༧ གོང་མ་ཁྲི་ཆེན་མཆོག་གི་མཚན་ཆ་ཚང་གི་བསྟོད་པ་ཐོར་བུ།

༧འཇམ་མགོན་བདག་ཉིད་ཆེན་པོ་ས་སྐྱ་གོང་མ་ཞེས་མཚན་ཡོངས་སུ་གྲགས་པའི་བླ་མ་དེ་ལ་བསྟོད་པ་ཐོར་བུ་འགའ་ཞིག་འདི་ལྟར།

 

 

ངག་དབང་སྒྱུ་འཕྲུལ་ལྷ་རིགས་འཁོན་གྱི་གདུང༌། །
འགྲོ་ཀུན་དགའ་མཛད་ཐེག་ཆེན་མདོ་སྔགས་ལམ། །
ཕན་བདེའི་དཔལ་དུ་འབར་བའི་ཕྲིན་ལས་ཅན། །
བསམ་འཕེལ་དབང་གི་རྒྱལ་པོ་ཞབས་བརྟན་གསོལ། །
ཞེས་ངག་བློ་རིན་པོ་ཆེས་སོ། །
ངག་གི་དབང་ཕྱུག་ཀུན་དགའ་རྒྱལ་མཚན་བཞིན། །
ཐེག་ཆེན་ཆོས་ཀྱི་གཟི་དཔལ་འབར་བའི་སྒྲོན། །
མུན་པའི་སྨག་དུ་འདེགས་པའི་ཕྲིན་ལས་ཅན། །
བསམ་འཕེལ་དབང་གི་རྒྱལ་པོ་ཞབས་བརྟན་གསོལ། །
ཞེས་སྤྲུལ་སྐུ་རྡོ་རྗེ་གདན་པས་སོ།།
ངག་དབང་མཁས་ཀུན་དགའ་བའི་མཁྱེན་རབ་དང༌། །
ཐེག་ཆེན་སྙིང་རྗེ་ཆེན་པོའི་དཔལ་འབར་ཞིང༌། །
འགྲོ་ལ་འདོད་རྒུ་སྩོལ་བའི་ཕྲིན་ལས་ཅན། །
བསམ་འཕེལ་དབང་གི་རྒྱལ་པོའི་ཞབས་ལ་འདུད། །
ཞེས་མཁན་ཆེན་བདེ་བར་གཤེགས་པ་ཨ་པད་རིན་པོ་ཆེ།
རྒྱལ་བའི་ཡེ་ཤེས་སྐུ་ཅན་ངག་གི་དབང༌། །
འགྲོ་ཀུན་དགའ་བའི་ཐེག་ཆེན་ཆོས་ཚུལ་གྱིས། །
ཕན་བདེ་དཔལ་དུ་འབར་བའི་ཕྲིན་ལས་ཅན། །
བསམ་འཕེལ་དབང་གི་རྒྱལ་པོ་ཞབས་བརྟན་གསོལ། །
ཞེས་མཁན་ཆེན་བདེ་བར་གཤེགས་པ་ཀུན་དགའ་དབང་ཕྱུག་གིས་སོ།
ངག་གི་དབང་པོ་ས་ཆེན་བསྟན་པའི་བདག །
འགྲོ་ཀུན་དགའ་བའི་ཐེག་ཆེན་དཔལ་འབར་ཞིང༌། །
ཕྲིན་ལས་རྒྱ་ཆེན་བསམ་ཡས་འཕེལ་མཛད་པ། །
འཛམ་གླིང་དབང་གི་རྒྱལ་པོ་ཞབས་བརྟན་གསོལ། །
ཞེས་གྲའུ་མེརྒན་སྤྲུལ་སྐུས་སོ།།
ངག་དབང་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཡི། །
རིགས་ཀྱི་སྲས་གྱུར་སྐལ་ལྡན་ཀུན་གྱི་གཉེན། །
ཐེག་ཆེན་དཔལ་དུ་འབར་བའི་ཕྲིན་ལས་ཅན། །
བསམ་འཕེལ་དབང་གི་རྒྱལ་པོ་ལ་ཕྱག་འཚལ། །
ཞེས་མཁན་པོ་སངས་རྒྱས་ཆོས་འཕེལ་གྱིས་སོ།།
ངག་གི་དབང་ཕྱུག་རྣམ་རོལ་ཀུན་དགའ་ཞིང༌། །
ཐེག་ཆེན་བསྟན་པའི་ངོ་མཚར་དཔལ་དུ་འབར། །
ཕྲིན་ལས་ཕྱོགས་མེད་བསམ་འཕེལ་དབང་གི་རྒྱལ། །
མ་འདྲིས་སྐྱེ་རྒུའི་མགོན་པོ་འཚོ་བཞེས་གསོལ། །
ཞེས་རྫོང་གསར་མཁན་པོ་ངག་དབང་རྒྱལ་མཚན་གྱིས་སོ།།
སྐུ་ཡི་མཚན་དཔེའི་གཟི་བྱིན་རབ་ཏུ་འབར་བའི་བདེར་གཤེགས་ངག་དབང་དཔལ།།
གསུངས་དབྱངས་ཡན་ལག་དྲུག་ཅུས་ཀུན་དགའ་ཐེག་ཆེན་དཔལ་འབར་རབ་ཏུ་བརྗིད།།
ཐུགས་ནུས་དགོངས་པའི་ཆོས་དབྱིངས་སྤྲོས་བྲལ་བདེན་པའི་བསམ་འཕེལ་དབང་གི་རྒྱལ།།
༧ སྟོན་པ༧སྐྱབས་གཅིག་འཁོར་ལོའི་མགོན་པོ་ས་སྐྱ་གོང་མ་ཞབས་བརྟན་གསོལ།།
ངག་དབང་ལྷ་རིགས་མངོན་གྱུར་དམ་པའི་སྐུ།།
ཐེག་ཆེན་མདོ་སྔགས་དྲུག་ཅུའི་སྒྲ་དབྱངས་ཅན།།
ཆོས་ཀུན་སྒྱུ་མའི་ཇི་སྙེད་མཁྱེན་པའི་བདག།
མི་ཤིགས་རྡོ་རྗེའི་ཁམས་སུ་ཞབས་བརྟན་གྱུར་ཅིག།
ཞེས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཀྱིས་སོ།
ངག་གི་དབང་ཕྱུག་ཀུན་དགའི་བསྟན་པ་ལ། །
ཐེག་ཆེན་དཔལ་དུ་འབར་བའི་འོད་སྣང་གི །
ཕྲིན་ལས་བསམ་འཕེལ་ནོར་བུའི་རྗེས་འགྲོ་བའི། །
དཔལ་ལྡན་དབང་གི་རྒྱལ་པོ་ཞབས་བརྟན་གསོལ། །
ངག་གི་དབང་ཕྱུག་འགྲོ་ཀུན་དགའ་བའི་དཔྱིད། །
ཐེག་ཆེན་བྱང་ཆུབ་སེམས་ཀྱི་དཔལ་འབར་ཞིང༌། །
ཕྲིན་ལས་བསམ་འཕེལ་ནོར་བུའི་རྗེས་འགྲོ་བ། །
མཚུངས་མེད་དབང་གི་རྒྱལ་པོ་འཚོ་བཞེས་གསོལ། །
ངག་ལ་དབང་བ་ཀུན་དགའ་རྒྱལ་མཚན་བཞིན། །
ཐེག་ཆེན་བསྟན་པ་གསལ་ལ་དཔལ་འབར་བཞིན། །
ཕྲིན་ལས་འགྲོ་ལ་ནོར་བུ་བསམ་འཕེལ་བཞིན། །
དགོས་འདོད་སྩོལ་ལ་དབང་གི་རྒྱལ་པོ་བཞིན། །
དེ་ལྟའི་འདོད་འབྱུང་ཡིད་བཞིན་མ་ཎི་ཀ །
སྐྱེས་མཆོག་ཁྱེད་ཀྱི་སྐུ་ཚེ་མཛད་ཕྲིན་རྣམས། །
མི་ཉམས་དབྱར་མཚོ་བཞིན་དུ་རྒྱས་པ་དང༌། །
ཡང་ངོས་ཟླ་བའི་དཔལ་དང་མཚུངས་པར་སྨོན། །
ཞེས་པ་ཁ་སྟག་མཁན་པོ་ཚུལ་ཁྲིམས་དཔལ་ལྡན་གྱིས་སོ།།
ངག་ལ་དབང་འབྱོར་འགྲོ་ཀུན་དགའ་བའི་དཔྱིད། །
མདོ་སྔགས་ཐེག་ཆེན་ཆོས་ཚུལ་དཔལ་དུ་འབར། །
ཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་ཅན། །
མི་ཤིགས་རྡོ་རྗེའི་ཁམས་ལྟར་བརྟན་གྱུར་ཅིག །
ཞེས་ནང་ཆེན་སློབ་དཔོན་རྣམ་རྒྱལ་གྱིས་སོ།།
༼༧ སྐྱབས་མགོན༧ གོང་མ་རིན་པོ་ཆེ་མཆོག་གི་མཚན་ཆ་ཚང་ཡོད་པའི་བསྟོད་ཚིག་ཡོད་མཁན་ཁ་ཅིག༽

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*