ས་ཞུའི་བཤད་པ་རིན་ཆེན་སྒྲོན་མེ།

ས་ཞུའི་བཤད་པ་རིན་ཆེན་སྒྲོན་མེ་ཞེས་བྱ་བ་བཞུགས་སོ


ན་མོ་མཉྫུ་ཤྲཱི་ཡེ། རྒྱལ་ཀུན་བསྐྱེད་པའི་ཡབ་གཅིག་འཇམ་པའི་དཔལ། །གླེགས་བམ་རལ་གྲི་ཐུགས་ཀར་ཉེར་སྦས་ནས། །མཚན་དཔེས་སྙོམས་མཛད་ཐུབ་དབང་གཉིས་པ་དེ། །ཀུན་ནས་དགའ་བའི་རྒྱལ་མཚན་ལས་གཞན་སུ། །གང་གི་རིང་ལུགས་དྲི་མེད་གདུགས་དཀར་པོར། །མཁྱེན་བརྩོན་རྣམ་ཟུང་ཕྱག་ན་ལེགས་ཐོགས་ནས། །བློ་གསལ་གདུང་བའི་ཚ་རེག་སེལ་མཛད་པ། །ང་ཡི་འདྲེན་པ་གུ་ཎ་བ་ལ་འདུད། །སྔོན་གོམས་རིགས་པའི་མཚོན་ཆ་མ་མཆིས་ཤིང་། །སྦྱངས་སྟོབས་ལུང་གི་ཡ་ལད་རིང་བོར་བས། །མང་ཐོས་དགྱེས་པའི་ཚིག་དོན་འབྱོར་དཀའ་བས། །ཁྱེད་ཀྱི་རེ་བ་བསྐང་ཕྱིར་འདི་བྱས་སོ། །  དེ་ལ་འདིར་འཇམ་མགོན་ས་སྐྱ་པ་རྣམས་ཀྱིས་མནབས་པའི་དབུ་ཞྭ་ས་ཞུར་གྲགས་པ་འདི་ཉིད་སྤྱིར་ནི། ས་སྐྱ་པཎྜི་ཏ་ཆེན་པོའི་དབུ་ཞྭ་ཡིན་ལ། དེའི་ཚེ་གཡས་གཡོན་ཀྱི་རྣ་བ་གཉིས་ཕབ་སྟེ་མནབས་པ་ལས། ཕྱིས་ཀྱི་གོང་མ་འགའ་ཞིག་གིས་ཐུགས་སྟབས་བདེ་ཁྱད་ཀྱིས་རྣ་བ་གཉིས་སྟེང་དུ་འགེལ་བར་མཛད། སླར་དེ་ཡང་སྦྱར་ཏེ་གྲུབ་པ་ཡིན་ཞེས་གསུང་རྒྱུན་ལ་སྣང་ཞིང་། གང་ལྟར་ཡང་འདི་ཉིད་ཐུབ་པ་མཆོག་གིས་བསྟན་པའི་ལུས་རྣམ་པར་བཞག་པ་དང་ཆ་མཐུན་པར་སྦྱར་ཏེ་བཤད་ན། སྤྱིའི་ཚུལ་གྱིས་མདོར་བསྟན་པ་དང་། བྱེ་བྲག་གི་ཚུལ་གྱིས་རྒྱས་པར་བཤད་པ་གཉིས་ལས། དང་པོ་ལ། སྤྱིར་རྒྱལ་བའི་བསྟན་པ་ཐམས་ཅད་ཀྱི་ཉམས་ལེན་སྙིང་པོར་བསྡུ་ན་སྡོམ་པ་གསུམ་དུ་འདུས་པའི་བརྡར་ཞྭ་འདི་ཉིད་ལ་ཕྱི་དང་ནང་དང་བར་ཤ་གསུམ། ཕྱི་ཉན་ཐོས་ཀྱི་སྡོམ་པའི་ཚུལ་ཁྲིམས་དང་ལྡན་པའི་སེམས་ཅན་རྣམས་དད་པའི་དབང་དུ་བསྡུས་ནས་ཆོས་ལ་གཟུད་པའི་ཕྱིར་ཁ་དོག་དམར་པོ། ནང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་ལྡན་ཞིང་། སེམས་ཅན་ལ་རྗེས་སུ་ཆགས་པའི་ཕྱིར་ཡང་ཁ་དོག་དམར་པོ། གསང་བ་སྔགས་ཀྱི་སྡོམ་པས་སྤ་ཞིང་སྔགས་ལམ་ལ་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ལམ་གཉིས། གྲོལ་ལམ་ལ་ཡང་བསྐྱེད་རྫོགས་སམ་ཐབས་ཤེས་ཟུང་དང་ལྡན་པས་ན་བར་དུ་ཕྲུག་རས་གསུམ་སྦྲགས། དེ་ཡང་སྔགས་ལམ་དེས་ཉོན་ཤེས་ཀྱི་དྲི་མ་མཐའ་དག་འཁྲུད་པ་མཚོན་ཕྱིར་ཁ་དོག་དཀར་པོ་སྟེ་དེ་ལྟར་ཐེག་པ་གསུམ་གྱི་ལམ་དང་། དེའི་འབྲས་བུའམ་འགོག་པ་སྟེ། འགོག་ལམ་གྱི་བདེན་པ་གཉིས་ཀྱི་ཕ་རོལ་ཏུ་ལེགས་པར་སོན་པ་དེས་སེམས་ཅན་གྱི་དོན་མི་གཡེལ་བས་ཞྭ་འདབ་གཉིས་ལས་རྣ་བ་གཉིས་བསྲིངས་པ། བདེན་པ་གཉིས་ཀྱི་ཡོན་ཏན་གྱིས་སེམས་ཅན་རྣམས་སྡུག་བསྔལ་དང་ཀུན་འབྱུང་གི་འདམ་དུ་ཚུད་པ་ལས་བཏོན་ནས་ཞི་བ་ལ་བཀྲི་བའི་བརྡར་ཞྭ་རྣ་གཉིས་སྟེང་དུ་འཕང་པ། དེ་ཡང་ཞི་བ་གཅིག་པའི་མཐའ་ནི་བགྲོད་བྱའི་མཐར་ཐུག་མ་ཡིན་པས་མཐར་འདུལ་བྱ་མཐའ་དག་མི་གནས་པའི་མྱང་འདས་སུ་ཁྲིད་པའི་བརྡར་ཞྭ་རྣ་དེ་སྐུ་གསུམ་མཚོན་བྱེད། དབུས་གོས་དམར་པོ། མཐའ་འཇགས་སེར་པོ། མུ་འདྲིལ་སེར་སྐྱ་དང་གསུམ། གདུལ་བྱའི་དབང་གིས་ཐེག་པ་གསུམ་སོ་སོར་བསྟན་ཀྱང་ངོ་བོ་གཅིག་ལས་མི་འདའ་བས་དབྱིབས་ཟླུམ་པོར། གནས་སྐབས་དང་མཐའ་ཐུག་གི་ཡོན་ཏན་ཐམས་ཅད་འབྱུང་བའི་བརྡར་རྩེ་མོ་ཅུང་ཟད་མཐོ་བ་དང་བཅས་པའོ། །
གཉིས་པ་བྱེ་བྲག་གསང་སྔགས་དང་མཐུན་པར་རྒྱས་པར་བཤད་པ་ནི། ལར་སྔགས་སྡོམ་འདི་ལ་རྟེན་ཅན་དུ་བཞེད་པ་དང་། རྟེན་མེད་དུ་བཞེད་པ་གཉིས་ལས། རང་ལུགས་རྟེན་ཅན་དུ་བཞེད་པས་སྡོམ་པ་འོག་མ་གཉིས་ཀྱི་མཚོན་བྱེད་གོས་ཀྱི་ཕྱི་ཤ་དེའི་ནང་དུ་གསང་སྔགས་ཀྱི་རྒྱུད་སྡེ་བཞིར་འདུས་པ་མཚོན་བྱེད་བར་དུ་གསུམ་དང་ནང་ཤ་སྟེ་བཞི། དེའི་ནང་ནས་ཀྱང་མཐའ་ཐུག་གི་གོ་འཕང་སྒྲུབ་པའི་གཞི་བླ་མེད་ཁོ་ན་ལ་རག་ལས་ཤིང་བརྟེན་དགོས་ནའང་དེ་ཉིད་ཤིན་ཏུ་གསང་བར་བྱ་དགོས་པའི་བརྡར། བར་དུ་ཕྲུག་གམ་འཕྱིང་པ་དྲི་མ་མེད་པ་སྲ་བ་ཞིག་གིས་ཚུགས་བཟུང་། དེ་ལྟར་སྔགས་ཀྱི་ནང་ནས་ཀྱང་བླ་མེད་ཀྱི་ལམ་ཐུན་མོང་མ་ཡིན་པར་ཞུགས་པའི་གང་ཟག་དེས་ས་ལམ་རྣམས་མཐར་ཕྱིན་པར་བགྲོད་ནུས་ན་བགྲོད་ཚུལ་ཇི་ལྟར་ཡིན་སྙམ་ན། ས་ལྟར་ན་བཅུ་གསུམ་བགྲོད་དགོས་པས་རྒྱབ་མདུན་གྱི་དཔང་ལ་རྩེ་སོར་བཅུ་གསུམ། ལམ་ལྟར་ན་ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་སྟེ་ལྔ་མཚོན་བྱེད་རྣབ་ལྡོག་མཚམས་ནས་མཐོང་གི་བར་ཞྭ་དཔང་དངོས་ཀྱི་སུམ་ཆ་ཕྲག་ལྔ་ཡོད་པ། དེ་ཡང་ཚོགས་སྦྱོར་གྱི་ཚེ་ས་མ་ཐོབ་པའི་བརྡར་སུམ་ཆ་ཕྲག་གཉིས་འོག་ཏུ་འཆང་བ། མཐོང་སྒོམ་མི་སློབ་གསུམ་གྱི་ནང་ས་རྣམས་འདུས་པའི་བརྡར་སུམ་ཆ་ཕྲག་གསུམ་མཉམ་དུ་འཁོར་མོར་ཡོད་པ། བྱང་ཆུབ་ཀྱི་ཕྱོགས་ལྟར་ན་སུམ་ཅུ་རྩ་བདུན་དུ་འདུ་བས་མཐོང་གི་མཐའ་རྒྱར་སུམ་ཅུ་རྩ་བདུན། ཚོགས་ལམ་ནས་རིམ་པས་གང་ཟག་དེའི་རྒྱུད་ཀྱི་ཡོན་ཏན་གོང་འཕེལ་དུ་འགྱུར་བའི་བརྡར་ཞྭའི་སྨད་ནས་མཐོང་བའི་བར་དུ་ཇེ་ཆེར་སོང་བ། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང། སྟོང་པ་ཉིད་དེ་རྣམ་ཐར་སྒོ་གསུམ་མངོན་དུ་བྱེད་པའི་བརྡར་མདུན་གྱི་ཞྭ་སྣ་བསྣོལ་མཚམས་ཟུར་གསུམ་གྱི་དབྱིབས་སུ་ཡོད་པ། ལམ་དེ་དག་བགྲོད་བྱེད་ཀྱི་ཉམས་ལེན་ནི་དབང་བཞི་དང་འབྲེལ་པའི་ལམ་བཞི་ཡིན་པར་མཚོན་བྱེད་ཞྭ་རྣ་བསྣོལ་མཚམས་ཟུར་གསུམ་པའི་ལོགས་རེར་སོར་བཞི་རེ། སྔགས་ཀྱིས་ཡིད་མཚན་རྟོགས་ལས་སྐྱོབ་པས་ནང་མཚན་རྟོག་གི་གྲྭ་ཟུར་བཅོམ་པའི་བརྡར་དབྱིབས་ཟླུམ་པོར། ས་ལམ་རྣམས་མཐར་ཕྱིན་ནས་འབྲས་བུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པའི་ཚེ་མཐའ་གང་ལའང་མི་གནས་པའི་མཐར་མཐོང་ཤིན་ཏུ་ཟླུམ་པ། དེ་ལས་ཡེ་ཤེས་གཞན་བཞི་དང་གཟུགས་ཀྱི་སྐུ་སོགས་གཞན་དོན་ལ་འཇུག་པའི་དཔལ་ཡོན་གྱི་ཚོགས་ལྷུན་གྱིས་འགྲུབ་པའི་བརྡར་དབུས་མཐོ་བ། ལོངས་སྤྱོད་རྫོགས་པ་དང་ཁ་སྦྱོར་བདེ་ཆེན་ཏེ་ལོངས་སྐུའི་ཡན་ལག་གསུམ། རྒྱུན་མི་ཆད་པ། སྙིང་རྗེས་ཡོངས་སུ་གང་བ། འགོག་པ་མེད་པ་སྟེ། སྤྲུལ་སྐུའི་ཡན་ལག་གསུམ། རང་བཞིན་མེད་པ་ཆོས་སྐུའི་ཡན་ལག་བཅས་ཡན་ལག་བདུན་དང་ལྡན་པའི་བརྡར་མཐོང་གི་མཐའ་བར་སོར་བདུན་ཡོད་པ། ལམ་ལ་སློབ་པའི་ཚེ་ཡང་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བསྟན་འགྲོའི་དོན་བྱ་དགོས་པའི་བརྡར་ཞྭའི་འདབས་ནས་ཞྭ་རྣ་གཉིས་བསྲིང་བ། དེ་ཡང་བཤད་པ་ལྟར་ན་འཆད་རྩོད་རྩོམ་གསུམ་བསྒོམ་པ་ལྟར་ན་ལྟ་སྒོམ་སྤྱོད་གསུམ་དང་ལྡན་དགོས་པའི་བརྡར་ཞྭ་རྣ་རེར་ཡང་དབུས་སུ་གོས་དམར་པོ། གཡས་གཡོན་དུ་མཐའ་འཇགས་སེར་པོ། མུ་འདྲིལ་སེར་སྐྱ་སྟེ་གསུམ་གསུམ་དང་ལྡན་པ་དེ་དག་ཀྱང་སྙན་བརྒྱུད་ཚད་མ་བཞི་དང་མ་བྲལ་བ་དགོས་ཞེས་པའི་བརྡར་ཞྭ་སྣེའི་ཞེང་དུ་སོར་བཞི། སྲིད་དུ་མཐོ་བཞི་ཡོད་པ་དེ་ལྟ་བུའི་བཤད་སྒྲུབ་གཉིས་ཀྱིས་འཁོར་བ་ནས་འགྲོ་བའི་དོན་ཡོལ་མེད་དུ་བྱ་བའི་གང་ཟག་དེ་རང་ཉིད་ཁོ་ནར་འཁོར་བའི་ཉེས་པས་མི་གོས་ཤིང་གཞན་རྣམས་ཀྱང་འཁོར་བ་ལས་འདྲེན་པའི་བརྡར་ཞྭ་རྣ་སྟེང་དུ་འཕངས་པ། རང་གཞན་གཉིས་ཀའི་དོན་ཕྱིན་ཅི་མ་ལོག་པ་སྒྲུབ་ནུས་པ་དེ་གང་གི་མཐུ་ལས་བྱུང་ཞེ་ན། ཐབས་ཤེས་རབ་ཡ་མ་བྲལ་བ་ལས་བྱུང་ཞེས་བསྟན་པའི་ཕྱིར་ཞྭ་རྣ་གཉིས་ལྷན་གཅིག་ཏུ་སྦྱར་བ། བདེན་པ་གཉིས་སམ་གཞི་ལམ་འབྲས་གསུམ་མཚོན་ཕྱིར་སྣེ་ཟུར་གཉིས་སམ་གསུམ་དུ་བྱས་པ། མདོར་ན་ལམ་དང་འབྲས་བུའི་གནས་སྐབས་ཐམས་ཅད་དུ་རང་དོན་ཡིད་བྱེད་སོགས་མི་མཐུན་པའི་རིགས་རྣམས་རིང་དུ་དོར་དགོས་པའི་བརྡར་མུ་འདྲིལ་ཁོར་མོ་ཡུག་ཏུ་བཏབ་པས་མཐའ་མཛེས་པར་བྱས་པ། དད་པ་ཆེན་པོས་བླ་མ་ལ་ཆགས་པ། སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་ཆགས་པ། ཤེས་རབ་ཆེན་པོས་ཆོས་ཀྱི་དེ་ཁོ་ན་ཉིད་ལ་ཆགས་པ། དེ་གསུམ་དང་མི་འབྲལ་བའི་བརྡར་ཕྱི་ནང་གཉིས་ཞྭ་རྣའི་རྒྱབ་དང་བཅས་པ་ཁ་དོག་དམར་པོ། གདོད་ནས་དྲི་མ་དང་བྲལ་ཞིང་གློ་བུར་གྱི་དྲི་མ་ཡང་སྦྱོང་བའི་བརྡར་བར་སྣམ་ཁ་དོག་དཀར་པོ་བྱས་པའོ།། འདི་དག་རྒྱུད་སྡེ་འོག་མ་གསུམ་གྱི་སྤྱི་བབ་ཙམ་དུ་བཞག །བླ་མེད་ཁོ་ན་དང་མཐུན་པར་བཀྲལ་བ་ཡིན་ཞིང་མགོ་བོར་གྱོན་མཚམས་རང་རང་དང་མཚམས་པར་གྲུབ་པར་བྱའོ། །
འདིར་སྨྲས་པར། སྔོན་བྱོན་དམ་པའི་གསུང་རབ་ཉི་འོད་ཀྱིས། །སྣང་བར་བྱས་སོ་བློ་གསལ་གཞོན་ནུའི་གསོས། །ཇི་ལྟར་ནུས་པའི་སྣང་གསལ་འདི་བྱས་མཐུས། །ཡང་དག་ཤེས་རབ་ལམ་ལ་འཇུག་པར་ཤོག །དེ་ལྟར་ས་ཞུའི་བཤད་པ་རིན་ཆེན་སྒྲོན་མེ་ཞེས་བྱ་བ་འདི་ནི། རྔ་ཁོག་དགེ་ལེགས་གཏེར་མཛོད་གླིང་གི་མཁན་རིན་པོ་ཆེ་ངག་དབང་བྱམས་པ་འཕྲིན་ལས་ཀྱི་བཞེད་སྐོང་དུ་དཔལ་ནཱ་ལེནྡྲའི་རིང་ལུགས་འཛིན་པ་གཟིམ་འོག་སྤྲུལ་མིང་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་སུ་འབོད་པས་སྦྱར་བའོ། །དགེ་ལེགས་འཕེལ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*