བཅོས་སུ་མེད་པའི་ལྷན་སྐྱེས་ཀྱི་གདུང་འབོད།

ཀུན་གསལ་མཚན་དཔེ་བཟང་པོའི་ཟློས་གར་སྲིད་འདིར་ཡང་ཡང་བསྒྱུར།།
མ་བཅོས་སྟོང་གཟུགས་བདུན་ལྡན་ཉི་ཟླ་ཟུང་གི་དཔལ་དུ་བཞེད།།
འགྲོ་འདུལ་དྲི་བྲལ་འོད་ཟེར་ཟེགས་མ་ཕྱོགས་ཀུན་རབ་ཏུ་འཕྲོ།།
ཟུང་འཇུག་སྐུ་བཞིའི་བདག་ཉིད་རྡོར་རིལ་གཙུག་རྒྱན་གྲགས་རྒྱལ་འདུད།།

རྒྱལ་བས་མདོ་རྒྱུད་ཀུན་ལས་ལུང་བསྟན་པ།།
མདོ་རྒྱུད་མན་ངག་རྒྱ་མཚོའི་ཕ་མཐར་སོན།།
གངས་ཅན་སྔགས་འཆང་ཀུན་གྱི་གཙུག་རྒྱན་པ།།
རྗེ་བཙུན་གྲགས་པ་རྒྱལ་མཚན་ཞབས་ལ་འདུད།།

སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་གདམས་ངག་བཅུད།།
བརྩེ་ཆེན་ཆུ་འཛིན་གཞོན་ནུས་ཉེ་བར་འཁྱུད་པས།།
རྒྱལ་བསྟན་ཕྱོགས་བཅུར་སྤེལ་བའི་སྔགས་འཆང་པ།།
རྡོར་དྲིལ་གཙུག་རྒྱན་གྲགས་པ་རྒྱལ་མཚན་རྒྱལ།།

རབ་འབྱམས་རྡུལ་སྙེད་དག་པའི་ཞིང་ཁམས་ནས།།
ཐུགས་བརྩེ་སྤྱན་གྱིས་འགྲོ་དྲུག་བུ་ལྟར་དགོངས།།
ཁྱད་པར་ས་འཛིན་དཀར་པོའི་རྒྱལ་བསྟན་འདིར།།
ཐུགས་བསྐྱེད་ཀློང་ནས་རྟག་བརྟན་དངོས་གྲུབ་སྩོལ།།

སྙིགས་དུས་དགུ་ཚོགས་འཛིངས་པའི་མལ་དུ་རྒུད།།
རང་བྱུང་ཉེར་འཚེ་རྒོད་པའི་སྨག་རུམ་ཚོམས།།
༧ རྗེ་བཙུན་དམ་པས་ཟླ་དཀར་དགྱེས་པའི་ཞལ།།
སངས་པའི་ཞི་བདེ་ཉི་གཞོན་འཆར་ལ་རན།།

ཁྱད་པར་ས་འཛིན་དཀར་པོའི་ཆོས་སྲིད་འདིར།།
འགྲོ་དྲུག་ངོམས་མེད་མྱོང་བའི་ཆོས་སྐལ་བཅུད།།
བཤད་སྒྲུབ་གདུགས་དཀར་ཐུབ་བསྟན་ཕྱོགས་ཀུན་ཏུ།།
མཐོང་སྨོན་འཛམ་གླིང་བདེ་བའི་དཔལ་དུ་སྒྲེང་།།

སྐྱབས་གསུམ་བླ་མའི་ཐུགས་རྗེ་བྱིན་རླབས་མཐུས།།
རྒྱལ་བསྟན་སྤྱི་དང་བྱེ་བྲག་བརྩེ་ཆེན་པའི།།
ས་དཀར་ལུགས་ཟུང་ཆོས་སྲིད་མངའ་ཐང་རྒྱས།།
བསྟན་སྲུང་ལྷ་བརྒྱད་རྣམས་ཀྱིས་སྡོངས་གྲོགས་མཛད།།

མདོར་ན་ས་ཆེན་ཡངས་པའི་སྐྱེ་འགྲོ་ཀུན།།
རང་སེམས་ཞི་བདེ་བག་ཕེབས་ཡངས་པོ་ནས།།
ཆོས་སྤྱོད་དགེ་བཅུའི་ལོངས་སྤྱོད་བདེ་དགའ་དང་།།
ཚེ་བསོད་རྫོགས་ལྡན་གསར་པའི་དཔལ་ལ་སྤྱོད།།

འཛམ་གླིང་སྐྱེ་འགྲོ་བདེ་བའི་སྨོན་ལམ་དང་།།
ས་འཛིན་དཀར་པོའི་ཆོས་སྲིད་མངའ་ཐང་རྒྱས།།
༧རྗེ་བཙུན་སྔགས་འཆང་གྲགས་པས་བདེན་བྱིན་གྱིས།།
ལྷུན་གྲུབ་དགེ་ལེགས་འགྲོ་བའི་དཔལ་དུ་སྩོལ།།

༧ རྡོ་རྗེ་འཛིན་པ་ཀུན་གྱི་གཙུག་རྒྱན་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་མཆོག་ནི་འདི་ལོ་སྤྱི་ལོ་༢༠༡༦ དང་རབ་བྱུང་བཅུ་བདུན་པ་མེ་སྤྲེལ་གྱི་ལོའི་ཟླ་བ་གཉིས་པའི་ཚེས་བཅུ་གཉིས་ཀྱི་ཉིན་འདིར་༧རྗེ་བཙུན་རིན་པོ་ཆེ་སྐུ་མྱ་ངན་ལས་འདས་ནས་ལོ་༨༠༠ འཁོར་བའི་ཉིན་མོ་འདི་ནི་དམ་པ་ཁོང་གི་བཀའ་དྲིན་རྗེས་དྲན་ཕྱིར་དུ་གུས་པ་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཀྱིས་སྔ་དྲོར་སྦྱར། ༢༠༡༦/༣/༢༠

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*