ཞང་སྟོན་ལ་བསྟོད་པ།

༼ཀ༽༄། །ཞང་སྟོན་ལ་བསྟོད་པ་བཞུགས།། ༄༅། །བླ་མ་དམ་པ་རྣམས་ལ་མགོས་ཕྱག་འཚལ། །ཡོན་ཏན་མཆོག་མངའ་གཞན་ལ་ཕན་པའི་ཐུགས་རྗེ་ཅན། །ཏིང་འཛིན་མཆོག་བརྙེས་ཉིད་ཀྱི་དོན་ཡང་མཐར་ཕྱིན་པ། །དམ་པ་མཆོག་ཆོས་དོན་གཉིས་གྲུབ་པས་མངོན་ཤེས་དང༌། །རྫུ་འཕྲུལ་མཆོག་འབར་སྦས་པའི་བརྟུལ་ཞུགས་ཅན་ལ་འདུད། །རབ་མཆོག་གྱུར་པ་མཐུ་སྟོབས་དབང་ཕྱུག་མན་ངག་གིས། །གྲུབ་པའི་དབང་ཕྱུག་དམ་པར་གྱུར་པའི་བླ་མ་མཆོག །ཟབ་ལམ་ཆོས་ཀྱིས་སྐལ་ལྡན་མཆོག་ཏུ་ཚིམ་མཛད་པ། །འབར་བའི་མཚན་ཅན་ཡིད་ཀྱི་མུན་སེལ་ཁྱེད་ལ་འདུད། །སྤངས་རྟོགས་མཐར་ཕྱིན་མཛད་པ་མཐའ་ཡས་ལོངས་སྤྱོད་རྫོགས། །རྡོ་རྗེའི་ཚིག་རྣམས་རྒྱ་ཆེར་འགྲེལ་མཛད་སྡུད་པ་པོར། །ངེས་པར་མཆིས་ཀྱང་མི་ཡི་གཟུགས་འཛིན་བླ་མ་མཆོག །སྙན་བརྒྱུད་བཞི་སྟོན་ཡིད་ཀྱི་དཔལ་གྱུར་ཁྱོད་ལ་བསྟོད། །རང་གིས་སྤྱད་པའི་ལས་ལས་གྱུར་པ་གཡོ་བ་ཡི། །ནད་ཀྱིས་བཏབ་པ་ཁྱོད་ཀྱི་ཐུགས་རྗེས་ཟིལ་མནན་ནས། །རྨོངས་པར་གྱུར་པ་ཡེ་ཤེས་ཆེན་པོའི་རོས་གང་བ། །རྣལ་འབྱོར་དབང་ཕྱུག་ཁྱེད་ཀྱི་མཐུ་ཡིས་རྗེས་སུ་སྐྱོངས། །དག་པ་རང་བཞིན་དག་པའི་མཐུ་ཡིས་བླ་མ་ལ། །རྣམ་གྲོལ་ཐོབ་ཕྱིར་རྣམ་པར་མི་རྟོག་པ་ཉིད་དུ། །དད་པ་ཆེན་པོས་དད་པའི་ཤུགས་ཀྱིས་གསོལ་འདེབས་ན། །ཐུགས་རྗེ་ཆེན་པོས་ཐུགས་རྗེའི་ལྕགས་ཀྱུས་གཟུང་དུ་གསོལ། །རྗེ་བཙུན་བླ་མ་དམ་པ་ལ་གསོལ་བ་འདེབས་པའི་ཚིག ས་མཱཔྟ་མི་ཐི། རྗེ་དགོན་པ་བས་ཟབ་དོན་གྱི་བྱིན་རླབས་སྩལ་བའི་ཚེ། བླ་མ་ས་ཆེན་གྱིས་བསྟོད་པའོ།།  །།

༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*