བརྟག་གཉིས་ཀྱི་ས་བཅད།

༼ཀ༽༄༅། །བརྟག་གཉིས་ཀྱི་ས་བཅད་བཞུགས། ༄༅། །དཔལ་ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ཀྱེ་རྡོ་རྗེའི་བརྟག་པ་གཉིས་ཀྱི་བདག་ཉིད་ཅན་གྱི་རྒྱུད་ཀྱི་རྒྱལ་པོ་འདི་ལ་བསྡུས་པའི་དོན་གཉིས་ཏེ། གླེང་གཞི་ཕུན་སུམ་ཚོགས་པའི་ཚུལ་གྱིས་ལུས་རྣམ་པར་གཞག་པ་དང༌། གང་བཤད་པའི་ཆོས་ཕུན་སུམ་ཚོགས་པའི་ཚུལ་གྱིས་ཡན་ལག་རྒྱས་པར་དབྱེ་བའོ། །དེ་ལ་གཉིས་ཏེ། མངོན་པར་རྟོགས་པའི་རིམ་པའི་དབང་དུ་བྱས་ནས་བརྟག་པ་དང་པོ་རྩ་བའི་རྒྱུད་ཀྱི་ཚུལ་དུ་བསྟན་པ་དང༌། བརྟག་པ་དང་པོ་དེ་ཉིད་དང༌། བརྟག་པ་གཉིས་པ་ཉིད་ཀྱི་ཡང་དོན་སྔ་མ་སྔ་མ་མི་གསལ་བ་གསལ་བར་བྱ་བ་དང༌། མ་ཚང་བ་ཁ་བསྐང་བའི་ཕྱིར་བརྟག་པ་གཉིས་པ་རྒྱུད་ཕྱི་མའི་ཚུལ་དུ་བཤད་པའོ། །སྔ་མ་ལ་གསུམ་སྟེ། གང་ལ་དམིགས་ཏེ་བསྒྲུབ་པ་དང༌། དེ་ཐོབ་པར་བྱེད་པའི་ཐབས་ཀྱི་རྒྱུད་བསྟན་པ་དང༌། དེ་ཉམས་སུ་ལེན་པའི་སྒྲུབ་པ་པོ་གང་ཟག་གི་མཚན་ཉིད་བསྟན་པའོ། །དེ་རྣམས་ཀྱི་དང་པོ་ལ་གཉིས་ཏེ། གླེང་གཞིའི་ཚིག་གི་དོན་ཧེ་རུ་ཀ་བཞིའི་མཚན་ཉིད་ལ་ཞུས་པ་དེ་ངོ་མཚར་བའི་སྒོ་ནས་གཏང་རག་གི་ཚུལ་དུ་ཉོན་ཅིག་པར་གདམས་པ་དང༌། དེའི་ངེས་ཚིག་ལ་ཞུས་པ་དང་ལན་བསྟན་པའོ། །དེ་ལ་གཉིས་ཏེ། ཐུན་མོང་གི་འབྲས་བུ་ཧེ་རུ་ཀ་གསུམ་གྱི་ངེས་པའི་ཚིག་ལ་ཞུས་པ་དང༌། ལན་བསྟན་པ་དང༌། ཐུན་མོང་མ་ཡིན་པའི་འབྲས་བུ་ཧེ་རུ་ཀ་བཞི་པའི་ངེས་ཚིག་ལ་ཞུས་པ་དང་ལན་བསྟན་པའོ། །དེ་ཐོབ་པར་བྱེད་པའི་ཐབས་ཀྱི་རྒྱུད་ལ་གཉིས་ཏེ། ཐབས་ཀྱི་རྒྱུད་དངོས་བསྟན་པ་དང༌། དེའི་རྣམ་པར་དག་པ་བསྟན་པའོ། །སྔ་མ་ལ་གཉིས་ཏེ། མཉན་པར་བྱ་བར་གདམས་པ་དང༌། དོན་དངོས་བསྟན་པའོ། །འདི་ཉིད་ལ་བཞི་སྟེ། ཐབས་ཀྱི་རྒྱུད་ཀྱི་ལུས་རྣམ་པར་གཞག་པ་དང༌། ཐབས་ཀྱི་རྒྱུད་དང་པོར་བསྒོམ་པར་བསྟན་པའི་འཐད་པ་དང༌། དེས་གྲོལ་བའི་ཡན་ལག་མ་ཚང་བ་མེད་པར་བསྟན་པ། ཐབས་ཀྱི་རྒྱུད་ཀྱི་ཡན་ལག་རྒྱས་པར་དབྱེ་བ་བསྟེན་པའོ། །དེ་ཉིད་ལ་གཉིས་ཏེ། ཐབས་ཀྱི་རྒྱུད་ལ་གནས་པའི་དུས་ཇི་ལྟར་མོས་པར་བྱ་བའི་དབང་དུ་བྱས་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྟན་པ་དང༌། དེ་ལྟར་མོས་པར་བྱས་ནས་གནས་པར་བྱ་བའི་ཐབས་ཀྱི་རྒྱུད་དངོས་བསྟན་པའོ། །སྔ་མ་ལ་གཉིས་ཏེ། དོན་དངོས་དང༌། ལེའུའི་མིང་གདགས་པའོ། །དོན་དངོས་ལ་གཉིས་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་དང༌། དེའི་རྟེན་གྱི་སྒོ་ནས་རབ་ཏུ་དབྱེ་བ་བསྟན་པའོ། །དེ་ཉིད་ལ་གཉིས་ཏེ། དཀྱིལ་འཁོར་འཁོར་ལོའི་ཐབས་རྩའི་འཁོར་ལོ་དང༌། རང་བྱིན་གྱིས་བརླབ་པའི་རིམ་པ་སྡོམ་པའི་རབ་ཏུ་དབྱེ་བ་བསྟན་པའོ། །སྔ་མ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །ལན་ལ་ལྔ་སྟེ། རྩ་གཙོ་མོ་སུམ་ཅུ་རྩ་གཉིས་ཀྱི་དོན་དམ་པའི་ལས་བསྟན་པ་དང༌། དེ་རྣམས་ཀྱི་ཡང་རྩ་གཙོ་མོ་གསུམ་དུ་བསྟན་པ་དང༌། གསུམ་པོ་དེའི་ལས་དང༌། རྩ་སུམ་ཅུ་རྩ་གཉིས་ཀྱི་མིང་དང༌། དེ་རྣམས་ཀྱི་སྤྱིའི་མཚན་ཉིད་བསྟན་པའོ། །གསུམ་པོའི་ལས་ལ་གཉིས་ཏེ། དོན་དམ་པ་དང༌། ཀུན་རྫོབ་ཀྱི་ལས་བསྟན་པའོ། །སྤྱིའི་མཚན་ཉིད་ལ་གཉིས་ཏེ། དོན་དམ་པའི་ལས་ཀྱི་དབང་དུ་བྱས་ནས་ཤེས་རབ་ཀྱི་མཚན་ཉིད་དུ་བསྟན་པ་དང༌། ཀུན་རྫོབ་ཀྱི་ལས་ཀྱི་དབང་དུ་བྱས་ནས་ཐབས་ཀྱི་མཚན་ཉིད་དུ་བསྟན་པའོ། །རང་བྱིན་གྱིས་བརླབ་པའི་རིམ་པ་སྡོམ་པའི་དབྱེ་བ་ལ་གཉིས་ཏེ། གང་དུ་སྡོམ་པ་རྣམ་པར་གཞག་པ་དང༌། གང་གིས་སྡོམ་པ་བསྟན་པའོ། །སྔ་མ་ལ་གསུམ་སྟེ། རྩ་གཉིས་ཀྱི་རྣམ་པར་གཞག་པ་དང༌། རྩ་གསུམ་གྱི་རྣམ་པར་གཞག་པ་དང༌། འཁོར་ལོ་བཞིའི་རྣམ་པར་གཞག་པ་བསྟན་པའོ། །དེ་ལྟར་མོས་པར་བྱས་ནས་ཐབས་དངོས་བསྟན་པ་ལ་གཉིས་ཏེ། དངོས་གྲུབ་མཐའ་དག་འབྱུང་བའི་ཐབས་སྔགས་ཀྱི་བཟླས་པ་དང༌། མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པའི་ཐབས་བསྟན་པའོ། །སྔ་མ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། ལེའུའི་དོན་དང༌། ལེའུའི་མིང་བསྟན་པའོ། །མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པའི་ཐབས་ལ་བཞི་སྟེ། ཐོག་མར་རིམ་པ་གཉིས་ལ་གནས་པར་བྱ་བ་དང༌། རིམ་པ་གཉིས་ལ་གནས་པ་དེས་རང་གི་སེམས་ཀྱི་བརྟན་གཡོ་བརྟག་པ་ལ་སོགས་པའི་ཐབས་སྤྱོད་པ་བྱ་བ་དང༌། སྤྱོད་པ་བྱེད་པ་དེས་མཆོག་གི་དངོས་གྲུབ་སྒྲུབ་པའི་གྲོགས་ངོ་ཤེས་པར་བྱ་བའི་ཕྱིར་བརྡ་ལ་སོགས་པ་དང༌། བརྡས་མཚོན་པར་བྱ་བའི་གྲོགས་ལ་བརྟེན་ཏེ་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པའི་ཐབས་ལྷན་ཅིག་སྐྱེས་པའི་དོན་བསྒོམ་པ་བསྟན་པའོ། །དེ་རྣམས་ཀྱི་དང་པོ་ལ་གཉིས་ཏེ། རྫོགས་པའི་རིམ་པའི་རྟེན་ཡིན་པས་ཐོག་མར་བསྐྱེད་པའི་རིམ་པ་བསྒོམ་པ་དང༌། བསྐྱེད་པའི་རིམ་པ་ལ་གནས་པ་དེས། དེ་ཁོ་ན་ཉིད་རྟོགས་པར་བྱ་བའི་ཕྱིར་རྫོགས་རིམ་བསྒོམ་པའོ། །དང་པོ་ལ་གཉིས། །ལྷ་བསྒོམ་པ་དང༌། དབང་བསྐུར་བའོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། ལེའུའི་མིང་ངོ༌། །དོན་དངོས་ལ་གཉིས་ཏེ། ཧེ་རུ་ཀ་གསུམ་བསྒོམ་པ་ཐུན་མོང་གི་ཆོ་ག་དང༌། སོ་སོའི་མཚན་ཉིད་བསྟན་པའོ། །དེ་ལ་གསུམ་སྟེ། སྐུ་རྡོ་རྗེ་དང༌། གསུང་རྡོ་རྗེ་དང༌། ཐུགས་རྡོ་རྗེ་བསྒོམ་པའི་ཚུལ་བསྟན་པའོ། །དེ་ནས་དབང་བསྐུར་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། ལེའུའི་མིང་ངོ༌། །དོན་དངོས་ལ་ལྔ་སྟེ། ཐོག་མར་དབང་བསྐུར་བའི་ལྷ་སྤྱན་དྲངས་ནས་དེ་ལ་གསོལ་བ་གདབ་པ་དང༌། དེ་ནས་དབང་བསྐུར་ནས་དབུ་རྒྱན་ལ་རིགས་ཀྱི་བདག་པོས་མཚན་པ་དང༌། དེས་བསྐྱེད་པའི་རིམ་པ་རྫོགས་པ་ཉིད་དུ་བསྟན་པ་དང༌། བསྒོམ་པའི་གྲངས་དང༌། སྤྱོད་ལམ་གྱི་རྣལ་འབྱོར་བསྟན་པའོ། །བསྐྱེད་པའི་རིམ་པ་ལ་གནས་པ་དེས། དེ་ཁོ་ན་ཉིད་རྟོགས་པར་བྱ་བའི་ཕྱིར་རྫོགས་པའི་རིམ་པ་བསྒོམ་པ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། ལེའུའི་མིང་ངོ༌། །དོན་དངོས་ལ་གསུམ་སྟེ། དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དང༌། དེ་རྟོགས་པར་བྱེད་པའི་ཐབས་དང༌། ཐབས་དེ་ལ་བསྟན་ནས་དེ་ཁོ་ན་ཉིད་རྟོགས་པའི་ཕན་ཡོན་བསྟན་པའོ། །བར་པ་ལ་བཞི་སྟེ། ཐབས་ཀྱི་ངོ་བོ་ཉིད་བསྟན་པའི་སྒོ་ནས་བསྟེན་པར་བྱ་བ་དང༌། ཇི་ལྟར་བསྟེན་པའི་ཚུལ་དང༌། དེ་བསྟེན་པའི་འཐད་པ་དང༌། ཐབས་ལ་སོགས་པ་དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་རྣམ་པར་གཞག་པ་མི་འགལ་བར་བསྟན་པའོ། །དང་པོ་ལ་གཉིས་ཏེ། མདོ་དང༌། རྒྱས་པའོ། །དེ་བསྟེན་པར་བྱ་བའི་འཐད་པ་ལ་གཉིས་ཏེ། མདོ་དང༌། རྒྱས་པའོ། །དེ་ལ་དྲུག་སྟེ་ཕྱག་རྒྱའི་ངེས་པའི་ཚིག་དང༌། རིགས་ལྔར་བཞག་པའི་རྒྱུ་མཚན་དང༌། དེ་རྣམས་དེ་བཞིན་གཤེགས་པའི་རིགས་སུ་བསྟན་པ་དང༌། དེ་བཞིན་གཤེགས་པའི་ངེས་ཚིག་དང༌། རིགས་ཀྱི་བྱེ་བྲག་གི་དབྱེ་བ་དང༌། གང་དག་ཇི་ལྟར་རིགས་སུ་འགྱུར་བ་བསྟན་པའོ། །ཐབས་ལ་སོགས་པ་དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་མི་འགལ་བར་བསྟན་པ་ལ་གཉིས་ཏེ། མདོ་དང༌། རྒྱས་པའོ། །རྒྱས་པ་ལ་གཉིས་ཏེ། རིགས་ཀྱི་བདག་པོ་རྣམ་པར་གཞག་པ་དང༌། དེའི་རིགས་རྣམ་པར་གཞག་པ་ལ་མི་འགལ་བར་བསྟན་པའོ། །སྔ་མ་ལ་གསུམ་སྟེ། སངས་རྒྱས་ལྔར་བཞག་པའི་ཚུལ་དང༌། ལྷར་བཞག་པའི་ཚུལ་དང༌། བཅོམ་ལྡན་འདས་སུ་བཞག་པའི་ཚུལ་བསྟན་པའོ། །དེའི་རིགས་རྣམ་པར་གཞག་པ་མི་འགལ་བ་ལ་གཉིས་ཏེ། མ་སྲིང་ལ་སོགས་པར་བཞག་པའི་ཚུལ་དང༌། བཙོ་བླག་མ་ལ་སོགས་པར་བཞག་པའི་ཚུལ་བསྟན་པའོ། །ཐབས་དེ་ལ་བརྟེན་ནས་དེ་ཁོ་ན་ཉིད་རྟོགས་པའི་ཕན་ཡོན་བསྟན་པ་ལ་ལྔ་སྟེ། བརྗོད་པ་ཐམས་ཅད་བཟླས་པའི་དེ་ཁོ་ན་ཉིད་དུ་འགྱུར་བ་དང༌། རྐང་པས་བཅགས་པ་ཐམས་ཅད་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དུ་འགྱུར་བ་དང༌། ལག་པས་བསྒྱུར་བ་ཐམས་ཅད་ཕྱག་རྒྱའི་དེ་ཁོ་ན་ཉིད་དུ་འགྱུར་བ་དང༌། བསམ་པ་ཐམས་ཅད་བསམ་གཏན་གྱི་དེ་ཁོ་ན་ཉིད་དུ་འགྱུར་བར་བསྟན་པ་དང༌། ལྷན་ཅིག་སྐྱེས་པའི་བདེ་བ་བཟའ་བའི་དེ་ཁོ་ན་ཉིད་དུ་འགྱུར་བར་བསྟན་པའོ། །རིམ་པ་གཉིས་ལ་གནས་པ་དེས་རང་གི་སེམས་ཀྱི་བརྟན་གཡོ་བརྟག་པ་ལ་སོགས་པའི་ཐབས་སྤྱོད་པ་བྱ་བ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། ལེའུའི་མིང་ངོ༌། །དོན་དངོས་ལ་གཉིས་སྟེ། མདོ་དང༌། རྒྱས་པའོ། །སྔ་མ་ལ་ལྔ་སྟེ། སྤྱོད་པ་བྱེད་པའི་གང་ཟག་དང༌། སྤྱོད་པའི་རྒྱན་དང༌། སྤྱོད་པ་དངོས་དང༌། དེའི་དུས་ལྷའི་རྣལ་འབྱོར་དང༌། དེའི་གྲོགས་བསྟན་པའོ། །རྒྱས་པ་ལ་དྲུག་སྟེ། སྤྱོད་པ་བྱེད་པའི་གང་ཟག་གི་མཚན་ཉིད་དང༌། དེའི་གྲོགས་ཀྱི་མཚན་ཉིད་མཉེས་པར་བྱེད་པའི་ཐབས་དང་བཅས་པ་དང༌། སྤྱོད་པའི་རྒྱན་དག་པ་དང་བཅས་པ་དང༌། དེའི་དུས་ཀྱི་ལྷའི་རྣལ་འབྱོར་དང༌། སྤྱོད་པ་དངོས་ཕན་ཡོན་དང་བཅས་པ་དང༌། སྤྱོད་པ་བྱེད་པའི་དམ་ཚིག་དང་སྡོམ་པ་བསྟན་པའོ། །དེ་རྣམས་ཀྱི་དང་པོ་ལ་གཉིས་ཏེ། དྲོད་ཐོབ་ནས་སྤྱོད་པ་བྱ་དགོས་པའི་ཕྱིར། ཐོག་མར་དྲོད་ཐོབ་པར་བྱ་བའི་དོན་དུ་དེ་ཁོ་ན་ཉིད་གནས་དང་བཅས་པ་དང༌། དྲོད་ཐོབ་ནས་སྤྱོད་པའི་སྒོ་ནས་དངོས་གྲུབ་ཐོབ་པར་འདོད་པ་དེས་སྤྱོད་པ་བྱ་བར་བསྟན་པའོ། །སྤྱོད་པ་བྱེད་པའི་གང་ཟག་དེ་ལ་མཆོག་གི་དངོས་གྲུབ་ཀྱི་གྲོགས་ངོ་ཤེས་པར་བྱེད་པའི་ཐབས་བརྡ་ལ་སོགས་པ་བསྟན་པ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། ལེའུའི་མིང་ངོ༌། །བར་བ་ལ་ལྔ་སྟེ། བརྡའི་བྱེད་པ་དང༌། བརྡ་དངོས་དང༌། བརྡ་ངོ་ཤེས་པར་བྱ་བའི་གྲོགས་དེ་དང་འདུ་བའི་གནས་དང༌། འདུ་བའི་དུས་དང༌། འདུས་པའི་བྱ་བ་བསྟན་པའོ། །འདུ་བའི་གནས་བསྟན་པ་ལ་གཉིས་ཏེ། མདོ་དང༌། རྒྱས་པའོ། །འདུས་པའི་བྱ་བ་ལ་གསུམ་སྟེ། བཟའ་བ་ལ་སོགས་པའི་བྱ་བ་དང༌། དེ་ཉིད་རྣལ་འབྱོར་གཉིས་ལ་བརྟེན་ཏེ་བྱ་བའི་ལས་དང༌། དེ་ལྟར་བྱས་པའི་ཐུན་མོང་གི་ཕན་ཡོན་བསྟན་པའོ། །བར་པ་ལ་བཞི་སྟེ། བསྐྱེད་པའི་རིམ་པ་ལྷའི་རྣལ་འབྱོར་ལ་བརྟེན་ཏེ་བྱ་བའི་ལས་དང༌། རྫོགས་པའི་རིམ་པ་དཔལ་ཧེ་རུ་ཀའི་རྣལ་འབྱོར་ལ་བརྟེན་ཏེ་བྱ་བའི་ལས་དང༌། དེ་ཉིད་ཀྱི་ཕན་ཡོན་དང༌། དཔལ་ཧེ་རུ་ཀའི་ངེས་ཚིག་བསྟན་པའོ། །བརྡས་མཚོན་པར་བྱས་པའི་གྲོགས་ལ་བརྟེན་ཏེ་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པའི་ཐབས་ལྷན་ཅིག་སྐྱེས་པའི་དོན་བསྒོམ་པ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། ལེའུའི་མིང་ངོ༌། །བར་པ་ལ་གཉིས་ཏེ། ལྷན་ཅིག་སྐྱེས་པའི་དོན་ཇི་ལྟར་བསྒོམ་པའི་ཚུལ་དང༌། དེ་གདོན་མི་ཟ་བར་བསྒོམ་པར་བྱ་བ་ཉིད་དུ་བསྟན་པའོ། །སྔ་མ་ལ་གཉིས་ཏེ། ལྷན་ཅིག་སྐྱེས་པའི་དོན་བསྒོམ་པའི་ཚུལ་དང༌། རང་བཞིན་ལྷན་སྐྱེས་ཀྱི་དོན་བསྒོམ་པའི་ཚུལ་བསྟན་པའོ། །སྔ་མ་ལ་གཉིས་ཏེ། རྣལ་འབྱོར་མའི་འཁོར་ལོ་བསྐྱེད་པའི་ཚུལ་དང༌། དེ་ལ་བརྟེན་ནས་ལྷན་ཅིག་སྐྱེས་པས་ལྷན་ཅིག་སྐྱེས་པའི་དོན་བསྒོམ་པ་དངོས་བསྟན་པའོ། །སྔ་མ་ལ་གཉིས་ཏེ། རྣལ་འབྱོར་མ་བསྐྱེད་པའི་དོན་དངོས་དང༌། དེའི་མཇུག་བསྡུ་བའོ། །གོང་མ་ལ་གཉིས་ཏེ། གང་དུ་བསྒོམ་པ་དང༌། ཇི་ལྟར་བསྒོམ་པ་བསྟན་པའོ། །དེ་ཉིད་ལ་གཉིས་ཏེ། མདོ་དང༌། རྒྱས་པའོ། །རྒྱས་པ་ལ་གཉིས་ཏེ། གཞལ་ཡས་ཁང་ཇི་ལྟར་བསྒོམ་པ་དང༌། དེར་ལྷ་ཇི་ལྟར་བསྒོམ་པ་བསྟན་པའོ། །དེ་ཉིད་ལ་དྲུག་སྟེ། ལྷ་མོ་རྣམས་ཇི་ལྟར་བསྐྱེད་པའི་ཚུལ་དང༌། གནས་གང་དུ་དགོད་པ་དང༌། ཁ་དོག་ལ་སོགས་པ་དང༌། ཕྱག་མཚན་གྱི་དག་པ་དང༌། དེ་ལྟར་བསྒོམ་པའི་ཕན་ཡོན་དང༌། ཁ་དོག་གི་སྒོ་ནས་རྒྱལ་བ་རིགས་དྲུག་གི་བདག་ཉིད་ཀྱི་ཡན་ལག་དྲུག་ཏུ་བསྒོམ་པ་བསྟན་པའོ། །དང་པོ་ལ་བཞི་སྟེ། ལྷ་མོ་རྣམས་ཀྱི་མངོན་པར་བྱང་ཆུབ་པའི་ཚུལ་དང༌། དེ་ཉིད་དང་རྡོ་རྗེ་སེམས་དཔའ་བསྐྱེད་པའི་ཚུལ་མི་འདྲ་བའི་བྱེ་བྲག་དང༌། ལྷ་མོ་རྣམས་བསྐྱེད་པའི་ཐུན་མོང་གི་མཚན་ཉིད་དང༌། སོ་སོའི་བྱེ་བྲག་གི་མཚན་ཉིད་བསྟན་པའོ། །དེ་ལ་བརྟེན་ནས་ལྷན་ཅིག་སྐྱེས་པས་ལྷན་ཅིག་སྐྱེས་པའི་དོན་བསྒོམ་པ་དངོས་ལ་གསུམ་སྟེ། མདོ་དང༌། རྒྱས་པ་དང༌། དེ་བསྒོམས་པའི་ཕན་ཡོན་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། ལྷན་ཅིག་སྐྱེས་པའི་མཚན་ཉིད་དང༌། ལྷན་ཅིག་སྐྱེས་པའི་དགའ་བའི་སྒོ་ནས་ཚུལ་ཇི་ལྟར་བསྒོམ་པ་བསྟན་པའོ། །སྔ་མ་ལ་ལྔ་སྟེ། ལྷན་ཅིག་སྐྱེས་པའི་རབ་ཏུ་དབྱེ་བ་དང༌། དེ་ཉིད་ཀྱི་བདག་ཉིད་དུ་འགྱུར་བའི་དགའ་བའི་རབ་ཏུ་དབྱེ་བ་དང༌། དགའ་བ་གསུམ་གྱི་སོ་སོའི་མཚན་ཉིད་དང༌། ལྷན་ཅིག་སྐྱེས་པའི་དགའ་བའི་མཚན་ཉིད་བྱེ་བྲག་ཏུ་བཤད་པ་དང༌། དེ་མངོན་དུ་འགྱུར་བའི་རྒྱུ་བསྟན་པའོ། །ལྷན་ཅིག་སྐྱེས་པའི་དགའ་བའི་སྒོ་ནས་ཇི་ལྟར་བསྒོམ་པ་ལ་གཉིས་ཏེ། བསྒོམ་པའི་ཚུལ་དང༌། དེ་ལྟར་བསྒོམ་པར་བྱ་བའི་འཐད་པ་བསྟན་པའོ། །སྔ་མ་ལ་གཉིས་ཏེ། མདོ་དང༌། རྒྱས་པའོ། །རང་བཞིན་ལྷན་ཅིག་སྐྱེས་པ་བསྒོམ་པའི་ཚུལ་བསྟན་པ་ལ་གསུམ་སྟེ། བསྒོམ་པའི་ཚུལ་དངོས་དང༌། དེ་བསྒོམས་པས་དངོས་པོ་ཐམས་ཅད་བསྒོམ་པར་འགྱུར་བའི་འཐད་པ་དང༌། དེ་ལ་གཞན་གྱི་ཀླན་ཀ་སྤང་བ་བསྟན་པའོ། །དེ་ཉིད་ལ་གཉིས་ཏེ། ཐམས་ཅད་ཀྱི་དངོས་གྲུབ་མངོན་དུ་འགྲུབ་པར་ཐལ་བར་འགྱུར་བའི་ཀླན་ཀ་སྤང་བ་དང༌། འཁོར་བར་འགྱུར་དུ་མི་རུང་བའི་ཀླན་ཀ་སྤང་བ་བསྟན་པའོ། །དེ་གདོན་མི་ཟ་བར་བསྒོམ་པར་བྱ་བ་ཉིད་དུ་གདམས་པ་ལ་གསུམ་སྟེ། བསྒོམས་པའི་ཕན་ཡོན་དང༌། མ་བསྒོམས་པའི་ཉེས་དམིགས་དང༌། རྒྱུན་མི་འཆད་པར་བྱ་བ་ཉིད་དུ་གདམས་པ་བསྟན་པའོ། །དང་པོ་ལ་གཉིས་ཏེ། ལྷན་ཅིག་སྐྱེས་པས་ལྷན་ཅིག་སྐྱེས་པའི་དོན་བསྒོམས་པའི་ཕན་ཡོན། རང་ཀའི་དོན་བསྒོམས་པའི་ཕན་ཡོན་ཐུན་མོང་དུ་བསྟན་པའོ། །ཐབས་ཀྱི་རྒྱུད་ཀྱི་རྣམ་པར་དག་པ་བསྟན་པ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། ལེའུའི་མིང་ངོ༌། །དོན་དངོས་ལ་གཉིས་ཏེ། དག་པ་གསུམ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །མདོར་བསྟན་པ་ལ་གསུམ་སྟེ། དེ་བཞིན་ཉིད་ཀྱི་དག་པ་མདོར་བསྟན་པ་དང༌། ལྷ་སོ་སོའི་དག་པ་མདོར་བསྟན་པ་དང༌། རང་རིག་པའི་དག་པ་མདོར་བསྟན་པའོ། །རྒྱས་པར་བཤད་པ་ལ་གཉིས་ཏེ། ལྷ་སོ་སོའི་དག་པ་རྒྱས་པར་བཤད་པ་དང༌། མཐར་རང་རིག་པའི་དག་པ་སྡུད་པ་པོས་གླུ་བླངས་པའི་ཚུལ་གྱིས་རྒྱས་པར་བཤད་པའོ། །དེའི་དང་པོ་ལ་གཉིས་ཏེ། ལྷ་སོ་སོའི་དག་པ་སྦྱང་གཞི་དང༌། དེའི་སྦྱོང་བྱེད་ལྷ་སོ་སོའི་དག་པ་དངོས་རྒྱས་པར་བཤད་པའོ། །དེ་ཉམས་སུ་ལེན་པའི་སྒྲུབ་པ་པོའི་གང་ཟག་གི་མཚན་ཉིད་ལ་གཉིས་ཏེ། ཐོག་མར་བདག་མེད་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། ལྟ་སྟངས་རྣམ་པ་བཞི་གྲུབ་པའི་མཚན་ཉིད་དང་ལྡན་པ་བསྟན་པའོ། །གོང་མ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། ལེའུའི་མིང་ངོ༌། །དོན་དངོས་ལ་གཉིས་ཏེ། དཀྱིལ་འཁོར་བྲི་བའི་དོན་མདོར་བསྟན་ཅིང་དེར་དབང་བསྐུར་བ་དང༌། དཀྱིལ་འཁོར་བྲི་བའི་དོན་རྒྱས་པར་བཤད་ནས་དེར་དབང་བསྐུར་བར་བསྟན་པའོ། །གོང་མ་ལ་གཉིས་ཏེ། དཀྱིལ་འཁོར་བྲི་བའི་ཚུལ་དང༌། དེར་དབང་གང་དག་བསྐུར་བར་བསྟན་པའོ། །གོང་མ་ལ་བཞི་སྟེ། བྲི་བའི་རིམ་པ་དང༌། གནས་དང༌། རྡུལ་ཚོན་དང༌། ཚད་བསྟན་པའོ། །དེར་དབང་བསྐུར་བ་ལ་གཉིས་ཏེ། གསང་བ་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །དེ་ཉིད་ལ་གསུམ་སྟེ། གང་ལ་བརྟེན་ཏེ་དབང་བསྐུར་བ་དང༌། དབང་གི་དོན་དངོས་དང༌། དབང་གི་དོན་བསྒོམ་པའི་ཕན་ཡོན་གྲུབ་པའི་རྟགས་དང་བཅས་པ་བསྟན་པའོ། །དབང་གི་དོན་དངོས་ལ་གསུམ་སྟེ། ཤེས་རབ་ཡེ་ཤེས་ཀྱི་མཚན་ཉིད་དང༌། དེའི་ལྷན་ཅིག་སྐྱེས་པའི་དགའ་བའི་དོན་རྟོགས་པར་བྱ་བའི་ཕྱིར་དགའ་བ་བཞིའི་བྱེ་བྲག་དང༌། དེ་ལ་གཞན་གྱི་ཐེ་ཚོམ་བསལ་བར་བསྟན་པའོ། །དེ་ཉིད་ལ་གཉིས་ཏེ། ཐེ་ཚོམ་དངོས་དང༌། དེ་བསལ་བ་བསྟན་པའོ། །དཀྱིལ་འཁོར་བྲི་བའི་དོན་རྒྱས་པར་བཤད་ནས་དེར་དབང་བསྐུར་བ་ལ་བཅུ་གཅིག་སྟེ། རྟེན་གྱི་དཀྱིལ་འཁོར་བྲི་བའི་ཚུལ་དང༌། དེར་བུམ་པ་ཇི་ལྟར་དགོད་པ་དང༌། དེའི་སྔོན་དུ་ཐིག་གདབ་པ་དང༌། དེའི་སྔོན་དུ་གྲངས་ཀྱི་བསྙེན་པ་དང༌། དེ་ནས་ས་སྦྱང་བའི་ཆོ་ག་དང༌། དེར་བུམ་པའི་དབང་ཇི་ལྟར་བསྐུར་བ་དང༌། ཕྱག་རྒྱ་ཇི་ལྟར་དགོད་པ་དང༌། དེར་སློབ་དཔོན་བདག་ཉིད་འཇུག་པའི་ཆོ་ག་དང༌། སྟ་གོན་གྱི་དུས་སུ་སློབ་དཔོན་གྱིས་ང་རྒྱལ་ཇི་ལྟར་བྱ་བ་དང༌། ཚིག་གི་དབང་བཞི་པ་ཇི་ལྟར་བརྗོད་པ་དང༌། དེའི་དོན་ལྷན་ཅིག་སྐྱེས་པའི་མཚན་ཉིད་བསྟན་པའོ། །དེ་ཉིད་ལ་གསུམ་སྟེ། ལྷན་ཅིག་སྐྱེས་པ་གཉིས་ཀྱི་མཚན་ཉིད་དང༌། དེའི་འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་མཚན་ཉིད་དང༌། ལྷན་ཅིག་སྐྱེས་པ་དེ་ཉིད་ནང་གི་བཟླས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་དངོས་གྲུབ་ཀྱི་རྒྱུ་ཉིད་དུ་བསྟན་པའོ། །དེ་རྣམས་ཀྱི་དང་པོ་ལ་གཉིས་ཏེ། ལྟོས་པའི་ལྷན་ཅིག་སྐྱེས་པ་དང༌། རང་བཞིན་ལྷན་ཅིག་སྐྱེས་པའོ། །གོང་མ་ལ་གསུམ་སྟེ། མཚན་ཉིད་དངོས་དང༌། མཚན་མ་ཐམས་ཅད་དང་བྲལ་བས་འབྱུང་བ་ལྔ་ལ་བརྟེན་པར་མི་རུང་ཞིང་ཞུས་པ་དང་ལན་བསྟན་པ་དང༌། དེའི་ངེས་ཚིག་བསྟན་པའོ། །ཞུས་པ་དང་ལན་བསྟན་པ་ལ་གཉིས་ཏེ། མདོ་དང༌། རྒྱས་པའོ། །ལྟ་སྟངས་བཞི་གྲུབ་པའི་མཚན་ཉིད་དང་ལྡན་པ་བསྟན་པ་ལ་བདུན་ཏེ། སོ་སོའི་མཚན་ཉིད་དང༌། རླུང་གི་བྱེ་བྲག་དང༌། གྲུབ་པའི་ཚུལ་དང༌། གྲུབ་པའི་དུས་དང༌། བསྒྲུབ་པའི་བྱ་བ་དང༌། དེའི་དམ་ཚིག་དང༌། ལྟ་སྟངས་ཀྱི་ལྷ་ཉིད་ཀྱི་རྣལ་འབྱོར་བསྟན་པའོ།།  །།བརྟག་པ་དང་པོ་དེ་ཉིད་དང་བརྟག་པ་གཉིས་པ་ཉིད་ཀྱི་དོན་སྔ་མ་མི་གསལ་བ་གསལ་བར་བྱ་བ་དང་མ་ཚང་བ་ཁ་བསྐང་བའི་ཕྱིར། བརྟག་པ་གཉིས་པ་རྒྱུད་ཕྱི་མའི་ཚུལ་དུ་བསྟན་པ་ལ། ལེའུ་བཅུ་གཉིས་ཀྱིས་བསྟན་པ་ལས། རབ་གནས་ཀྱི་ལེའུ་ལ་གཉིས་ཏེ། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །རྩ་བའི་རྒྱུད་ཀྱི་ལྷ་དབང་བསྐུར་བའི་ལེའུར་རང་ཉིད་དབང་བསྐུར་བ་གསུངས་ཀྱི། སྐུ་གཟུགས་ལ་སོགས་པ་ལྷའི་བདག་ཉིད་དུ་རབ་ཏུ་གནས་པ་མ་གསུངས་པས། དེ་ཁ་བསྐང་བ་ལ་གཉིས། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །དོན་ལ་གཉིས། ཞུས་པ་དང༌། ལན་ནོ། །ལན་ལ་གཉིས། རབ་ཏུ་གནས་པའི་ཆོ་གའི་རིམ་པ་དང༌། བར་ཆད་ཞི་བར་བྱ་བ་ལ་སོགས་པའི་དོན་དུ་སྦྱིན་སྲེག་གོ །དང་པོ་ལ་གཉིས་ཏེ། དབང་གི་ལེའུར་དཀྱིལ་འཁོར་དང་འབྲེལ་བའི་དབང་བསྐུར་བར་གསུངས་ཀྱང༌། དེ་དང་འབྲེལ་བའི་རབ་གནས་མ་གསུངས་པས་དེ་མ་ཚང་བ་ཁ་བསྐང་བའི་ཚུལ་དུ་བསྟན་པ་དང༌། དེ་གཉིས་ཀ་དང་འབྲེལ་བའི་སྦྱིན་སྲེག་མ་ཚང་བ་ཁ་བསྐང་བའི་ཚུལ་དུ་བསྟན་པའོ། །ལེའུ་གཉིས་པ་དངོས་གྲུབ་རྒྱུ་དང་བཅས་པ་གཏན་ལ་དབབ་པ་ལ་གཉིས་ཏེ། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །དོན་ལ་བཞི་སྟེ། རྡོ་རྗེ་རིགས་ཀྱི་ལེའུར་ལྷའི་རྣལ་འབྱོར་ལ་བརྟེན་ནས་དངོས་གྲུབ་བསྒྲུབ་པར་གསུངས་པའི་དོན་གསལ་བར་བསྟན་པ་དང༌། སྤྱོད་པའི་ལེའུར་དྲོད་ཐོབ་ནས་སྤྱོད་པ་བྱ་བར་གསུངས་པའི་དོན་གསལ་བར་བསྟན་པ་དང༌། དབང་གི་ལེའུར་ཕྱག་རྒྱའི་དངོས་གྲུབ་གསུངས་པ་ལ་བརྩད་པའི་སྐྱོན་སྤང་བའི་སྒོ་ནས་གསལ་བར་བསྟན་པ་དང༌། རྡོ་རྗེ་རིགས་ཀྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་གསུངས་པའི་དོན་གསལ་བར་བཤད་པའོ། །དང་པོ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །ལན་ལ་གཉིས་ཏེ། མདོ་དང༌། རྒྱས་པའོ། །སྤྱོད་པའི་ལེའུར་ཕྱག་རྒྱའི་དངོས་གྲུབ་གསུངས་པའི་དོན་གསལ་བར་བསྟན་པ་ལ་གཉིས་ཏེ། དྲོད་ཐོབ་པར་བྱ་བའི་ཐབས་གསལ་བར་བཤད་པ་དང༌། དེས་སྤྱོད་པ་སྒྲུབ་པའི་རིམ་པ་གསལ་བར་བཤད་པའོ། །གོང་མ་ལ་གཉིས་ཏེ། རང་བྱིན་གྱིས་བརླབ་པའི་རིམ་པ་བསྒོམ་པའི་ཚུལ་དང༌། དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱི་བསྒོམ་པ་ཕན་ཡོན་དང་བཅས་པར་བཤད་པའོ། །དེས་སྤྱོད་པ་བསྒྲུབ་པའི་རིམ་པ་གསལ་བར་བཤད་པ་ལ་གཉིས་ཏེ། ཐོག་མར་གསང་ནས་སྒྲུབ་པ་དང༌། དེ་ནས་འཇིག་རྟེན་པའི་མངོན་དུ་སྒྲུབ་པ་དགོས་པ་དང་བཅས་པར་བསྟན་པའོ། །དབང་གི་ལེའུར་ཕྱག་རྒྱའི་དངོས་གྲུབ་གསུངས་པ་ལ་བརྩད་པའི་སྐྱོན་སྤངས་པའི་སྒོ་ནས་གསལ་བར་བཤད་པ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །དེ་ཉིད་ལ་གསུམ་སྟེ། བདག་མེད་མའི་རྣལ་འབྱོར་དང་ལྡན་པས་ཕྱག་རྒྱའི་དངོས་གྲུབ་བསྒྲུབ་པའི་ཚུལ་དང༌། ཕྱག་རྒྱའི་དངོས་གྲུབ་ཀྱི་མཚན་ཉིད་དང༌། དེ་ཡང་རིམ་པ་གཉིས་ལ་བརྟེན་ནས་བསྒྲུབ་པར་བཤད་པའོ། །རྡོ་རྗེ་རིགས་ཀྱི་ལེའུར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་གསུངས་པའི་དོན་གསལ་བར་བཤད་པ་ལ་དྲུག་སྟེ། དེས་དངོས་པོ་ཀུན་ལ་ཇི་ལྟར་ཁྱབ་པའི་ཚུལ་དང༌། དེ་ཉིད་ལུས་ལ་ཇི་ལྟར་གནས་པའི་ཚུལ་དང༌། ལེའུ་དགུ་པའི་དོན་གསལ་བར་བྱ་བའི་ཚུལ་གྱིས་ཡེ་ཤེས་དེ་ཉིད་འགྲོ་བ་ཐམས་ཅད་ཀྱི་བདག་ཉིད་དུ་བཤད་པ་དང༌། ཐམས་ཅད་ཀྱི་བདག་ཉིད་ཡིན་ཡང་གློ་བུར་གྱི་དྲི་མས་སེམས་ཅན་ཉིད་དུ་མི་འགལ་བ་དང༌། གློ་བུར་གྱི་དྲི་མ་སེལ་བར་བྱེད་པའི་ཐབས་འཐད་པ་དང་བཅས་པ་དང༌། དེ་ཉིད་ཐབས་སུ་ཇི་ལྟར་འགྱུར་བའི་འཐད་པ་བསྟན་པའོ། །ལེའུ་གསུམ་པ་རྒྱུད་ཐམས་ཅད་ཀྱི་གླིང་གཞི་བསྟན་པ་ལ་གཉིས་ཏེ། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །གོང་མ་ལ་གཉིས་ཏེ། ལུས་རྣམ་པར་གཞག་པ་དང༌། ཡན་ལག་རྒྱས་པར་དབྱེ་བ་བཤད་པའོ། །དེ་ཉིད་ལ་དྲུག་སྟེ། རྡོ་རྗེ་རིགས་ཀྱི་ལེའུར་སྡོམ་པ་གསུངས་པའི་དོན་དཀྱིལ་འཁོར་འཁོར་ལོའི་ཐབས་ལ་བརྟེན་ནས་གསལ་བར་བཤད་པ་དང༌། དབང་གི་ལེའུ་དང༌། འདི་ཉིད་འདས་མ་ཐག་པར་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དམ་ཚིག་དང་སྡོམ་པ་མ་གསུངས་པ་དེ་ཁ་བསྐང་བའི་ཚུལ་དུ་བཤད་པ་དང༌། གོང་དུ་ལེའུ་འདི་ལས་དབང་དེའི་དོན་བསྒོམས་པས་ཡུལ་ལ་སོགས་པ་སྦྱོང་བར་བསྟན་པའི་དོན་གསལ་བར་བཤད་པ་དང༌། སྤྱོད་པའི་ལེའུར་གསུངས་པའི་ཀུན་འདར་གྱི་སྤྱོད་པའི་མཚན་ཉིད་གསལ་བར་བཤད་པ་དང༌། རྣམ་པར་དག་པའི་ལེའུར་དབང་པོ་དྲུག་གི་དག་པ་མ་གསུངས་པས་དེ་ཁ་བསྐང་བའི་ཚུལ་དུ་བཤད་པ་དང༌། བརྡའི་ལེའུར་ངག་གི་བརྡ་མ་གསུངས་པས་དེ་ཁ་བསྐང་བའི་ཚུལ་དུ་བཤད་པའོ། །དེ་རྣམས་ཀྱི་དང་པོ་ལ་གཉིས་ཏེ། སངས་རྒྱས་ཀྱི་སྡོམ་པ་དང༌། རྣལ་འབྱོར་མའི་སྡོམ་པའོ། །གོང་མ་ལ་གསུམ་སྟེ། སྡོམ་པའི་གནས་དང༌། སྡོམ་པའི་ངོ་བོ་དང༌། དེ་ཤེས་པར་བྱེད་པའི་ཐབས་བསྟན་པའོ། །རྣལ་འབྱོར་མའི་སྡོམ་པ་ལ་གཉིས་ཏེ། ཞུས་པ་དང༌། ལན་བསྟན་པའོ། །ལན་ལ་གསུམ་སྟེ། སྡོམ་པའི་གནས་དང༌། སྡོམ་པའི་ངོ་བོ་དང༌། སྡོམ་པ་དེ་ཤེས་པར་བྱེད་པའི་ཐབས་དབང་བཞིའི་མཚན་ཉིད་དབང་གི་ལེའུར་གསུངས་པ་གསལ་བར་བཤད་པའི་སྒོ་ནས་བཤད་པའོ། །དེ་ཉིད་ལ་ལྔ་སྟེ། སྐད་ཅིག་མ་བཞི་ལ་བརྟེན་པའི་དགའ་བ་བཞིས་དབང་བཞི་མཚོན་པར་བཤད་པ་དང༌། དབང་བཞིའི་དག་པ་དེའི། དགོས་པ་དང༌། ངེས་པའི་ཚིག་དང༌། སོ་སོའི་མཚན་ཉིད་བཤད་པའོ། །དེ་ཉིད་ལ་བཞི་སྟེ། སློབ་དཔོན་གྱི་དབང་དང༌། གསང་བའི་དབང་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། བཞི་པའི་དབང་བཤད་པའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ལ་གསུམ་སྟེ། སྔོན་རོལ་གྱི་ཆོ་ག་དང༌། སློབ་མའི་བྱ་བ་དང༌། དབང་གི་ངོ་བོ་ཉིད་བསྟན་པའོ། །བཞི་པའི་དབང་ལ་གསུམ་སྟེ། ཚིག་གི་བཞི་པ་དང་དབང་གསུམ་པའི་དོན་བསྒོམ་པར་བྱ་བ་བརྗོད་པ་དང༌། དབང་གསུམ་པའི་མཚན་ཉིད་བརྗོད་པ་དང༌། དོན་གྱི་བཞི་པའི་དུས་སུ་དབང་གསུམ་པའི་དོན་བསྒོམ་པ་ཕན་ཡོན་དང་བཅས་པར་བསྟན་པའོ། །དེ་ཉིད་ལ་གཉིས་ཏེ། མདོ་དང༌། རྒྱས་པའོ། །རྒྱས་པ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །ལན་ལ་གསུམ་སྟེ། ཐབས་ཀྱི་ངེས་ཚིག་བསྟན་པ་དང༌། ཐབས་ལས་སྒྲུབ་པའི་ཕན་ཡོན་དང༌། ཐབས་ལས་བྱུང་བའི་ངོ་བོ་ཉིད་བསྟན་པའོ། །དབང་གི་ལེའུར་དང༌། འདི་ཉིད་འདས་མ་ཐག་པར་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དམ་ཚིག་དང་སྡོམ་པ་མ་གསུངས་པས་དེ་ཁ་བསྐང་གི་ཚུལ་དུ་བསྟན་པ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །གོང་དུ་ལེའུ་འདི་ཉིད་ལས་དབང་དེའི་དོན་བསྒོམས་པས་ཡུལ་ལ་སོགས་པ་སྦྱང་བར་བསྟན་པའི་དོན་གསལ་བར་བཤད་པ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །ལན་ལ་གཉིས་ཏེ། གང་སྦྱང་བར་བྱ་བ་བསྟན་པ་དང༌། ཇི་ལྟར་ཤེས་པ་སྦྱོང་བ་བསྟན་པའོ། །སྤྱོད་པའི་ལེའུར་གསུངས་པའི་ཀུན་འདར་གྱི་སྤྱོད་པའི་མཚན་ཉིད་གསལ་བར་བཤད་པ་ལ་གཉིས་ཏེ། མཆོད་པས་མཉེས་ནས་གདམས་པའི་དབང་གིས་གུས་པར་མཉན་པ་དང༌། དོན་དངོས་བསྟན་པའོ། །རྣམ་པར་དག་པའི་ལེའུར་དབང་པོ་དྲུག་གི་དག་པ་མ་གསུངས་པས་དེ་ཁ་བསྐང་བར་བཤད་པ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །བརྡའི་ལེའུར་ངག་གི་བརྡ་མ་གསུངས་པས་དེ་ཁ་བསྐང་བའི་ཚུལ་དུ་བཤད་པ་ལ་གཉིས་ཏེ། ཞུས་པ་དང༌། ལན་བསྟན་པའོ། །ལན་ལ་བཞི་སྟེ། མཉན་པར་གདམས་པ་དང༌། དངོས་དང༌། དེ་གཟུང་བར་གདམས་པ་དང༌། བརྡའི་སྒོ་ནས་མ་བརྗོད་པའི་ཉེས་དམིགས་བསྟན་པའོ། །བརྡ་དངོས་ལ་གསུམ་སྟེ། ཆང་ལ་སོགས་པའི་བརྡ་དང༌། ཕྱག་རྒྱ་ལྔའི་བརྡ་དང༌། ཕྱག་རྒྱ་བསྟན་པའི་ཕན་ཡོན་བསྟེན་པའི་སྒོ་ནས་དེ་ཇི་ལྟར་བསྟན་པའི་ཚུལ་བཤད་པའོ། །ལེའུ་བཞི་པས་རྒྱུད་ཐམས་ཅད་ཀྱི་མུ་ཏྲ་བསྡུས་པའི་དོན་བསྟན་པ་ལ་གཉིས་ཏེ། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །གོང་མ་ལ་དྲུག་སྟེ། ལེའུ་དྲུག་པ་ལ་སོགས་པར་གསུངས་པའི་དོན་གསལ་བར་བཤད་པ་དང༌། རྡོ་རྗེ་རིགས་ཀྱི་ལེའུར་གསུངས་པའི་དོན་གསལ་བར་བཤད་པ་དང༌། ལེའུ་འདི་ཉིད་དུ་གོང་དུ་གསུངས་པའི་མུ་ཏྲའི་དོན་ལ་བརྩད་པའི་སྐྱོན་སྤང་བའི་ཚུལ་གྱིས་རྒྱས་པར་བཤད་པ་དང༌། སྔགས་ཀྱི་ལེའུ་དང་དབང་གི་ལེའུ་དང་བཤད་པའི་གཏོར་མའི་དོན་གསལ་བར་བཤད་པ་དང༌། གོང་དུ་ལེའུ་འདི་ཉིད་ལས་ལྷ་མོ་རྣམས་ཀྱི་ཕྱག་རྒྱ་གསུངས་པ་ལས་ལྷ་མོ་གསུམ་གྱི་ཕྱག་རྒྱ་དང༌། སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་གསལ་བར་བཤད་པ་དང༌། དེ་ཁོ་ན་ཉིད་ཀྱི་ལེའུར་རིགས་ཀྱི་རབ་ཏུ་དབྱེ་བ་གསུངས་པའི་དོན་བསྡུས་པ་དང༌། རྒྱས་པར་ངོ་བོ་ཉིད་ཀྱི་སྒོ་ནས་གསལ་བར་བཤད་པའོ། །དེ་རྣམས་ཀྱི་དང་པོ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །ལན་ལ་བཞི་སྟེ། སྤྱོད་པའི་ལེའུར་གསུངས་པའི་གླུ་དང་གར་གྱི་དོན་གསལ་བར་བཤད་པ་དང༌། ལྷ་དབང་བསྐུར་བར་གསུངས་པའི་ཕྱག་རྒྱའི་དོན་གསལ་བར་བཤད་པ་དང༌། སྔགས་ཀྱི་ལེའུར་གསུངས་པའི་ལྷ་མོ་རྣམས་ཀྱི་ས་བོན་གྱི་དོན་གསལ་བར་བཤད་པ་དང༌། རྡོ་རྗེ་རིགས་ཀྱི་ལེའུར་གསུངས་པའི་རྩའི་དག་པའི་དོན་གསལ་བར་བཤད་པའོ། །དེ་རྣམས་ཀྱི་དང་པོ་ལ་ལྔ་སྟེ། རྡོ་རྗེའི་གླུ་གསལ་བར་བཤད་པ་དང༌། གར་ཇི་ལྟར་བྱ་བའི་ཚུལ་དང༌། གླུ་གར་གྱི་ལྷའི་རྣལ་འབྱོར་ཇི་ལྟར་བྱ་བ་དང༌། དེའི་ཕན་ཡོན་བསྟན་པ་དང༌། དེ་བྱས་པས་དངོས་གྲུབ་འབྱུང་བའི་རྟགས་བསྟན་པའོ། །ལྷ་དབང་བསྐུར་བར་གསུངས་པའི་ཕྱག་རྒྱའི་དོན་གསལ་བར་བཤད་པ་ལ་གསུམ་སྟེ། མིང་གི་རྣམ་གྲངས་ཀྱི་སྒོ་ནས་དེའི་དབྱེ་བ་དང༌། ཕྱག་རྒྱས་མ་བཏབ་པའི་ཉེས་དམིགས་དང༌། གང་ཞིག་གང་གི་ཕྱག་རྒྱ་ཡིན་པར་བཤད་པའོ། །རྡོ་རྗེ་རིགས་ཀྱི་ལེའུར་གསུངས་པའི་རྩ་རྣམས་ཀྱི་དག་པ་གསལ་བར་བཤད་པ་ལ་གཉིས་ཏེ། རྩ་རྣམས་ལྷ་མོ་བཅོ་ལྔའི་བདག་ཉིད་དུ་དག་པ་དང༌། བཅུ་དྲུག་པ་མ་བཤད་པའི་འཐད་པ་བསྟན་པའོ། །རྡོ་རྗེ་རིགས་ཀྱི་ལེའུར་གསུངས་པའི་དོན་གསལ་བར་བཤད་པ་ལ་གཉིས་ཏེ། རྩའི་འཁོར་ལོ་ལ་སོགས་པ་གསུངས་པ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་པའི་ཐབས་ཉིད་དུ་གསལ་བར་བཤད་པ་དང༌། སྡོམ་པའི་རབ་ཏུ་དབྱེ་བ་གསུངས་པའི་རྣམ་པར་གཞག་པ་རང་བྱིན་གྱིས་བརླབ་པའི་རིམ་པ་ལ་བརྟེན་ཏེ་གསལ་བར་བཤད་པའོ། །གོང་མ་ལ་གཉིས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་བསྟན་པའི་སྒོ་ནས་དེ་མི་སྤང་བ་ཉིད་དུ་བཤད་པ་དང༌། དེ་བསྐྱེད་པའི་ཐབས་དངོས་བཤད་པའོ། །དེ་ཉིད་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །ལན་ལ་གཉིས་ཏེ། ཐབས་གཉིས་ལ་བརྟེན་ཏེ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་པའི་དོན་མདོར་བསྟན་པ་དང༌། དེ་ཉིད་རྒྱས་པར་བཤད་པའོ། །དེ་ལ་གཉིས། དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། རང་བྱིན་གྱིས་བརླབ་པའི་རིམ་པས་དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བཤད་པའོ། །གོང་མ་ལ་དྲུག་སྟེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དབབ་པའི་གནས་དང༌། དེར་མངོན་དུ་བྱས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་དང༌། དེའི་རྟེན་ཕྱག་རྒྱའི་མཚན་ཉིད་དང༌། དེའི་ཐབས་དང༌། ཐབས་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་མི་སྤང་བའི་ཚུལ་དང༌། དེ་མི་སྤང་བའི་འཐད་པར་བཤད་པའོ། །རང་བྱིན་གྱིས་བརླབ་པའི་རིམ་པས་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་དྲུག་སྟེ། དོན་དམ་པ་བྱང་ཆུབ་ཀྱི་སེམས་དེའི་རྟགས་ཕྱག་རྒྱ་ཆེན་པོའི་གནས་དང༌། ཕྱག་རྒྱ་ཆེན་པོ་དེའི་མཚན་ཉིད་དང༌། དེའི་བྱེད་པ་དང༌། རྣལ་འབྱོར་པས་དེའི་བདེ་བ་ལ་ལོངས་སྤྱོད་པ་དང༌། དེ་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་བ་དང༌། དེར་མངོན་དུ་བྱས་པའི་རང་བྱུང་གི་མཚན་ཉིད་བསྟན་པའོ། །སྡོམ་པའི་རབ་ཏུ་དབྱེ་བ་གསུངས་པའི་རྣམ་པར་གཞག་པ་རང་བྱིན་གྱིས་བརླབ་པའི་རིམ་པ་ལ་བརྟེན་ཏེ་གསལ་བར་བཤད་པ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །ལན་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ཉིད་ལ་ལྔ་སྟེ། ནང་གི་སྙོམས་པར་འཇུག་པ་དང༌། འཁོར་ལོ་བཞི་ལ་བརྟེན་པའི་ནང་གི་སྐུ་གསུམ་དང༌། འཁོར་ལོ་བཞིའི་ངེས་ཚིག་དང༌། འཁོར་ལོ་བཞིར་རྣམ་པར་གཞག་པའི་དོན་དང༌། རང་བཞིན་གྱིས་སེམས་ཅན་རྣམས་བུདྡྷ་ཡིན་པས་སྡོམ་པའི་མཚན་ཉིད་དུ་ངོ་བོ་ཉིད་ཀྱིས་གནས་པར་བསྟན་པའོ། །འཁོར་ལོ་བཞིར་རྣམ་པར་གཞག་པའི་དོན་བསྟན་པ་ལ་གཉིས་ཏེ། འབྲས་བུ་བཞིར་རྣམ་པར་གཞག་པ་དང༌། སྡེ་པ་བཞིར་རྣམ་པར་གཞག་པའི་དོན་བཤད་པའོ། །སེམས་ཅན་རྣམས་རང་བཞིན་གྱི་བུདྡྷ་ཡིན་པས་སྡོམ་པའི་མཚན་ཉིད་དུ་ངོ་བོ་ཉིད་ཀྱིས་གནས་པར་བཤད་པ་ལ་ལྔ་སྟེ། དོན་དངོས་དང༌། དེ་ལ་ལྷ་མོ་རྣམས་ཐེ་ཚོམ་སྐྱེས་ནས་བརྒྱལ་བར་གྱུར་པ་དང༌། བསྟོད་པའི་སྒོ་ནས་བརྒྱལ་བ་ལས་བསླང་པ་དང༌། དེའི་ཐེ་ཚོམ་བསལ་བ་དང༌། གློ་བུར་གྱི་དྲི་མ་སྤོང་བའི་ཐབས་བསྟན་པའོ། །སྔགས་ཀྱི་ལེའུ་དང་དབང་གི་ལེའུར་གསུངས་པའི་གཏོར་མའི་དོན་གསལ་བར་བཤད་པ་ལ་གསུམ་ཏེ། ཞུས་ནས་བཤད་པ་དང༌། སྔགས་དང༌། ཕན་ཡོན་བསྟན་པའོ། །གོང་དུ་ལེའུ་འདི་ཉིད་ལས་ལྷ་མོ་རྣམས་ཀྱི་ཕྱག་རྒྱ་གསུངས་པ་ལས་ལྷ་མོ་གསུམ་གྱི་ཕྱག་རྒྱ་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་གསལ་བར་བཤད་པ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །དེ་ཁོ་ན་ཉིད་ཀྱི་དབྱེ་བར་རིགས་ཀྱི་དབྱེ་བའི་དོན་བསྡུས་པ་དང༌། རྒྱས་པ་ངོ་བོ་ཉིད་ཀྱི་སྒོ་ནས་གསལ་བར་བཤད་པ་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། དེ་བཞིན་གཤེགས་པ་དྲུག་ལ་སོགས་པའི་ངོ་བོ་ཉིད་དུ་བཤད་པའོ། །ལེའུ་ལྔ་པ་དཔལ་ཧེ་རུ་ཀ་འབྱུང་བ་ལ་གཉིས་ཏེ། ལེའུའི་དོན་དང༌། མིང་བསྟན་པའོ། །གོང་མ་ལ་གསུམ་སྟེ། ལྷའི་ལེའུར་ཧེ་རུ་ཀ་ཕྱག་བཅུ་དྲུག་པ་བསྐྱེད་པ་མ་གསུངས་པས། དེ་ཁ་བསྐང་བའི་ཚུལ་དུ་བཤད་པ་དང༌། སྔགས་ཀྱི་ལེའུར་རྐང་པ་བརྒྱད་པའི་སྔགས་མ་གསུངས་པས། དེ་ཁ་བསྐང་བའི་ཚུལ་དུ་བཤད་པ་དང༌། དབང་གི་ལེའུར་ཧེ་རུ་ཀའི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བ་མ་གསུངས་པས། དེ་ཁ་བསྐང་བའི་ཚུལ་དུ་བཤད་པའོ། །དེ་རྣམས་ཀྱི་དང་པོ་ལ་གཉིས་ཏེ། དེ་ཕྱིའི་རྗེས་སུ་ཆགས་པས་མཆོད་ནས་ཞུས་པ་དང༌། ཕྱི་ནང་གི་རྗེས་སུ་ཆགས་པས་མཉེས་པར་མཛད་ནས་ལན་བསྟན་པའོ། །དེ་ཉིད་ལ་གཉིས་ཏེ། གཞལ་ཡས་ཁང་བསྐྱེད་པའི་ཚུལ་དང༌། དེར་ལྷ་བསྐྱེད་པའི་ཚུལ་བསྟན་པའོ། །སྔགས་ཀྱི་ལེའུར་རྐང་པ་བརྒྱད་པའི་སྔགས་མ་གསུངས་པས། དེ་ཁ་བསྐང་བ་ལ་གསུམ་སྟེ། ཞུས་ནས་བཤད་པར་དམ་བཅའ་བ་དང༌། སྔགས་ཀྱི་ལས་དང༌། སྔགས་དངོས་བཤད་པའོ། །དབང་གི་ལེའུར་ཧེ་རུ་ཀའི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བ་མ་གསུངས་པས། དེ་ཁ་བསྐང་བ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །ལན་ལ་གཉིས་ཏེ། ཕྱི་ནང་གི་རྗེས་སུ་ཆགས་པས་མཉེས་པར་མཛད་ནས་གསུངས་པར་ཞལ་གྱིས་བཞེས་པ་དང༌། གསུངས་པའི་དོན་དངོས་སོ། །དེ་ལ་གཉིས་ཏེ། དཀྱིལ་འཁོར་བྲི་བའི་ཚུལ་དང༌། དེར་སློབ་མ་དབང་བསྐུར་བའི་ཚུལ་བསྟན་པའོ། །གོང་མ་ལ་ལྔ་སྟེ། རྟེན་གྱི་དཀྱིལ་འཁོར་ཇི་ལྟར་བྲི་བ་དང༌། དེར་ལྷ་ཇི་ལྟར་དགོད་པ་དང༌། རིག་མ་ཇི་ལྟར་གཞུག་པ་དང༌། དེ་ཇི་ལྟར་བསྟེན་པའི་ཚུལ་བཤད་པའོ། །དེར་སློབ་མ་དབང་བསྐུར་བའི་ཚུལ་བཤད་པ་ལ་བཞི་སྟེ། ཐོག་མར་སློབ་མ་དཀྱིལ་འཁོར་དུ་གཞུག་པ་དང༌། དེར་སློབ་དཔོན་ལ་སོགས་པའི་དབང་གསུམ་བསྐུར་བ་དང༌། ཚིག་གི་བཞི་པས་མཚོན་པར་བྱ་བ་དང༌། མཚོན་པར་བྱ་བའི་དོན་གྱིས་བྱེ་བྲག་ཏུ་ཤེས་རབ་ཡེ་ཤེས་ཀྱི་མཚན་ཉིད་བཤད་པའོ། །དེ་ལ་གཉིས་ཏེ། མདོ་དང༌། རྒྱས་པའོ། །དེ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །ལན་ལ་གཉིས་ཏེ། ཕྱག་རྒྱ་ལ་བརྟེན་པའི་ཡེ་ཤེས་དང༌། མ་ནིང་གི་དབང་ལ་བརྟེན་པའི་ཡེ་ཤེས་ཀྱི་མཚན་ཉིད་བཤད་པའོ། །ལེའུ་དྲུག་པར་མུ་ཏྲ་སྔོན་དུ་འགྲོ་བའི་བྲིས་སྐུའི་ཆོ་ག་བསྟན་པ་ལ་གཉིས་ཏེ། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །གོང་མ་ལ་གཉིས་ཏེ། སྤྱོད་པའི་ལེའུར་མུ་ཏྲ་ལྔའི་དགོངས་པ་མ་གསུངས་པས་དེ་ཁ་བསྐང་བ་དང༌། ལྷའི་ལེའུ་དང༌། རྣལ་འབྱོར་མའི་འཁོར་ལོའི་ལེའུ་དང༌། ཧེ་རུ་ཀ་འབྱུང་བའི་ལེའུར་ལྷ་བསྐྱེད་པ་ཙམ་གསུངས་ཀྱི། དེའི་བྲི་བའི་ཚུལ་མ་གསུངས་པས། དེ་ཁ་བསྐང་བའི་ཚུལ་དུ་བཤད་པའོ། །སྔ་མ་ལ་གཉིས་ཏེ། ཕྱི་ནང་གི་རྗེས་སུ་ཆགས་པས་མཉེས་པར་མཛད་པ་དང༌། དོན་དངོས་བཤད་པའོ། །བྲིས་སྐུའི་ཚུལ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཕྱི་ནང་གི་རྗེས་སུ་ཆགས་པས་མཆོད་ནས་ཞུས་པ་དང༌། ལན་བསྟན་པའོ། །ལེའུ་བདུན་པ་གླེགས་བམ་སྔོན་དུ་འགྲོ་བའི་བཟའ་བ་བསྟན་པ་ལ་གཉིས་ཏེ། ལེའུའི་དོན་དང༌། ལེའུའི་མིང་བསྟན་པའོ། །སྔ་མ་ལ་གཉིས་ཏེ། ལྷའི་ལེའུ་དང༌། རྣལ་འབྱོར་མའི་ལེའུ་དང༌། ཧེ་རུ་ཀ་འབྱུང་བའི་ལེའུར་ལྷ་བསྐྱེད་པ་ཙམ་གསུངས་ཀྱི། དེའི་གླེགས་བམ་མ་གསུངས་པས། དེ་ཁ་བསྐང་བ་དང༌། དབང་གི་ལེའུར་དབང་བསྐུར་བ་ཙམ་གསུངས་ཀྱི། དེའི་དུས་སུ་ཚོགས་ཀྱི་སྟོན་མོ་ཇི་ལྟར་བཟའ་བ་མ་གསུངས་པས། དེ་ཁ་བསྐང་བའི་ཚུལ་དུ་བཤད་པའོ། །སྔ་མ་ལ་གཉིས་ཏེ། ཕྱི་ནང་གི་རྗེས་སུ་ཆགས་པས་མཆོད་ནས་ཞུས་པ་དང༌། ནང་གི་རྗེས་སུ་ཆགས་པས་མཉེས་པར་མཛད་ནས་ལན་བསྟན་པའོ། །དེ་ཉིད་ལ་བཞི་སྟེ། མཉན་པར་གདམས་པ་དང༌། ཇི་ལྟར་བྲི་བའི་ཚུལ་དང༌། གང་ལ་བསྟན་པ་དང་མི་བསྟན་པའི་བྱེ་བྲག་དང༌། ལམ་དུ་ཇི་ལྟར་བསྐུར་བའི་ཚུལ་བསྟན་པའོ། །སྟོན་མོ་ཇི་ལྟར་བཟའ་བའི་ཚུལ་བསྟན་པ་ལ་གསུམ་སྟེ། སྟོན་མོ་ཇི་ལྟར་བཟའ་བ་དང༌། ཀུནྡུ་རུ་ཇི་ལྟར་བསྟེན་པའི་ཚུལ་དང༌། མ་ད་ན་ཇི་ལྟར་བསྟེན་པའི་ཚུལ་བསྟན་པའོ། །དེ་རྣམས་ཀྱི་དང་པོ་ལ་གཉིས་ཏེ། ཕྱི་ནང་གི་རྗེས་སུ་ཆགས་པས་མཉེས་པར་མཛད་ནས་མཉན་པར་གདམས་པ་དང༌། དོན་དངོས་བསྟན་པའོ། །དེ་ལ་བཞི་སྟེ། ཟོས་པའི་དགོས་པ་དང༌། བཟའ་བའི་གནས་དང༌། གདན་གང་ལ་ཇི་ལྟར་དགོད་པ་དང༌། བཟའ་བའི་བྱེ་བྲག་ཇི་ལྟ་བུ་བཟའ་བ་བསྟན་པའོ། །ལེའུ་བརྒྱད་པར་ཕྱག་རྒྱ་ཆེན་པོའི་མཚན་ཉིད་སྔོན་དུ་འགྲོ་བའི་འདུལ་བའི་དོན་བསྟན་པ་ལ་གཉིས་ཏེ། ལེའུའི་དོན་དང༌། ལེའུའི་མིང་བསྟན་པའོ། །གོང་མ་ལ་གསུམ་སྟེ། དེ་ཁོ་ན་ཉིད་ཀྱི་ལེའུ་དང༌། དབང་གི་ལེའུ་དང༌། རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་ལེའུར་དངོས་གྲུབ་ཀྱི་རྟེན་ཕྱག་རྒྱ་ཆེན་པོའི་མཚན་ཉིད་གསལ་བར་མ་གསུངས་པས་དེ་གསལ་བར་བཤད་པ་དང༌། ལེའུ་གསུམ་པ་དང༌། བཞི་པ་དང༌། ལྔ་པ་དང༌། བརྒྱད་པ་དང༌། བརྟག་པ་གཉིས་པའི་ལེའུ་ལྔ་པར་རིམ་པ་གཉིས་ཀྱི་དོན་བསྒོམ་པ་ཙམ་ཞིག་གསུངས་ཀྱི། སྨོན་ལམ་གདབ་པ་མ་གསུངས་པས། དེ་ཁ་བསྐང་བའི་ཚུལ་དུ་བཤད་པ་དང༌། ལེའུ་བཅུ་གཅིག་པར་ལྟ་སྟངས་ཀྱིས་འདུལ་བ་ཙམ་གསུངས་ཀྱི་བསླབ་པས་འདུལ་བ་མ་གསུངས་པས། དེ་ཁ་བསྐང་བའི་ཚུལ་དུ་བཤད་པའོ། །གསུམ་པོ་དེ་རེ་རེ་ལ་ཡང་ཞུས་པ་དང་ལན་གཉིས་གཉིས་ཀྱིས་བསྟན་ནོ། །ལེའུ་དགུ་པ་ཁ་སྦྱོར་དབྱེ་བ་ལ་སོགས་པ་སྔོན་དུ་འགྲོ་བའི་སྔགས་བཏུ་བ་ལ་གཉིས་ཏེ། ལེའུའི་དོན་དང༌། ལེའུའི་མིང་བསྟན་པའོ། །གོང་མ་ལ་གསུམ་སྟེ། བརྡའི་ལེའུར་གདུག་པ་ཅན་གཞུག་པའི་ཆོ་ག་གསལ་བར་མ་གསུངས་པས། དེ་གསལ་བར་བཤད་པ་དང༌། རྣམ་པར་དག་པའི་ལེའུར་ལྷ་ཉིད་ཀྱི་སྤྱན་ལ་སོགས་པའི་དག་པ་མ་གསུངས་པས། དེ་ཁ་བསྐང་བའི་ཚུལ་དུ་བཤད་པ་དང༌། སྔགས་ཀྱི་ལེའུར་སྔགས་ཀྱི་ལྷག་ཆད་སྤང་བའི་ཕྱིར་སྔགས་བཏུ་བ་མ་གསུངས་པས། དེ་ཁ་བསྐང་བའི་ཚུལ་དུ་བཤད་པའོ། །དེ་རྣམས་ཀྱི་དང་པོ་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །གཉིས་པ་ལ་གཉིས་ཏེ། མཉན་པར་གདམས་པ་དང༌། དོན་དངོས་སོ། །གསུམ་པ་ལ་གཉིས་ཏེ། ཞུས་པ་དང༌། ལན་བསྟན་པའོ། །ལེའུ་བཅུ་པ་བཟླས་པའི་ཡུལ་བསྟན་པ་ལ་གཉིས་ཏེ། ལེའུ་དངོས་དང༌། ལེའུའི་མིང་བསྟན་པའོ། །གོང་མ་ལ་གཉིས་ཏེ། སྔགས་ཀྱི་ལེའུར་ལས་ཀྱི་བྱེ་བྲག་གིས་བཟླས་པའི་ཡུལ་གྱི་བྱེ་བྲག་མ་གསུངས་པས། དེ་ཁ་བསྐང་བའི་ཚུལ་དང༌། ཡང་ལེའུ་དེ་ཉིད་དུ་ལས་ཀྱི་བྱེ་བྲག་གིས་བཟླས་པའི་དུས་ཀྱི་ཁ་ཟས་ཀྱི་བྱེ་བྲག་མ་གསུངས་པས། དེ་ཁ་བསྐང་བའི་ཚུལ་དུ་བཤད་པའོ། །ལེའུ་བཅུ་གཅིག་པ་ལྷན་ཅིག་སྐྱེས་པའི་སྦྱོར་བའི་དོན་བསྟན་པ་ལ་གཉིས་ཏེ། ལེའུའི་དོན་དང༌། ལེའུའི་མིང་བསྟན་པའོ། །གོང་མ་ལ་གཉིས་ཏེ། དེ་ཁོ་ན་ཉིད་ཀྱི་ལེའུར་རིགས་ཀྱི་མཚན་ཉིད་མ་གསུངས་པས། དེ་ཁ་བསྐང་བ་དང༌། ལེའུ་དེ་ཉིད་དུ་རིགས་རྣམས་ཇི་ལྟར་མཚོན་པའི་ཚུལ་རྒྱས་པར་མ་གསུངས་པས། དེ་གསལ་བར་བཤད་པའོ། །སྔ་མ་ལ་གཉིས་ཏེ། ཕྱིའི་རྗེས་སུ་ཆགས་པས་མཆོད་ནས་ཞུས་པ་དང༌། ལན་བསྟན་པའོ། །དེ་ལ་གཉིས་ཏེ། མཉན་པར་གདམས་པ་དང༌། དོན་དངོས་སོ། །རིགས་རྣམས་ཇི་ལྟར་མཚོན་པའི་ཚུལ་གསལ་བར་བཤད་པ་ལ་གཉིས་ཏེ། ཕྱི་ནང་གི་རྗེས་སུ་ཆགས་པས་མཉེས་པར་མཛད་ནས་མཉན་པར་གདམས་པ་དང༌། དོན་དངོས་བསྟན་པའོ། །ལེའུ་བཅུ་གཉིས་པ་དབང་བསྐུར་བའི་ཚིག་བསྟན་པ་ལ་གཉིས་ཏེ། དབང་གི་ལེའུར་དབང་བཞིའི་དོན་གསུངས་ཀྱང་དེ་རྣམས་ཀྱི་ཚིག་ཇི་ལྟར་བསྐུར་བ་མ་གསུངས་པས། དེ་ཁ་བསྐང་བ་དང༌། ཡང་ལེའུ་དེ་ཉིད་དུ་གསང་བའི་དབང་ལ་སོགས་པ་བསྐུར་བའི་དུས་སུ་སྔགས་ཀྱི་བྱིན་གྱིས་བརླབ་པ་མ་གསུངས་པས། དེ་ཁ་བསྐང་བའི་ཚུལ་དུ་བཤད་པའོ། །སྔ་མ་ལ་བཞི་སྟེ། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའི་ཚིག་དང༌། གསང་བའི་དབང་བསྐུར་བའི་ཚིག་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཚིག་དང༌། བཞི་པ་བསྐུར་བའི་ཚིག་བསྟན་པའོ། །བདག་གིས་མི་ཤེས་བློ་དམན་ཕྱིར། །རྒྱུད་དོན་ཇི་བཞིན་མ་རྟོགས་པས། །གཞན་གྱི་དོན་དུ་མ་བྱས་ཀྱི། །བདག་ཉིད་དྲན་ཕྱིར་བྱས་པ་ཡིན། །འདི་ལ་ཉེས་པ་ཅི་མཆིས་པ། །མཁས་པ་རྣམས་ཀྱིས་བཟོད་པར་མཛོད། །ངལ་བ་འདི་བྱས་བསོད་ནམས་ཀྱིས། །འགྲོ་བས་རྒྱུད་རྒྱལ་དོན་རྟོགས་ཤོག །རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེ་རྡོ་རྗེའི་བརྟག་པ་གཉིས་པའི་བསྡུས་དོན་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*