོར་ལོའི་ཐབས་ལ་ཡོད་པ་ཡིན་ལ། འདིར་གཏུམ་མོ་སྦར་བ་དང༌། བྱང་སེམས་འབེབས་པ་ལ་སོགས་པ་དུ་མ་བྱེད་པས་རྣམ་པ་སྣ་ཚོགས་ཏེ་ལྟེ་བ། གོང་མ་ལྟ་བུའི་ལས་མི་དགོས་པར་བདེ་བའི་ཉམས་མྱོང་སྐྱེ་བས་རྣམ་པར་སྨིན་པ་སྟེ་སྙིང་ག རོ་དྲུག་མྱོང་བའམ་ཉེད་པའི་གནས་ཡིན་པས་རྣམ་པར་ཉེད་པ་སྟེ་མགྲིན་པ། བདེ་ཆེན་འཁོར་ལོ་ན་རླུང་སེམས་འདུས་ན་མཚན་གཞི་མཚན་ཉིད་དུ་ཞེན་པའི་རྟོག་པ་མེད་པའི་ཉམས་སྐྱེ་བས་མཚན་ཉིད་དང་བྲལ་བའོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་བརྗོད་བྱ་འཕགས་པའི་བདེན་པ་བཞི་ནི་འདིར་གཏུམ་མོ་སྦར་བ་ལ་སོགས་པའི་ལས་དུ་མ་བྱེད་པས་སྡུག་བསྔལ་བ་སྟེ། ཆོས་ཐམས་ཅད་སེམས་ལས་བྱུང་བས་དེའི་རྟེན་སྙིང་ག་ཀུན་འབྱུང༌། རོ་དྲུག་འགོག་པས་མགྲིན་པ། འཁོར་ལོ་འོག་མར་བྱང་ཆུབ་ཀྱི་སེམས་འབབ་པའི་མགོ་རྩོམ་པའི་ལམ་སྤྱི་བོའོ། །དཔལ་གདན་བཞི་དང༌། རྡོ་རྗེ་མཁའ་འགྲོ་ལས་འབྱུང་བའི་དེ་ཁོ་ན་ཉིད་བཞི་ནི། འདིར་ལྟེ་བར་མྱོང་བའི་རང་རིག་པ་གསལ་བ་བདག་གི་དེ་ཁོ་ན། སྙིང་གར་མྱོང་བའི་བདེ་བས་ཡིད་སྐྱོབ་པར་བྱེད་པས་སྔགས། མགྲིན་པར་མྱོང་བའི་བྱང་ཆུབ་ཀྱི་སེམས་དེ་ལུས་ལས་འབྱུང་ཞིང་བདེ་བ་ལ་རོལ་པས་ལྷ། བདེ་ཆེན་དུ་བྱང་ཆུབ་ཀྱི་སེམས་བརྟན་པས་གཉིས་སུ་མེད་པའི་ཡེ་ཤེས་ཉམས་སུ་མྱོང་བས་ཡེ་ཤེས་ཀྱི་དེ་ཁོ་ནའོ། །དེ་ཡང་འཁོར་ལོ་བཞིའི་ཐབས་ལ་དུས་ཚོད་བཞིར་མྱོང་བའི་དགའ་བ་བཞི་ནི་འདིར་མས་བརྟན་པའི་དབང་དུ་བྱས་ནས་ལྟེ་བར་བརྟན་པ་བདེ་བའི་ཉམས་མྱོང་ཆུང་བས་དགའ་བ། སྙིང་གར་བརྟན་པས་བདེ་བ་ཆེ་བས་མཆོག་དགའ། མགྲིན་པར་བརྟན་པས་མི་རྟོག་པས་དགའ་བྲལ། སྤྱི་བོར་བརྟན་པས་བདེ་བ་དང་སྟོང་པ་ཟུང་དུ་ཆུད་པས། ལྷན་ཅིག་སྐྱེས་པའི་དགའ་བའོ། །ཕྱི་རོལ་ན་ཉན་ཐོས་སྡེ་པ་བཞི་ནི་འདིར་ལྟེ་བ་ལུས་གྲུབ་པའི་དང་པོ་ཡིན་པ་དང༌། ལུས་སྐྱེས་པའི་གནས་བརྟན་པོ་ཡིན་པས་གནས་བརྟན་པ། ཆོས་ཐམས་ཅད་སྙིང་ངམ་སེམས་ལས་འབྱུང་བས་སྙིང་ག་ཐམས་ཅད་ཡོད་པར་སྨྲ་བ། རོ་དྲུག་ཀུན་གྱིས་བཀུར་བས་མགྲིན་པ་ཀུན་གྱིས་བཀུར་བ། བྱང་ཆུབ་ཀྱི་སེམས་ཕལ་ཆེར་གནས་པས་སྤྱི་བོ་དགེ་འདུན་ཕལ་ཆེན་ནོ། །དེ་ལྟར་རང་བྱུང་གི་ཡེ་ཤེས་སྐྱེ་བའི་གནས་མཐའ་དག་གི་དབང་དུ་བྱས་ནས་རྩ་གསུམ་འཁོར་ལོ་བཞིར་བཤད་ནས་སྐྱེ་བའི་གནས་ཀྱི་གཙོ་བོ་ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་ཡི་གེ་དགོད་པ་ཟླ་བའི་བརྡས་བསྟན་པ་ཨཱ་ལི་སྟེ་ཉིས་འགྱུར་གཡོན་སྐོར། ཉི་མའི་བརྡས་བསྟན་པ་ཀཱ་ལི་སྟེ། གཡས་སྐོར་དུ་དགོད་པ་ཡིན་ལ། འཕོ་བ་བཅུ་དྲུག་ལ་སོགས་པས་འཁོར་ལོ་བཞིའི་རྩ་འདབ་ལས་རྒྱུ་བའི་རླུང་བསྟན་ཏོ། །ཡང་གོང་མ་རྣམས་ཀྱིས་རྩ་གསུམ་འཁོར་ལོ་བཞི་ལུས་ཀྱི་དཀྱིལ་འཁོར་ལ་ཨེ་ཝྃ་མ་ཡ་བཞི་དེ་ལ་བརྟེན་པའི་ཡི་གེ་བྷ་གའི་དཀྱིལ་འཁོར་བསྟན་ལ། དེ་ལ་བརྟེན་པ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་ཨཱ་ལིའི་བརྡས་བསྟན་པ་ཟླ་བ་སྟེ་བྱང་ཆུབ་ཀྱི་སེམས། ཀཱ་ལིའི་བརྡས་བསྟན་པ་རཀྟ་ཉི་མ་ལྟར་དམར་བའོ། །དེ་ལ་དབང་བྱེད་པའི་རླུང་འཕོ་བ་བཅུ་དྲུག་ལ་སོགས་པས་བསྟན་ཏོ། །དེ་ཡང་ཕྱི་རོལ་དུ་བ་རུ་ར་འབྲིང་པོ་གཅིག་ལ་ཞོ་གཅིག་ཏུ་བྱས་པའི་ཟངས་སྲང་བཅུ་གཉིས་ལ་རྒྱར་སོར་བཅུ་གཉིས་པ། འཕངས་སུ་སོར་བརྒྱད་པའི་སྣོད་བརྡུངས་ལ། གསེར་འོལ་མ་སེ་སུམ་ཅུ་ལ་སོར་དྲུག་པའི་ཐུར་མ་ཕྲ་སྦོམ་མེད་པ་བྱས་པས་དབུས་སུ་བུ་ག་ཕུག་ལ། དེ་ཆུ་དྭངས་པའི་སྟེང་དུ་ཞག་པས་ཁེངས་པའི་བར་དབྱུག་གུ་གཅིག་ཡིན། དེའི་བར་ལ་རྟེན་གྱི་གང་ཟག་ཁམས་སྙོམས་པའི་དབང་དུ་བྱས་པའི་དབུགས་སུམ་བརྒྱ་སུམ་ཅུ་རྩ་ཕྱེད་དང་བརྒྱད་རྒྱུ་ལ། དེ་ཙམ་རེ་རེ་ལྟེ་བ་སྤྲུལ་པའི་རྩ་འདབ་རེ་རེ་ནས་རྒྱུ་ལ། དེ་ལྟ་བུ་དྲུག་ཅུ་རྩ་བཞི་ཉིན་ཞག་ཕྲུགས་གཅིག་ལ་རྒྱུའོ། །དེ་ལྟ་བུ་གཉིས་ལ་ཆུ་ཚོད་གཅིག་སྟེ། དེའི་བར་ལ་དབུགས་དྲུག་བརྒྱ་བདུན་ཅུ་རྩ་ལྔ་རྒྱུའོ། །དེ་ལྟ་བུ་སུམ་ཅུ་སོ་གཉིས་ཏེ་སྤྱི་བོའི་རྩ་འདབ་སོ་གཉིས་ལས་དེ་ཙམ་རེ་རེ་རྒྱུའོ། །དེ་ལྟ་བུ་གཉིས་ལ་འཕོ་བ་གཅིག་ཅེས་བྱ་སྟེ། སྟོང་སུམ་བརྒྱ་ལྔ་བཅུའོ། །དེ་ལྟ་བུ་བཅུ་དྲུག་ལོངས་སྤྱོད་ཀྱི་འཁོར་ལོ་འདབ་མ་བཅུ་དྲུག་ལ་འཕོ་ཞིང་རྒྱུའོ། །དེ་ཙམ་པ་གཉིས་ལས་ཐུན་ཕྱེད་པ་གཅིག་སྟེ། ཉིས་སྟོང་བདུན་བརྒྱའོ། །དེ་ལྟ་བུ་བརྒྱད་སྙིང་གའི་རྩ་འདབ་བརྒྱད་ལ་འཕོ་ཞིང་རྒྱུའོ། །ཐུན་ཕྱེད་གཉིས་ལས་ཐུན་ཚོད་གཅིག་སྟེ་ལྔ་སྟོང་བཞི་བརྒྱའོ། །དེ་བཞི་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ་ཉིན་ཞག་ཕྲུགས་གཅིག་གི་རླུང་ངོ༌། །ཐབས་གང་གིས་སྡོམ་པ་ནི་ལྟེ་བར་ཞེས་པ་སྟེ། འཁོར་ལོ་བཞི་ཡིག་འབྲུ་དང་བཅས་པ་རྩ་གསུམ་རང་བཞིན་གྱིས་གནས་པའི་རླུང་མེ་དང་བཅས་པ་གསལ་བཏབ་ལ། འོག་རླུང་ལན་གསུམ་བསྐུལ་བས་བཤང་སྒོའི་རླུང་གིས་སུམ་མདོའི་མེ་སྦར། ལྟེ་བའི་ཨྃ་ལ་ཕོག་པས་གཏུམ་མོའི་མེ་འབར་ནས་གཡས་པའི་རོ་མ་ནས་སོང་བས་དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ་སྙིང་གའི་ཡིག་འབྲུ་ལྔ་བཅོམ། སྤྱན་ལ་སོགས་པ་སྟེ་མཚམས་ཀྱི་བཞི་དང་མགྲིན་པའི་ཡིག་འབྲུ་ཡང་བཅོམ་ཏེ་ཧྃ་ལ་རེག་པས་ཞུ་ནས་རྐྱང་མ་ནས་བྱོན། མགྲིན་པ་དང་སྙིང་གའི་ཡིག་འབྲུ་རྣམས་གསོས་ནས། ཨྃ་གི་སྟེང་དུ་བབས་པས་ཆེར་འཕྲོས་ཏེ། དབུ་མ་ནས་ཕྲ་ཞིང་མྱུར་བའི་ཚུལ་གྱིས་འབར་ནས། སྙིང་གའི་ཧཱུྃ་དང་མགྲིན་པའི་ཨོཾ་གཉིས་ཐོགས་པ་མེད་པར་བཅོམ་ནས། སྤྱི་གཙུག་གི་ཧྃ་ལ་རེག་ཧྃ་ཞུ་ནས་དབུ་མ་ན་འབར་འཛག་ལ་དམིགས་པའོ། །དེས་སྡོམ་པ་རང་གི་ངོ་བོ་རང་བྱུང་གི་ཡེ་ཤེས་སྐྱེ་སྟེ། མཚན་མ་དང་རྣམ་པར་རྟོག་པ་སྡོམ་པའོ། །ལེའུའི་མཚན་ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོག་པས་མི་ཕྱེད་པས་རྡོ་རྗེ་ཡིན་ལ། རིགས་ཞེས་པས་རྒྱུ་སྟེ། དཀྱིལ་འཁོར་འཁོར་ལོའི་ཐབས་རྩའི་འཁོར་ལོ་དང༌། རང་བྱིན་གྱིས་བརླབ་པའི་ཐབས་སྡོམ་པའི་རབ་ཏུ་དབྱེ་བ་ཡིན་ལ། དེ་སྟོན་པའི་གཞུང་ལེའུ་སྟེ་ཙྪེ་ད་ཞེས་པ་དུམ་བུའོ། །དེ་ལྟར་མོས་པར་བྱས་ནས་གནས་པར་བྱ་བའི་ཐབས་ལ་དངོས་གྲུབ་མཐའ་དག་སྒྲུབ་པའི་ཐབས་དང༌། གཙོ་བོར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་སོ། །སྔ་མ་ནི་ལེའུ་གཉིས་པས་སྟོན་ཏེ། སྤྱི་དོན་གྱི་མཚམས་སྦྱོར་ཐོབ་པར་བྱ་བའི་འབྲས་བུ་སྙིང་པོ་ཀྱེའི་རྡོ་རྗེའི་དངོས་གྲུབ་དང༌། དེ་ཐོབ་པར་བྱེད་པའི་རྒྱུའི་གཙོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལེའུ་དང་པོ་ནས་བསྟན། དེའི་གྲོགས་སྔགས་ཀྱི་བཟླས་པས་ཀྱང་འགྲུབ་སྟེ། སཾ་པུ་ཊའི་བརྟག་པ་བཅུ་པ་ལས། རྡོ་རྗེ་སེམས་དཔའི་སྙིང་པོ་སོགས། །འབུམ་དུ་བཟླས་པས་འགྲུབ་པར་འགྱུར། །ཞེས་གསུངས་པས། ལེའུ་གཉིས་པ་ལས་སྔགས་བསྟན་ཏོ། །སྦས་དོན་གྱི་མཚམས་སྦྱོར་ལ། རྒྱུད་འདིའི་བརྗོད་བྱའི་གཙོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ། དེ་ལེའུ་དང་པོར། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ལ་སོགས་པས་བསྟན། དེ་སྐྱེ་བའི་རྟེན་རྩའི་འཁོར་ལོ་ཡིན་པས་དེ་ཡང་ལེའུ་དང་པོ་ལས་རྩ་སུམ་ཅུ་རྩ་གཉིས་གསུངས། རྩ་དེ་རྣམས་ཞུ་བདེ་མི་རྟོག་པ་གསུམ་མངོན་དུ་བྱས་ནས། མཚན་མ་དང་རྣམ་པར་རྟོག་པ་ལས་ཡིད་སྐྱོབ་པས་སྔགས་ཡིན་ལ། སྔགས་སུམ་ཅུ་རྩ་གཉིས་ཀྱི་གྲངས་ཀྱིས་རྩ་སུམ་ཅུ་རྩ་གཉིས་མཚོན་པ་ལེའུ་གཉིས་པས་བསྟན་ཏོ། །འདིའི་བརྗོད་པར་བྱ་བའི་དོན་བསྐྱེད་རིམ་དང་སྤྱི། རྗོད་བྱེད་ཡན་ལག་གི་དོན་གཙོ་བོ་ཡིན་ལ། བྷྲཱུྃ་ལ་སོགས་པ་ཁ་ཕྲལ་བ་རྣམས་ཡིག་དོན་ཡང་ཡིན། སྔགས་དོན་མེད་པ་རྣམས་བསྡུས་པའི་དོན་ཡིན་གསུང་ངོ༌། །མངོན་པར་རྟོགས་པ་དངོས་གྲུབ་མཐའ་དག་སྒྲུབ་པའི་ཐབས་དྲུག་ལས། བཟླས་པ་དང༌། གཏོར་མ་དང༌། ལས་ཀྱི་ཚོགས་རབ་འབྱམས་དང༌། ཁ་ཟས་ཀྱིས་མཚོན་ནས་དམ་ཚིག་དང་སྡོམ་པ་དང་ཡང་འབྲེལ། བཤད་པའི་རྒྱུད་ཀྱིས་ཇི་ལྟར་ཕན་འདོགས་པ་ནི། སྔགས་དག་པར་བྱ་བའི་ཕྱིར་བཏུ་བ། འདི་ཉིད་ཀྱི་ཕྱི་མའི་དགུ་པ་དང༌། སཾ་པུ་ཊའི་བདུན་པའི་གསུམ་པ་གཉིས་ལས་གསུངས་སོ། །བཏུས་པའི་སྔགས་ཉིད་གང་ཡིན་པ་མ་ཚང་བ་ཁ་བསྐང་བའི་ཚུལ་གྱིས། འདི་ཉིད་ཀྱི་ཕྱི་མའི་ཕྱག་རྒྱ་བསྡུས་པ་དང༌། ཧེ་རུ་ཀ་མངོན་པར་འབྱུང་བ་དང༌། སཾ་པུ་ཊའི་བརྒྱད་པའི་རབ་ཏུ་བྱེད་པ་བཞི་པ་ལས་གསུངས་སོ། །སྔགས་བཟླས་པའི་མན་ངག་གུར་གྱི་ལེའུ་བཅུ་གཉིས་པ་དང་བརྒྱད་པའི་གཉིས་པ་ལས་གསུངས། བཟླས་པའི་གྲངས་འཛིན་པའི་ཡུལ་ཕྲེང་བ། སཾ་པུ་ཊའི་བརྒྱད་པའི་གཉིས་པ་དང༌། འདི་ཉིད་ཀྱི་ཕྱི་མའི་བཅུ་པ་ལས་གསུངས། སྔགས་བཟླས་པ་དང་འབྲེལ་པའི་ཁ་ཟས་ཀྱི་དམ་ཚིག་ཀྱང་འདི་ཉིད་ཀྱི་ཕྱི་མའི་བཅུ་པ་ལས་གསུངས། སྔགས་བཟླས་པའི་དགོས་པ་གུར་གྱི་ལེའུ་དྲུག་པ་ལས་གསུངས་པ་རྣམས་ཀྱིས་ཕན་འདོགས་སོ། །ལུས་རྣམ་པར་གཞག་པ་དུམ་བུ་བརྒྱད་ཀྱིས་རྒྱས་པར་བཤད་པ་ཡོད་དོ། །སྔགས་ཉིད་འདིར་བཤད་པ་གནས་སྐབས་དྲུག་དང་འབྲེལ་ཏེ། གཏོར་མ་དང༌། ལྷ་བསྐྱེད་པའི་ས་བོན་དང༌། བཟླས་པའི་སྔགས་དང༌། ལས་ཚོགས་དང༌། མངོན་པར་རྟོགས་པ་དང༌། དམ་ཚིག་དང་འབྲེལ་པའོ། །དང་པོ་གཏོར་མ་དང་འབྲེལ་པ་ནི། རྫས་སྦྱང་བ་གུར་གྱི་ལེའུ་དགུ་པ་ནས་གསུངས། མགྲོན་བསྐྱེད་པ་གུར་གྱི་ལེའུ་གསུམ་པ་ནས། སྔགས་རྒྱས་པ་ཕན་ཡོན་དང་བཅས་པ་འདི་ཉིད་ཀྱི་ཕྱག་རྒྱ་བསྡུས་པ་ལས་གསུངས་ལ། བསྡུས་པ་ལ་ཨོཾ་སྔགས་ཀྱི་མགོ་འདྲེན། ཨ་ཀཱ་རོ་ཨའི་ཡི་གེ་མུ་ཁཾ་སྒོའམ་དང་པོ་སྟེ། དབྱིབས་ཀྱི་ཨ་ཤད་ལྟ་བུ་སྟེ། དེ་མེད་ན་ཡི་གེའི་གཟུགས་མི་ཐུབ་པས་ཡི་གེ་ཐམས་ཅད་ཀྱི་སྒོའམ་དང་པོའོ། །བརྗོད་པའི་ཨ་བརྗོད་པ་ཐམས་ཅད་ཀྱི་སྲོག་ཡིན་པས་སྒྲ་ཐམས་ཅད་ཀྱི་སྒོའམ་དང་པོའོ། །ནང་ལྟར་བཤད་པའི་ཨ་ལྟེ་བ་ན་གནས་པ་དེ་ལུས་གྲུབ་པ་ན། དང་པོ་ལྟེ་བའི་རྩ་མདུད་ནས་ཆགས་པས། ལུས་གྲུབ་པའི་སྒོའམ་དང་པོ། །དོན་གྱི་ཨ་སེམས་ཉིད་སྐྱེ་བ་མེད་པ་ནི་ཆོས་ཐམས་ཅད་ཀྱི་སྒོའམ་དང་པོ་སྟེ། སརྦ་དྷརྨཱ་ཎཱཾ་ཞེས་པ་ཆོས་ཐམས་ཅད། ཨཱ་དྱ་ནུཏྤནྣ་ཏྭཏ། སྐྱེ་བ་མེད་པའི་སྒོ་ཅན་ཏེ། འབྱུང་ཞིང་ཐིམ་པའི་གནས་ཡིན་པའོ། །ཨོཾ་ཨཱཿཧཱུྃ་སྐུ་གསུང་ཐུགས་ཀྱི་སྔགས་སོ། །བྷཱུྃ་ལ་སོགས་པས་བསྡུས་པའི་དཀྱིལ་འཁོར་གྱི་ལྷ་བསྐྱེད་པའི་ས་བོན་དང༌། ཨོཾ་ཨཱཿབྷཱུྃ་ཧཱུྃ་ཕཊ་ལ་སོགས་པ་རིགས་ལྔ་སོ་སོའི་སྔགས་དང༌། ཐམས་ཅད་བསྡོམས་པ་ལ་ཨོཾ་དང་ཧཱུྃ་ཕཊ་སྭཱ་ཧཱ་བཅུག་པས་རིགས་ལྔའི་ཐུན་མོང་གི་སྔགས་སུ་འགྲོ་བས་བཟླས་པའི་སྔགས་དང་ཡང་འབྲེལ། ཡང་ཁ་ཟས་དང་བདུད་རྩི་བྱིན་གྱིས་རློབ་པ་ལ་སོགས་པ་དམ་ཚིག་དང་ཡང་འབྲེལ། རྫོགས་པའི་རིམ་པ་ཙཎྜཱ་ལཱི་སྒོམ་པའི་སྙིང་གར་དགོད་པ་དང་ཡང་འབྲེལ་ལོ། །བཟླས་པ་འབའ་ཞིག་དང་འབྲེལ་བའི་སྔགས། དེ་ཝ་ལྷ་སྟེ་ཐབས། པི་ཙུ་འཇམ་པ་སྟེ་ཤེས་རབ། བཛྲ་རྡོ་རྗེ་སྟེ་དབྱེར་མི་ཕྱེད་པ། ཧཱུྃ་གསུམ་སྐུ་གསུང་ཐུགས། སྔགས་ཐམས་ཅད་ལ་སྤྱིར་དང་པོར་ཨོཾ་སྐུའི་ཡི་གེ རིང་ཡིག་ཨ་ཡིན་པས་གསུང་གི་ཡི་གེ་དང༌། མཐར་ཧཱུྃ་ཐུགས་ཀྱི་ཡི་གེ་དང༌། ཕཊ་དང་སྭཱ་ཧཱ་མེད་པ་རྣམས་ལ་ཡང་གཞུག་གོ །ལས་ཚོགས་དང་འབྲེལ་བ་གྲོང་ཁྱེར་དཀྲུག་པའི་སྔགས་ནི་ཧེ་རུ་ཀ་བཞི་བདག་མེད་མ་དང་ལྔའི་གང་རུང་གི་རྣལ་འབྱོར་ལ་གནས་ནས། སྔོན་དུ་བསྙེན་པ་འབུམ་ཕྲག་བཞི་སོང་བ་ཞིག་གིས། དངོས་གྲུབ་དེ་ཉིད་ལ་དམིགས་ནས་བྱེ་བ་ཕྲག་གཅིག་བཟླས། སྒྲུབ་པ་ལ་ནམ་མཚན་མ་མཐོང་མཐོང་གི་བར་དུ་བཟླས། ལས་ལ་སྦྱོར་བའི་དུས་སུ་དུག་དང༌། ཁྲག་དང༌། སྐེ་ཚེ་དང༌། ལན་ཚྭའི་ཁུ་བས་རང་གི་ལག་པ་གཡས་པའི་མཐིལ་དུ་འཁོར་ལོ་རྩིབས་བརྒྱད་ལ་ཡི་གེ་བརྒྱད། ལྟེ་བ་ལ་ཨོཾ་དང་སྭཱ་ཧཱའི་བར་དུ་ཆེ་གེ་མོ་དང༌། ཆེ་གེ་མོ་ནང་འཁྲུག་ཕུང་ཞིག་ཅེས་པ་བྲིའོ། །མྱུ་ཁྱུད་ལ་ཨཱ་ལི་གཡོན་སྐོར་དང་ཀཱ་ལི་གཡས་སྐོར་དུ་བཀོད་པ་སྦར་བ་བསྡམས་ཏེ། ཁ་ལ་གཏད་པ་ཁ་རླངས་ཕྱིར་མ་ཤོར་བར་སྔགས་ཆེ་གེ་མོ་དང་ཆེ་གེ་མོ་བི་དེ་ཤ་སྤེལ་ཚིག་དང་བཅས་པ་བཟླས་ནས་ཁ་ཕྱེ་སྟེ་གྲོང་ཁྱེར་ལ་བསྟན་ན་ནང་འཁྲུགས་ཏེ་ཡུལ་ནས་འཐོན་པར་འགྱུར་རོ། །དེ་ཉིད་རྫོགས་རིམ་དུ་ལྟེ་བའི་ནང་སྐོར་བརྒྱད་ལ་བཀོད་དེ་དབུས་ཀྱི་ཨ་ལས་ཙཎྜ་ལཱིའི་མེ་སྦར་ནས་སྙིང་གའི་དེ་བཞིན་གཤེགས་པ་ལྔའི་ས་བོན་འཇོམས་པ་ནི་ནང་གི་གྲོང་ཁྱེར་དཀྲུག་པའོ། །ཨཱ་ལི་བཅོ་ལྔ་ནི་རྣལ་འབྱོར་མ་བཅོ་ལྔ་སྐྱེད་པའི་ས་བོན་དང་ཡང་འབྲེལ། ཁ་ཕྲལ་ཏེ་ཨོཾ་དང་ཧཱུྃ་ཕཊ་བཅུག་པས་སོ་སོའི་སྔགས་དང༌། བསྡོམས་པ་ལ། ཨོཾ་དང་ཧཱུྃ་ཕཊ་བཅུག་པས་བདག་མེད་མའི་ཕྲེང་སྔགས་ཏེ་བཟླས་པའི་སྔགས་དང་ཡང་འབྲེལ་ལོ། །བཟླས་པ་འབའ་ཞིག་དང་འབྲེལ་པ། ཏྲཻ་གསུམ། ལོཀྱ་འཇིག་རྟེན། ཨཀྵེ་པ་སྨོད་པ་སྟེ། ལུས་ངག་ཡིད་གསུམ་མམ་ཁམས་གསུམ་གྱི་རྟོག་པ་སྤངས་པའོ། །ཛྭ་ལ་འབར་བ། བྷྱོ་གཉིས་སུ་མེད་པའི་ཡེ་ཤེས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མེ་འབར་བས་གཟུང་འཛིན་སྲེག་པའོ། །ཀི་ཊི་ཆིངས། བཛྲ་རྡོ་རྗེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེས་རྣམ་རྟོག་ཆིངས་ཤིག་པའོ། །ཨོཾ་ཨཱཿཧཱུྃ་ནི་སྐུ་གསུང་ཐུགས་བྱིན་གྱི་རློབ་པའི་ས་བོན་ཡིན་པས་མངོན་པར་རྟོགས་པ་དང་འབྲེལ་ལ། ཁ་ཟས་བྱིན་གྱིས་རློབ་པ་ལ་སོགས་པའི་དམ་ཚིག་དང་ཡང་འབྲེལ་ལོ། །ས་སྦྱང་བའི་སྔགས་སྐྱོན་སྦྱང་བ་སྔོན་དུ་སོང་བས་ས་དེར་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ས་ཕྱོགས་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་བྱས་ཏེ་བགེགས་སྦྱང་བའོ། །ཨོཾ་ཧཱུྃ་སྭཱ་ཧཱ་ལ་སོགས་པ་དྲག་པོའི་སྔགས་བདུན་ལས་ཚོགས་དང་འབྲེལ་པ་སྟེ། འོག་ནས་འབྱུང་བའི་ལྷའི་རྣལ་འབྱོར་དང་ལྡན་པས་སོ་སོར་བསྒྲུབ་པར་བྱའོ། །ཀུ་རུ་ཀུལླེའི་སྔགས་ལེའུ་བཅུ་གཅིག་པའི་ལྷའི་རྣལ་འབྱོར་དང་འབྲེལ་ནས་དབང་དུ་བྱེད་པ་གཙོར་སྒྲུབ་པའི་སྔགས་སོ། །ཆར་དབབ་པ་ལ་སོགས་པ་ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་གྱི་རྣལ་འབྱོར་ལ་བརྟེན་ཏེ། ཨཥྚཱ་ན་ན་ལ་བསྙེན་པ་འབུམ་ཕྲག་བཞི་སོང་བས་གྲོང་ཁྱེར་ལ་སོགས་པའི་ནུབ་བྱང་གི་རྫིང་བུ་ལ་སོགས་པ་དངོས་སུ་ཡོད་དམ་མེད་ནའང་བཅོས་མའི་རྫིང་བུ་བྱས་ཏེ། དེར་ཆུ་དྲངས་པས་བཀང་ལ་དེའི་འགྲམ་དུ་དཀྱིལ་འཁོར་གྱི་ས་ཆོག་ཇི་ལྟ་བ་བཞིན་བྱ། དེ་ནས་ཉི་མ་གཉིས་པ་ལ་ཀླུ་གནས་པའི་ས་ནས་ས་བླངས་ཏེ། ཀླུའི་རྒྱལ་པོ་མཐའ་ཡས་ཀྱི་གཟུགས་རོ་སྨད་སྦྲུལ་མཇུག་འཁྱིལ་པ། རོ་སྟོད་མི་འདྲ་བ་ཐལ་མོ་སྙིང་གར་སྦྱར་བ། སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་པ་བྱས་ལ། རྫའི་ཁམ་ཕོར་གསར་པ་ཁ་སྦྱར་གྱི་ནང་དུ་བཞག་གོ །དེ་ནས་དཀྱིལ་འཁོར་གྱི་ཡོ་བྱད་ཚོགས་པ་དང༌། དང་པོ་ལྷ་སྟ་གོན་དུ་གནས་པ་བྱ། དེ་ནས་བུམ་པ་སྟ་གོན་བྱ། དེ་ནས་སློབ་མ་སྟ་གོན་གྱི་ཐད་ཀར་མཐའ་ཡས་ཀྱི་གཟུགས་བརྙན་མི་དམིགས་པ་ལས། ཨ་དང་ཕུཿལས་མཐའ་ཡས་སྐུ་མདོག་གསེར་བཙོ་མ་ལྟ་བུ་བསྐྱེད། དེ་ནས་ས་འོག་རིམ་པ་བདུན་ནས་མཐའ་ཡས་བཀུག་ལ་བསྟིམ། གནས་གསུམ་བྱིན་གྱིས་བརླབས། མེ་ལོང་བསྟན་ཏེ་བུམ་ཆུས་དབང་བསྐུར་ལ་སྣང་བ་མཐའ་ཡས་ཀྱིས་དབུར་བརྒྱན་པར་བསྒོམ། མེ་ཏོག་ནག་པོ་ལ་སོགས་པའི་མཆོད་པ་ལྔས་མཆོད། མཁན་པའི་ཁུ་བས་བྱུག གླང་པོ་ཆེའི་རྣ་བའི་རྡུལ་གྱི་དྲི་མས་ཀྱང་བྱུག བ་ནག་མོའི་འོ་མས་ཅུང་ཟད་གཏོར། ཁམ་པོར་ཁ་སྦྱར་ལ་གཞོན་ནུ་མ་ནག་མོས་བཀལ་བའི་སྐུད་པས་རྒྱ་གྲམ་དུ་དཀྲིས་ལ་བཞག་གོ །དེ་ནས་ནང་པར་གཞུང་བཞིན་ཐིག་ཚོན་གྱིས་བྲིས། དཀྱིལ་འཁོར་གྱི་མཆོད་པའི་ཡོ་བྱད་བཤམ། བུམ་པ་གནས་སུ་དབུལ། དཀྱིལ་འཁོར་ཇི་ལྟ་བ་བཞིན་བསྒྲུབ། མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པ་ལྔས་མཆོད། བདུད་རྩིའི་མཆོད་པ་དང་ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད། བསྟོད་པ་བྱས་ལ་སློབ་དཔོན་བདག་ཉིད་འཇུག་པ་བྱ། དམ་ཚིག་ཅན་ལ་གཏོར་མ་བཏང་ལ་ཚོགས་བྱ། དེ་ནས་མཐའ་ཡས་ཀྱི་ཁམ་ཕོར་ཁ་ཕྱེ་ལ་སྔར་བཞིན་བསྐྱེད་པ་ནས་མཆོད་པའི་བར་དུ་བྱ། བྱུག་པའི་རྫས་རྣམས་ཀྱིས་བྱུགས་ཏེ། བ་ནག་མོའི་འོ་མས་ཁམ་ཕོར་བཀང་ལ་སྔར་བཞིན་དཀྲིས་ལ་བཞག དེ་ནས་མདུན་གྱི་དཀྱིལ་འཁོར་གྱི་གཙོ་བོ་དང༌། བདག་ཉིད་ཐ་མི་དད་པར་བསམས་ཏེ། མཐའ་ཡས་གཟིར་ལ་ཆར་དབབ་པའི་བསམས་པས་སྔགས་བཟླའོ། །མཇུག་གི་ཆོ་ག་ཡང་ཚུལ་བཞིན་དུ་བྱའོ། །འོག་མ་རྣམས་ལའང་ཧེ་རུ་ཀ་བཞི། བདག་མེད་མ་དང་ལྔ་གང་ཡང་རུང་བ་ལ་བསྙེན་པ་སྔོན་དུ་འབུམ་ཕྲག་བཞི་སོང་བས་དངོས་གྲུབ་ཀྱི་དོན་དུ་བྱེ་བ་བཟླས་ལ་སྒྲུབ་པ་ནམ་མཚན་མ་མཐོང་མཐོང་གི་བར་དུ་བྱ་སྟེ། དེ་ནི་ལས་སྦྱོར་ཐམས་ཅད་ལ་ཤེས་པར་བྱའོ། །རྡོ་རྗེ་མ་ལ་སོགས་པ་ནི་བདག་མེད་མའི་དཀྱིལ་འཁོར་གྱི་ནང་གི་འཕར་མའི་ལྷ་མོ་བདུན་ཏེ། ཚོགས་གཉིས་བསགས་པ་སྔོན་དུ་སོང་བས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་རང་གི་ས་བོན་ཨཱ་ལི་གཉིས་ལ་སོགས་པ་ལས། སོ་སོའི་ས་བོན་ཙམ་ལས་བསྐྱེད། སྤྲོས་པ་ལ་དགའ་ན་ཡེ་ཤེས་པ་དགུག་གཞུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར་ཏེ་རང་རང་གི་རིགས་ཀྱི་བདག་པོས་དབུར་བརྒྱན་ལ། གོང་དུ་བཤད་པའི་སོ་སོའི་སྔགས་བཟླས་པས་འགྲུབ་སྟེ། བཟླས་བསྒོམ་ཙམ་གྱིས་འགྲུབ་པ་དབང་པོ་རབ་གྱི་སྒྲུབ་ལུགས་སོ། །མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པའི་ཐབས་ལ་བཞི་སྟེ། ཐོག་མར་རིམ་པ་གཉིས་ལ་གནས་པར་བྱ་བ་དང༌། རིམ་པ་གཉིས་ལ་གནས་པ་དེས་དྲོད་ཐོབ་ནས་རང་གི་སེམས་ཀྱི་བརྟན་གཡོ་བརྟག་པ་ལ་སོགས་པའི་ཐབས་སྤྱོད་པ་བྱ་བ་དང༌། སྤྱོད་པ་བྱེད་པ་དེས་མཆོག་གི་དངོས་གྲུབ་སྒྲུབ་པའི་གྲོགས་ངོ་ཤེས་པར་བྱ་བའི་ཕྱིར་བརྡ་ལ་སོགས་པ་བྱ་བ་དང༌། བརྡས་མཚོན་པར་བྱེད་པའི་གྲོགས་ལ་བརྟེན་ཏེ་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པའི་ཐབས་ལྷན་ཅིག་སྐྱེས་པའི་དོན་བསྒོམ་པ་བསྟན་པའོ། །དེ་རྣམས་ཀྱི་དང་པོ་ལ་གཉིས་ཏེ། རྫོགས་པའི་རིམ་པ་བསྒོམ་པའི་རྟེན་ཡིན་པས། ཐོག་མར་བསྐྱེད་པའི་རིམ་པ་བསྒོམ་པ་དང༌། བསྐྱེད་པའི་རིམ་པ་ལ་གནས་པ་དེས་དེ་ཁོ་ན་ཉིད་རྟོགས་པར་བྱ་བའི་ཕྱིར་རྫོགས་པའི་རིམ་པ་བསྒོམ་པར་བསྟན་པའོ། །སྔ་མ་ལ་གཉིས་ཏེ། ཐོག་མར་ལྷ་བསྐྱེད་པ་དང༌། དེ་ནས་དབང་བསྐུར་བའོ། །ལྷ་བསྐྱེད་པ་ནི་ལེའུའི་འབྲེལ་སྔགས་ཟློས་པ་ལ་ལུས་ལྷར་བསྐྱེད་དགོས་པས་ལྷའི་ལེའུའོ། །སྦས་དོན་དུ་རྩ་རྣམས་ཀྱི་ནང་ན་གནས་པའི་རླུང་དང་བྱང་ཆུབ་ཀྱི་སེམས་དེ་ལུས་ལས་བྱུང་བ་དང་བདེ་བ་ལ་རོལ་ཞིང་བྱིན་གྱིས་རློབ་པས་ལྷ་ཡིན་པས་ལྷའི་ལེའུའོ། །དེ་ཡང་འོག་ནས། གང་ཕྱིར་ལུས་ལས་བྱུང་བའི་ཕྱིར། །ལྷ་ཞེས་མངོན་པར་བརྗོད་པར་བྱ། །ཞེས་གསུངས་པས་སོ། །བརྗོད་པར་བྱ་བའི་དོན་ལེའུ་བཞི་པ་དང་གཉིས་ཕྱོགས་གཅིག་ཏུ་བསྐྱེད་རིམ་དང་སྤྱི། རྗོད་བྱེད་ཡན་ལག་གི་དོན་གཙོ་བོ་ཡིན་ལ་གཉིས་པོའང་ཅུང་ཟད་འཇུག་པའི་སྐབས་ཡོད། མངོན་པར་རྟོགས་པ་རྫོགས་པའི་རིམ་པའི་རྟེན་བསྐྱེད་པའི་རིམ་པ་དང་འབྲེལ། བཤད་པའི་རྒྱུད་ཕྱག་བཅུ་དྲུག་པ་འདིར་མ་ཚང་བ་ཁ་བསྐང་བའི་ཚུལ་གྱིས་འདི་ཉིད་ཀྱི་ཕྱི་མའི་ལེའུ་ལྔ་པ་ལས་གསུངས། གུར་གྱི་ལེའུ་བཞི་པ་ལས་བསྐྱེད་རིམ་ཙམ་གྱི་མངོན་པར་རྟོགས་པ་མདོར་བསྟན། ལེའུ་བདུན་པ་ལས་ཡན་ལག་དྲུག་བྱིན་གྱིས་རློབ་པའི་སྔགས་དང་བཅས་པ་རྒྱས་པར་བཤད། བཅུ་གཉིས་པ་ནས་སྔོན་འགྲོའི་ཆོ་ག་དང་བཅས་པ་རྒྱས་པར་བཤད། བཅོ་ལྔ་པ་ལས་ཕྱག་བཞི་པ་ཞལ་གསུམ་པ་གསལ་བར་བཤད་དོ། །སཾ་པུ་ཊའི་བརྟག་པ་གཉིས་པའི་རབ་བྱེད་གསུམ་པར་ཐུན་མོང་གི་ཆོ་ག་དང་ཕྱག་གཉིས་པ་ཆ་མཚུངས། ཕྱག་བཞི་པ་དེ་དོན་གསལ་བར་བྱེད་པ་རྒྱུད་ཕྱི་མ་དང་བཅས་པ་ཞལ་བཞིར་གསལ་བར་བཤད། ཕྱག་དྲུག་པ་ལྷ་བཅུ་བདུན་གྱི་སྒྲུབ་ཐབས་སུ་ཚུལ་མི་འདྲ་བའི་སྒོ་ནས་ཁ་བསྐངས་ཏེ་བཤད་དོ། །ལུས་རྣམ་པར་གཞག་པ་ལྷ་རྣམས་ཇི་ལྟར་འབྱུང་བའི་ཚུལ་རྒྱས་པར་བཤད་པའོ། །ཚིག་དོན་ལ་བཤད་པར་དམ་བཅའ་བ་ལེའུའི་མཚམས་སྦྱོར་ཉིད་ཀྱི་ཁོང་དུ་ཆུད་པ་ཡིན་ལ། དོན་དངོས་ལ་ཧེ་རུ་ཀ་གསུམ་བསྐྱེད་པ་ཐུན་མོང་གི་ཆོ་ག་དང༌། སོ་སོའི་མཚན་ཉིད་དོ། །དང་པོ་ནི། འཁྲུགས་ཀྱི་ཚུལ་དུ་རང་གི་ལྡང་བའི་རྣལ་འབྱོར་གྱིས་ལངས་པའི་སྙིང་གར་པཾ་ལས་པདྨའི་སྟེང་དུ། རེ་ཕ་ཞེས་སྒྲ་པའི་སྐད་ཡིན་ལ། དོན་ནི་རྃ་མོ། །དེ་ལས་བྱུང་བའི་ཉི་དཀྱིལ་འཁོར། །དེར་ནི་ཧཱུྃ་གི་རྣམ་པ་ཉིད། །ཐབས་དང་ཞེས་པས། ཐབས་ཀྱི་མཚོན་བྱེད་ཀཱ་ལིའི་ནང་ནས་ཧ། ཤེས་རབ་ཅེས་པས་ཤེས་རབ་ཀྱི་མཚོན་བྱེད་ཨཱ་ལིའི་ནང་ནས་ཨུ་དང་ཨྃ། རང་བཞིན་ཅན་ཏེ་སེམས་ཉིད་ཐབས་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་རྣམ་པ་ཧཱུྃ་ངོ༌། །དེ་ལས་འོད་འཕྲོས་པས། ནམ་མཁར་རྗེ་བཙུན་ཏེ། བླ་མ་དང་ལྷག་པའི་ལྷར་བལྟས་ནས་ནི། རྡོ་རྗེ་སྐྱེ་བ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ལས་སྐྱེས་པའི་སྙིང་རྗེ་ཆེན་པོ་འཁོར་དང་བཅས་པའོ། །རྒྱན་རྣམས་ཐམས་ཅད་འཛིན་པ་སྟེ། མཆོད་པ་སྣ་ཚོགས་ཐོགས་པའི་ལྷ་མོ་བརྒྱད་པ་སྙིང་གའི་ཧཱུྃ་ལས་སྤྲོས་ལ་མཆོད་དོ། །ཞེས་པས་མདོར་བསྟན་ནས། དེ་ཉིད་རྒྱས་པར་བཤད་པ། དཀར་མོས་རི་དྭགས་མཚན་མ་འཛིན། །ལ་སོགས་པ་ལྔ་གསང་བའི་མཆོད་པ་སྟེ། བསྡུས་པའི་དོན་གྱིས་བཤད་དོ། །གཉིས་ཕྱིའི་མཆོད་པ་ཡིན་ལ། ཐ་མ་དེ་ཁོ་ན་ཉིད་ཀྱི་མཆོད་པ་སྟེ། འདོད་ཆགས་ཆེན་པོ་ཞེས། ཟག་པ་མེད་པའི་བདེ་པ་ཆེན་པོ་སྐུ་ཉམས་སུ་བསྟར་བར་བསྒོམ་པའོ། །དེ་ནས་གུས་ལས། བླ་མ་རྡོ་རྗེ་ཅན་མཆོད་ཅིང༌། །བདུན་པོ་རྣམ་པར་དག་པར་བྱ། །ཞེས་གསུངས་པས། སྡིག་པ་བཤགས་པ་དང༌། བྱེད་པ་བསྡོམ་པ་དང༌། རྗེས་སུ་ཡི་རང་བ་དང༌། ཡོངས་སུ་བསྔོ་བ་དང༌། སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ལུས་དབུལ་བ་རྣམས་བྱའོ། །དེ་ནས་དང་པོར་ཏེ། ཚད་མེད་པ་བཞིའི་དང་པོར་བྱམས་པ་སྟེ། དམིགས་པའི་ཡུལ་སེམས་ཅན་ཐམས་ཅད་ལ་རྣམ་པ་བདེ་བ་དང་བདེ་བའི་རྒྱུད་དང་ལྡན་པར་གྱུར་ཅིག་སྙམ་པ་དང༌། སྙིང་རྗེ་སྟེ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བ་དང༌། དམིགས་པ་ལྡན་པ་དང་བྲལ་བ་གཉིས་ཀ་ལ་རྣམ་པ་དགའ་བ་ཁྱད་པར་ཅན་དང༌། དེ་ཡང་དགྲ་དང་གཉེན་དང་ཐ་མལ་པ་མེད་པར་བཏང་སྙོམས་བསྒོམ་པའོ། །བསོད་ནམས་ཀྱི་ཚོགས་བསག་གོ །ཡེ་ཤེས་ཀྱི་ཚོགས་བསག་ནི། ཡང་ནི་སྟེ། ཡན་ལག་བདུན་ཀྱི་ནང་དུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། དོན་དམ་པ་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས། ཤཱུ་ནྱ་ཏཱའི་སྔགས་ཀྱི་སྟོབས་ཀྱིས་བསྒོམ་པའོ། །དེ་ལྟར་ཚོགས་གཉིས་བསགས་ནས་རྟེན་དང་བརྟེན་པ་བསྐྱེད་པ་ལས། རྟེན་སྲུང་བའི་འཁོར་ལོ་བསྐྱེད་པ་མདོར་བསྟན་པ། གཉིས་པ་ལ་ནི་ས་བོན་བསྡུ། །ཞེས་པ་ཡེ་ཤེས་ཚོགས་བསགས་ལ་ལྟོས་པའི་གཉིས་པར། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་བསྒོམ་པའོ། །དེ་ལས་སྣ་ཚོགས་རྡོ་རྗེ་བསྒོམ་པ་ནི་གཟུགས་བརྙན་རྫོགས་པའོ། །ཡིག་འབྲུ་དགོད་པ་ནི། དེའི་ལྟེ་བའི་ཧཱུྃ་བཀོད་པའི་འོད་ཟེར་གྱིས་སྲུང་འཁོར་བསྒོམ་པའོ། །རྒྱས་པར་བཤད་པ་ས་བོན་བསྡུ་བའི་དོན། རེ་ཕ་ཉི་མ་སྔོན་དུ་རྣམ་བསྒོམས་ནས། །ཉི་དེར་ཧཱུྃ་བྱུང་ཞེས་པས་བཤད། །གཟུགས་བརྙན་རྫོགས་ཀྱི་དོན། །སྣ་ཚོགས་རྡོ་རྗེ་སྟེ། ཞེས་པས་བཤད། ཡིག་འབྲུ་དགོད་ཀྱི་དོན། རྡོ་རྗེ་དེ་ཉིད་ཀྱི་ནི་ལྟེ་བའི་ཧཱུྃ་ལས་འོད་ཕྱོགས་སུ་འཕྲོས་པ་ལས་རྭ་བ་དང༌། སྟེང་དུ་འཕྲོས་པ་ལས། གུར་བཅིང་བ་ཡང་རྣམ་པར་བསྒོམ་པ་ཉིད་དོ། །དེ་གཉིས་ཀ་ལས་འོད་ཟེར་རབ་ཏུ་འབར་བ་འཕྲོས་པས་ནང་གི་བགེགས་བསལ་ནས། རྡོ་རྗེའི་ས་གཞིར་བསྒོམ་པ་དང༌། དེ་ཐམས་ཅད་ལས་ཕྱི་རོལ་དུ་འོད་འཕྲོས་པས་བསྐལ་པའི་མེའི་གུར་བསྒོམ་པ་དང༌། དེའི་ནང་དུ་པྃ་ལས་པདྨ་འདབ་མ་བརྒྱད་པ་ཆེན་པོ་གཅིག་གི་སྟེང་དུ་ཉི་མ་དགུ་བསྒོམ་པ་ཁ་བསྐང་ངོ༌། །དེར་རོ་དགུ་བསྒོམ་པ་ཆོས་ཀྱི་དབྱིངས་བདག་གཉིས་ཀྱི་རྟོག་པ་དང་བྲལ་བའི་མཚོན་བྱེད་དོ། །དེ་ལྟར་རྟེན་སྲུང་བའི་འཁོར་ལོ་གདན་དང་བཅས་པ་བསྐྱེད་ནས། བརྟེན་པ་ལྷ་བསྐྱེད་པ་ལ། གཙོ་བོ་མངོན་པར་བྱང་ཆུབ་པ་ལྔའི་ཚུལ་གྱིས་བསྐྱེད་པ། ཨཱ་ལི་ཟླ་བ་ཞེས་པ། ཨཱ་ལི་བཅུ་དྲུག་ཉིས་འགྱུར་ལས་མཚན་སུམ་ཅུ་རྩ་གཉིས་དེ་ལས་རྣམ་པ་ཟླ་བ། ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས། ཀཱ་ལི་ཉི་ཞེས་པ་ཀཱ་ལི་སུམ་ཅུ་རྩ་བཞིའི་སྟེང་དུ་ཡི་གེ་དྲུག་བསྣན་པ་ཉིས་འགྱུར་ལས་དཔེ་བྱད། དེ་ལས་ཉི་མའི་དཀྱིལ་འཁོར་ལ་མཉམ་པ་ཉིད་དུ་མོས། ས་བོན་ནང་དུ་སོན་གྱུར་པ། །བར་དུ་ཡི་གེ་ཧཱུྃ་སྟེ་ངོ་བོ་ཡང༌། །དེ་ཉིད་སེམས་དཔའ་ཞེས་བྱར་བརྗོད། །མཆོག་ཏུ་དགའ་བའི་རང་བཞིན་ཅན། །དེ་ཡང་ཧཱུྃ་དེ་ཁ་ཕྲལ་ཏེ། ཧ་ལས་གྲ་ཧ་ཀ་གཟུང་བ། གྲ་ཧ་ཙ་འཛིན་པ། ཨཱུ་ཤ་ལ་བྱིན་ཏེ་ཤཱུ་ནྱ་ཏཱ་སྟོང་པ། ཐིག་ལེ་མ་ཡིན་པས་མ་ན་ཡིད་དེ། གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཡིད་ཙམ་སྟེ། སེམས་ཉིད་བདེ་བ་ཆེན་པོ་སྟེ་ཡི་གེའི་དོན་གྱིས་བཤད་པའོ། །ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སུ་མོས་པའོ། །ཧཱུྃ་གི་རྣམ་པར་གྱུར་བལྟས་ནས། །ཞེས་པ་གསུམ་འདྲེས་པ་བྱ་བ་ནན་ཏན། དེ་ལས་ཞེ་སྡང་རྣམ་པར་དག་པའི་མི་བསྐྱོད་ཀྱེའི་རྡོ་རྗེ་ཧེ་རུ་ཀ་གསུམ་གང་ཡང་རུང་བའི་སྐུ་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེའི་མཚན་ཉིད། རྡོ་རྗེ་སྐྱེ་པ་ནག་པོ་ཆེ། །ལ་སོགས་པས་བསྟན་ཏོ། །སོ་སོའི་མཚན་ཉིད་ལ་གསུམ་སྟེ། སྐུ་རྡོ་རྗེ་ཕྱག་གཉིས་པར་བསྒོམ་པར་དང༌། གསུང་རྡོ་རྗེ་ཕྱག་བཞི་པར་བསྒོམ་པ་དང༌། ཐུགས་རྡོ་རྗེ་ཕྱག་དྲུག་པར་བསྒོམ་པའོ། །དང་པོ་ནི་གཙོ་བོའི་མཚན་ཉིད། སྔོ་དང་ཉེ་མ་མཚུངས་པའི་མདོག ཅེས་པས་བསྟན་ལ། འཁོར་བསྐྱེད་པ་ཐུགས་ཀའི་ས་བོན་ལས་གཽ་རཱི་དཔག་ཏུ་མེད་པ་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་གཟུགས་ཀྱི་ཕུང་པོ་དང་གཏི་མུག་གི་དྲི་མ་སྦྱངས་ནས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་རྣམ་པ་གཽ་རཱིར་བྱས། དོན་བྱེད་པ་དང༌། བྱས་པ་གཉིས་ག་ཚུར་འདུས་ཤར་ཕྱོགས་ཀྱི་གདན་རོའི་སྟེང་དུ་གཽ་རཱི་གཅིག་ཏུ་གྱུར་པ་ལ་སོགས་པ་སྦྱར། མཚམས་མ་འབྱུང་བ་སའི་རྟོག་པ་སྦྱངས། བྱམས་པ་ཚད་མེད་པ་དང༌། པུཀྐ་སཱིའི་རྣམ་པར་གྱུར་པ་ལ་སོགས་པའི་ཚུལ་གྱིས་བསྐྱེད་དེ། ནམ་མཁའི་དཀྱིལ་འཁོར་ཁྱབ་པ་ཡི། །ལ་སོགས་པའོ། །ཞེ་སྡང་བདག་ཉིད་ནི། ཞེ་སྡང་དག་པ་མི་བསྐྱོད་པ་འཁོར་དང་བཅས་པའོ། །དེ་ལྟར་ན། རྣལ་འབྱོར་མ་བརྒྱད་ཡོངས་བསྐོར་ནས། དུར་ཁྲོད་དུ་ནི་མགོན་པོ་རོལ། །ཞེས་པས་སྲུང་འཁོར་གྱི་ནང་ན་དུར་ཁྲོད་བརྒྱད་ཀྱི་དབུས་སུ་བཞུགས་པའོ། །དབུགས་རྒྱུ་ཞེས་པ་ལ། ཤྭ་ནཾ་བ་སཱ་ཏི་ཞེས་བྱ་བ་ཡིན་པ་ལས། ན་དང་བ་ཕྱིས་པས། ཤྭ་སཱ་ཏི་ཞེས་པ་རོ་གནས་ཏེ་དུར་ཁྲོད། གསུང་རྡོ་རྗེ་ཕྱག་བཞི་པ། ཕྱག་བཞི་ནི་ཞེས་པ་ལ་སོགས་པ་སྟེ། ཧཱུྃ་ལས་བྱུང་བ་ཞེས་པ་ནི། མངོན་བྱང་གསུམ་པར་ཧཱུྃ་ལས་རྡོ་རྗེ་གིས་མཚན་པ་ཡིན་ལ། འདིར་ཡུམ་གྱི་ས་བོན་ཨྃ་ལས་གྲི་གུག་ཨྃ་གིས་མཚན་པ་ཡང་འདི་དང་ཕྱག་དྲུག་པ་གཉིས་ཀ་ལ་དོན་གྱིས་ཤེས་པར་བྱའོ། །ཐུགས་རྡོ་རྗེ་ཕྱག་དྲུག་པ་ནི་ཞལ་གཡོན་དམར་བ་དང༌། ཉི་མ་ལྟ་བུ་ཞེས་པ་སྦྱར་ལ། གཡས་དཀར་བ་ཟླ་བ་ལྟ་བུའོ། །ཁམས་གསུམ་གྱི་བདག་ཉིད་ནི་ཆོས་ཀྱི་དབྱིངས་བདག་མེད་པ་ཡིན་ལ། དེ་བདག་གཉིས་ཀྱི་རྟོག་པ་མེད་པ་རོས་མཚོན་པ་ཡིན་ནོ། །ཕྱི་མ་གཉིས་ཀྱི་འཁོར་བསྐྱེད་པ་ཡང་གོང་དུ་བཤད་པ་དང་མཐུན་པར་བཞེད་དོ། །དེ་ལྟར་དམ་ཚིག་སེམས་དཔའ་བསྐྱེད་པ་བསྙེན་པ་ཡིན་ལ། ཡེ་ཤེས་པ་དགུག་གཞུག་བྱ་བ་ཉེ་བར་སྒྲུབ་པ་དང༌། སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སྒྲུབ་པ། གུར་ལས་འབྱུང་བ་བཞིན་དུ་ཁ་བསྐང་སྟེ། དབང་བསྐུར་བསྒྲུབ་པ་ཆེན་པོ་ལེའུ་བཞི་པ་དང་འབྲེལ་ལོ། །དབང་བསྐུར་བ་ནི་ལྷ་དབང་བསྐུར་བའི་ལེའུ་བཤད་པར་བྱ་ཞེས་པ་སྟེ། དེ་ལྟར་ལྷར་བསྐྱེད་ཀྱང་དབང་མ་བསྐུར་ན་ལམ་དུས་སུ། རང་གི་ལྷའི་རིགས་ངོ་མི་ཤེས་ཏེ། འོག་ནས་འབྱུང་བ་བཞིན་དུ། རིགས་འཆོལ་བསྒོམ་པའི་སྦྱོར་བ་ལས། །དངོས་གྲུབ་མེད་ཅིང་སྒྲུབ་པོའང་མེད། །ཅེས་པ་ལྟ་བུར་འགྱུར་ལ། འབྲས་བུའི་དུས་སུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཀྱི་བྱ་བ་ལ་དབང་བསྐུར་མི་ནུས་པས་ན། ལྷ་དབང་བསྐུར་བའི་ལེའུའོ། །སྦས་དོན་དུ་བྱང་ཆུབ་ཀྱི་སེམས་དེ་ཉིད་ལམ་དུ་བྱས་ནས་རང་བྱུང་ངམ་ལྷན་སྐྱེས་ཀྱི་ཏིང་ངེ་འཛིན་སྐྱེ་བས་རྣམ་རྟོག་གི་དྲི་མ་ཁྱུད་པས་དབང་ཡིན་པའོ། །དེ་ལ་ལྔ་སྟེ། ཐོག་མར་དབང་བསྐུར་གྱི་ལྷ་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ་དབང་བསྐུར་བར་གསོལ་བ་གདབ་པ་དང༌། དེ་ནས་དབང་བསྐུར་ནས་དབུར་རྒྱན་ལ་རིགས་ཀྱི་བདག་པོས་མཚན་པ་དང༌། དེས་བསྐྱེད་པའི་རིམ་པ་རྫོགས་པ་ཉིད་དུ་བསྟན་པ་དང༌། བསྒོམ་པའི་གྲངས་དང༌། སྤྱོད་ལམ་གྱི་རྣལ་འབྱོར་བསྟན་པའོ། །དང་པོ་ནི་རང་གི་སྙིང་གར། ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་ཐམས་ཅད་ཅེས་པ་དེ་བཞིན་གཤེགས་པ་རིགས་ལྔ། བྱང་ཆུབ་སེམས་དཔའ་བརྒྱད། སྤྱན་སོགས་བཞི། གཟུགས་རྡོ་རྗེ་ལ་སོགས་པ་དྲུག ཁྲོ་བཅུ་བཅུའོ། །གཉིས་པ་ནི་སངས་རྒྱས་དེ་རྣམས་ཧེ་རུ་ཀའི་གཟུགས་ཀྱིས། ཞེས་པས་རིགས་ལྔ་ཕྱག་བཅུ་དྲུག་པར་གྱུར་ནས་སོ། །གསུམ་པ་འདིས་ནི་ཞེས་པ་དབང་བསྐུར་བས་ཡན་ལག་བཞི་རྫོགས་པའོ། །བཞི་པ་ཐུན་གསུམ་ནི། བརྩོན་འགྲུས་ཅན་ཉིན་གསུམ། མཚན་གསུམ་དུ་བསྒོམ་པའི་དབང་དུ་བྱས་པའོ། །ལྔ་པ་ལངས་ཏེ་ལྷའི་གཟུགས་སུ་བཞག་གོ །ཞེས་པ་ཐུན་མཚམས་སུ་ལྷ་མོ་བརྒྱད་སྙིང་གར་བསྡུས་ཏེ། སྤྱོད་ལམ་བྱེད་པ་ནའོ། །བསྐྱེད་པའི་རིམ་པ་ལ་གནས་པ་དེས། །དེ་ཁོ་ན་ཉིད་རྟོགས་པར་བྱ་བའི་ཕྱིར། །རྫོགས་པའི་རིམ་པ་བསྒོམ་པ་ནི། དེ་ལྟར་ལྷར་བསྐྱེད་ཅིང་དབང་བསྐུར་ཡང་ལྷའི་དེ་ཁོ་ན་ཉིད་མ་རྟོགས་ན་མི་གྲོལ་བས་ན། དེ་ནས་དེ་ཁོ་ན་ཉིད་ཀྱི་ལེའུ་བཤད་པར་བྱའོ། །ཞེས་པའོ། །སྦས་དོན་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་མི་རྟོག་པས། དེ་ཁོ་ན་ཉིད་དང་མཐུན་པས་དེ་ཁོ་ན་ཉིད་དོ། །འདིའི་བརྗོད་པར་བྱ་བའི་དོན་དེ་ཁོ་ན་ཉིད་ཀྱི་མཚན་ཉིད། ཁམས་བཅོ་བརྒྱད་དམ། གཟུང་འཛིན་བཅུ་གཉིས་ཀྱིས་སྟོང་པར་ཐོས་བསམ་གྱིས་ཡུལ་གཏན་ལ་འབེབས་པ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྤྱི་ཡིན་ལ། ད་མངོན་དུ་བྱེད་པའི་ཐབས་དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱི་སྦས་པའོ། །རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་གྱིས་གཙོར་བཤད་ཅིང༌། ཡིག་དོན་ཅུང་ཟད་ཙམ་འཇུག མངོན་པར་རྟོགས་པ་ལྷ་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར། རྫོགས་པའི་རིམ་པ་བསྒོམ་པ་དང་འབྲེལ། བཤད་པའི་རྒྱུད་སཾ་པུ་ཊའི་བརྟག་པ་དང་པོའི་རབ་ཏུ་བྱེད་པ་དང་པོ་དང༌། གཉིས་པའི་རབ་ཏུ་བྱེད་པ་གཉིས་པ་ལས་ཤིན་ཏུ་གསལ་བར་བཤད་དོ། །ལུས་རྣམ་པར་གཞག་པའི་ཡེ་ཤེས་ཞེས་པའི་རྒྱས་བཤད་ཡིན་ནོ། །དོན་དངོས་ལ་གསུམ་ལས། དང་པོ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད། དེ་རྟོགས་པར་བྱེད་པའི་ཐབས། ཐབས་ལ་བརྟེན་ནས་དེ་ཁོ་ན་ཉིད་རྟོགས་པའི་ཕན་ཡོན་བསྟན་པའོ། །དང་པོ་ནི་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ། ངོ་བོ་ཉིད་ཀྱིས་གྲུབ་པའི་གཟུགས་མེད་དེ། གཟུགས་གློ་བུར་དུ་རྒྱུ་རྐྱེན་ལས་སྐྱེ་བའི་ཕྱིར་རོ། །གཟུགས་མེད་པས་ན་མཐོང་བ་པོ་སྟེ། མིག་གི་རྣམ་ཤེས་དང༌། མིག་གི་དབང་པོ་ཡང་མེད་པ་ལ་སོགས་པའོ། །སེམས་ཞེས་པ་བསམ་པར་བྱ་བས་ན་སེམས་ཏེ། ཡུལ་ཆོས་མེད་པས་སེམས་ལས་བྱུང་བ་སྟེ། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པའང་མེད་དོ། །དེ་རྟོག་པར་བྱེད་པའི་ཐབས་ལ་བཞི་སྟེ། ཐབས་ཀྱི་ངོ་བོ་ཉིད་བསྟན་པའི་སྒོ་ནས་བསྟེན་པར་བྱ་བ་དང༌། ཇི་ལྟར་བསྟེན་པར་བྱ་བའི་ཚུལ་དང༌། དེ་ལྟར་བསྟེན་པར་བྱ་བའི་འཐད་པ་ཐབས་ལ་སོགས་པ་དོན་དམ་པར་མེད་ཀྱང་ཀུན་རྫོབ་རྣམ་པར་གཞག་པ་ལ་མི་འགལ་བར་བསྟན་པའོ། །དང་པོ་ལ་མདོར་བསྟན་པ། སྐྱེད་བྱེད་ཅེས་པ། དེ་ཁོ་ན་ཉིད་ཐོས་བསམ་གྱི་གཏན་ལ་ཕབ་པ་དེ། ཉམས་སུ་མྱོང་བ་སྐྱེད་པར་བྱེད་པ་རིགས་ལྔའི་ཕྱག་རྒྱའོ། །དེ་ཉིད་གསང་དབང་གི་དུས་སུ་བླ་མས་བསྟེན་པར་བྱ་བས་ནམ། ཤེས་རབ་ཡེ་ཤེས་ཀྱི་དུས་སུ་རང་གིས་བསྟེན་པར་བྱ་བས་ན་སྲིད་མོ་ཉིད་དོ། །རྣལ་འབྱོར་རིག་པ་སྟེ་འདུ་ཤེས་གསུམ་དང་ལྡན་པས་སྙོམས་འཇུག་གི་སྒོ་ནས་རྟག་ཏུ་མཆོད་པའོ། །དེ་ཉིད་རྒྱས་པར་བཤད་པ། མ་དང་སྲིང་མོའི་དོན་གར་མ་ལ་སོགས་པར་བཤད་ལ། རྣལ་འབྱོར་རིག་པའི་དོན་ཐབས་ཀྱི་ཆོ་ག་སྒྲུབ་པ་པོ་ལྷར་བསྐྱེད་པ། ཤེས་རབ་ཀྱི་ཆོ་ག་ཕྱག་རྒྱ་ལྷར་བསྐྱེད་པ་སྟེ་ལྷའི་འདུ་ཤེས། ཡང་ཐབས་ཀྱི་ཆོ་ག་རྡོ་རྗེ་ཧཱུྃ་ལས་བསྐྱེད་པ། ཤེས་རབ་ཀྱི་ཆོ་ག་པདྨ་ཨ་ལས་བསྐྱེད་པ་སྟེ་སྔགས་ཀྱི་འདུ་ཤེས་སོ། །དེ་ཉིད་རིགས་པས་ཏེ་དེ་ལ་བརྟེན་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱ་བར་འདོད་པ་ཆོས་ཀྱི་འདུ་ཤེས་སོ། །དེ་ཉིད་ཚུལ་ཇི་ལྟར་བསྟེན་པ། ཇི་ལྟར་དབྱེ་བས་ཏེ་གཞན་གྱིས་ཚོར་བར་མི་འགྱུར་བར། རབ་ཏུ་འབད་པ་སྟེ་གསང་བ་ལའོ། །མ་གསང་ན་རྩ་ལྟུང་བདུན་པར་འགྱུར་བས། དེའི་ཉེས་དམིགས་སྦྲུལ་ལ་སོགས་པས་སྡུག་བསྔལ་བྱེད་པའོ། །ཡང་ན་ཇི་ལྟར་དབྱེ་བ་སྟེ་བྱང་ཆུབ་ཀྱི་སེམས་ཉམས་པར་མི་འགྱུར་བར། རབ་ཏུ་འབད་པས་ཏེ་མི་ཉམས་པའི་ཐབས་ལའོ། །མ་གསང་སྟེ་ཉམས་ན་ལྟུང་བ་ལྔ་པར་འགྱུར་བས་ཉེས་དམིགས་སྦྲུལ་ལ་སོགས་པས་སྡུག་བསྔལ་བྱེད་པའོ། །བསྟེན་པའི་འཐད་པ་ལ་མདོར་བསྟན་པ། རིགས་ལྔའི་ཕྱག་རྒྱ་ཞེས་ཟེར་ཡང་དོན་ཕྱག་རྒྱ་ལྔ་ནི་རིགས་ཡིན་པས་ཞེས་པ་སྟེ། དེ་ལ་བརྟེན་ནས་ཞུ་བདེ་ལྷན་སྐྱེས་སྐྱེ་ལ། དེ་གོམས་པས་རང་བཞིན་ལྷན་སྐྱེས་རྟོགས་པ་ཐར་པ་སྟེ་རིགས་ལྔའི་དངོས་གྲུབ་ཀྱི་རྒྱུ་ཡིན་པས་བསྟེན་པར་འཐད་ཅེས་པའོ། །རྒྱས་པར་བཤད་པ་ལ་དྲུག་སྟེ། ཕྱག་རྒྱའི་ངེས་པའི་ཚིག་དང༌། རིགས་ལྔར་གཞག་པའི་རྒྱུ་མཚན་དང༌། དེ་རྣམས་དེ་བཞིན་གཤེགས་པའི་རིགས་སུ་བསྟན་པ་དང༌། དེ་བཞིན་གཤེགས་པའི་ངེས་ཚིག་དང༌། རིགས་ཀྱི་བྱེ་བྲག་གི་དབྱེ་བ་དང༌། གང་དག་ཇི་ལྟར་རིགས་སུ་འགྱུར་བ་བསྟན་པའོ། །དང་པོ་ནི། རྡོ་རྗེ་འདིས་ནི་སྟེ། རིགས་ལྔའི་སྒྲུབ་པ་པོའི་གསང་བའི་རྡོ་རྗེ་ཧཱུྃ་ལས་བསྐྱེད་པས། ཕྱག་རྒྱའི་པདྨ་ལ་གདབ་པར་བྱ་བ་ཉིད་ཡིན་པས་ཕྱག་རྒྱའོ། །གཉིས་པ་རིགས་ཀྱི་བདག་པོ་ལྔ་ཡོད་པས། དེའི་སྒྲུབ་པ་པོ་ལྔ། དེའི་ཕྱག་རྒྱ་ཡང་ལྔར་ངེས་པ་ཡིན་ནོ། །གསུམ་པ་འདི་རྣམས་ཞེས་པ། དེ་བཞིན་གཤེགས་པ་ལྔ་ཀ་ཡང་དེ་བཞིན་ཉིད་ཀྱི་ངོ་བོར་གཤེགས་པས་དེ་བཞིན་གཤེགས་པའི་རིགས་སོ། །བཞི་པ་དཔལ་ལྡན་ཞེས་ཚོགས་གཉིས་ཀྱི་དཔལ་དང་ལྡན་པས་དཔལ་ལྡན། དེ་བཞིན་ཉིད་སྤྲོས་བྲལ་གྱི་ངོ་བོར་གཤེགས་པས་ན། དེ་བཞིན་ཉིད་གཤེགས་ཤིང༌། དེ་བཞིན་ཉིད་ལས་གཟུགས་ཀྱི་སྐུར་གཤེགས་པས་ན། དེ་བཞིན་སླར་ཡང་གཤེགས་པ་ཉིད་དོ། །ལྔ་པ། རིགས་ནི་རྣམ་པ་དྲུག་བརྗོད་ཅིང༌། །ཞེས་པས། རིགས་ཐམས་ཅད་ཀྱི་བདག་ཉིད་ཆོས་ཉིད་ཀྱི་རིགས་དྲུག་པ་ལོགས་སུ་བགྲང་ལ། དེ་ཉིད་སྤྱིར་བཏང་བས་མདོར་བསྡུས་ན་ནི་རྣམ་པ་ལྔའོ། །དེ་ཡང་ཡོན་ཏན་དང་ཕྲིན་ལས་སྐུ་གསུང་ཐུགས་ཉིད་ཀྱི་ཡོན་ཏན་ཕྲིན་ལས་ཡིན་གྱིས་ལོགས་སུ་མེད་པས་གསུམ་དུ་འགྱུར་རོ། །དྲུག་པ་རིགས་དང་ཞེས་གསུངས་ཀྱང་རིགས་ནི་ཞེས་པ། རིགས་ལྔ་ནི་སྦྱང་གཞི་ལྔ་ཡིན་པས། དེ་དག་པའི་དེ་བཞིན་གཤེགས་པ་རིགས་ལྔར་འབྱུང་བའོ། །ཐབས་ལ་སོགས་པ་དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་རྣམ་པར་གཞག་པ་མི་འགལ་བར་བསྟན་པ་ལ་གཉིས་ཏེ། མདོ་དང༌། རྒྱས་པའོ། །མདོར་བསྟན་པ་ལ། དོན་དམ་པར་སྒོམ་པ་པོ་སྟེ། སྒྲུབ་པ་པོ་ལྔ་མེད། དེ་མེད་པས་རིགས་ལྔ་བསྒོམ་པ་ཡང་མེད། དེ་མེད་པས་ལྷ་སྟེ་རིགས་ལྔ་མེད། དེ་མེད་པས་སྔགས་ཀྱང་ཡོད་མ་ཡིན། ཀུན་རྫོབ་ཏུ་སྔགས་དང༌། ལྷ་དང༌། དེས་མཚོན་ནས་བསྒོམ་པ་དང༌། སྒོམ་པ་པོ་ཡང་ཡོད་པ་མི་འགལ་བའོ། །རྒྱས་པར་བཤད་པ་ལ་གཉིས། རིགས་ཀྱི་བདག་པོ་རྣམ་པར་གཞག་པ་དང༌། དེའི་རིགས་རྣམས་པར་གཞག་པ་མི་འགལ་བར་བསྟན་པའོ། །སྔ་མ་ལ་གསུམ་སྟེ། ཚངས་པ་ལ་སོགས་པར་གཞག་པའི་ཚུལ། ལྷར་གཞག་པའི་ཚུལ། བཅོམ་ལྡན་འདས་སུ་གཞག་པའི་ཚུལ་ལོ། །དང་པོ་ནི། རྣམ་སྣང་ལ་ཚངས་པ་ཞེས་བརྗོད་ལ། རྣམ་སྣང་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ལ། དེ་སྒྲིབ་པ་མ་ལུས་པ་དང་བྲལ་བས་ཚངས་པ་སྒྲིབ་བྲལ་སངས་རྒྱས་ཉིད་དོ། །མི་བསྐྱོད་པ་ལ་ཁྱབ་འཇུག་ཟེར་ལ། མི་བསྐྱོད་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་པས། དེས་ཆོས་ཐམས་ཅད་ལ་ཁྱབ་པར་འཇུག་པའི་ཕྱིར་ཁྱབ་འཇུག་བརྗོད་པར་བྱའོ། །དོན་ཡོད་གྲུབ་པ་ལ་ཞི་བ་ཞེས་བྱ་སྟེ། དེ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ལ། དེ་སེམས་ཅན་གྱི་དོན་ལ་དུལ་ཞིང་ཞི་བས། རྟག་ཏུ་དགེ་བས་ཞི་བ་ཉིད། །ཅེས་སོ། །རིན་འབྱུང་ལ་ཐམས་ཅད་ཅེས་བྱ་སྟེ། དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་པས། དེ་ཐམས་ཅད་མཉམ་པར་རྟོགས་པས། ཐམས་ཅད་ཀུན་གྱི་བདག་ཉིད་གནས། །ཞེས་པའོ། །འོད་དཔག་མེད་ལ་དེ་བཞིན་ཉིད་ཅེས་བྱ་སྟེ། དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཡིན་ལ། དེས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པས། དེ་ཟག་པ་མེད་པའི་བདེ་བ་ཡིན་པས། དམ་པའི་བདེ་བ་དེ་ཉིད་དེ། །ཞེས་པའོ། །རིགས་དྲུག་པ་རྡོ་རྗེ་སེམས་དཔའ་ལ་སངས་རྒྱས་ཞེས་བྱ་སྟེ། དེ་ནི་དབྱིངས་དང་ཡེ་ཤེས་དབྱེར་མི་ཕྱེད་པ་སྟེ། དེ་ནི་འཇིག་རྟེན་པའི་དགའ་བ་ལས་ཁྱད་པར་དུ་འཕགས་པའི་ཟག་པ་མེད་པའི་བདེ་བ་ཡིན་པས། བདེ་བ་རྟོགས་ཕྱིར་རྣམ་སངས་རྒྱས། །ཞེས་བྱའོ། །གཉིས་པ་ཕྱག་རྒྱ་རྣམ་པ་ལྔ་ལ་ལྷ་ཞེས་མངོན་པར་བརྗོད་པར་བྱའོ། །གང་གི་ཕྱིར་ཞེ་ན་ཞེས་འདྲི་བར་བྱ་ལ། ལུས་ལས་བྱུང་བ་ཉིད་ཀྱི་ཕྱིར། སྦྱང་གཞི་ཕུང་པོ་ལྔ་སྦྱངས་པ་ལས་བྱུང་བ་དང༌། ཡང་ན་སྒྲའི་དབང་དུ་བྱས་ན། ལུས་ལ་དེ་ཧ་ཟེར་ལ། དེའི་ཧ་ཕྱིས་ཏེ་ཝར་བྱས་པས་དེ་ཝ་ཞེས་པའི་སྒྲ་འབྱུང་བས་སོ། །གསུམ་པ་ནི་སངས་རྒྱས་ཏེ། རིགས་ལྔ་པོ་འདི་ལ། བཅོམ་ལྡན་འདས་ཞེས་བརྗོད་པར་བྱ། གང་གི་ཕྱིར་ན་བྷ་ག་མངའ། ཞེས་པ། དེ་སྐད་ཅེས་པའི་སྒྲ་ཡོད་པའོ། །དེ་ཡི་གེའི་དོན་གྱི་སྒྲས་དྲངས་ཏེ། བྷ་ག་ཨྃ་ས་ཞེས་པ་ལྡན་པ་སྟེ། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་དང་ལྡན་པའོ། །བྷ་ག་བཱཉྫ་ན་ཞེས་པ་བཅོམ་པ་སྟེ། བདུད་བཞི་བཅོམ་པས་སོ། །དེའི་རིགས་རྣམ་པར་གཞག་པ་ལ་གཉིས་ཏེ། མ་སྲིང་དུ་གཞག་པ་དང༌། བཙོ་བླག་མ་ལ་སོགས་པར་གཞག་པའོ། །དེ་ལ་དང་ནི་ཤེས་རབ་སྟེ། །ཕྱག་རྒྱ་རྣམ་པ་ལྔ་ལ། ཤེས་རབ་མ་ཞེས་བརྗོད་པར་བྱ། གང་གི་ཕྱིར་ན་བདེ་བ་ཆེན་པོས་སྐྱེ་འགྲོ་སྐྱེད་པའི་ཕྱིར་ཏེ། དེ་ལ་ཡོ་ཥི་ཏེ་ཞེས་པའི་སྒྲ་ཡོད་ལ་མ་ལའང་དེ་སྐད་བྱ་བའི་སྒྲ་འཇུག་པས་སོ། །ཤེས་རབ་ཕྱག་རྒྱ་ལྔ་ལ་སྲིང་མོ་ཞེས་བྱ་བ་ཉིད། གང་གི་ཕྱིར་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐལ་བ་སྟོན་པའི་ཕྱིར་ཏེ། སྐལ་བ་སྟོན་པ་ལ་བྷ་གི་ནི་ཞེས་ཟེར་ལ། སྲིང་མོ་ལ་ཡང་བྷ་གི་ནི་ཞེས་ཟེར་བས་སོ། །གཉིས་པ་ལ་མ་སྲིང་དུ་གཞག་པར་མ་ཟད། བཙོ་བླག་མ་དང་བུ་མོ་དང༌། །གར་མཁན་མར་ཡང་བརྗོད་པར་བྱའོ། །གང་གི་ཕྱིར་ནི་སེམས་ཅན་ཐམས་ཅད་འཚེད་པའི་ཕྱིར། ཞེས་པ་དེ་དང་སྙོམས་པར་འཇུག་པ་ལས་བྱུང་བའི་བདེ་བས་ལུས་དང་སྣང་བ་ཐམས་ཅད་བདེ་བར་སྒྱུར་ནུས་པ་སྟེ། ཚོས་མཁན་མས་གྲོང་པའི་གོས་ཐམས་ཅད་ཁ་དོག་སྒྱུར་ནུས་པ་དང་འདྲ་བས། བཙོ་བླག་མ་ཞེས་དེ་བཞིན་བརྗོད་དོ། །ཡོན་ཏན་འཇོ་ཕྱིར་ཞེས་པ་འབྲས་བུ་སངས་རྒྱས་དྲུག་གི་དངོས་གྲུབ་ཀྱི་ཡོན་ཏན་འཇོ་བ་སྟེ། དུ་ཧི་ཏྭི་ཞེས་པ་བུ་མོ་དང་སྒྲ་གཅིག་པས། བུ་མོ་ཞེས་ནི་བརྗོད་པར་བྱ། །ཞེས་སོ། །སྙིང་རྗེ་ཆེན་པོ་གཡོ་བའི་ཕྱིར། །ཞེས་པ་ཕྱག་རྒྱ་ལྔ་པོ་ཉིད་སྙིང་རྗེས་སེམས་ཅན་གྱི་དོན་ལ་གཡོ་བས་གར་མར་བརྗོད་པར་བྱའོ། །ཞེས་པའོ། །ཕྱག་རྒྱ་རྣམ་པ་ལྔ་ལ་གཡུང་མོར་བརྗོད་པར་བྱ། གང་གི་ཕྱིར་ན་བཅོམ་ལྡན་མི་རེག་པ། དེའི་ཕྱིར་ཞེས་པ་ཕྱག་རྒྱ་ལྔ་ལ་བརྟེན་ནས་གཉིས་སུ་མེད་པའི་ཡེ་ཤེས་མངོན་དུ་བྱས་པ་དེ་ལ་མཚན་མ་དང་རྣམ་རྟོག་གིས་མི་རེག་པས། གཡུང་མོ་ལ་རིགས་གཞན་གྱིས་མི་རིག་པ་དང་འདྲ་བས་དེའི་ཕྱིར་གཡུང་མོར་བརྗོད་པར་བྱ། ཞེས་སོ། །ཐབས་དེ་ལ་བརྟེན་ནས་དེ་ཁོ་ན་ཉིད་རྟོགས་པའི་ཕན་ཡོན་བསྟན་པ་ལ་ལྔ་སྟེ། བརྗོད་པ་ཐམས་ཅད་བཟླས་པར་འགྱུར་བའི་ཕན་ཡོན། རྐང་པས་བཅགས་པ་ཐམས་ཅད་དཀྱིལ་འཁོར་དུ་འགྱུར་བ། ལག་པས་བསྒྱུར་བ་ཐམས་ཅད་ཕྱག་རྒྱར་འགྱུར་བ། བསམ་པ་ཐམས་ཅད་བསམ་གཏན་དུ་འགྱུར་བ། ལྷན་ཅིག་སྐྱེས་པའི་བདེ་བ། བཟའ་བའི་དེ་ཁོ་ནི་ཉིད་དུ་འགྱུར་བའི་ཕན་ཡོན་བསྟན་པའོ། །དང་པོ་ནི་བརྗོད་པ་བཟླས་པར་ཡང་དག་བཤད། །གང་གི་ཕྱིར་ན། ཨཱ་ལི་ཀཱ་ལི་རབ་བརྟགས་པས། །ཞེས་པ་ཨཱ་ལི་ཀཱ་ལི་དང༌། དེ་གཉིས་ལས་བསྡུས་པ་གང་རུང་སྨྲ་བ་སྟེ་དེ་ཡང་དོན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྣལ་འབྱོར་དང་མ་བྲལ་བས། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྟོགས་པས་སོ། །གཉིས་པ་རྐང་པའི་རྗེས་ནི་སྟེ། རྐང་པས་བཅགས་པ་ཐམས་ཅད་དཀྱིལ་འཁོར་ཡིན་ནོ། །གང་གི་ཕྱིར་ན་ཉིད་ཕྱིར། ཞེས་པ་བསྐྱེད་རིམ་པས་རྐང་པ་ཧཱུྃ་ལས་བྱིན་གྱིས་བརླབས་པས་དཀྱིལ་འཁོར་གྱིས་བཅག་ཅིང་བྱིན་གྱིས་བརླབས་པ་དང་འདྲ་སྟེ། དོན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་ཤེས་པ་ཡིན་ནོ། །གསུམ་པ་དེ་བཞིན་དུ་ལག་པས་བསྒྱུར་བ་ཕྱག་རྒྱ་ཡིན་ལ། བྱེ་བྲག་ཏུ་སོར་མོ་ཉེད་པའང་དེ་བཞིན་ནོ་སྟེ་ཕྱག་རྒྱ་ཡིན་ནོ། །བཞི་པ་ནི་གང་བསམ་པ་ནི་ཡིད་ཀྱིས་གང་བསམ་པ་དེ་ཡང་བསམ་གཏན་ནོ། །གང་གི་ཕྱིར་ན་རྣམ་སེམས་བསམ་གཏན་ནི། ཞེས་པ་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་ལ་གནས་པས། ཐམས་ཅད་དེའི་ངོ་བོར་རྟོགས་པས་སོ། །ལྔ་པ་ནི་ཇི་ལྟར་ཕ་ལས་བདེ་བ་ཐོབ་པ་སྟེ། གསང་དབང་གི་དུས་སུ་སློབ་དཔོན་གྱིས་མངོན་དུ་བྱས་པའོ། །དེའི་བདེ་བ་རང་གིས་བཟའ་སྟེ། ཤེས་རབ་ཡེ་ཤེས་དང་ལམ་དུས་སུ་རང་གིས་ཉམས་སུ་མྱོང་བས་སོ། །དེ་སེམས་ཅན་ཐམས་ཅད་སྐྱེ་བའི་དུས་ནི། བདེ་བ་གང་གིས་འཆི་བ་འདིར། །ཞེས་པས། འཆི་བའི་དུས་རྩ་མདུད་ཐམས་ཅད་ཁ་བྱེ་ནས། བྱང་ཆུབ་ཀྱི་སེམས་དབུ་མར་ཆུད་པ་ལས། གཟུང་འཛིན་ནུབ་ནས་ལྷན་སྐྱེས་སྐྱེ་བའོ། །དེ་ཡི་བདེ་བ་བསམ་གཏན་བརྗོད། །ཅེས་པས། རྣལ་འབྱོར་པས་ལམ་དུ་གོམས་པས་བསམ་གཏན་གྱི་ཟས་སུ་བྱའོ། །ལེའུའི་མཚན་གྱི་དོན་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་དངོས་པོའི་འདུག་ཚུལ་གྱི་གཤིས་ཡིན་པས་མ་བཅོས་པའི་དོན་གྱིས་ན་དེ་ཁོ་ན་ཉིད། དེ་མངོན་དུ་བྱེད་པའི་ཐབས་ནི་དེ་ཁོ་ན་ཉིད་རྟོགས་པར་བྱེད་པ་དང༌། འབྲས་བུ་འབྱིན་པ་ལ་མི་བསླུ་བས་ན་དེ་ཁོ་ན་ཉིད་དེ་ལེའུའི་མཚན་གྱི་དོན་བཤད་པའོ། །རིམ་པ་གཉིས་ལ་གནས་པ་དེས་རང་གི་སེམས་ཀྱི་བརྟན་གཡོ་བརྟག་པའི་ཐབས་སྤྱོད་པ་བྱ་བ་ནི། དེ་ཁོ་ན་ཉིད་རྟོགས་པ་དེས་དྲོད་ཐོབ་ནས་སྤྱོད་པ་བྱེད་པས་སྤྱོད་པའི་ལེའུའོ། །སྦས་དོན་དུ་བྱང་ཆུབ་ཀྱི་སེམས་དེ་ཉིད་རྩ་རྣམས་སུ་གཡོ་ཞིང་རྒྱུ་བས་སྤྱོད་པའོ། །འདིའི་བརྗོད་བྱའི་དོན་སྦས་པ་གཉིས་བརྟན་པར་བྱེད་པ་ཡིན་པས་སྦས་པ། རྗོད་བྱེད་ཡན་ལག་གི་དོན་དང་ཡི་གེའི་དོན་གཉིས་ཀྱིས་བཤད་དོ། །མངོན་པར་རྟོགས་པར་རིམ་པ་གཉིས་ལ་གནས་པས་དྲོད་ཐོབ་ནས་སྤྱོད་པ་སྤྱད་པ་དང་འབྲེལ་བཤད་པའི་རྒྱུད་སཾ་པུ་ཊའི་བརྟག་པ་ལྔ་པའི་རབ་ཏུ་བྱེད་པ་གསུམ་པ་དང༌། བཞི་པ་དང༌། འདི་ཉིད་ཀྱི་བརྟག་པ་ཕྱི་མའི་གཉིས་པ་དང༌། གསུམ་པ་དང༌། བཞི་པ་རྣམས་ལས་མི་གསལ་བ་གསལ་བ་དང༌། མ་ཚང་བ་ཁ་བསྐང་བའི་ཚུལ་གྱིས་གསལ་བར་བཤད་དོ། །ལུས་རྣམ་པར་གཞག་པ་བཅུ་དྲུག་པོ་མཐའ་དག་གི་ཤུགས་ཀྱིས་བསྟན་པ་ཐམས་ཅད་ཀྱིས་རྒྱས་པར་བཤད་པའོ། 

རྗེས་མ།>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*