མཁན་པོ་སྐལ་ལྡན་ཚེ་རིང་མཆོག་གི་བཀའ་སློབ།

མཁན་ཆེན་སྐལ་ལྡན་ཚེ་རིང་མཆོག་གི་བཀའ་སློབ་མི་ཆོས་གཙང་མ་བཅུ་དྲུག །

ཕབ་ལེན་པ་རྡོ་རྗེ་ཚེ་འཕེལ་པས།  

རིགས་མཐོ་བ་དང་རྒན་པར་བཀུར་སྟི་ཆེ་བ།
དོན་ཚན་ལྔ་པ་ནི་རིགས་མཐོ་བ་དང་རྒན་པར་བཀུར་སྟི་ཆེ་བ་ཟེར་རྒྱུ་དེ་རེད། དེ་ནི་ང་རང་ཚོ་མིའི་རིགས་ལ་མི་རྩ་མི་རྒྱུད་ཟེར་བའི་རིགས་མཐོན་པོ་ཡིན་པ། དེ་བཞིན་དུ་ལོ་རྒན་པོ་ཡིན་པའི་རྒས་པོ་དེ་ཚོ་ལ་དུས་རྒྱུན་དུ་བཀུར་སྟིར་བྱེད་དགོས་རེད། བཀུར་སྟི་ཟེར་འོང་དུས་དེ་ལ་བརྩི་བཀུར་བྱེད་གུས་པར་བྱེད། ཞབས་ཕྱི་བྱེད། གཡོག་བྱེད། སྙན་བཀུར་བྱེད། དེ་འདྲ་གཅིག་གི་དོན་ལ་བཀུར་སྟི་ཟེར་རེད། དེ་ཡིན་དུས་རིགས་མཐོན་པོ་དང་རྒན་པོ་དེ་ཚོ་ལ་བཀུར་སྟིར་བྱེད་དགོས་རེད། དེ་མི་ཆོས་གཙང་མ་བཅུ་དྲུག་གི་དོན་ཚན་ལྔ་པ་རེད་བསྡད་ཡོད་རེད། ད་དེ་འདྲ་བྱེད་འོང་དུས་དཔེར་ན་མི་རིགས་ཟེར་རྒྱུ་དེ་སྔོན་རྒྱ་གར་དུ་བྲམ་ཟེའི་རིགས་དང་། རྒྱལ་པོའི་རིགས། རྗེའུ་རིགས། དམངས་རིགས་སམ་གདོལ་པའི་རིགས་བཅས་མི་རིགས་བཞི་ཡོད་རེད། དེའི་ནང་ནས་བྲམ་ཟེའི་རིགས་དང་རྒྱལ་པོའི་རིགས་དེ་མི་རིགས་བཟང་ཤོས་འདྲ་བརྩི་ལེ་རེད། རྗེ་རིགས་དང་དམངས་རིགས་ཟེར་རྒྱུ་དེ་གཉིས་མི་རིགས་ངན་ཤོས་འདྲ་གཅིག་བརྩི་ནས་མི་རིགས་བཟང་ངན་གྱི་དབྱེར་ཞིབ་བྱེད་འོང་དུས་ཕལ་ཆེར་དམངས་རིགས་ལ་སོགས་པ་དེ་ཚོ་རྒྱལ་པོའི་རིགས་དང་བྲམ་ཟེའི་རིགས་ཚོའི་ཁྱིམ་ནང་འོང་དགོས་ན་འཛེམ་འདུག་པ་ལྟ་བུ་རེད། དེ་ཚོས་མི་རིགས་དབྱེར་ཞིབ་ཧ་ལས་པ་ཆེན་པོ་གནའ་སྔ་མོ་ལ་ཡོད་དར་ལེ་རེད། དེང་སང་ཡིན་ནའང་རྒྱ་གར་དུ་མི་རིགས་བཞིའི་འགྲོ་སྟངས་གནའ་སྔ་མོའི་ལོ་རྒྱུས་ནང་ལྟར་བྱས་ནས་མི་རིགས་དབྱེར་འབྱེད་དེ་ཡོད་རེད། ང་ཚོ་བོད་འདྲ་ཞིག་ལ་ཆག་བཞག་ན་མི་རིགས་དེ་ཕལ་ཆེར་ཚད་དེ་ཕ་ཨ་དགེ་སྤྲེའུ་དང་མ་བྲག་སྲིན་འདྲེ་མོ་ལས་བརྒྱུད་པ་དེ་ཡིན་ཁག་གྱིས། དེ་མིན་ལྷ་ལས་མར་བབས་པ། དེ་ལས་གཞན་མིན་གྱི་མི་རིགས་རྒྱ་གར་དང་རྒྱ་ནག་གི་མི་རིགས་ལས་མཆེད་པ་དང་། རྒྱ་མཚོའི་ནང་གི་སྲོག་ཆགས་ལས་ཡར་མཆེད་འོང་ཟིན་ལ་སོགས་པ་སྤྱིར་བཏང་མང་པོ་གཅིག་ཡོད་རེད། དེ་ཚོ་ཐམས་ཅད་ཚུར་བསྡུ་འོང་དུས་བོད་མི་རིགས་དེ་ལ་སྒོ་འབྲུ་སྦྲ་ལྡོང་ཟེར་ནས་མི་རིགས་བཞིའི་དབྱེར་བ་ཡོད་རེད། ཡིན་ནའང་དེང་སང་འདྲ་ཞིག་ཡིན་ན་ས་སྐྱ་འཁོན་གྱི་གདུང་ཞེས་པ་ལ་སོགས་པ་ལྟ་བུའི་སྐུ་ཡུལ་དང་། མི་རིགས་དང་གདུང་རྒྱུད་ཁ་ཤས་གཅིག་མ་འདྲེས་པར་ཡོད་རེད་མ་གཏོགས་མང་ཆེ་བ་ནི་མི་རིགས་འཆོར་བ་ཟེར་བ་དེ་འོང་ཚར་ལེ་རེད་དུས་འདི་རྒྱལ་རིགས་རེད་འདི་རྗེ་རིགས་རེད་ཟེར་ནས་ཁ་ཁར་གཅིག་ཕྱེ་དགོས་ན་ཕལ་ཆེར་ཕྱེ་རྒྱུ་མེད་པར་ཆགས་ཚར་ཡོད་རེད། དེ་ཡིན་དུས་ང་རང་ཚོས་ག་འདྲ་ཞིག་བྱེད་དགོས་རེད་ཟེར་ན། རིགས་མཐོ་དམན་དང་མི་རྩ་མི་རྒྱུད་དེ་དབྱེར་ཞིབ་ཆེན་པོ་མ་ཤེས་ན་ཡང་མི་སུ་ཞིག་ཡིན་མི་རྩ་ག་འདྲ་ཞིག་ཡིན་ནའང་ཁོ་རང་གི་ངོས་ནས་ཤེས་ཡོན་ཡོད་མཁན། འཇོན་ཐང་ཡོད་མཁན། སྤྱི་ཚོགས་ཀྱི་ཐོག་ལ་ནུས་པ་འདོན་ཐུབ་མཁན་གྱི་མི་དང་མི་རིགས་དེ་ཚོ་ལ་གུས་ཞབས་བྱེད། བརྩི་བཀུར་བྱེད་རྒྱུ་དེ་གལ་ཆེན་པོ་རེད་བསྡད་ཡོད་རེད། རིགས་མཐོ་བར་བཀུར་སྟིར་བྱེད་དགོས་ཟེར་རྒྱུའི་ནང་དོན་གཙོ་ཆེ་བ་དེ་མདོར་ན་སྤྱི་ཚོགས་ཀྱི་ཐོག་ལ་ཤེས་ཡོན་དང་རིག་གནས། འཇོན་ཐང་ནུས་པ་འབུར་དུ་ཐོན་ནས་ཡོད་འདུག་མཁན་གྱི་མི་དང་མི་རིགས་མི་རྩ་དེ་ཚོར་བཀུར་སྟིར་བྱེད་དགོས་ཟེར་བ་དེ་རེད། དེའི་ཐོག་ལ་རྒན་པོ་ལ་བཀུར་སྟིར་བྱེད་པ་ནི་ལོ་རྒས་པོ་རང་ལས་ལོ་ཆེ་བའི་མི་དེ་ཚོར་གུས་པར་བྱེད་བཀུར་སྟིར་བྱེད་རྒྱུ་དེ་རེད། སྤྱིར་བཏང་གི་ལོ་ཆེན་པོ་ཚོ་ཡིན་ན་རྒས་པོ་ཉམས་མྱོང་ཅན་ཟེར་འོང་དུས་དེ་སྔོན་མཐོང་ཐོས་མང་པོ། བྱུང་བ་མང་པོ་དེ་འདྲ་རེད་ཚར་དུས་ལོ་ཉུང་ཚོ་དང་བསམ་བློའི་བབས་མི་འདྲ་བ་ཞིག་དང་བསམ་བློའི་བཀོལ་གཏོང་མི་འདྲ་བ་ཞིག་དང་། རང་གི་ཉམས་མྱོང་འདྲ་པོ་དེ་ཆོས་དང་འཇིག་རྟེན་གང་ཐད་བྱས་ན་རྩ་བ་ཉིད་ནས་འདྲ་སི་ཡོད་མ་རེད། དེ་ཡིན་དུས་ལོ་རྒས་པོ་ཚོ་ཡིན་ན་རང་གིས་བློ་གཏད་སར་བྱེད། བློ་དྲི་སར་བྱེད། ཆོས་ཀྱི་ཕྱོགས་ནས་རྒས་པོ་ཚོ་ཆོས་གོ་མྱོང་མཁན། འདོན་མྱོང་མཁན། སྒྲུབ་མྱོང་མཁན་ད་དེ་འདྲ་ཞིག་བྱེད་འོང་དུས་ལོ་ཉུང་ཕལ་ཆེ་བ་གཅིག་གིས་བསྡུར་དགོས་ན་བསྡུར་ཐུབ་སི་ཡོད་མ་རེད། འཇིག་རྟེན་གྱི་བྱ་བའི་ཐོག་ཏུ་ཡིན་ནའང་ཉམས་མྱོང་ཕྱོགས་བསྡོམས་འདྲ་ཞིག་བྱས་འོང་ན་རྒན་པོ་ཚོ་དང་བསྡུར་ན་སྡུར་རྒྱུ་ཡོད་མ་རེད། དེ་འདྲ་ཡིན་དུས་རྒན་པོ་ཚོ་ལ་དུས་རྒྱུན་དུ་བཀུར་སྟིར་བྱེད་རྒྱུ་དང་གུས་པར་བྱེད་རྒྱུ་གལ་ཆེན་པོ་རེད། བླ་མ་གྲྭ་བཙུན་ནང་དུ་ཡིན་ན་བླ་མ་གྲྭ་བཙུན་ལོ་རྒན་པོ་ཡིན་ན་ལོ་རྒས་པོའི་གྲས། རང་ལ་ལྟོས་ན་ལོ་རྒས་པོའི་གྲས། ཁྱད་པར་དུ་བླ་མ་གྲྭ་པ་རྣམས་ལ་སྡོམ་པ་ཞུས་སྔ་གཞེས་ཐོག་ཏུ་བྱེད་འོང་ནས་བསླབ་པ་རྒན་གཞོན་ཟེར་རྒྱུ་ཞིག་ཡོད་རེད། དེ་ཡིན་དུས་དེ་ཚོའི་ཐོག་ལོ་རྒན་གཞོན་གྱི་ཁྱད་ཡིན་ན་འདྲ། བསླབ་པ་རྒན་གཞོན་གྱི་ཁྱད་ཡིན་ན་འདྲ་གང་ལྟར་ན་ཡང་རྒན་པོ་དེ་ཚོ་ལ་བརྩི་བཀུར་བྱེད། བཀུར་སྟིར་བྱེད་དགོས་ལེ་རེད། མི་སྐྱ་ཕོ་མོའི་ནང་ནའང་དེ་ནང་བཞིན་རེད། རང་གི་ཤེས་ཡོན་དང་། འཇོན་ཐང་། དཔལ་འབྱོར་རེད་ག་ས་གང་ལ་བལྟས་ན་ཕ་རོལ་པོ་དེ་ལས་རང་གིས་ནུས་པ་ཆེ་འདུག་མཁན་ཞིག་ཡིན་ནའང་ཕ་རོལ་པོ་དེ་ལོ་རྒན་པོ་ཡིན་པར་རྒྱུ་མཚན་དུ་བྱས་ཏེ་རྒན་པོ་དེ་ཚོ་ལ་གུས་པར་བྱེད་དགོས་རེད་གསུངས་པ་རེད། དེ་ཡིན་དུས་ལོ་རྒས་པོ་སུ་འདྲ་ཞིག་ཡིན་ནའང་རིག་ན་འཛུམ་གྱིས་བསུ། རྒན་པོ་དེ་འགྲོ་ན་སྔུན་དུ་མངགས། འདུག་ན་གོང་དུ་བཞག །ལངས་མི་ཐུབ་མཁན་ཞིག་ཡོད་ན་སློང་རོགས་བྱེད། འགྲོ་མི་ཐུབ་མཁན་ཞིག་འགི་ན་སྐྱོ་རོགས་བྱེད་རྒྱུ་ལ་སོགས་པ་དེ་ཚོའི་རོགས་པར་བྱེད། གུས་པར་བྱེད། བརྩི་བཀུར་བྱས་པ་ཡིན་ན་འཇིག་རྟེན་གྱི་མི་ཡ་རབས་ཟེར་རྒྱུའི་འགྲོ་སྟངས་དང་ཡ་རབས་ཀྱི་སྤྱོད་པ་རེད་འདུག་ལེ་རེད་དུས་དཔེ་གལ་ཆེན་པོ་རེད་བསྡད་ཡོད་རེད། དེ་ནི་ལོ་ཆེ་སི་ཆེ་ནས་རང་གི་ལུས་པོའི་རྩ་དང་ཁམས་དེ་མར་འགྲིབ་ནས་ཉམས་འགྲོ་སི་ཡོད་རེད། དེས་ན་ལོ་རྒས་པོ་ཚོ་ཡིན་ནའང་སེམས་ཇེ་ཆུང་ཇེ་ཆུང་འདྲ་ཞིག་མང་ཆེ་བ་དེ་རེད་ནས་དགའ་རྩ་སྡུག་མགྱོགས་ཆེན་པོ་ཞིག་རེད་འགྲོ་སི་ཡོད་རེད། དེ་ཡིན་དུས་རྒས་པོའི་སེམས་སྲུང་རྒྱུ་དེ་དཔེ་གལ་ཆེན་པོ་རེད། ལོ་ཉུང་ཚོས་ཡིན་གཅིག་མིན་གཉིས་མི་རྒས་པོ་ཚོ་ལ་ཨི་དགའ་བལྟ། མི་རྒས་པོ་ཚོའི་སེམས་དེ་སྲུང་དགོས་རེད། ལོ་ཉུང་ཚོ་ཡིན་ནའང་རྒས་ལོང་ཡོད་ན་ནི་རྒས་འོང་རྒྱུ་ཡོད་ལེ་རེད། ང་རང་ཚོས་ཚེ་རིང་པོ་ཞིག་འདུག་ཨི་ཐུབ་བལྟ་ནས་རེ་བ་བྱེད་འདུག་སི་ཡོད་རེད། ཚེ་རིང་པོ་ཞིག་འདུག་དགོས་དུས་རྒས་པོའི་ལམ་དེ་མ་གཏོགས་འགྲོ་ས་ཡོད་མ་རེད། དེས་ན་རྒས་པོ་ཚོའི་སེམས་སྲུང་རྒྱུ་དེ་ངོ་མ་གལ་ཆེན་པོ་རེད་བསྡད་ཡོད་རེད། དེ་མི་ཆོས་གཙང་མ་བཅུ་དྲུག་གི་ནང་ནས་རིགས་མཐོ་བ་དང་རྒན་པར་བཀུར་སྟི་ཆེ་བ་ཟེར་བའི་དོན་ཚན་ལྔ་པ་དེ་རེད།   མུ་འགོད།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*