རྒྱུད་སྡེ་སྤྱིའི་རྣམ་གཞག

༼ཀ༽༄། །རྒྱུད་སྡེ་སྤྱིའི་རྣམ་གཞག་བཞུགས། ༄༅། །བླ་མ་རིན་ཆེན་ལྟ་བུ་དང༌། །རྡོ་རྗེ་ཅན་ལ་ཕྱག་འཚལ་ཏེ། །བླ་མའི་གསུང་སྙན་ལས་བྱུང་བའི། །རྒྱུད་སྡེ་བཞི་ལ་རྣམ་གཞག་བྲི། །སྤྱིར་ལམ་དང་གྲུབ་མཐའ་མི་མཐུན་པ་དུ་མ་ཡོད་ཀྱང༌། ཐོབ་པར་བྱ་བའི་འབྲས་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་གཅིག་ཡིན། དེ་ཉིད་ལ་རྫོགས་པའི་སངས་རྒྱས་ཞེས་ཀྱང་བྱ། དེ་བཞིན་དུ་རིག་མའི་སྐྱེས་བུ་ཞེས་ཀྱང་བྱ། ས་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་ཡེ་ཤེས་ཞེས་ཀྱང་བྱ་བ་དང༌། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་མཚན་དུ་མའི་སྒོ་ནས་གསུངས་པ་ཡིན་ནོ། །མཐར་ཐུག་འབྲས་བུ་གཅིག་ལས་མེད་པར་ཡང༌། །སཾ་པུ་ཊ་ལས། གང་ཕྱིར་ཆོས་ནི་དུ་མས་ནི། །ཆུ་བོ་རྒྱུན་ནི་རྒྱ་མཚོ་ལྟར། །ཐར་པ་ཉིད་ནི་གཅིག་པུ་ཡིན། །མང་པོ་དམིགས་པར་མི་འགྱུར་རོ། །ཞེས་གསུངས་པ་ཡིན་ནོ། །འབྲས་བུ་གཅིག་ལས་མེད་པ་ཅི་སྟེ་སྙམ་ན། དངོས་པོའི་གནས་ལུགས་རྟོགས་པ་ནི་སངས་རྒྱས་སུ་གསུངས་ལ། གནས་ལུགས་གཅིག་ལས་མེད་པའི་ཕྱིར་རོ། །གྲུབ་པའི་མཐའ་མི་མཐུན་པ་དུ་མ་ཡོད་བཞིན་དུ། གནས་ལུགས་གཅིག་ལས་མེད་པར་ཡང༌། སཾ་པུ་ཊ་རྒྱུད་ཕྱི་མ་ལས། ཆུ་བོ་དང་རྒྱ་མཚོའི་གནས་ཀྱིས་གཉིས་ཀྱི་དཔེར་བརྗོད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དངོས་པོ་གཞིའི་གནས་ལུགས་རྟོགས་པ་ལ་སངས་རྒྱས་སུ་རྣམ་པར་གཞག་པ་ཡང༌། རྩ་བའི་རྒྱུད་ལས། དངོས་པོ་རྟོགས་ཕྱིར་སངས་རྒྱས་ང༌། །ཞེས་གསུངས་པ་ཡིན་ནོ། །སྤྱིར་སངས་རྒྱས་སུ་གཞག་པའི་རྒྱུ་མཚན་འདི་ལས་གསུངས་ཚད་ཀྱི་དབང་དུ་བྱས་ནས། ཚིག་དེས་རང་བཞིན་ལྷན་སྐྱེས་སེམས་ཉིད་གཉུག་མའི་དབྱིངས་རྟོགས་པའི་ཆ་ནས་བཞག་ལ། བདེ་བ་རྟོགས་ཕྱིར་རྣམ་སངས་རྒྱས། །ཞེས་བྱ་བས་ཟག་པ་མེད་པའི་ཡེ་ཤེས་རྟོགས་པའི་ཆ་ནས་བཞག ཚངས་པ་སྒྲིབ་བྲལ་སངས་རྒྱས་ཉིད། །ཅེས་པས་སྤངས་པ་ཕུན་སུམ་ཚོགས་པའི་སྒོ་ནས་སངས་རྒྱས་སུ་རྣམ་པར་གཞག་པ་སྟེ། དེ་ལྟར་སངས་རྒྱས་སུ་བཞག་པའི་རྒྱུ་མཚན་གསུམ་དུ་གསུངས་པ་ཡིན་ནོ། །དེ་ཐོབ་པར་བྱེད་པའི་ལམ་གཉིས་ཡིན་ཏེ། གཞི་སྤོང་བ་ཕ་རོལ་ཏུ་ཕྱིན་པའི་ལམ་དང༌། གཞི་མི་སྤོང་བ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་མོ། །དེ་ལྟར་ཡིན་པར། སཾ་པུ་ཊའི་རྒྱུད་ཕྱི་མ་ལས། ཉོན་མོངས་པ་སྤངས་པ་ན་བྱང་ཆུབ་ཏུ་བྱེད་པ་དང༌། བསྟེན་པ་ན་ཡང་བྱང་ཆུབ་ཏུ་བྱེད་པ་ཡང་ཡོད་དེ། ཞེས་བྱ་བ་དང༌། ཐེག་པ་ཆེན་པོ་ནི་ཐེག་པ་ཆེན་པོ་སྟེ་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པའོ། །ཆེན་པོ་རྣམ་པ་བདུན་དུ་སྦྱོར་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་སྡེ་དག་ཏུ་སྒྲུབ་པའོ། །དེའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཆེས་ཁྱད་པར་དུ་འཕགས་པ་རྡོ་རྗེ་ཐེག་པ། ཐེག་པ་ཆེན་པོ་ནི་སྐྱེ་བ་འདིར་སངས་རྒྱས་ལ་སོགས་པ་རབ་ཏུ་སྒྲུབ་པའི་ཕྱིར་རོ། །དེའི་ཡོན་ཏན་དམ་པར་འགྱུར་རོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ལམ་གཉིས་སུ་གསུངས་པ་ཡང་གང་ཟག་རིགས་གཉིས་ལ་དགོངས་པ་ཡིན་ཏེ། ཁ་ཅིག་འདོད་པའི་ཡོན་ཏན་ལ་འདོད་པའི་གདུང་བ་ཆུང་བས་དེ་སྤོང་བར་ནུས་པ། བྱང་ཆུབ་འདོད་པའི་གང་ཟག་ལ་དགོངས་ནས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གསུངས་ལ། ཁ་ཅིག་འདོད་པའི་ཡོན་ཏན་ལ་གདུང་བ་ཆེ་བས་དེ་སྤོང་བར་མི་ནུས་ལ། བྱང་ཆུབ་ཐོབ་པར་འདོད་པའི་གང་ཟག་ལ་དགོངས་ནས་རྡོ་རྗེ་ཐེག་པ་གསུངས་པ་ཡིན་ནོ། །དེ་ལྟར་ན་ཐོབ་པར་བྱ་བའི་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་གཅིག་ཡིན་ལ། དེ་ཐོབ་པར་བྱེད་པའི་ལམ་རྣམ་པ་གཉིས་ཡིན་ནོ། །དེ་ལ་གཞི་སྤོང་བ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་དོན་གཏན་ལ་དབབ་པ་ལ་བཞི་སྟེ། གཉིས་ཀའི་གཞི་དང༌། གཞི་སྤོང་བ་དང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། དེ་ཉིད་ལ་ཤུགས་ཀྱིས་བསྟན་པའི་དོན་རྒྱུའི་ཐེག་པ་རྣམ་པར་གཞག་པའོ། །དེ་ལ་དང་པོ་ཐབས་ཀྱིས་ཟིན་པ་དང་མ་ཟིན་པའི་བྱེ་བྲག་གིས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀའི་རྒྱུ་ཐུན་མོང་བ་ཡིན་པའི་ཕྱིར་འདོད་པའི་ཡོན་ཏན་ལྔའོ། །དེ་ཡང་དཔེར་ན་དགྲ་ཟིན་གཉིས་ཀྱི་བར་ན་གནས་པའི་མཚོན་ཆ་དེ། དགྲ་སྟོབས་ཆེན་དགྲའི་ལག་ཆར་འགྱུར་ལ། བདག་སྟོབས་ཆེན་བདག་གི་ལག་ཆར་འགྱུར་བས་ཐུན་མོང་བ་བཞིན་དུ། འདོད་པའི་ཡོན་ཏན་ཡང་ཐབས་ཀྱིས་མ་ཟིན་པར་ཐ་མལ་བར་ལོངས་སྤྱད་ན་མངོན་པར་ཞེན་པ་སྐྱེ་ལ། དེ་ལས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་རྟོག་པ་སྐྱེ་ཞིང༌། དེ་ལས་ཉོན་མོངས་པ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། ཚེའི་ཀུན་ནས་ཉོན་མོངས་པ་གསུམ་གྱིས་འཁོར་བའི་གཟུང་འཛིན་སྡུག་བསྔལ་རྒྱུན་མི་འཆད་པར་འབྱུང་ལ། སྤོང་བ་དང་བསྟེན་པའི་ཐབས་ལ་མཁས་པས་ཟིན་ན། མངོན་པར་ཞེན་པ་ལ་སོགས་པ་མི་སྐྱེ་བས་གྲོལ་བའི་རྒྱུར་འགྱུར་བའི་ཕྱིར། འདོད་པའི་ཡོན་ཏན་ལ་འཁོར་བ་ཁོ་ན་སྐྱེད་པའི་ནུས་པ་དེ་ངོ་བོ་ཉིད་ཀྱིས་གནས་པ་ཡང་མ་ཡིན་ལ། མྱ་ངན་ལས་འདས་པ་ཁོ་ན་སྐྱེད་པའི་ནུས་པ་ངོ་བོ་ཉིད་ཀྱིས་གནས་པ་ཡང་མ་ཡིན་པས་གཉིས་ཀའི་གཞི་ཡིན་ནོ། །མིག་འབིགས་པའི་ཐབས་ལ་མཁས་པས་ཟིན་ན། མི་མ་ཡིན་པ་དང་རིམས་ལ་སོགས་པའི་གནོད་པ་ཞི་བར་བྱེད་པ་དང༌། སྐྱེས་པའི་ལུས་ལ་བཏགས་ན་རྒྱན་གྱི་བྱ་བ་བྱེད་ནུས་ལ། དེ་ཉིད་ཀྱིས་མ་ཟིན་ན་དེ་ཉིད་ཀྱིས་བྱ་བ་བྱེད་མི་ནུས་པ་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ། དེ་ཡང་རྩ་བའི་རྒྱུད་ལས། རིན་ཆེན་གཟི་བརྗིད་འབར་བ་ཡི། །ཕྲེང་བ་འཁྲུག་པ་ལྷ་མོ་ལྟོས། །མ་ཕུག་པས་ནི་སྦྱོར་བྲལ་འགྱུར། །ཕུག་པས་དགའ་བ་སྐྱེད་པའོ། །དེ་བཞིན་འཁོར་བར་འདོད་པ་ཡི། །ཡོན་ཏན་ལྔ་ལྡན་རིན་ཆེན་ཉིད། །མ་དག་པས་ནི་དུག་ཏུ་འགྱུར། །དག་པས་བདུད་རྩི་ལྟ་བུར་འགྱུར། །ཞེས་གསུངས་སོ། །དེ་ཡང་ཡིད་བཞིན་ནོར་བུ་རིན་པོ་ཆེ་ཤུན་པགས་སེལ་བའི་ཐབས་ལ་མཁས་པ་དང༌། གཞན་ཡང་ཀེ་ཏ་ཀའི་མེ་ཏོག དྲིའི་གླང་པོ་ཆེས་ཟོས་ན་ལྕི་བའི་དངོས་པོར་མི་འགྱུར་ལ། གླང་པོ་ཆེ་ཕལ་པས་ཟོས་ན་ལྕི་བའི་དངོས་པོར་འགྱུར་རོ། །མེ་ཏོག་ལ་ངོ་བོ་ཉིད་ཀྱིས་གང་རུང་སྐྱེད་པའི་ནུས་པ་ཡོད་པ་མ་ཡིན་ཞིང༌། གླང་པོ་ཆེའི་རྐྱེན་གྱི་བྱེ་བྲག་དང་ཕྲད་པའི་དབང་གིས་དེ་ལྟར་འགྱུར་བ་བཞིན་དུ་འདོད་པའི་ཡོན་ཏན་ཡང་རིག་པར་བྱ་སྟེ། དེ་ཡང་སཾ་བུ་ཊའི་རྒྱུད་ཕྱི་མ་ལས་གསུངས་པ་ཡིན་ནོ། །གཞན་ཡང་འོ་མ་དུག་སྦྲུལ་གྱིས་འཐུངས་ན་དུག་གི་དངོས་པོར་འགྱུར་ལ། སྐྱེས་བུས་འཐུངས་ན་བདུད་རྩིའི་དངོས་པོར་འགྱུར་ཏེ། འོ་མ་ལ་དུག་སྐྱེད་པ་ཁོ་ན་ངོ་བོ་ཉིད་ཀྱིས་གནས་པ་ཡང་མ་ཡིན་ལ། བདུད་རྩི་ཁོ་ན་སྐྱེད་པའི་ནུས་པ་ཡང་ངོ་བོ་ཉིད་ཀྱིས་གནས་པའང་མ་ཡིན་པས། སྦྲུལ་དང་སྐྱེས་བུའི་རྐྱེན་དང་ཕྲད་པའི་བྱེ་བྲག་གིས་གཉིས་ཀའི་རྒྱུ་ཐུན་མོང་བ་ཡིན་པ་བཞིན་དུ་འདོད་པའི་ཡོན་ཏན་ཡང་ཤེས་པར་བྱའོ། །དེ་ཡང་དེ་ཉིད་ལས་གསུངས་པ། དེ་ལྟར་ན་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ནི་འཆིང་བ་ཁོ་ནའི་རྒྱུ་ཡང་མ་ཡིན་ལ། གྲོལ་བ་ཁོ་ནའི་རྒྱུ་ཡང་མ་ཡིན་ཏེ། ཐབས་ཀྱིས་ཟིན་པ་དང་མ་ཟིན་པའི་བྱེ་བྲག་གིས་གཉིས་ཀའི་རྒྱུ་ཐུན་མོང་བ་ཡིན་པའི་ཕྱིར་གཞི་ཡིན་ནོ། །གཉིས་པ་གཞི་དེ་སྤོང་བ་ནི། འདོད་པ་རྣམས་ནི་དུག་གི་ལོ་མ་ལྟ་བུའོ། །ཀིམ་པ་ཀའི་མེ་ཏོག་ལྟ་བུའོ། །རལ་གྲིའི་སོ་ལྟ་བུའོ། །ཞེས་བྱ་བ་ལ་སོགས་པ་རྣམ་གྲངས་དུ་མའི་ཚུལ་གྱིས་འདོད་པའི་ལོངས་སྤྱོད་ལ་སྐྱོན་དང་ཉེས་དམིགས་སུ་ལྟ་བས་ཞེན་པ་མི་སྐྱེ། དེས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱ་བའི་རྟོག་པ་མི་སྐྱེ། དེས་ཀུན་ནས་ཉོན་མོངས་པའི་རྟོག་པ་གསུམ་མི་སྐྱེ་བས། འགལ་བའི་སྒོ་ནས་སྤོང་ལ། གཞན་ཞེ་སྡང་ལ་བྱམས་པ་ལ་སོགས་པའི་སྒོ་ནས་ཀྱང་ཉོན་མོངས་པ་སྤོང་བར་བྱེད་པའོ། །གསུམ་པ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི་ཚོགས་ཀྱི་བདག་ཉིད་ཅན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུ་ཐེག་པར་བྱས་ནས་འབྲས་བུ་ཐོབ་པར་བྱེད་པ་སྟེ། འདི་ལྟར་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་གསུམ་ནི་བསོད་ནམས་ཀྱི་ཚོགས་ཀྱི་བདག་ཉིད་ཡིན་ལ། བསམ་གཏན་དང་ཤེས་རབ་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་ཡིན་ཏེ། བརྩོན་འགྲུས་ནི་གཉིས་ཀའི་གྲོགས་སུ་འགྱུར་ཞིང༌། ཐབས་ལ་སོགས་པ་བཞི་ནི་ཕ་རོལ་ཏུ་ཕྱིན་པའི་རྗེས་ཀྱི་སྤྱོད་པའོ། །དེ་ལྟར་ན་སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་སྔོན་དུ་སོང་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུ་བཞོན་པར་བྱེད་པས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཞེས་བྱའོ། །དེ་ཡང་ཐེག་པ་ཆེན་པོ་ནི་ཐེག་པ་ཆེན་པོ་སྟེ། བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པའོ། །ཆེན་པོ་བདུན་དུ་སྦྱར་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དག་ཏུ་བསྒྲུབ་བོ་ཞེས་གསུངས་པ་ཡིན་ནོ། །བཞི་པ་རྒྱུའི་ཐེག་པ་ནི། རྒྱུས་རྒྱུ་ལས་ཐ་དད་པའི་འབྲས་བུ་སྒྲུབ་པར་བྱེད་པ་དང༌། རྒྱུ་ལ་ཡུན་རིང་དུ་འགོར་བས་ན་རྒྱུའི་ཐེག་པ་ཞེས་བྱའོ། །དེའང་དང་པོ་ནི་འདི་ལྟར་ལམ་གྱི་གནས་སྐབས་སུ་ཚོགས་གཉིས་བསགས་པ་ལས། ཐ་དད་པའི་འབྲས་བུ་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་གཉིས་འགྲུབ་པར་བྱེད་པ་ཡིན་གྱི། རྒྱུ་ལ་འབྲས་བུའི་རྣམ་པར་ཞེན་ནས་སྒོམ་པ་ནི་མ་ཡིན་ནོ། །དེས་ན་རྒྱུ་ཐ་དད་པ་གཅིག་གིས་འབྲས་བུ་ཐ་དད་པ་གཅིག་སྒྲུབ་པར་བྱེད་པའོ། །གཉིས་པ་གང་ཟག་དབང་པོ་རབ་དང་བརྩོན་འགྲུས་དང་བརྟུལ་ཞུགས་རབ་ཀྱིས་བསྐལ་པ་གྲངས་མེད་གསུམ་ན་འབྲས་བུ་འགྲུབ། འབྲིང་གིས་སུམ་ཅུ་རྩ་དྲུག་ན་འགྲུབ། ཐ་མས་གྲངས་མེད་པ་མཐའ་ཡས་པ་ན་འགྲུབ་པས་ན། རྒྱུ་ལ་ཡུན་དུ་འགོར་བས་རྒྱུའི་ཐེག་པ་ཡིན་ཞེས་བྱ་སྟེ། དཔེར་ན་སྟྭ་རེ་རྟུལ་པོས་ཤིང་གཅོད་པ་ན་ཡུན་རིང་དུ་འགོར་བ་ལ་མི་ཆོད་པ་ཡིན་ཟེར་བ་དང་འདྲ་གསུང༌། དེ་ལྟར་ན་རྒྱུའི་ཐེག་པའོ། །གཞི་མི་སྤོང་པ་རྡོ་རྗེ་ཐེག་པ་ལ་བཞི་སྟེ། གཞི་མི་སྤོང་བ་དང༌། གསང་སྔགས་ཀྱི་ཐེག་པ་དང༌། རྡོ་རྗེ་ཐེག་པ་དང༌། དེ་ཉིད་འབྲས་བུའི་ཐེག་པ་རྣམ་པར་གཞག་པའོ། །དེ་ལ་དང་པོ་ནི་གསང་སྔགས་ཀྱི་ལམ་ལ་ཞུགས་པ་རྣམས་ཀྱིས་བསྐྱེད་པའི་རིམ་པའི་ཐབས་ལ་མཁས་པ་དང༌། རྫོགས་པའི་རིམ་པའི་ཐབས་ལ་མཁས་པ་གཉིས་ཀྱིས་འདོད་པའི་ཡོན་ཏན་བསྟེན་པར་བྱེད་དོ། །འདི་ལྟར་ཐབས་ཀྱི་རྒྱུད་ལྟར་ན་མིག་སའི་སྙིང་པོར་བྱས། གཟུགས་ཐམས་ཅད་གཟུགས་ཀྱི་རྡོ་རྗེར་བྱས་ཏེ། ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་ལོངས་སྤྱོད་ལ། དེ་བཞིན་དུ་སྒྲ་དང་དྲི་ལ་སོགས་པ་ཐམས་ཅད་ཀྱང་ཅི་རིགས་པར་ལོངས་སྤྱོད་པར་བྱེད་པ་ནི། ཐུན་མོང་གི་ཐབས་ལ་མཁས་པའོ། །ཐུན་མོང་མ་ཡིན་པ་ཤེས་རབ་ཀྱི་རྒྱུད་ལྟར་ན། མིག་ལ་སོགས་པ་གཏི་མུག་རྡོ་རྗེ་ལ་སོགས་པར་བྱས། གཟུགས་ལ་སོགས་པ་དཀར་མོ་ལ་སོགས་པར་བྱས་ཏེ་ལྷ་ལ་ལྷ་ཐིམ་པའི་ཚུལ་དུ་ལོངས་སྤྱོད་པར་བྱེད་པའོ། །དེ་ལྟར་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཀྱིས་ལྷ་སོ་སོའི་ཐབས་ལ་མཁས་པའོ། །རང་གི་ལྷག་པའི་ལྷའི་ཐབས་ལ་མཁས་པ་ནི། རང་ཉིད་ལྷག་པའི་ལྷའི་རྣམ་པར་བྱས་ཏེ། གཟུགས་ལ་སོགས་པའི་ཡུལ་ཅི་སྣང་བ་ཐམས་ཅད་ཀྱང་རང་གི་ལྷག་པའི་ལྷར་བྱས་ནས། ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་ལོངས་སྤྱོད་པར་བྱེད་དོ། །དེ་ཡང་གང་ཟག་ལས་དང་པོ་པས་ང་རྒྱལ་ཙམ་བྱས་ལ། སེམས་བརྟན་པ་ཐོབ་ནས་རྣམ་པ་གསལ་བ་ཙམ་བྱའོ། །དེ་སྐད་དུ་ཡང༌། རང་གི་ལྷག་པའི་ལྷར་སྦྱོར་བས། །སེམས་ཅན་ཀུན་ལ་རབ་བརྟག་བྱ། །ཞེས་ཀུན་སྤྱོད་ལས་གསུངས་སོ། །རྫོགས་པའི་རིམ་པའི་ཐབས་ལ་མཁས་པ་ལ་ཡང་རྣམ་པ་གཉིས་ཏེ། རང་བྱིན་གྱིས་བརླབ་པའི་རིམ་པ་ཙཎྜཱ་ལཱི་ལ་བརྟེན་ནས་སྐྱེས་པའི་རང་བྱུང་གི་ཡེ་ཤེས་དང༌། ཕྱག་རྒྱ་ལ་བརྟེན་ནས་སྐྱེས་པའི་ཡེ་ཤེས་ཀྱི་ཐབས་ལ་མཁས་པའོ། །དེ་ལ་དང་པོ་ནི་ནང་དུ་རྣལ་འབྱོར་པ་ལ་གསལ་སྟོང་གི་ཏིང་ངེ་འཛིན་སྐྱེས་པ་ན། སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་ཏིང་ངེ་འཛིན་དེའི་ངོ་བོར་བྱས་ནས་ལོངས་སྤྱོད་ལ། གཉིས་པ་ནི་ནང་དུ་བདེ་སྟོང་གི་ཏིང་ངེ་འཛིན་གྱི་ཉམས་སྐྱེས་པ་ན། སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་ཀྱང་དེའི་ངོ་བོར་བྱས་ནས་ལོངས་སྤྱོད་པར་བྱེད་པའོ། །དེ་ཡང་དབང་པོ་རབ་འབྲིང་གི་བྱེ་བྲག་གིས་ཡུལ་གྱི་རྐྱེན་གྱིས་གནོད་པ་དང༌། རེས་འགའ་གནོད་ལ་རེས་འགའ་མི་གནོད་དེ་སྣང་བ་ཁྲ་བོར་འཆར་བ་དང༌། ཡུལ་གྱི་རྐྱེན་གྱིས་ཏིང་ངེ་འཛིན་མཆོག་ཏུ་སྐྱེ་བས་སྣང་བ་ཐམས་ཅད་དགེ་བའི་བཤེས་གཉེན་དུ་འཆར་ཏེ་སྐྱེ་ལུགས་གསུམ་དུ་འོང་ངོ༌། །དེ་ལས་དང་པོ་གཉིས་ནི་མཉམ་བཞག་བྱ་བ་ཡིན་ལ། ཐ་མ་ནི་ཤིན་ཏུ་མཉམ་བཞག་བྱ་བ་ཡིན་ནོ། །དེ་སྐད་དུ་ཡང༌། གཟུགས་རྣམས་སྣ་ཚོགས་ལྟ་བ་དང༌། །སྒྲ་རྣམས་རྒྱས་པར་ཉན་པ་དང༌། །ཞེས་བྱ་བ་ལ་སོགས་པ་དང༌། ཆུ་བོའི་རྒྱུན་ནི་རབ་འབབ་དང༌། །མར་མེའི་རྩེ་མོ་རབ་བཅིངས་ལྟར། །ཞེས་པ་ལ་སོགས་པ་རྒྱས་པར་གསུངས་པ་ཡིན་ནོ། །གལ་ཏེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལ་སོགས་པར། འཕགས་པ་ཆོས་འཕགས་ལ་བུད་མེད་དྲུག་ཁྲི་བརྒྱད་སྟོང་དང་ལྷན་ཅིག་ཏུ་འདོད་པའི་ཡོན་ཏན་ལྔ་ལ་རྩེ་ཞིང་དགའ་མགུར་ལོངས་སྤྱོད་དོ། །ཞེས་བྱ་བ་ལ་སོགས་པ་དང༌། ཕ་རོལ་ཏུ་ཕྱིན་པ་ལ་ཡང་འདོད་པའི་ཡོན་ཏན་ལ་མངོན་པར་དགའ་བས། རྡོ་རྗེ་ཐེག་པ་ཁོ་ན་མི་སྤོང་བ་མི་འགྲུབ་བོ་ཞེ་ན། དེ་ནི་རིགས་ན་འོན་ཀྱང་དེར་དེ་ལྟར་གསུངས་པ་ནི་འཕགས་པའི་གང་ཟག་གིས་བསྟེན་པ་དང༌། དེ་ཡང་མ་འོངས་པའི་སེམས་ཅན་འདོད་པ་ལ་གདུང་བ་ཆེ་བ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཞུག་པའི་དོན་དུ་འདོད་པའི་ཡོན་ཏན་མ་སྤངས་པར་རྫོགས་པའི་བྱང་ཆུབ་འཐོབ་པའི་ལམ་ཡོད་དོ་ཞེས་གཞན་དོན་དུ་བསྟན་པ་ཡིན་གྱི། རང་ཉིད་ཀྱི་དོན་དུ་ལམ་དུ་འགྱུར་ནས་བསྟན་པ་ནི་མ་ཡིན་ནོ། །འདིར་ནི་སོ་སོའི་སྐྱེ་བོས་ཀྱང་བསྟེན་ལ། དེ་ཡང་ལམ་དུ་འགྱུར་བས་རང་དོན་དུ་བསྟེན་པར་བཞེད་པ་ཡིན་ནོ། །གཉིས་པ་གསང་སྔགས་ཞེས་བྱ་བ་ནི་མནྟྲ་ཏེ། དེ་ལས་མ་མ་ནུ་ན་ཡིད་ཡིན་ལ། སྒོ་ལྔའི་རྣམ་ཤེས་རྗེས་སུ་འབྲངས་པའི་ཡིད་དང་བཅས་པའོ། །ཏྲ་ཏྲ་ཡ་ནི་སྐྱོབ་པ་སྟེ། དེ་ལྟར་ན་བསྐྱེད་རྫོགས་གཉིས་ཀྱི་ཐབས་ལ་མཁས་པས་སྒོ་ལྔའི་རྣམ་ཤེས་རྗེས་སུ་འབྲངས་པ་དང་བཅས་པ། གཟུགས་ལ་སོགས་པ་ཐ་མལ་པའི་རྣམ་རྟོག་གི་ཡིད་ལས་སྐྱོབ་པར་བྱེད་པས་ན་གསང་སྔགས་སོ། །བསྐྱེད་རྫོགས་གཉིས་པོ་དེ་བཞོན་པར་བྱེད་པས་ན་གསང་སྔགས་ཀྱི་ཐེག་པའོ། །དེ་སྐད་དུ་ཡང༌། མ་ནི་དེ་བཞིན་ཡིད་ཡིན་ཏེ། །གང་གང་རྒྱུ་དང་རྐྱེན་ལས་བྱུང༌། །ཡུལ་དང་དབང་པོ་ཡིན་ནོ་གསུངས། །ཏྲ་ནི་དེ་བཞིན་སྐྱོབ་པར་བརྗོད། །ཅེས་བྱ་བ་དང་དེ་བཞིན་དུ། །མ་ནི་སྟོང་པ་མཚན་མ་བྲལ། །རྡོ་རྗེ་འཛིན་པའི་དབུགས་དབྱུང་བ། །ཤེས་རབ་ཆེན་པོ་བདག་གིས་བཤད། །ཏྲ་ནི་དེ་བཞིན་སྐྱོབ་པར་བརྗོད། །དེ་བཞིན་གཤེགས་པའི་དབུགས་དབྱུང་བ། །སྙིང་རྗེ་ཆེན་པོ་བདག་གིས་བཤད། །སྟོང་པ་དང་ནི་སྙིང་རྗེ་གཉིས། །གཉིས་སུ་མེད་པར་གཉིས་ཀྱི་ཚུལ། །གསང་སྔགས་ཞེས་ནི་དེ་ལ་བརྗོད། །ཅེས་གསུངས་པ་ཡིན་ནོ། །གསུམ་པ་རྡོ་རྗེ་ཐེག་པ་ཞེས་པ་ནི། ལུས་ངག་ཡིད་གསུམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་བརླབས་ནས་སྒྲུབ་པ་དང༌། གཞན་ཡང་མཚན་མ་དང་རྣམ་པར་རྟོག་པས་མི་ཕྱེད་པས་ན་སེམས་ཉིད་དེ་བཞིན་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་རྡོ་རྗེ་ཡིན་ལ། སྔགས་པས་ཅི་དང་ཅི་བྱེད་པ་ཐམས་ཅད་སྣང་བ་དེ་དག་གི་ངོ་བོར་སྣང་ལ། རང་གི་ངོ་འམ་གོ་ཡུལ་དུ་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་གི་རྣམ་པར་འཕྲུལ་པ་ཡིན་པར་ཤེས་ནས་ཉམས་སུ་ལེན་པས་ན་རྡོ་རྗེ་ཐེག་པའོ། །དེ་ཡང་ལས་དང་པོ་པས་མོས་པས་འཇུག་པ་དང༌། སེམས་བརྟན་པ་ཐོབ་པས་རང་གི་ངང་གིས་འཇུག་པའོ། །བཞི་པ་ནི་རྒྱུ་ལ་འབྲས་བུའི་རྣམ་པར་ཞེན་ཅིང་མོས་པ་བྱེད་པ་དང༌། འབྲས་བུ་ཐོབ་པ་ལ་ཉེ་བས་ན་འབྲས་བུའི་ཐེག་པ་ཞེས་བྱའོ། །དེ་ལ་དང་པོ་ནི་མངོན་བྱང་ལྔ་ལ་ཡེ་ཤེས་ལྔར་ཞེན་ནས་སྡོམ་པ་ལ་སོགས་པ་འབྲས་བུའི་རྣམ་པ་བློས་བསླངས་ནས་སྒོམ་པར་བྱེད་པའོ། །གཉིས་པ་ནི་བརྩོན་འགྲུས་དང་བརྟུན་པ་རབ་ཀྱིས་ཚེ་འདི་ཉིད་ལ་འགྲུབ་ལ། འབྲིང་གིས་བར་དོར་འགྲུབ། ཐ་མས་སྐྱེ་བ་བདུན་གྱིས་འགྲུབ། ཐ་མའི་ཐ་མས་སྐྱེ་བ་བཅུ་དྲུག་གིས་འགྲུབ་པར་བཤད་པ་ཡིན་ནོ། །དེ་ལྟར་རྣམ་པ་གཉིས་ལས་གཞི་མི་སྤོང་བ་རྡོ་རྗེ་ཐེག་པ་ནི་རྒྱུད་སྡེ་བཞིས་བསྡུས་ཏེ། བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ། དེ་ལྟར་རྣམ་པར་གཞག་པའི་རྒྱུ་མཚན་ལ་རྣམ་པ་དྲུག་སྟེ། ཕྱི་རོལ་མུ་སྟེགས་པ་ལ་ལོག་པར་རྟོག་པ་ཕྱོགས་སྔ་མ་རྣམ་པ་བཞི་ཡོད་ལ། དེ་དག་མི་སྤང་ཞིང་རྡོ་རྗེ་ཐེག་པས་འདིར་རྗེས་སུ་གཟུང་བར་བྱ་བའི་དོན་དུ་རྒྱུད་སྡེ་བཞིར་རྣམ་པར་གཞག་པ་དང༌། སངས་རྒྱས་པ་རང་གི་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་གྲུབ་མཐའ་མི་མཐུན་པ་རྣམ་པ་བཞི་ཡོད་ལ། དེ་དང་ལུང་སྒོ་བསྟུན་གྱི་དབང་དུ་བྱས་ནས་རྒྱུད་སྡེ་བཞིར་རྣམ་པར་གཞག་པ་དང༌། གསང་སྔགས་ནི་གཙོ་བོར་འདོད་པའི་ཁམས་ཀྱི་སེམས་ཅན་གྱི་དོན་དུ་གསུངས་པ་ཡིན་ལ། དེ་ཡང་འདོད་པའི་ཁམས་ཀྱི་སེམས་ཅན་ལ་ཆགས་པ་རབ་འབྲིང་རྣམ་པ་བཞི་ཡོད་ལ། དེ་དག་མ་སྤངས་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡོད་དོ་ཞེས་བསྟན་པའི་དོན་དུ་ཡང་རྒྱུད་སྡེ་བཞིར་རྣམ་པར་བཞག་པ་དང༌། རྟེན་གྱི་གང་ཟག་དབང་པོ་རབ་འབྲིང་བཞི་ལ་དགོངས་ནས་ཀྱང་རྒྱུད་སྡེ་བཞིར་རྣམ་པར་གཞག་པ་དང༌། ཡན་ལག་གི་དོན་དུ་འཇུག་སྒོ་མི་འདྲ་བ་བཞི་ཡོད་པས་ན་རྒྱུད་སྡེ་བཞིར་རྣམ་པར་གཞག་པ་དང༌། དྲུག་དང་གསུམ་ལ་སོགས་པ་འགའ་བསྡེབས་པའི་སྒོ་ནས་ཀྱང་རྒྱུད་སྡེ་བཞིར་རྣམ་པར་གཞག་པའོ། །དེ་ལ་དང་པོ་ནི། ཕྱི་རོལ་པ་འདོད་ཆགས་ཅན་ལྷ་ཆེན་པོའི་རྗེས་སུ་འབྲང་བ་ཞེས་བྱ་བ། ཐོབ་པར་བྱ་བའི་འབྲས་བུ་དབང་ཕྱུག་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་ལ་དམིགས་ནས་རང་གི་ལུགས་ཀྱི་དབང་བཞི་རྫོགས་པར་བྱས་ཏེ། དུས་ཁྱད་པར་ཅན་ཚོགས་ཀྱི་མཆོད་པའི་དུས་ལ་སོགས་པ་ལ། ཕོ་རྣམས་ནི་གཡས་སུ་གྲལ་བྱས། མོ་རྣམས་ནི་གཡོན་དུ་གྲལ་བྱས་ནས། མར་མེ་ཁ་དགུ་པ་སྦར་ནས་འབར་བཞིན་དུ་རྩེ་མོ་ཐུར་ལ་བསྟན་ཏེ། ཆུ་ལ་དོར་བ་དང༌། མ་དང་སྲིང་མོ་ལ་སོགས་པ་བཙུན་མོར་མཆོད་པ་དང༌། ཤ་ལྔ་བདུད་རྩི་ལྔ་ཡང་ཁ་ཟས་སུ་བྱེད་པ་དང༌། འདོད་པའི་ཡོན་ཏན་ལྔ་ལ་ཉམ་ང་བ་དང་བག་ཚ་བ་མེད་པར་ལོངས་སྤྱོད་པ་དང༌། བྱ་ཁྱུང་གི་མན་ངག་དང༌། རླུང་བུམ་པ་ཅན་གྱི་མན་ངག་དང༌། ཐིག་ལེ་བཟུང་བ་ལ་སོགས་པའི་མན་ངག་བྱེད་པ་སྟེ། མདོར་ན་འདོད་ཆགས་ཆོས་སུ་སྨྲ་བ་ཡོད་ལ། དེ་དག་ནི་བདག་མེད་རྣམ་པ་གཉིས་རྟོགས་པའི་ཤེས་རབ་ཀྱིས་མ་ཟིན་པས་ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་དང༌། བསྐྱེད་རྫོགས་ཀྱི་ཐབས་ལ་མཁས་པས་མ་ཟིན་པ་དང༌། ཐབས་ཕྱིན་ཅི་ལོག་ཏུ་གྱུར་པ་དང༌། རྫོགས་པའི་བྱང་ཆུབ་ལ་དམིགས་པར་བྱ་བ་མེད་པས། ཐོབ་པར་བྱ་བའི་དམིགས་ཡུལ་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་པས་ལམ་མ་ཡིན་པ་ལ་ཞུགས་པ་རྣམས། རྡོ་རྗེ་ཐེག་པ་ལ་གཞུག་པའི་དོན་དུ་དེ་དག་དང་བསྟུན་ནས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་གསུངས་པས། ངའི་ལམ་དང་མཐུན་པ་སངས་རྒྱས་པ་ལ་ཡང་འདུག་སྙམ་ནས་འཇུག་པར་འགྱུར་རོ། །དེ་ལྟར་ན་འདོད་ཆགས་ཅན་ལྷ་ཆེན་པོའི་རྗེས་སུ་འབྲང་བའི་གང་ཟག་མི་སྤང་ཞིང་རྗེས་སུ་བཟུང་བར་བྱ་བའི་ཕྱིར། རྣལ་འབྱོར་བླ་ན་མེད་པའི་རྒྱུད་གསུངས་སོ། །ཁ་ཅིག་ཞེ་སྡང་ཅན་ཁྱབ་འཇུག་གི་རྗེས་སུ་འབྲངས་ཏེ་འཚེ་བ་ཆོས་སུ་སྨྲ་བ་ཡོད་དོ། །འདིས་ཐོབ་པར་བྱ་བའི་འབྲས་བུ་ཁྱབ་འཇུག་སྤྲུལ་པའི་སྐུ་ལ་དམིགས་ནས། རང་གི་ལྷ་རྟེན་གྱི་གན་དུ་མ་ཧེ་དང་ར་བསད་ནས་ཁྲག་གཟགས་ཤིང་མཆོད་སྦྱིན་ལ་སོགས་པ་བྱེད་པ་ནི་ལྟ་བ་ལ་སོགས་པ་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ལ། དེ་དག་གཞུག་པར་བྱ་བའི་དོན་དུ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་དང༌། རྡོ་རྗེ་འཇིགས་བྱེད་དང༌། རྟ་མགྲིན་གྱི་རྟོག་པ་དང༌། སྤྱན་རས་གཟིགས་ཧ་ལ་ཧ་ལའི་རྟོག་པ་དང༌། གནོད་སྦྱིན་ནོར་བུ་བཟང་པོའི་རྟོག་པ་ལ་སོགས་པ། གདུག་པ་ཅན་ཇི་ལྟར་ཚར་བཅད་པ་ལ་སོགས་པའི་རྟོག་པ་གསུངས་སོ། །དེ་ལྟར་ན་ཞེ་སྡང་ཅན་ཁྱབ་འཇུག་གི་རྗེས་སུ་འབྲང་བའི་གང་ཟག་མི་སྤང་ཞིང་རྗེས་སུ་གཟུང་བའི་དོན་དུ་སྤྱོད་པའི་རྒྱུད་གསུངས་པ་ཡིན་ནོ། །ཡང་ཁ་ཅིག་གཏི་མུག་ཅན་ཚངས་པའི་རྗེས་སུ་འབྲང་ཞིང༌། གཏི་མུག་ཆོས་སུ་སྨྲ་བ་ཐོབ་པར་བྱ་བའི་འབྲས་བུ་ཚངས་པ་ཆོས་སྐུ་ལ་དམིགས་ནས། ནང་པར་སྔ་བར་ལངས་ཏེ་དང་པོར་ཁ་བཤལ། དེ་ནས་སའི་ཁྲུས་གསུམ་བྱེད། དེ་ནས་ཆུའི་ཁྲུས་གསུམ་བྱེད། དེ་ནས་ཀུ་ཤ་རྣ་ལྟག་ཏུ་གཟེར་ནས་སྒྲུབ་ཁང་དུ་སོང་ནས་རིག་བྱེད་འདོན་ཅིང་མེ་ལ་སྦྱིན་སྲེག་བྱེད་པ་ཡོད་དེ། དེ་ནི་དམིགས་ཡུལ་ལ་སོགས་པ་ཕྱིན་ཅི་ལོག་ཏུ་གྱུར་པས། དེ་དག་གཞུག་པའི་ཕྱིར་དུ་དེ་དག་དང་ཚུལ་བསྟུན་ནས་བྱ་བའི་རྒྱུད་ལེགས་པར་གྲུབ་པ་ལ་སོགས་པར་ཁྲུས་གསུམ་བྱ་བ་དང༌། གོས་གསུམ་བརྗེ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེའི་ཕྱིར་གཏི་མུག་ཅན་ཚངས་པའི་རྗེས་སུ་འབྲང་བའི་གང་ཟག་མི་སྤང་ཞིང་རྗེས་སུ་གཟུང་བར་བྱ་བའི་ཕྱིར་བྱ་བའི་རྒྱུད་གསུངས་པའོ། །ཡང་ཁ་ཅིག་རྐྱེན་སྙོམས་པ་སྐབས་གསུམ་ཆར་གྱི་རྗེས་སུ་འབྲང་བ་ནི། འདོད་ཆགས་ཆོས་སུ་སྨྲ་བའི་སློབ་དཔོན་དང་ཕྲད་ན་མ་དང་སྲིང་མོ་ལ་སོགས་པ་བཙུན་མོར་མཆོད་པ་ལ་སོགས་པ་ཡང་བྱེད། ཞེ་སྡང་ཆོས་སུ་སྨྲ་བ་དང་ཕྲད་ན་མ་ཧེ་དང་རའི་མཆོད་སྦྱིན་ཀྱང་བྱེད། གཏི་མུག་ཅན་གྱི་སློབ་དཔོན་དང་ཕྲད་ན་ཁྲུས་དང་གཙང་སྦྲ་ལ་སོགས་པ་ཡང་བྱེད་དོ། །དེ་དག་གཞུག་པའི་ཕྱིར་དེ་དག་དང་ཚུལ་བསྟུན་ནས་རྣལ་འབྱོར་གྱི་རྒྱུད་གསུངས་ཏེ། དེ་ཁོ་ན་ཉིད་བསྡུས་པའི་དུམ་བུ་དང་པོ་རྡོ་རྗེ་དབྱིངས་ཀྱི་དུམ་བུ་རུ། ལྷ་ཐམས་ཅད་སྐུ་མདོག་དམར་པོ། སྟོད་གཡོགས་དང་སྨད་གཡོགས་ལ་སོགས་པ་ཐམས་ཅད་ཀྱང་དར་རམ་རས་དམར་པོ་ལ་སོགས་པ་དམར་པོས་བྱ་བར་བཤད་པ་ནི། འདོད་ཆགས་ཅན་གྱིས་འདོད་ཆགས་མི་སྤང་བར་སྤྱོད་པའོ། །དུམ་བུ་གཉིས་པ་ཁམས་གསུམ་རྣམ་པར་རྒྱལ་བའི་དུམ་བུ་ལས་ལྷ་ཐམས་ཅད་སྐུ་མདོག་ནག་པོ་ཁྲོ་བོའི་ཉམས་ཅན་སྟོད་གཡོགས་དང་སྨད་གཡོགས་ལ་སོགས་པ་ཐམས་ཅད་ཀྱང་དར་རམ་རས་ནག་པོས་བྱ་བར་བཤད་པ་ནི། ཞེ་སྡང་ཅན་གྱིས་ཞེ་སྡང་མི་སྤང་བའི་སྤྱོད་པའོ། །དུམ་བུ་གསུམ་པ་འགྲོ་བ་འདུལ་བའི་དུམ་བུ་ལས། ལྷ་ཐམས་ཅད་སྐུ་མདོག་དཀར་པོ་ཞི་བའི་ཉམས་ཅན་སྟོད་གཡོགས་དང་སྨད་གཡོགས་ལ་སོགས་པ་ཐམས་ཅད་ཀྱང་དར་རམ་རས་དཀར་པོ་ལས་བྱ་བར་བཤད་པ་ནི་གཏི་མུག་ཅན་གྱིས་གཏི་མུག་མི་སྤང་བའི་སྤྱོད་པའོ། །དུམ་བུ་བཞི་པ་དོན་ཐམས་ཅད་གྲུབ་པའི་དུམ་བུ་ལས། ལྷ་ཐམས་ཅད་སྐུ་མདོག་སྣ་ཚོགས་པ་སྟོད་གཡོགས་དང་སྨད་གཡོགས་ལ་སོགས་པ་ཐམས་ཅད་ཀྱང་དར་རམ་རས་ལ་སོགས་པ་ཁྲ་བོར་བཤད་པ་ནི། གང་ཟག་གཅིག་ལ་དུག་གསུམ་ཆར་དང་ལྡན་པས་དུག་གསུམ་ཆར་མི་སྤང་བའི་སྤྱོད་པར་གསུངས་པ་ཡིན་ནོ། །དེ་ལྟར་ན་རྐྱེན་སྙོམས་པ་སྐབས་ཀྱི་སྟོབས་ཀྱིས་གསུམ་ཆར་གྱི་རྗེས་སུ་འབྲང་བ་གཟུང་བའི་ཕྱིར། རྣལ་འབྱོར་གྱི་རྒྱུད་གསུངས་སོ། །དེ་ལྟར་ན་ཕྱི་རོལ་མུ་སྟེགས་པ་ལ་སོགས་པ། ལོག་པར་རྟོག་པ་ཕྱོགས་སྔ་མ་བཞི་ཡོད་པ་ལ། དེ་དག་མི་སྤང་ཞིང་རྡོ་རྗེ་ཐེག་པ་འདིར་རྗེས་སུ་གཟུང་བའི་ཕྱིར་རྒྱུད་སྡེ་བཞིར་བཤད་པ་ནི། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ཀྱི་རྗེས་སུ་འབྲང་ནས་ཀུན་དགའ་སྙིང་པོ་དང༌། སྭསྟཱི་ཕ་ལ་དང༌། བྷ་ཝ་ལ་སོགས་པ་བཞེད་དོ། །གཉིས་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་གྲུབ་མཐའ་མི་མཐུན་པ་རྣམ་པ་བཞི་སྟེ། ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དབང་པོ་ཐ་མ་གནས་མ་བུའི་སྡེ་པ་དང༌། བྱེ་བྲག་ཏུ་སྨྲ་བ་དབང་པོ་འབྲིང་པོ་ཉི་འོག་བྱེ་བྲག་ཏུ་སྨྲ་བ་གཉིས་གང་ཟག་གི་བདག་ནི་མ་གྲུབ་ལ། བརྗོད་དུ་མེད་པའི་གང་ཟག་གྲུབ་པར་འདོད་པ་དང༌། རབ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་གཉིས་ནི། བརྗོད་དུ་མེད་པའི་བདག་དེ་ལྟ་བུ་མ་གྲུབ་ལ། གཟུང་འཛིན་གཉིས་དོན་དམ་པར་གྲུབ་པར་འདོད་པ་དང༌། རང་སངས་རྒྱས་གཟུང་བར་བྱ་བ་ནི་མ་གྲུབ་ལ། འཛིན་པ་ཙམ་གྲུབ་པར་འདོད་པ་དང༌། སེམས་ཙམ་པ་ལ་སོགས་པ་ཐེག་པ་ཆེན་པོ་པས་གཟུང་འཛིན་གཉིས་ཀ་མ་གྲུབ་པར་འདོད་པ་དང༌། དེ་ལྟར་སྡེ་པ་བཞི་པོ་གོ་རིམ་བཞིན་དུ་ལུང་སྒོ་བསྟུན་ནས་བཤད་པའོ། །དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ནི་ལྟ་བ་མི་མཐུན་པའི་སྒོ་ནས་རྣམ་པར་གཞག་ལ། འདིར་སྐྱེད་ཆོག་མི་འདྲ་བ་ལ་ལྟོས་ནས་གཞག་པའོ། །འདི་ལྟར་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དབང་པོ་རྟུལ་པོ་དང༌། འབྲིང་གང་ཟག་གི་བདག་མི་འདོད་པ་དང་འདྲ་བར་བདག་ཉིད་ལྷར་མི་བསྐྱེད་ལ། བརྗོད་དུ་མེད་པའི་གང་ཟག་འདོད་པ་དང་འདྲ་བར། ལྷ་ཡེ་ཤེས་སེམས་དཔའ་རས་བྲིས་ལ་སོགས་པ་ལ་བརྟེན་ནས་མདུན་དུ་སྤྱན་དྲང་བར་འདོད་ལ། དེ་ལ་ཕྱག་དང་མཆོད་པ་ལ་སོགས་པ་བྱས་ཏེ། དེའི་ཐུགས་ཀར་སྙིང་པོ་ལ་སོགས་པའི་སྔགས་ཟློས་པར་བྱེད་པར་དང་འདྲའོ། །དེ་ལྟར་ན་བྱ་བའི་རྒྱུད་ལས་བྱུང་བ་དེ་བཏགས་པ་ལས་ལྷར་འདོད་ལ། རྗེ་དཔོན་ལྟ་བུ་ལས་དངོས་གྲུབ་ལེན་པའི་ཚུལ་ཡིན་ནོ། །དེ་སྐད་དུ་ཡང༌། བདག་ཉིད་ལྷར་བསྐྱེད་པ་དང་བྲལ་བའི་ཕྱིར་དང༌། ཞེས་གསུངས་པ་ཡིན་ནོ། །རབ་དང་མདོ་སྡེ་པ་བརྗོད་དུ་མེད་པའི་གང་ཟག་མི་འདོད་པ་དང་འདྲ་བར། སྤྱོད་པའི་རྒྱུད་ཀྱི་བདག་ཉིད་ལྷར་བསྐྱེད་ལ། གཟུང་འཛིན་གཉིས་འདོད་པ་དང་འདྲ་བར་ཡེ་ཤེས་སེམས་དཔའ་མདུན་དུ་འདོད་ལ། དེ་ལ་ཕྱག་དང་མཆོད་པ་ལ་སོགས་པ་བྱས་ཏེ། དེའི་ཐུགས་ཀར་སྔགས་བཀོད་ནས་བཟླས་པ་ལ་སོགས་པ་བྱེད་པ་ནི་གྲོགས་པོ་ལྟ་བུ་ལས་དངོས་གྲུབ་ལེན་པའི་ཚུལ་ལོ། །དེ་ཡང་ཡེ་ཤེས་སེམས་དཔའི་བདེ་བ་ཉམས་སུ་མྱོང་བ་མེད་པའི་ཕྱིར་དང༌། ཞེས་གསུངས་པ་ཡིན་ནོ། །རང་སངས་རྒྱས་གཟུང་བ་མི་འདོད་པ་བཞིན་དུ། རྣལ་འབྱོར་རྒྱུད་དུ་ཡེ་ཤེས་པ་དགུག་གཞུག་བྱེད་ལ། འཛིན་པ་འདོད་པ་དང་འདྲ་བར་ཡེ་ཤེས་སེམས་དཔའ་སྔར་ཕྱག་རྒྱས་གནས་གང་ནས་གང་དུ་བཅིངས་པ་དེ། དེ་ནས་བཀྲོལ་ནས་གཤེགས་སུ་གསོལ་ལོ། །དེ་སྐད་དུ་ཡང༌། ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བའི་ཕྱིར་དང༌། ཞེས་གསུངས་པའི་ཕྱིར་རོ། །ཐེག་པ་ཆེན་པོ་པས་གཟུང་འཛིན་གཉིས་ཀ་མི་འདོད་པ་དང་མཚུངས་པར། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ཡེ་ཤེས་སེམས་དཔའ་གཤེགས་སུ་མི་གསོལ། དེ་ཡང་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བ་མེད་པའི་ཕྱིར་དང༌། ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་གྲུབ་མཐའ་མི་མཐུན་པ་བཞི་ཡོད་པ་དང༌། རྡོ་རྗེ་ཐེག་པའི་རྒྱུད་བཞི་ལུང་སྒོ་བསྟུན་ནས་བཤད་པ་དེ་ནི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས་གྲུབ་པ་དང༌། འཕགས་པ་ཀླུ་སྒྲུབ་རྗེས་སུ་འབྲང་བ་དང་བཅས་པ་དང༌། ཡེ་ཤེས་ཞབས་རྗེས་སུ་འབྲང་བ་དང་བཅས་པ་རྣམས་བཞེད་པ་ཡིན་ནོ། །གསུམ་པ་འདོད་པ་ཁམས་ཀྱི་ལྷའི་བྱེ་བྲག་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཕོ་མོ་གཅིག་ལ་གཅིག་དམིགས་པ་ལ་བརྟེན་ཏེ། ཕན་ཚུན་བལྟས་པས་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའི་གདུང་པ་ཚིམ་པར་འགྱུར་བ་ཡོད་ལ། དེ་ལྟ་བུ་མ་སྤང་བར་ཡང་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡོད་དོ། །ཞེས་བསྟན་པའི་ཕྱིར། དེ་ཙམ་གྱི་བདེ་བ་གནང་བ་བྱ་བའི་རྒྱུད་དོ། །དེ་ཡང༌། དཀྱིལ་འཁོར་ལྷ་རྣམས་ཐམས་ཅད་ནི། །ཕོ་ཡང་མོ་ལ་ལྟ་བ་དང༌། །མོ་ཡང་ཕོ་ལ་ལྟ་བར་བྲི། །ཞེས་གསུངས་སོ། །ཡང་ཁ་ཅིག་ལ་དགོད་པའི་འདོད་ཆགས་ཡོད་ལ། དེ་མ་སྤང་ཡང་ལམ་ཡོད་པར་བསྟན་པའི་ཕྱིར། དེ་ཙམ་གྱི་བདེ་བ་གནང་བ་སྤྱོད་པའི་རྒྱུད་དོ། །དེ་ཡང༌། རྣམ་པར་སྣང་མཛད་རྒྱལ་པོ་ཆེ། །ཡིད་ཙམ་འཛུམ་པའི་བཞིན་དུ་བྲི། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཁ་ཅིག་ལ་འཁྱུད་པའི་འདོད་ཆགས་ཡོད་ལ། དེ་མ་སྤངས་ཀྱང་ལམ་ཡོད་པར་བསྟན་པའི་ཕྱིར། འཁྱུད་པ་ལས་བྱུང་བའི་བདེ་བ་ཙམ་གནང་བ་རྣལ་འབྱོར་གྱི་རྒྱུད་དོ། །དེ་ཡང༌། དཀྱིལ་འཁོར་ལྷ་རྣམས་ཐམས་ཅད་ཀྱང༌། །དཀར་པོའི་རས་ལ་རྟག་གནས་ཤིང༌། །འདོད་ཆགས་ཆེན་པོའི་བདེ་བ་ཡིས། །དཔུང་པ་ཡིད་ཙམ་བསྡམ་པར་བཞག །ཅེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་ཁ་ཅིག་ལ་གཉིས་ཀྱིས་གཉིས་སྤྲོད་པའི་འདོད་ཆགས་ཡོད་ལ། དེ་རྣམས་མ་སྤངས་ཀྱང་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡོད་དོ། །ཞེས་བསྟན་པའི་ཕྱིར་དེ་ཙམ་གྱི་བདེ་བ་གནང་བ་བླ་ན་མེད་པའི་རྒྱུད་ཡིན་ཏེ། དེ་ཡང༌། བོལླ་ཀཀྐོ་ལ་སྦྱོར་བས། །དེ་ཡི་བདེ་བ་ཤེས་པར་འགྱུར། །ཞེས་གསུངས་སོ། །དེ་ལ་འདོད་པའི་ཁམས་ཀྱི་སེམས་ཅན་ལ་འདོད་ཆགས་རབ་འབྲིང་བཞི་ཡོད་ལ། དེ་རྣམས་མ་སྤངས་པར་ཡང་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡོད་དོ་ཞེས་བསྟན་པའི་ཕྱིར། དེ་དག་གི་དོན་གསུངས་པ་ནི། བརྟག་པ་གཉིས་པ་དང༌། སཾ་པུ་ཊ་ལ་སོགས་པའི་རྗེས་སུ་འབྲངས་ནས་སློབ་དཔོན་ནག་པོ་པ་དང༌། པདྨ་བཛྲའི་རྗེས་སུ་འབྲང་བ་དང་བཅས་པ་བཞེད་དོ། །བཞི་པ་ནི་རྟེན་གྱི་གང་ཟག་སྦྱངས་པ་ཆེ་ཆུང་དང༌། རྣམ་རྟོག་ཤས་ཆེ་ཆུང་ལ་སོགས་པའི་དབང་པོ་རབ་འབྲིང་བཞི་ཡོད་ལ། དེ་དག་ལ་དགོངས་ནས་རྒྱུད་སྡེ་བཞིར་གསུངས་པ་ཡིན་ཏེ། དེ་སྐད་དུ་ཡང་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣམ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལ། །ཞེས་གསུངས་པ་ཡིན་ནོ། །དེ་གུར་གྱི་རྗེས་སུ་འབྲངས་ནས་སློབ་དཔོན་ཌོཾ་བི་ཧེ་རུ་ཀའི་བརྒྱུད་པ་འདིའི་གཞུང་དང༌། བིརྺ་པའི་རྗེས་སུ་འབྲང་བ་དང་བཅས་པ་བཞེད་དོ། །ལྔ་པ་ནི་ཕྱིའི་བྱ་བ་ཁྲུས་གསུམ་བྱ་བ་དང༌། གོས་གསུམ་བརྗེ་བ་ལ་སོགས་པ། ཕྱིའི་ལུས་ངག་གཙོ་བོར་གྱུར་པ་ལས་དངོས་གྲུབ་འདོད་པ་ནི་བྱ་བའི་རྒྱུད་དེ། དེ་སྐད་དུ་ཡང༌། རྒྱུད་འདི་ནི་ཕྱི་ལུས་ངག་གི་བྱ་བ་གཙོ་བོར་གྱུར་པའི་ཕྱིར་རོ། །ཞེས་གསུངས་པ་ཡིན་ནོ། །ཕྱིའི་ལུས་ངག་གི་བྱ་བ་དང༌། ནང་ཏིང་ངེ་འཛིན་གྱི་བྱ་བ་ཆ་མཉམ་པ་ལས་དངོས་གྲུབ་ཐོབ་པར་འདོད་པ་ནི་སྤྱོད་པའི་རྒྱུད་དེ། དེ་སྐད་དུ་ཡང༌། འདི་ནི་ཕྱིའི་ལུས་ངག་གི་བྱ་བ་དང༌། ནང་ཏིང་ངེ་འཛིན་གཉིས་ཆ་མཉམ་པར་སྤྱོད་པའི་ཕྱིར་གཉིས་ཀའི་རྒྱུད་ཅེས་བྱའོ། །ཞེས་གསུངས་སོ། །ཕྱིའི་ལུས་ངག་གི་བྱ་བ་ཡང་མེད་པ་མ་ཡིན་ཏེ། ཏིང་ངེ་འཛིན་གཙོ་བོར་གྱུར་པས་རྣལ་འབྱོར་གྱི་རྒྱུད་དེ། དེ་སྐད་དུ་ཡང༌། རྒྱུད་འདི་ནི་ཏིང་ངེ་འཛིན་གཙོ་བོར་གྱུར་པའི་ཕྱིར་རྣལ་འབྱོར་གྱི་རྒྱུད་ཅེས་བྱའོ། །ཞེས་གསུངས་པ་ཡིན་ནོ། །སློབ་དཔོན་གྱི་དབང་གི་སྟེང་དུ་ཡང་མཆོག་དབང་རིན་པོ་ཆེ་རྣམ་པ་གསུམ། ལམ་བསྐྱེད་པའི་རིམ་པའི་སྟེང་དུ་ཡང་རྫོགས་པའི་རིམ་པའི་དེ་ཁོ་ན་ཉིད་དང༌། དེ་བརྟན་པར་བྱེད་པའི་སྤྱོད་པ་དང༌། འབྲས་བུ་རྣལ་འབྱོར་གྱི་རྒྱུད་མན་ཆད་ལ་མ་གྲགས་པའི་ས་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་ཡེ་ཤེས་དང་ལྡན་པས་ན། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཅེས་བྱ་སྟེ། གསང་བ་ཡེ་ཤེས་བླ་མེད་པ། །སྙིང་པོ་བཅོམ་ལྡན་བཤད་དུ་གསོལ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ནི་རྒྱུད་སྡེ་དེ་དང་དེ་དག་ལས་གསུངས་ལ། སློབ་དཔོན་ཡང་དེ་དང་དེ་དག་བཞེད་པ་ཡིན་ནོ། །དེ་ལྟར་ན་དེ་དག་ཐམས་ཅད་ཀྱང་རྒྱུད་སྡེ་སོ་སོའི་རྗེས་སུ་འབྲངས་ནས་སློབ་དཔོན་དེ་དང་དེ་དག་གི་བཞེད་པ་ནི། དགོངས་པ་ཕྱོགས་རེ་ནས་ཐམས་ཅད་མ་ནོར་བས་དེས་རྣམ་པར་གཞག་ཏུ་བཏུབ་པ་ཡིན་ནོ། །ཞེས་གསུངས་སོ། །གལ་ཏེ་དེ་ལྟར་ཁ་ཅིག་གིས་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་ཏེ་རྒྱུད་སྡེ་གསུམ་དུ་བཤད་པ་དང༌། གཞན་དག་གིས་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་བླ་མ་དང༌། རྣལ་འབྱོར་བླ་ན་མེད་པ་སྟེ་ལྔར་བཤད་པ་དང༌། ཡང་ལ་ལས་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་བླ་ན་མེད་པ་དང༌། མའི་ཡང་མ་བླ་ན་མེད་པ་སྟེ། དྲུག་ཏུ་བཤད་པས་ཇི་ལྟར་རྣམ་པ་བཞིར་གཞག་ཅེ་ན། དེ་དག་ཀྱང་བཞིར་རྣམ་པར་གཞག་པ་ལ་འགལ་བ་མེད་དེ། འདི་ལྟར་ཏིང་ངེ་འཛིན་གཙོ་བོར་གྱུར་པ་ཙམ་ལ་དགོངས་ནས་རྣལ་འབྱོར་དང༌། རྣལ་འབྱོར་བླ་ན་མེད་པ་གཅིག་ཏུ་བཤད་པ་ཡིན་ནོ། །ཡང་ཐབས་ཀྱི་ཆ་རགས་པ་དང༌། ཤེས་རབ་ཀྱི་ཆ་ཟབ་པ་ལ་དགོངས་ནས་ཐབས་ཀྱི་རྒྱུད་ཐ་དད་དུ་བཤད་ཀྱང༌། དེ་དག་རྣལ་འབྱོར་ཆེན་པོའི་རྒྱུད་ལས་མ་འདས་སོ། །ཡང་འཁོར་ལོ་བདེ་མཆོག་རྒྱུད་སྡེ་སྒོ་དྲུག་པར་བཤད་པ་ཡང་རྣལ་འབྱོར་བླ་ན་མེད་པའི་བྱེ་བྲག་གིས་བྱིན་རླབས་ཀྱི་སྒོ་ནས་རྣམ་པར་གཞག་པ་ཡིན་ཏེ། དེ་ཡང་རྣལ་འབྱོར་གྱི་རྒྱུད་མན་ཆད་སྤྲུལ་པའི་སྐུ་མྱ་ངན་ལས་འདས་ནས་ད་ལྟར་འཛམ་བུའི་གླིང་ན་མི་བཞུགས་པར་འདོད་དེ། བདེ་མཆོག་ལྟར་ན་སྤྲུལ་པའི་སྐུ་ཞིང་སྐྱེས་རྣལ་འབྱོར་པའི་རྒྱུད་བྱིན་གྱི་རློབ་བྱེད། ད་ལྟར་ལྷོ་འཛམ་བུའི་གླིང་གི་ཡུལ་ཉི་ཤུ་རྩ་བཞི་ན་བཞུགས་པར་བཤད་པའི་ཕྱིར། བྱིན་རླབས་ཆེ་ཞིང་གྲུབ་པ་ཤིན་ཏུ་མྱུར་བར་བཤད་པ་དང༌། བདེ་མཆོག་རྩ་བའི་རྒྱུད་འབུམ་ཕྲག་གསུམ་པ་སྡུད་པ་པོས་མ་བསྡུས་པས་མི་ཡུལ་ན་ལོངས་སྤྱོད་པ་རྟོགས་པར་དཀའ་བའི་ཕྱིར། དེ་ཉིད་ཀྱིས་བླ་མ་དམ་པའི་གདམས་པ་མ་ཡིན་པ། གཞན་སྒྲ་དང་ཚད་མ་ལ་སོགས་པའི་ཡུལ་ལ། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཤཱནྟི་པས་འགྲེལ་པ་བརྩམ་པར་མ་ནུས་པའི་ཕྱིར་མའི་ཡང་མ་བླ་ན་མེད་པར་གསུངས་པ་ཡིན་ནོ། །དེ་ལྟར་ན་རྣལ་འབྱོར་བླ་ན་མེད་པ་ཉིད་ཀྱི་དབྱེ་བས་དྲུག་ལ་སོགས་པར་ཕྱེ་བས་ན་གཞིར་རྣམ་པར་གཞག་པ་ལ་འགལ་བ་མེད་དོ། །དེ་ལྟར་དྲུག་པོ་དེ་ནི་རྒྱུད་སྡེ་བཞིའི་རྣམ་པར་གཞག་པའོ། །དེ་ལྟར་རྣལ་འབྱོར་ཆེན་པོའི་རྒྱུད་ལ་ཡང་གུར་གྱི་རྗེས་སུ་འབྲངས་ནས་རྣམ་པ་གཉིས་ཏེ། རྣལ་འབྱོར་གྱི་རྒྱུད་དང༌། རྣལ་འབྱོར་མའི་རྒྱུད་དོ། །དེ་ཉིད་ལ་ཐབས་ཀྱི་རྒྱུད་དང༌། ཤེས་རབ་ཀྱི་རྒྱུད་ཅེས་ཀྱང་བྱའོ། །ཕ་བླ་ན་མེད་པ་དང༌། མ་བླ་ན་མེད་པ་ཞེས་ཀྱང་བྱ། རྣལ་འབྱོར་བླ་མ་དང༌། བླ་ན་མེད་པ་ཞེས་ཀྱང་བྱ་སྟེ། དེ་ཡི་ཁྱད་པར་རྣམ་པར་གཞག་པ་ནི་གསུམ་སྟེ། རྗོད་བྱེད་སྒྲའི་ཁྱད་པར་དང༌། བརྗོད་བྱ་དོན་གྱི་ཁྱད་པར་དང༌། ཞུ་བ་པོའམ་གདུལ་བྱའི་སྒོ་ནས་རྣལ་འབྱོར་དང༌། རྣལ་འབྱོར་མའི་རྒྱུད་དུ་རྣམ་པར་གཞག་པའོ། །དེ་ལ་དང་པོ་ནི་རྒྱུད་ཀྱི་སྒྲ་ཐམས་ཅད་བསྡུས་པ་གླེང་གཞི་ཡིན་ལ། དེ་ཡང་རྟོགས་སླ་བ་རགས་པའི་གླེང་གཞི་འདི་སྐད་བདག་གིས་ལ་སོགས་པ་ཡི་གེ་སུམ་ཅུ་བདུན་ནམ་བཞི་བཅུས་མགོ་དྲངས་པ་ནི་རྣལ་འབྱོར་གྱི་རྒྱུད་ཡིན་ལ། གསང་བ་མཆོག་ལ་སོགས་པ་རྟོགས་དཀའ་ཞིང་ཟབ་པ་སྒྲའི་ཡི་གེ་བཅུ་དྲུག་གིས་མགོ་དྲངས་པ་ནི་རྣལ་འབྱོར་མའི་རྒྱུད་དོ། །དེའི་ཕྱིར་རྩ་བའི་རྒྱུད་ལ་སོགས་པ་ནི་དེ་ལ་ལྟོས་ནས་ཐབས་ཤེས་རབ་གཉིས་མེད་ཀྱི་རྒྱུད་དོ། །དེ་སྐད་དུ་ཡང༌། རྣལ་འབྱོར་རྒྱུད་དུ་དེ་བཞིན་གཤེགས། །འདི་སྐད་ལ་སོགས་གང་གསུངས་པ། །དེ་ཉིད་རྣལ་འབྱོར་མ་རྒྱུད་དུ། །གསང་བ་མཆོག་གིས་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །གཞན་དག་མེ་དེ་སོག་མ་འདྲ། །ཞེས་གསུངས་པ་ཡིན་ནོ། །དོན་གྱི་ཁྱད་པར་ལ་གསུམ་སྟེ། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་དང༌། སྦྱང་གཞི་རྣམ་པར་དག་པའི་སྒོ་ནས་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་རྣམ་པར་གཞག་པའོ། །དེ་ལ་དང་པོ་ནི་བསྐྱེད་པའི་རིམ་པ་དཀྱིལ་འཁོར་གྱི་འཁོར་ལོའི་ལྷའི་རང་བཞིན་ཡབ་གཙོ་ཆེ་ན་རྣལ་འབྱོར་གྱི་རྒྱུད་ཡིན་ལ། ལྷ་མོ་རྣམས་གཙོ་ཆེ་ན་རྣལ་འབྱོར་མའི་རྒྱུད་ཡིན་ནོ། །དེ་ཡང་དབུས་ཀྱི་ལྟེ་བ་དང༌། ཕྱོགས་ཀྱི་འདབ་མ་བཞི་ལ་གསུང་ངོ༌། །དེ་སྐད་དུ་ཡང༌། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །མཁའ་འགྲོ་མ་ཡི་དམ་པའི་ཚོགས། །མཁའ་འགྲོ་ལྔ་ནི་རབ་བསྒྲུབ་ཕྱིར། །མཁའ་འགྲོ་མ་ཡི་རྒྱུད་བཤད་དོ། །ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་རྒྱུད་སྡེ་གསུམ་པོ་འདི་ལ་ལྟོས་ནས་རྣལ་འབྱོར་མའི་རྒྱུད་དུ་རྣམ་པར་གཞག་གོ །རྫོགས་པའི་རིམ་པའི་དབང་དུ་བྱས་ནས་ཙཎྜཱ་ལཱི་ལ་སོགས་པ་བདག་བྱིན་གྱིས་བརླབ་པ་གཙོ་བོར་སྟོན་པ་ནི་རྣལ་འབྱོར་གྱི་རྒྱུད་ཡིན་ལ། དཀྱིལ་འཁོར་གྱི་འཁོར་ལོ་ཕྱག་རྒྱ་ལ་བརྟེན་པའི་ཐབས་སྟོན་པ་ནི་རྣལ་འབྱོར་མའི་རྒྱུད་དེ། དེ་ཡང་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་ཐར་པའི་སྒོ་གསུམ་ཡིན་ལ། དེ་མཚོན་བྱེད་ཀྱི་རྟགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱག་རྒྱ་ལ་རག་ལས་པས་དེ་བསྟེན་པའི་ཐབས་སྟོན་པ་ནི་རྣལ་འབྱོར་མའི་རྒྱུད་དོ། །ཞེས་བྱའོ། །དེ་སྐད་དུ་ཡང༌། ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །རྣལ་འབྱོར་མ་ཞེས་མངོན་པར་བརྗོད། །ཕྱག་རྒྱ་ཆེན་པོ་སྦྱོར་བ་ལ། །གང་ཕྱིར་དེ་ཉིད་བསྟེན་པ་ཡི། །རྣལ་འབྱོར་མ་ནི་རྡོ་རྗེ་གུར། །རྣལ་འབྱོར་མ་ཡི་རྒྱུད་ཅེས་བཤད། །ཅེས་གསུངས་པ་ཡིན་ནོ། །དེའི་ཐབས་གཉིས་ཀ་སྟོན་པའི་རྒྱུད་གསུམ་པོ་ནི་ཐབས་ཤེས་རབ་གཉིས་མེད་ཀྱི་རྒྱུད་དུ་བཞེད་དོ། །རྣམ་པར་དག་པའི་དབང་དུ་བྱས་ན། རགས་པ་ཕུང་པོ་ལ་སོགས་པའི་དག་པ་སྟོན་པ་ནི་རྣལ་འབྱོར་གྱི་རྒྱུད་ཡིན་ལ། ཕྲ་བ་རྩའི་དག་པ་སྟོན་པ་ནི་རྣལ་འབྱོར་མའི་རྒྱུད་ཡིན་ནོ། །དེའི་ཕྱིར་ཡང་དེ་གསུམ་ཐབས་ཤེས་རབ་གཉིས་མེད་ཀྱི་རྒྱུད་ཡིན་ནོ་གསུང་ངོ༌། །གསུམ་པ་ནི་ཞུ་བ་པོ་སྐྱེས་པས་ཞུས་ཤིང་གདུལ་བྱ་སྐྱེས་པ་འདུལ་བའི་དོན་དུ་གསུངས་པ་ནི་རྣལ་འབྱོར་གྱི་རྒྱུད་ཡིན་ལ། ཞུ་བ་པོ་རྣལ་འབྱོར་མས་ཞུས་ཤིང་གདུལ་བྱ་བུད་མེད་འདུལ་བའི་དོན་དུ་གསུངས་པ་ནི་རྣལ་འབྱོར་མའི་རྒྱུད་ཡིན་ནོ། །དེ་སྐད་དུ་ཡང༌། སྐྱེས་པ་རྣམས་ནི་འདུལ་བའི་ཕྱིར། །རྣལ་འབྱོར་རྒྱུད་ནི་ཡང་དག་བཤད། །བཙུན་མོ་རྣམས་ནི་འདུལ་བའི་ཕྱིར། །རྣལ་འབྱོར་མ་ཡི་རྒྱུད་བཤད་དོ། །ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་ཡང་དེ་དག་གསུམ་ཐབས་ཤེས་རབ་གཉིས་མེད་ཀྱི་རྒྱུད་ཡིན་ནོ། །དེ་ལྟར་ཁྱད་པར་རྣམ་པ་ལྔས་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་རྣམ་པར་གཞག་པའོ། །དེ་ལྟར་རྒྱུད་གསུམ་པོ་འདི་དག་ནི་གཞི་མི་སྤོང་བ་རྡོ་རྗེ་ཐེག་པ་ཡིན་ལ། དེ་ཡང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དུ་གཏོགས་པ་ཡིན་ནོ། །འདི་གསུམ་ཡང་བརྟག་པ་གཉིས་པར་བཤད་པར་བྱ་བ་ཡིན་པས་རྩ་བའི་རྒྱུད་ཡིན་ལ། དེའི་ཐུན་མོང་མ་ཡིན་པའི་བཤད་པའི་རྒྱུད་གུར་ཡིན་ཞིང༌། ཆ་ཤས་ཀྱི་བཤད་པའི་རྒྱུད་ནི་སཾ་པུ་ཊ་ཡིན་ནོ། །རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*