སྐྱབས་མགོན་བདག་ཆེན་འཇིགས་བྲལ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པ།

༄༅། །དཔལ་ས་སྐྱའི་༸གོང་མ་བདག་ཆེན་འཇིགས་བྲལ་རིན་པོ་ཆེ་མཆོག་ད་ལོ་དགུང་གྲངས་ ༨༨ ལ་ཕེབས་ཀྱི་ཡོད། སྔོན་ནས་བསྙུན་ཚུལ་ཅུང་ཟད་བཞེས་པའི་སྐབས་སུ་སྐྱབས་རྗེ་རྫོང་གསར་མཁྱེན་རྩེ་རིན་པོ་ཆེ་ཆེད་ཕེབས་ཀྱིས་མཁའ་འགྲོ་མ་འཆི་མེད་འཕགས་མ་སྙིང་ཐིག་གི་སྒོ་ནས་མཁའ་འགྲོའི་བསུན་ཟློག་གི་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུས་པ་དང་། དེ་རྗེས་མཚན་མཆོག་གསུམ་ལྡན་དཔལ་ས་སྐྱ་༸གོང་མ་༸ཁྲི་འཛིན་རིན་པོ་ཆེ་མཆོག་ཆིབས་བསྒྱུར་དང་འབྲེལ་བླ་མ་ཞི་ཁྲོའི་སྒོ་ནས་བརྟན་བཞུགས་ཟབ་རྒྱས་བསྟར་འབུལ་མཛད། རྗེ་དེ་ཉིད་ས་སྐྱ་༸གོང་མ་༸ཁྲི་འཛིན་རིན་པོ་ཆེ་མཆོག་ཨ་རིར་ཆིབས་བསྒྱུར་བསྐྱངས་དང་སྐྱོང་བཞིན་པའི་སྐབས། སྤྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༩ ཉིན་ངོ་མཚར་བའི་རྟགས་མཚན་དུ་མ་དང་བཅས་དགོངས་པ་ཆོས་དབྱིངས་སུ་རྫོགས་པའི་ཚུལ་བསྟན་མཛད། དེ་ནས་ཉིན་གྲངས་བཞིའི་རིང་གསང་རྒྱ་མཛད། ད་ལྟ་ཕོ་བྲང་གཉིས་ཀྱི་གསང་རྒྱ་གྲོལ་ཏེ་མགོན་པོ་མཆོག་ཐུགས་དམ་དུ་བཞུགས་བཞིན་པ་རེད། དེ་ཡང་ས་སྐྱ་ཁྲི་འཛིན་༸གོང་མ་རིན་པོ་ཆེ་མཆོག་གིས་བསྩལ་གནང་བའི་གསུང་འཕྲིན་རིན་པོ་ཆེའི་ནང་ “ད་ལྟ་ཐུགས་དམ་ངོ་མཚར་ཅན་མཇལ་བ་ཙམ་གྱིས་དད་གསུམ་དབང་མེད་དུ་འཕྲོ་བ་ཞིག་བཞུགས་བཞིན་པ་དང་། ངོས་རང་ད་ལྟ་ཡང་ཨ་རིར་ཡོད་བཞིན་པ་བཅས་མ་བསྒྲིགས་ལྷུན་འགྲུབ་དམ་ཚིག་གཙང་མའི་དགེ་མཚན་མངོན་དུ་གྱུར་པ་ཡིན།” བཅས་བཀའ་གནང་འདུག ད་ལྟ་ས་སྐྱ་༸གོང་མ་རིན་པོ་ཆེ་མཆོག་གི་དབུ་བཞུགས་ཐོག་གདུང་སྲས་རྣམ་པ་དང། མཁན་བླ་འདུས་མང་ནས་མདུན་མཆོད་འབུལ་བཞིན་པ་དང་། མགོན་པོ་མཆོག་ཐུགས་དམ་གྲོལ་མཚམས་སྐུ་གདུང་བཞུགས་འབུལ་གནང་འཆར་ཡོད་པ་རེད།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*