གདུང་རབས་འདོད་དགུའི་རྒྱ་མཚོ།

        དཔལ་ལྡན་ས་སྐྱའི་གདུང་རབས་འདོད་དགུའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །


   སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན།

ན་མོ་མཉྫུ་ཤྲཱི་ཡེ། དཔལ་ལྡན་ས་སྐྱ་པའི་འཁོན་གྱི་གདུང་རབས་འདོད་དགུའི་རྒྱ་མཚོ་ཞེས་བྱ་བ། འཇམ་པའི་དབྱངས་ཀྱི་ཕྲིན་ལས་ཆོས་འབྱོར་འགྲན་ཟླ་དང་བྲལ་བ་རྣམས་ལ་གུས་པས་ཕྱག་འཚལ་ལོ།།ཕུན་ཚོགས་ཚོགས་གཉིས་རིན་ཆེན་བྱེ་བའི་དཔལ་གྱིས་བསྒྲུབས། །དོན་གཉིས་གཉིས་མེད་ཡེ་ཤེས་བང་རིམ་མངོན་པར་མཐོ།།ཆོས་རྒྱལ་རྒྱལ་བའི་རི་གླིང་དབུས་ན་ལྷམ་མེ་བ། །ཐུབ་མཆོག་མཆོག་ཏུ་བརྩེ་ཆེན་ལྷུན་པོ་རྒྱལ་གྱུར་ཅིག།དགེ་ལེགས་ཆུ་ཀླུང་མཐའ་དག་ཀུན་ནས་འཁྱིལ། །ཡོན་ཏན་བསམ་འཕེལ་ནོར་བུས་ལྷག་པར་བལྟམས། །ལེགས་བཤད་དབུ་མའི་འཛུམ་དཀར་རོལ་པ་ཅན།།མཚོ་ཆེན་གཞོན་ནུའི་གཟུགས་ཅན་འཇམ་དབྱངས་རྒྱལ། །མགོན་དེའི་ཐུགས་རྗེའི་ཆུ་འཛིན་འཐུག་པོ་ལས།།མཁྱེན་རྩེའི་ཀློག་ཕྲེང་གསར་པས་མཁའ་ངོས་འགེངས། །ལེགས་བཤད་སྙན་པའི་འབྲུག་སྒྲས་ས་གསུམ་བསྐྱོད།།ཕུན་ཚོགས་དཔལ་འབྱོར་ཆར་ཆེན་གཡོས་པ་ཡིས། །ཕན་བདེའི་སྐྱེད་ཚལ་མཐའ་དག་རྒྱས་མཛད་པས། །ས་སྟེང་འདི་ན་འགྲན་ཟླ་བྲལ་ལོ་ཞེས།།ཤར་ཕྱོགས་རྒྱ་མཚོའི་མཐས་བཏུགས་སྐྱེ་རྒུ་ཡིས། །ཞབས་པད་སྤྱི་བོར་བསླངས་པའི་ས་སྐྱ་པ།།དྲི་མེད་འཁོན་གྱི་གདུང་རྒྱུད་རིམ་པ་ལ། །སྒོ་གསུམ་གུས་པ་ཆེན་པོ་ཕྱག་བཙལ་ནས། །དེ་ཡི་གདུང་རབས་རྣམ་པར་ཐར་པ་རྣམས།།འདུས་གསལ་གོ་བདེར་འཆད་ལ་སྤྲོ་བར་གྱུར། །ལ་ལས་ཡོན་ཏན་ཡོད་ཀྱང་བརྗོད་མི་ཤེས། །ཁ་ཅིག་རྗོད་ཚུལ་མཁས་ཀྱང་བརྗོད་བྱས་སྟོངས།།དེང་འདིར་བརྗོད་བྱ་རྗོད་བྱེད་མཚུངས་བྲལ་ཕྱིར། །མཁས་རྨོངས་མཐའ་དག་དགའ་བ་ཅིས་མི་སྐྱེ།།
དེ་ཡང་ཐོག་མར་གླེང་བསླང་ཞིང་འབྲེལ་བཙལ་བའི་ཕྱིར་དུ་སངས་རྒྱས་ཀྱི་བསྟན་པའི་གནས་ཚད།དེ་ལས་སྔར་འདས་ལྷག་ལུས་ཀྱི་རྣམ་གཞག་བསྟན་རྩིས་སུ་གྲགས་པ་བརྗོད་པར་རིགས་པ་ལས། རྒྱས་པར་གཞན་དུ་བརྗོད་ཟིན་པས་འདིར་མདོར་བསྡུས་ཤིག་བརྗོད་ན།གནས་ཚད་ནི་མདོ་སྡེ་གཞན་དུ་ལོ་སྟོང་དང་། ཕྱེད་དང་ཉིས་སྟོང་དང་། སུམ་སྟོང་སོགས་སུ་བཤད་པ་ཡོད་ཀྱང་།རྟོགས་པའི་བསྟན་པ་དང་། བསྟན་པ་ཡོངས་རྫོགས་ལ་དགོངས་པ་དང་། སྔར་ཀོའུ་ཤཾ་བྷིར་བསྟན་པ་བསྡུད་ཐེངས་གཅིག་བྱུང་བ་ལྟ་བུ་ཡུལ་ཁྱད་པར་བ་རྣམས་སུ་བསྟན་པ་བསྡུས་པ་སོགས་ལ་དགོངས་པར་གསལ་ལ།ལུང་ཕྲན་ཚེགས་དང་། སངས་རྒྱས་དྲིན་ལན་གསབ་པའི་མདོ་སྟེ། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ།སློབ་དཔོན་འཇམ་དཔལ་གྲགས་པ་དང་། འབུམ་ཊཱིཀ་མཁན་པོ་སྟེ། བསྟན་བཅོས་མཁན་པོ་གཉིས་རྣམས་མཐུན་པར་ལོ་ལྔ་སྟོང་དུ་གནས་པ་ལ་ལྔ་བརྒྱ་པ་ཕྲག་བཅུར་ཕྱེ་ནས།དགྲ་བཅོམ་པ་དང་ཕྱིར་མི་འོང་དང་། ཕྱིར་འོང་རྒྱུན་ཞུགས་ཏེ་འབྲས་བུ་ལ་གཙོ་བོར་སྤྱོད་པས་འབྲས་བུའི་དུས་ཀྱི་ཕྲག་གསུམ་དང་།ཤེས་རབ། ཏིང་ངེ་འཛིན། ཚུལ་ཁྲིམས་གསུམ་ལ་སྤྱོད་པས་སྒྲུབ་པའི་གསུམ། མདོ་སྡེ། མངོན་པ།འདུལ་བ་གསུམ་ལ་སྤྱོད་པས་ལུང་གི་གསུམ། ཐ་མ་རྟགས་ཙམ་འཛིན་པ་དང་བཅུར་མཛད་ལ་དུས་འཁོར་ན་དངོས་སུ་མི་གསལ་ཡང་དོན་གྱིས་ཐོབ་པ།ཀླ་ཀློས་ཉམས་པར་མ་བྱས་ཀྱི་བར་ལ། ཆོས་རྒྱལ་ཤཱཀ་རིགས་དྲུག རིགས་ལྡན་ཉི་ཤུ་རྩ་ལྔ། དྲག་པོ་འཁོར་ལོ་ཅན་ཏེ།སོ་གཉིས་ཀྱིས་ལོ་བརྒྱད་བརྒྱར་ཆོས་བསྟན་པས་སུམ་སྟོང་ཉིས་བརྒྱ། འཁོར་ལོ་ཅན་གྱིས་ཀླ་ཀློ་བཅོམ་ནས།སྟོང་བརྒྱད་བརྒྱ་བསྡོམས་པས་ལྔ་སྟོང་དུ་ངེས་ལ། དེ་གཉིས་ལ་སྔ་དར་ཕྱི་དར་གྱི་ཐ་སྙད་ཀྱང་བྱར་རུང་ངོ་།།དེ་ལས་སྔར་ཇི་ཙམ་འདས་ན་ཡོངས་གྲགས་དང་དུས་འཁོར་ལུགས་གཉིས་མི་མཐུན་ཏེ། སྔ་མ་ལྟར་ན་སུམ་སྟོང་དྲུག་བརྒྱ་དང་གཅིགཕྱི་མ་ལྟར་ན་ཉིས་སྟོང་དང་གསུམ་བརྒྱ་ཞེ་གསུམ། འདས་མ་ཐག་པའི་མེ་ཕོ་ཁྱི་ལོ་ཡན་ལ་འདས་པའི་ཕྱིར་རོ།།འདི་གཉིས་ལ་ལོ་སྟོང་དང་ཉིས་བརྒྱ་བདུན་གྱི་ཁྱད་པར་བྱུང་བས་གང་རུང་གཅིག་མ་དག་པར་གསལ་ལ།དེ་ཡང་དུས་འཁོར་ལུགས་ནི། རྒྱལ་བ་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ན་འཇམ་དཔལ་གྲགས་པ་བྱོན་པ་དང་།དེས་ལོ་བརྒྱར་རྩ་རྒྱུད་བསྟན་ནས། པད་དཀར་ལ་གདན་ས་གཏད། དེ་ནས་ལོ་བརྒྱད་བརྒྱ་ན་ཀླ་ཀློ་བྱུང་བ་དང་།དེ་ནས་ད་ལྟའི་བར་ས་རིས་ལ་འཆར་བའི་ལུང་དང་། དེ་ལས་ལོ་གཅིག་གི་མང་ཉུང་བྱས་ན་ཡང་མིག་སྐར་དང་གཟས་འཛིན་མི་འགྲིག་པ་སོགས་ཀྱི་རིགས་པས་གྲུབ་པས་འཐད་ལྡན་ཡིན་ཞིང་།པཎ་ཆེན་ཤཱཀྱ་ཤྲཱི་དང་། བཅོམ་ལྡན་རིགས་རལ་ཡང་འདི་ཉིད་འཐད་ལྡན་དུ་བཞེད་དོ། །ལུགས་སྔ་མ་ནི།ཆོས་རྗེ་ས་པཎ་བཞེད་དེ། པཎ་ཆེན་ཤཱཀྱ་ཤྲཱིས་མཛད་པ་དེ། རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་རྒྱུ་ཆ་སྤུངས་ནས་བཞག་པ་རྣམས་ལ་རང་བྱོན་དུ་བྱོན་པའི་ནུབ་མོ་ནས་བགྲངས་པའི་ཞག་གྲངས་ལོ་གྲངས་ཡིན་པས།རྒྱ་བོད་ཀྱི་མཁས་པ་གཞན་རྣམས་ལུགས་སྔ་མ་བཞེད་དོ་ཞེས་གསུང་ལ། འདིའི་ལུགས་ཀྱི་ཐུབ་པ་ས་ཕོ་འབྲུག་ལོ་པར་མཛད།ཇོ་བོ་ཆེན་པོ་ཡང་། དེ་ལས་ལོ་བཞིས་སྔ་བའི་ཤིང་ཕོ་བྱི་བ་ལ་སངས་རྒྱས་འཁྲུངས་པར་མཛད་ནས་དེ་དང་མཐུན་ཤས་ཆེ་བར་སྣང་བས།ལུགས་དེ་བཞེད་པ་པོ་ནི་ཚད་ལྡན་རྩོད་མེད་དུ་འདུག་མོད་ཀྱི། དུས་འཁོར་དང་འགལ་བར་མ་ཟད་པའི་གནོད་བྱེད་མང་དུ་སྣང་བས་ན།འཇིག་རྟེན་རྣམས་སྐྱོ་བ་བསྐྱེད་ཀྱི་དགོངས་པ་དང་། རྒྱ་གར་ན་བགྲོད་པ་རེ་ལ་ལོ་རེར་བྱེད་པ་ཡུན་རིང་དུ་བྱུང་སྣང་བས་དེ་དགོངས་གཞིར་མཛད་པའི་དྲང་དོན་དུ་མཛད་པར་གསལ་སྟེ།རྒྱལ་བ་ཉིད་ཀྱིས་ཀྱང་། སྟོན་པའི་བསྟན་པ་ཡང་ཡུན་རིང་དུ་མི་གནས་སོ་ཞེས་དང་། མཁས་མཆོག་དབྱིག་གཉེན་གྱིས་ཀྱང་།དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི། །ལྐོག་མར་སྲོག་ཕྱིན་འདྲ་དང་ཞེས་སོགས་གསུངས་པ་བཞིན་དང་།གནོད་བྱེད་ཇི་ལྟར་ཡོད་སྙམ་ན། རྒྱ་གར་གྱི་རྒྱལ་རབས་ལས། རྒྱལ་བ་འདས་ནས་ལོ་བརྒྱ་དང་བཅུ་ནི་ཆོས་རྒྱལ་མྱ་ངན་མེད་བྱོན་ཞིང་།དེ་རྗེས་རྒྱལ་པོ་ཙནྡྲའི་མིང་ཅན་བདུན་དང་། པཱ་ལའི་མིང་ཅན་བདུན་དང་། སེ་ནའི་མིང་ཅན་བཞི་ལ་སོགས་པ་བྱུང་བར་བཤད་པའི་ཙནྡྲ་བདུན་དང་།གོ་མི་ཙནྟྲ་ནི། ཛ་ལན་དྷ་ར་པའི་སློབ་མར་བཤད་ལ། དེ་ནི་དྲིལ་བུ་པའི་དངོས་སློབ་རུས་སྦལ་ཞབས་ཀྱི་དངོས་སློབ་ཡིན་པར་དང་།རྒྱལ་པོ་དེའི་བུ་རྒྱུད་བཙུན་མོ་ཀླུ་རུ་སྐྱེས་པ་གཅིག་གིས་ཟོས་ནས། རྒྱལ་པོ་རེ་མོས་བྱེད་དགོས་པ་བྱུང་བའི་ཚེ།བ་ལང་རྫི་གཅིག་གིས་རེ་མོས་ལ་ཀླུ་མོ་ཐུལ་ནས་དེས་རྒྱལ་པོ་ཡུན་རིང་བྱས་པ་ནི་པཱ་ལ་དང་པོ་གོ་པཱ་ལ་ཡིན།དེའི་དུས་སུ་གྲུབ་ཆེན་ལྭ་བ་པས་གྲུབ་པ་ཐོབ་ནས། ད་བྱ་བ་གང་བྱས་ན་བསྟན་པ་ལ་ཕན་གཟིགས་པས།དགེ་འདུན་གྱི་སྡེ་བཙུགས་ན་ཕན་པར་གཟིགས་ནས། རྒྱལ་པོ་གོ་པཱ་ལའི་སྲས་སུ་བསམས་བཞིན་དུ་སྐྱེ་བ་བཞེས་ནས།བི་ཀ་མ་ལའི་ཆོས་སྡེ་འཛུགས་པ་པོ་ནི། པཱ་ལ་གཉིས་པ་དྷརྨ་པཱ་ལ་ཡིན། ལྭ་བ་པ་ཡང་དྲིལ་བུ་ཞབས་སོགས་དང་དུས་མཉམ།དྷརྨ་པཱ་ལ་དང་། བོད་ཀྱི་ཆོས་རྒྱལ་སད་ན་ལེགས་དུས་མཉམ་པར་ཡར་ལུང་བང་པོའི་འགྲམ་གྱི་རྡོ་རིང་ལ་བྲིས་ཡོད་པར་གྲགས་པས།རྒྱ་གར་གྱི་རྒྱལ་པོ་དགུའི་རིང་ལ་ལོ་ཕྱེད་དང་སུམ་སྟོང་འགྲོ་བ་མི་རིགས་པའི་ཕྱིར་ན། རྒྱ་ཧོར་གྱི་རྒྱལ་རབས་རྣམས་ལས་སངས་རྒྱས་སུམ་ཅུ་རྩ་གསུམ་དུ་བྱོན་ནས་ཡུམ་ལ་ཆོས་སུ།ལྷ་ཡུལ་དུ་དབྱར་གནས་ཟླ་བ་གསུམ་བཞུགས་པའི་རིང་ལ། རྒྱ་གར་རྒྱལ་པོ་རྣམས་ཀྱིས་སྐུ་འདྲ་མང་དུ་བཞེས་པའི་ནང་ནས་ཕྲིན་ལས་ཤིན་ཏུ་ཆེ་བ་ནི།རྒྱལ་པོ་ཨུ་ཏྲ་ཡ་ནས་བཞེངས་པའི་ཙནྡན་ཇོ་བོ། ད་ལྟ་རྒྱ་ཡུལ་ན་བཞུགས་པ་འདི་ཡིན། འདི་བཞེངས་ཚར་ནས་སྟོན་པ་ལྷ་ཡུལ་ནས་ཕེབས་ཏེ་མཇལ་བ་ན།འདིས་བཞེངས་ཏེ་དབུ་བཏུད་པའི་སྤྱི་བོར་སྟོན་པས་ཕྱག་བཞག ང་མྱ་ངན་ལས་འདས་ནས་ལོ་སྟོང་ན།འདིས་རྒྱ་ནག་གི་ཡུལ་དུ་སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ་ཞེས་ལུང་བསྟན། དེ་མཐུན་རྒྱ་ནག་ཏུ་ཕེབས།ཧོར་སེ་ཆེན་རྒྱལ་པོ་རྒྱལ་སར་ཕེབས་ནས་ལོ་ངོ་གསུམ་སོང་བ་ཆུ་མོ་ཕག་ལ་བརྩིས་པས། ཙནྡན་ཇོ་བོ་བཞེངས་ནས་ལོ་ཉིས་སྟོང་བརྒྱ་ང་ལྔ་སོང་།སངས་རྒྱས་འདས་ནས་ལོ་ཉིས་སྟོང་བརྒྱ་སོ་དགུ་ལས་མ་སོང་། དེ་ནས་ཚལ་པ་ཀུན་དགའ་རྡོ་རྗེས་མེ་ཕོ་ཁྱི་ལ་བརྩིས་པས་བརྒྱད་ཅུ་གྱ་བཞི་སོང་།དེ་ནས་ད་ལན་གྱི་མེ་ཕོ་ཁྱིའི་བར་ལ་ལོ་བརྒྱ་དང་ཉི་ཤུ་རྩ་གཅིག བསྡོམས་པས་འདིའི་ལུགས་ལ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་སུམ་བརྒྱ་ཞེ་གསུམ་ལས་མ་སོང་འདུག་པའི་ཕྱིར་དང་།བོད་ཀྱི་རྒྱལ་རབས་དག་པ་རྣམས་ལས། རྗེ་གཉའ་ཁྲི་བཙན་པོ་སངས་རྒྱས་དང་དགུང་མཉམ་གྱི་རྒྱལ་པོ་བཞིའི་ནང་ནས།རྒྱལ་པོ་ཤར་བའི་བུར་བཤད་པ་འཐད་ཅིང་། དེ་ནས་རྒྱལ་རབས་ཉི་ཤུ་རྩ་བདུན་ན། ཐོ་ཐོ་རི་གཉན་བཙན་གྱིས་དགུང་ལོ་ཞེ་གཉིས་བཞེས་པའི་ས་ཕོ་སྤྲེའུའི་ལོ་ལ་དམ་པའི་ཆོས་ཀྱི་དབུ་བརྙེས།ཉེར་བདུན་པོའི་གནམ་གྱི་ཁྲི་བདུན་ལ་སོགས་པ་རྣམས། སྲས་ཀྱིས་ཆིབས་ཁ་འཆུན་པ་ཙམ་ལ་ཡབ་གཤེགས་པ་སོགས་སྐུ་ཚེ་རིང་པོ་ཡང་མ་བྱུང་བར་བཤད་པས།རྒྱལ་པོ་ཉེར་བདུན་གྱི་རིང་ལ་ལོ་ཉིས་སྟོང་ལྔ་བརྒྱ་འགྲོ་བ་མི་རིགས་ཤིང་། དེ་བར་ལ་ལོ་དགུ་བརྒྱ་རེ་དྲུག་ལས་མ་སོང་བར་བཤད་པ་ཡང་འདུག་པས།བུ་མོ་དྲི་མ་མེད་པ་ལུང་བསྟན་པའི་མདོ་ལས། ང་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཆོས་ཡུལ་དུ་དམ་པའི་ཆོས་འབྱུང་ངོ་ཞེས་བཤད་པ་ཡང་འགྱུར་སྐྱོན་དུ་སྣང་བས།སྟོང་དང་སུམ་བརྒྱ་ཞེ་ལྔར་གསལ་བའི་ཕྱིར་དང་། ཐོགས་མེད་སྐུ་མཆེད་རྒྱལ་བ་འདས་ནས་ལོ་སྟོང་དུ་ཉེ་བ་ན་འབྱུང་བར་བཤད་ཅིང་།དབྱིག་གཉེན་གྱིས་སྐུ་ཚེ་རིང་པོ་མ་བཞུགས་པར་མཁས་པ་ལ་གྲགས་ལ། དེ་དང་ཟླ་གྲགས། བིརྺ་པ་རྣམས་དུས་མཚུངས་སུ་འཇུག་འགྲེལ་ལས་བཤད།པཎ་ཆེན་ཤཱཀྱ་ཤྲཱི་བྱོན་ནས་ལོ་ཕྱེད་དང་སུམ་བརྒྱ་སྐོར་ལས་མི་འགྲོ་ཞིང་པཎ་ཆེན་དང་བིརྺ་པའི་བར་ན།སོ་ཐར་སྡོམ་རྒྱུད་ལ། ཡོན་ཏན་བདག་མེད་དང་། ཆོས་ཀྱི་ཕྲེང་བ་དང་། ཞི་བའི་འབྱུང་གནས་སྦས་པ་སྟེ་གསུམ་ལས་མེད།བོད་ཀྱི་ལོ་ཙཱ་བ་འབྲོག་འགོས་དམར་གསུམ་པཎ་ཆེན་ལས་ཅུང་སྔ་ཡང་འགོས་དང་ཟླ་གྲགས་ཀྱི་བར་ན་སློབ་པ་རྡོ་རྗེ།ནག་པོ་སྤྱོད་པ། བཙུན་མོ་ཅན་དང་གསུམ། འབྲོག་མི་དང་། བིརྺ་པའི་བར་ནའང་བཞི་ལས་མེད་པ་སོགས་དང་།དབྱིག་གཉེན་གྱི་དངོས་སློབ་ཐང་ཟིམ་ལོ་ཙཱ་བས། རྒྱ་པ་སྐོང་ཙོ་ཆེན་མོའི་ཡབ་ཐང་ཐའི་ཛུང་གི་རྒྱལ་པོའི་རིང་ལ་རྒྱ་ནག་ཏུ་སེམས་ཅན་གྱི་དོན་བྱས་པར་བཤད་པ་དང་།དབྱིག་གཉེན་གྱི་དངོས་སློབ་གང་སྤེལ་གྱི་སློབ་མ་ཛི་ན་མི་ཏྲས་བོད་ཀྱི་ཀ་ལྕོག་ཞང་གསུམ་དང་ལོ་པཎ་མཛད་ནས་ཆོས་བསྒྱུར་བཤད་མང་དུ་མཛད་པ་རྣམས་ཀྱིས་ཕྱིར་རོ།།དེ་ལྟར་ན། རང་ལུགས་མདོར་བསྡུས་ཚིགས་བཅད་དུ་བརྗོད་ན་འདི་ལྟ་སྟེ། བདག་ཅག་རྣམས་ཀྱི་སྟོན་མཆོག་དེ།།ཤིང་ཕོ་བྱི་བའི་ལོ་ལ་བལྟམས། །ས་མོ་ཕག་ལ་མངོན་སངས་རྒྱས། །རིམ་གསུམ་ཆོས་འཁོར་རྫོགས་པའི་མཐར།།དོན་དགུ་པ་ལ་དུས་འཁོར་གསུངས། །གཞན་དུ་སྨྲ་ལ་གནོད་བྱེད་མང་། །ལོ་གཉིས་བར་དུ་ཟླ་བཟང་གིས།།ཤཾ་བྷ་ལ་རུ་རྩ་རྒྱུད་བསྟན། །འགྲེལ་ཆེན་སྟོང་ཕྲག་དྲུག་ཅུ་པ། །གཞལ་མེད་ཁང་དང་བཅས་པ་མཛད།།དེ་ནས་ཤིང་ཕོ་སྤྲེ་འུ་ནས། །ལྷ་དབང་ལ་སོགས་ཤཱཀྱའི་རིགས། །དྲུག་གིས་ལོ་བརྒྱ་ལོ་བརྒྱར་བསྟན།།སླར་ཡང་ཤིང་ཕོ་སྤྲེའུ་ལ། །རིགས་ལྡན་འཇམ་དབྱངས་གྲགས་པ་ཡིས། །རྩ་རྒྱུད་ལོ་བརྒྱར་བསྟན་པའི་མཐར།།བསྡུས་རྒྱུད་བསྡུས་ནས་སྲས་ལ་གཏད། །པད་དཀར་ལ་སོགས་བརྒྱད་པོ་ཡིས། །བརྒྱ་བརྒྱར་བསྟན་མཐར་ཤིང་སྤྲེལ་ལ།།རྒྱ་མཚོ་རྣམ་རྒྱལ་སྟོན་པ་པོས། །གྱུར་པའི་ལོ་དེར་ཀླ་ཀློ་ཡི། །སྟོན་པ་སྦྲང་རྩིའི་བློ་གྲོས་བྱུང་།།དེ་ནས་དེས་ཀྱང་ལོ་བརྒྱའི་མཐར། །རྒྱལ་ཀས་ཆོས་བསྟན་གྱ་གཉིས་སོང་། །མི་ཟད་ཅེས་བྱ་མེ་ཕོ་ཁྱི།།རྩིས་ཀྱི་ལོ་དག་ཐོག་མ་ཡིན། །དེ་ནས་ཉིས་བརྒྱ་ཉེར་གཅིག་འདས། །རབ་བྱུང་ལོ་ལ་དུས་འཁོར་རྒྱུད།།རྒྱ་གར་འཕགས་པའི་ཡུལ་དུ་ཕེབས། །དེ་ནས་བརྒྱ་དང་ང་དྲུག་ལོ། །འདས་པ་ཆུ་ཕོ་སྟག་ལོ་ལ། །ཆོས་རྗེ་ས་པཎ་མི་ཡུལ་བྱོན།།བདུན་ཅུ་ལྕགས་མོ་ཕག་ལ་གཤེགས། །སོ་བརྒྱད་འདས་པའི་ལྕགས་སྟག་ལ། །ཀུན་མཁྱེན་བུ་སྟོན་འཁྲུངས་ནས་དེས།།དྲུག་ཅུ་འདས་པའི་ལྕགས་སྟག་ལ། །ལོ་ཆེན་སྐྱབས་མཆོག་མཚན་ཅན་འཁྲུངས། །དེ་ཡིས་ང་གསུམ་བཞེས་པ་ཡི།།ཆུ་ཕོ་རྟ་ལ་ཆོས་འཁོར་བཏབ། །དེ་ནས་རེ་ལྔ་འདས་པ་ཡི། །ད་ལྟའི་ལོ་འདི་མེ་མོ་ཕག །ཐམས་ཅད་འདུལ་ཞེས་བྱ་བ་ཡིན།།ཞེས་པ་དུས་འཁོར་གཙོ་བོར་བྱས་པ་སྟེ། འདི་དང་བསྟུན་ནས་བོད་ཀྱི་བསྟན་པ་སྔ་དར་ཕྱི་དར་གྱི་མེས་དབོན་དང་ལོ་ཙཱ་བ་བྱོན་ཚུལ་ལ་སོགས་པ་ནི།རྒྱལ་བ་ཞི་བར་བཞུགས་པ་ཡི། །ཕྱིས་ལོ་ཤིང་ཕོ་སྤྲེ་འུ་ནས། །སྟོང་དང་སུམ་བརྒྱ་ཞེ་ལྔ་འདས།།ས་ཕོ་སྤྲེ་འུའི་ལོ་མཆོག་ལ། །ཁ་བ་ཅན་དུ་དམ་ཆོས་བྱུང་། །དེ་ནས་བརྒྱ་དང་ཞེ་དགུ་འདས། །མེ་མོ་གླང་ལ་སྲོང་བཙན་འཁྲུངས།།དེ་ཡིས་ཉེར་གཉིས་བཞེས་པ་ཡི། །ས་ཕོ་ཁྱི་ལ་ལྷ་ས་བཏབ། །དེ་ནས་བརྒྱ་དང་ང་གཉིས་འདས། །ལྕགས་ཕོ་རྟ་ལ་ལྡེ་བཙན་འཁྲུངས།།དེ་ཡིས་ཉི་ཤུ་བཞེས་པ་ཡི། །ལྕགས་ཕོ་སྟག་ལ་བསམ་ཡས་བཞེངས། །དེ་ནས་བརྒྱད་ཅུ་འདས་པ་ཡི།།ལྕགས་མོ་ཕག་ལ་འུ་ཤང་རྡོ། །དེ་ནས་བཅུ་གཉིས་འདས་པ་ཡི། །ཆུ་མོ་ཕག་ལ་གླང་དར་མས། །ཆོས་བསྣུབས་ལོ་གསུམ་མེ་སྟག་ལ།།སྡིག་རྒྱལ་དེ་ཡང་ཕ་རོལ་བསྒྲལ། །ཆུ་ཕག་དེ་ནས་རེ་བདུན་པར། །བོད་དུ་དམ་ཆོས་སྒྲོན་མེ་ནུབ་ཟེར་བར་གྱུར།དམར་གཡོ་གཙང་དང་བླ་ཆེན་གྱིས། །ཁམས་སུ་མར་མེ་ཅུང་ཟད་གསོས། །དབུས་གཙང་མི་བཅུ་ལ་སོགས་ཀྱིས།།བླངས་ནས་ལྕགས་ཕོ་རྟ་ལོ་ལ། །སླར་ཡང་དབུས་སུ་སྒྲོན་མེ་བྱོན། །དེ་ནས་ཞེ་གསུམ་འདས་པའི་ལོ།།ཆུ་མོ་གླང་ལ་ཇོ་བོ་རྗེ། །མངའ་རིས་ཕེབས་ནས་དག་པར་མཛད། །དེ་ནས་བརྒྱ་དང་གོ་གསུམ་པ། །མེ་སྟག་ཁ་ཆེ་པཎ་ཆེན་གྱིས།།ཕེབས་ནས་ས་པཎ་བསྙེན་རྫོགས་མཛད། །ཇོ་བོ་ཕེབས་པའི་ཆུ་གླང་ནས། །ཉི་ཤུ་རྩ་གཅིག་འདས་པ་ཡིས།།ཤིང་ཕོ་ཁྱི་ལ་ས་སྐྱ་པ། །དཀོན་མཆོག་རྒྱལ་པོ་མི་ཡུལ་བྱོན། །དེ་ཡིས་བཞི་བཅུ་བཞེས་པ་ཡི།།ཆུ་མོ་གླང་གི་ལོ་མཆོག་ལ། །བོད་ཀྱི་མ་ག་དྷ་ཆེན་པོ། །དཔལ་ལྡན་ས་སྐྱ་ལེགས་པར་བཏབ། །དེ་ཚེ་རྒྱལ་བའི་བསྟན་པ་ནི།།ལོ་གྲངས་ཉི་སྟོང་ལྔ་བཅུས་ཆད། །འདས་པ་དུས་འཁོར་ལུགས་ཡིན་ལ། །བོད་དུ་སྔ་དར་བཞི་བརྒྱ་དང་།།སོ་ལྔ་བྱུང་ཞིང་ཕྱི་དར་ལ། །བརྒྱ་དང་བདུན་ཅུ་དེ་ཚེ་འདས། །ས་སྐྱ་བཏབ་ནས་བརྒྱ་དང་བཅུ།།ཆུ་ཕོ་སྟག་ལ་པཎ་ཆེན་འཁྲུངས། །མན་ཆད་སྔ་མ་ཇི་བཞིན་ཏེ། །དེས་ན་ས་སྐྱ་བཏབ་པ་ནས། །ད་ལྟའི་མེ་མོ་ཕག་འདིའི་བར།།ལོ་གྲངས་སུམ་བརྒྱ་གོ་བཞི་སོང་། །གཞན་གྱིས་གཞན་དུ་བཤད་པ་རྣམས། །རིགས་པས་བརྟགས་ན་འཐད་པ་མེད།།བློ་ལྡན་རྣམས་ཀྱིས་འདི་ཉིད་བླང་། །མདོར་ན་རྒྱལ་བའི་བསྟན་པ་ནི། །ཉིས་སྟོང་སུམ་བརྒྱ་ཞེ་གསུམ་འདས།།ཉིས་སྟོང་དྲུག་བརྒྱ་ང་བདུན་ལུས། །དེས་ན་དིང་སང་ལྔ་བརྒྱ་པ། །ལྔ་པའི་སྐེད་ཡིན་འཐད་ལྡན་ནོ།།ཡོངས་གྲགས་ལྟར་ན་སུམ་སྟོང་དང་། །དྲུག་བརྒྱ་གཅིག་འདས་སྟོང་དང་ནི། །བཞི་བརྒྱར་གཅིག་ཆད་ལུས་པས་ན།།ལྔ་བརྒྱ་བརྒྱད་པའི་སྟེང་དུ་སླེབས། །གང་འཐད་གོང་བཞིན་དཔྱད་པས་ཤེས། །དེ་ལྟར་ན། བོད་ཁ་བ་ཅན་གྱི་ལྗོངས་འདིར།རིགས་གསུམ་མགོན་པོའི་རྣམ་འཕྲུལ་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ཡོན་མཆོད་ཐུགས་རྗེ་ལས་སྤྲུལ་པ་རྣམས་ཀྱིས་རྒྱལ་བའི་བསྟན་པ་སྔར་མེད་གསར་དུ་བཙུགས།གཙང་གཡོ་དམར་གསུམ་བླ་ཆེན་མཁན་རྒྱུད་རྣམས་ཀྱིས་སྔར་ཡོད་ཉམས་པ་གསོས། ལྷ་བཙུན་ཁུ་དབོན།ཇོ་བོ་ཡབ་སྲས། འབྲོག་འགོས་མར་གསུམ། པ་ཚབ་རྔོག་ཁྱུང་། ར་འབྲོ་ལ་སོགས་པས་ཤིན་ཏུ་དར་བར་མཛད་མོད་ཀྱི།ཕལ་ཆེར་མདོ་དང་སྔགས་ཀྱི་ཕྱོགས་རེ་བ་ཙམ་དུ་ཟད་ལ། དུས་ཕྱིས། རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པ།རྗེ་བཙུན་འཇམ་པའི་དབྱངས་ཉིད། འཁོན་གྱི་གདུང་རྒྱུད་ཀྱི་ཚུལ་བཟུང་ནས། ཕྱི་ནང་མདོ་སྔགས་བཤད་གྲུབ་ཀྱི་བསྟན་པ་མཐའ་དག་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་ཆེས་ཤིན་ཏུ་དར་ཞིང་རྒྱས་པར་མཛད།ཤར་ཕྱོགས་རྒྱ་མཚོའི་མཐས་གཏུགས་པའི་འཛམ་གླིང་བྱང་ཕྱོགས་ཀྱི་སྐྱེ་རྒུ་ཐམས་ཅད་ཆོས་དང་ཟང་ཟིང་གི་དཔལ་འབྱོར་བཟང་པོས་ལེགས་པར་བསྐྱངས་པ་ནི་ངོ་མཚར་ཞིང་བཀའ་དྲིན་ཤིན་ཏུ་ཆེ་བས།གདུང་རྒྱུད་རིན་པོ་ཆེའི་བྱོན་ཚུལ་དང་། རྣམ་པར་ཐར་པ་འཆད་པ་དང་ཉན་པ་ལ་འབད་པར་རིགས་སོ།།དེ་ལ་འདིའི་རིགས་ནི་བོད་དུ་བྲམ་ཟེའི་རིགས་སུ་གསལ་བ་མ་བྱུང་བས། རྒྱལ་རིགས། རྗེ་རིགས།དམངས་རིགས་གསུམ་ལས། ཞང་བློན་རྗེའུ་རིགས་ཡིན་ཏེ། མིའི་གདུང་རབས་ཐོག་མ་རྗེ་གུང་སྟག་ཏུ་གྲགས་པའི་ཕྱིར་རོ།།རུས་ནི། བོད་ཀྱི་རུས་ཆེན་བཞི་དང་། མི་བུ་རུས་དྲུག་ཏུ་གྲགས་པ་སོགས་ལས་ཆད་པ་མ་ཡིན་གྱི།གདུང་རུས་གཙང་མ་ལྷ་ལས་བབས་པ་ཡིན་ཏེ། གནམ་ལྷ་ལྕེ་རིངས། གཡུ་རིངས། དབུ་སེ་སྟེ། མཆེད་གསུམ་དུ་གྲགས་པ་མི་ཡུལ་དུ་བབས་པ་ལ་མིའི་རྗེ་ཞུས་པས།ཆུང་བས་མིའི་རྗེ་མཛད། སྲས་སེ་ཇི་ལེ་སྤུན་བཞིར་གྲགས་པ་བྱུང་། དེ་དག་གིས་ལྡོང་རུས་ཆེན་བཅོ་བརྒྱད་དང་འཐབས།དེའི་གྲོགས་ལ་གནམ་ལྷ་བར་པས་བྱོན། ལྡོང་བཏུལ་ནས་བྲན་དུ་བྱས། འདིས་སྨུའི་བུ་མོ་སྨུ་པ་ལྡེམ་བུ་ཁབ་ཏུ་བཞེས་པས་སྲས་མ་སངས་སྤུན་བདུན་དུ་གྲགས་པ་བྱུང་།བདུན་པས་མི་ཡུལ་དུ་བཞུགས། གཞན་རྣམས་ལྷ་ཡུལ་དུ་ཐེགས། བདུན་པས་ཐོག་ལྷ་འོད་ཆེན་གྱི་བུ་མོ་ཐོག་ལྕེ་འུར་མ་ཁབ་ཏུ་བཞེས་པ་ལ་སྲས་ཐོག་ཚ་དཔའ་བོ་འཁྲུངས།དེས་ཀླུའི་བུ་མོ་ཀླུ་ལྕམ་བྲ་མ་ཁབ་ཏུ་བཞེས་པ་ལ་ཀླུ་ཚ་རྟ་པོ་འོད་ཆེན་བྱུང་། དེ་ཡན་ཆད་བར་སྣང་ལ་བཞུགས།དེས་མོན་བཟའ་མཚོ་མོ་བྱ་བ་ཁབ་ཏུ་བཞེས་པ་ལ་སྲས་གཅིག་གཡའ་དང་སྤང་གི་མཚམས་སུ་སྐྱེས་ཤིང་།འདི་འདྲ་རེ་རེ་ཙམ་ཡིན་བྱས་པས་མཚན་གཡའ་སྤང་སྐྱེས་གཅིག་ཏུ་བཏགས། འདི་གནས་པའི་རི། གཡས་རུ་ཤངས་ཀྱི་ནུབ་བྱང་ན་བྱང་རི་ཀུན་ལས་མཐོ་ཞིང་མཛེས་པ་གཅིག་ཡོད།རི་དེ་ལ་ཡང་གཡའ་སྤང་དུ་གྲགས། ལྷ་འདིས། སྲིན་པོ་སྐྱ་རེངས་ཁྲག་མེད་ཅེས་བྱ་བ་ལ། ཆུང་མ་གཡའ་འབྲུམ་སིལ་ལེ་མ་ཞེས་བ་ཤིན་ཏུ་མཚར་བ་གཅིག་ཡོད་པས།སྲིན་པོ་དང་འཐབ་རོལ་བྱས། ཁྱོ་བསད། ཆུང་མ་ཁབ་ཏུ་བཞེས་པ་ལ་སྲས་གཅིག་འཁྲུངས་པ་ལྷ་དང་སྲིན་མོ་འཁོན་པའི་བར་དུ་བྱུང་བས།གཡའ་ཕྲུག་འཁོན་བར་སྐྱེས་སུ་བཏགས། གདུང་རྒྱུད་འདི་ལ་འཁོན་གྱི་མཚན་ཡང་དེ་ནས་བྱུང་སྟེ།ཤཱཀ་རིགས་བཞིན་ནོ། །མ་སྲས་དེ་གཉིས་གཡའ་སྤང་གི་ནུབ་བྱང་ན། གངས་རིའི་ཕྲེང་བ་ཆེན་པོའི་ནང་ན་ཤིན་ཏུ་མཛེས་ཤིང་མཐོ་བ་ཤེལ་ཚ་རྒྱལ་མོའི་གངས་སུ་གྲགས་པ་དང་།གཡའ་སྤང་གི་ལྷོ་འགྲམ་ན་ས་སྐྱ་པའི་བླ་མཚོ་ཡང་ཡོད་དོ། །ལྷ་དེ་ཡན་ཆད་གདུང་རབས་དྲུག་སྟེ།གནམ་ལ་གཡུ་རིངས་མ་སངས་སྤུན་བདུན་དང་། ཐོག་ཚ་དཔའ་བོ་ཀླུ་ཚ་རྟ་ཕོ་དང་། །གཡའ་སྤང་སྐྱེས་གཅིག་གཡའ་ཕྲུག་འཁོན་བར་སྐྱེས།།ལྷ་ཡི་གདུང་རབས་དྲུག་ལ་ཕྱག་འཚལ་ལོ། །དེ་བཞིན་མི་ཡི་གདུང་རབས་རྐྱང་འདེད་ནི། སྟོན་པ་གུང་སྟག་རྡོ་རྗེ་རིན་པོ་ཆེ།།ཤེས་རབ་ཡོན་ཏན་ཚུལ་ཁྲིམས་རྒྱལ་པོ་དང་། །གཙུག་ཏོར་ཤེས་རབ་དགེ་སྐྱབས་དགེ་མཐོང་དང་། །བལ་པོ་ཤཱཀ་བློ་དཀོན་མཆོག་རྒྱལ་པོ་དང་།།ཀུན་སྙིང་དཔལ་ཆེན་འོད་པོ་བསོད་རྒྱལ་ཞབས། །ཡེ་འབྱུང་བཟང་དཔལ་ཀུན་ལེགས་གྲགས་རྒྱལ་དང་།།རྣམ་སྲས་རྣམ་ལེགས་ནམ་རྒྱལ་ནམ་རིན་མཆེད། །མིར་གྱུར་གདུང་རབས་ཉེར་གཅིག་ལ་ཕྱག་འཚལ། །ཞེས་བྱའོ།།ལྷ་འཁོན་བར་ན་སྐྱེས་དེས་བཙན་བཟའ་སྨོན་བུ་སྒྲོན་ཁབ་ཏུ་བཞེས་པ་ལ་མིའི་མཆོག་གཅིག་འཁྲུངས་པ་ནི།མཐུ་སྟོབས་དང་རྫུ་འཕྲུལ་ཆེ་བ། བློ་དང་རིག་པར་ལྡན་པ། གཟུགས་དང་ལང་ཚོར་འཛོམ་པ། ཀུན་གྱི་ཡིད་འཕྲོག་པ་ཞིག་འབྱུང་བས་འདི་འདྲ་མི་ཡུལ་དུ་འབྱུང་བ་དཀོན་བྱས་ནས་མཚན་དཀོན་པ་རྗེ་གུང་སྟག་ཅེས་བཏགས་སོ།།འདི་ཡུལ་འཚོལ་དུ་གཏང་བས། བསམ་ཡས་ལ་ཡུལ་གྱི་དགེའམ་ཡོན་ཏན་བཅུ་ཀ་ཚང་སྟེ། རྒྱལ་པོས་བཟུང་ཚར།ལ་སྟོད་གཉན་གྱི་ཐར་མ་ཡ་ཆངས་ལ་ཡུལ་གྱི་དགེ་བརྒྱད་ཚང་བར་གཟིགས་ནས་བཟུང་། དགེ་བརྒྱད་ནི།སའི་དགེ་ཁང་ས་དང་ཞིང་ས། ཆུའི་དགེ་འཐུང་ཆུ་ཞིང་ཆུ། ཤིང་གི་དགེ་ཁང་ཤིང་དང་འབུད་ཤིང་།རྩྭའི་དགེ་གམ་འབྲོག་དང་རྒྱང་འབྲོག་གོ །བརྒྱད་པོའི་སྟེང་དུ། ཁ་ཅིག་ཕུ་ན་ལ་སྒོ་མདའ་ན་གྲུ་སྒོ་ཡོད་པ་ཟེར་མོད་ཀྱང་།དེ་གཉིས་བཅུད་ཀྱི་ཡོན་ཏན་ཡིན་པས་མི་འཐད་ཀྱི། གཞན་བརྒྱད་སྣོད་ཀྱི་ཡོན་ཏན་ཡིན་པ་བཞིན་དུ།རྡོའི་དགེ་ཁང་རྡོ་དང་འཐག་རྡོ་ཞེས་བྱའོ། །གཉིས་ཚན་ནང་ཕན་ཚུན་ཚོགས་པ་ཤིན་ཏུ་འགལ་བས། གཅིག་ཡོད་པ་ན་གཅིག་ཤོས་ཡོད་པ་ཤིན་ཏུ་དཀོན་པས།དགེ་བཅུ་ཚང་བ་དཀའ་བ་ཡིན་ནོ། །རྗེ་འདིས་བསམ་ཡས་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་ཟིན།ནང་བློན་བཅོལ། དཔལ་འབྱོར་ཤིན་ཏུ་འཕེལ་བས། འཁོན་དཔལ་པོ་ཆེ་ཞེས་བྱ་བར་གྲགས་ཤིང་འཁོན་གྱི་མཚན་གྲགས་དེ་ནས་བྱུང་ངོ་།།འདིས་གླང་འཁམ་པ་ལོ་ཙཱ་བའི་ལྕམ་མོ་གླང་བཟའ་སྣེ་ཆུང་མ་ཁབ་ཏུ་བཞེས་པ་ལ་སྲས་གཉིས་འཁྲུངས་པའི་ཆེ་བ་ལ།འཁོན་ལོ་ཙཱ་བ་ཀླུའི་དབང་པོ་བསྲུང་བ། ཆུང་བ་འཁོན་རྡོ་རྗེ་རིན་པོ་ཆེ་ཞེས་བྱའོ། །ཁ་ཅིག་སྲས་ཁྲི་མཛེས་ལྷ་ལེགས།ཚེ་ལ་དབང་ཕྱུག ཀླུའི་དབང་པོ། ཚེ་འཛིན་དང་བཞི་བྱུང་བའི་ཚེ་འཛིན་དང་། རྡོ་རྗེ་རིན་ཆེན་གཅིག་པར་འདོད་པ་དང་།དེ་གཉིས་ཡབ་སྲས་སུ་འདོད་པ་སོགས་མང་དུ་སྣང་ཡང་། གདུང་རབས་དག་པ་རྣམས་ལས་སྔ་མ་ཉིད་འབྱུང་བས་དེ་བཞིན་འཐད་པ་ཡིན་ཞེས་ས་ལོ་ཆེན་པོའི་གསུང་ལས་འབྱུང་བ་ལྟར་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཡབ་སྲས་རྣམས་ཀྱང་བཞེད་པ་ལེགས་སོ།།དེ་ཡང་ཀླུའི་དབང་པོ་བསྲུང་བ་ནི། རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་མཁས་གྲུབ་ཆེན་པོ་གངས་ཅན་གྱི་དཔལ་མགོན་མཁན་ཆེན་ཞི་བ་མཚོས་བོད་ལ་རབ་བྱུང་རུང་མི་རུང་ཉམས་སད་པས།རུང་བར་གཟིགས་ནས་གནང་། བོད་ཀྱི་རབ་བྱུང་གི་ཐོག་མ་སད་མི་མི་བདུན་དུ་གྲགས་པ་ལོ་ཙཱ་བ་ཁྱད་པར་ཅན་སྤྲུལ་པའི་གང་ཟག་བདུན་ལ།རྒན་གསུམ། གཞོན་གསུམ། བར་པ་གཅིག་རྣམས་བྱུང་བའི་གཞོན་གསུམ་གྱི་བར་པ་འཁོན་ནཱ་གེནྟྲ་རཀྵི་ཏ་ཞེས་བྱ་སྟེ།བོད་སྐད་དུ་ཀླུའི་དབང་པོ་བསྲུང་བའོ། །ཁ་ཅག་འདི་ཁོང་རང་གི་ཞང་པོ་ལས་རབ་ཏུ་བྱུང་ཞེས་ཟེར་བ་ནི།སད་མིར་འདོད་པ་དང་འགལ་ཞིང་མཚན་གྱིས་ཀྱང་མཁན་ཆེན་གྱི་སྡོམ་དྲུག་ཏུ་གསལ་ལོ། །དེས་ན་མཁན་ཆེན་དང་ཞང་པོ་ལས་ཆོས་མང་དུ་བསླབས།ལོ་ཙཱ་ལེགས་པར་མཁྱེན། སློབ་དཔོན་ཆེན་པོ་པདྨ་ལ་ཡང་གདམ་ངག་ནོད། ཡེར་པའི་བྲག་ལ་སྒྲུབ་པ་མཛད་པས་གྲུབ་པ་ཐོབ།མཁས་གྲུབ་ཀྱི་གྲགས་པ་ཆེར་བྱུང་བས་འཁོན་ཆོས་ཀྱིས་ཆེ་བའི་ཐོག་མ་ཡིན་ནོ། །གཅུང་རྡོ་རྗེ་རིན་པོ་ཆེས་ཀྱང་སློབ་དཔོན་པདྨ་ལ་གསང་སྔགས་རྙིང་མའི་ཆོས་མང་དུ་གསན་ཞིང་བསླབས།གྲུབ་པ་ཡང་ཅི་རིགས་པ་ཐོབ། མཚན་གྲགས་ཐོན། འདིས་ཡབ་ཡུལ་ཏུ་འབྲོ་དགྲ་འདུལ་གྱི་བུ་མོ་འབྲོ་བཟའ་གཡང་ལོན་སྐྱིད་ཁབ་ཏུ་བཞེས་པ་ལ་སྲས་བདུན་བྱུང་ཞིང་།ཞང་པོ་དེ་བོད་ཀྱི་གྱད་པའི་རྒྱུད་ཡིན་པས་ཞང་རིགས་ཀྱི་སྐུ་རྩལ་ཤིན་ཏུ་ཆེ་བར་བྱུང་། དེའི་ཚེ་འབྲོ་གཉན་རྩེར་ལྟད་མོ་ཉི་མ་གསུམ་བྱུང་བ་ལ།སྐུ་མཆེད་བདུན་པོས་རྟ་དང་ལུས་ཆས་ཉིན་རེ་བཞིན་འདྲ་འདྲ་སྤོས་ནས་རྟ་རྒྱུགས། ཚབས་འགྲན་པས་ཁྲོམ་ཐོག་ཆོད་པ་བྱུང་བ་ན།ཞང་པོ་ལ་འབྲས་འཛུགས་པར་གོ་ནས་ཞང་པོས་དམག་བསགས། འཐབ་མོ་བྱེད་ཟེར་བྱུང་བ་ལ། གཅིག་པར་ཞང་པོ་ཡིན།གཉིས་པར་ཁྱིམ་མཚེས་ཡུན་རིང་འགྲོགས་ནས། རྒྱལ་ཁམས་ཡངས་པོ་ལ་དགེ་འཚེར་བྱེད་དོན་མེད་ཟེར་ནས་ཆེ་བ་མངའ་རིས་མང་ཡུལ།དེ་འོག་མངའ་རིས་གུང་ཐང་། དེ་འོག་སྲད། དེ་འོག་ཉང་ཤབ་ཏུ་བྱོན་ཏེ། ཡུལ་སོ་སོར་བཟུང་བས་དེ་རྣམས་ལས་གྱེས་པའི་འཁོན་ཚོ་མང་དུ་འཕེལ་ཏེ་གྲགས་ཅན་མ་བྱུང་།ཆུང་བས་ཕ་ཡུལ་རང་དུ་བཞུགས། འབྲོ་དང་འཁྲུག་པ་ཡང་སྤྱད་དེ་ལས་གྱེས་པ་གཉན་རྩེ་རང་ན་མ་ཁྲིགས་སྡེ་གསུམ་དུ་གྲགས་པ་བྱུང་ངོ་།།དྲུག་པ་ཤེས་རབ་ཡོན་ཏན་གྱིས་གྲོམ་པ་གཡའ་ལུང་དུ་བཞུགས། དེ་ལ་སྲས་གཉིས་བྱུང་བའི་ཆུང་བས་ཁབ་སོ་སྟག་ཐོག་ཏུ་བྱོན།དེ་ལས་གྱེས་པ་ལ་སྟོད་བྱང་གི་འཁོན་ཚོ་རྣམས་ཡིན། ཆེ་བ་ཚུལ་ཁྲིམས་རྒྱལ་པོ་ལ་སྲས་གསུམ་བྱུང་བའི་བར་པས་བརྡལ་ཆང་ཆང་དུ་བྱོན།ཆེ་བ་གཙུག་ཏོར་ཤེས་རབ་དང་། ཆུང་བ་གཡའ་ལུང་རང་དུ་བཞུགས། གཙུག་ཏོར་ཤེས་རབ་ལ་སྲས་བདུན།ཁུ་བོ་དང་བཅས་པ་ནས་གྱེས་པ་ལ་འཁོན་ཚོ་བརྒྱད་དུ་གྲགས། བདུན་པོ་ལྔ་པ་འཁོན་དགེ་སྐྱབས་ཀྱིས་ཕྱིས་ཤབ་ཏུ་བྱོན།དེ་ལས་སྲས་གཉིས་བྱུང་བའི་ཆུང་བ་ལ་ཤབ་སྟོད་ཀྱི་འཁོན་མི་རྣམས་གྱེས་པ་ཡིན། ཆེ་བ་དགེ་མཐོང་ལ་སྲས་གཅིག་བྱུང་ག་ལ་འཁོན་སྟོན་བལ་པོ་ཞེས་བྱ་བ།ཚ་མོ་རོང་གི་བྲག་ལ་ཡང་ཕུར་གྱི་སྒྲུབ་པ་མཛད་པས་གྲུབ་པ་བརྙེས། བསྟན་མ་བཅུ་གཉིས་བྲན་དུ་འཁོལ།དེ་ལས་སྲས་ཤཱཀྱ་བློ་གྲོས། འདིས་བྱ་རུང་ཁུང་པ་དང་ཤབ་སྟོད་སྨད་བཟུང་། ཕྲིན་ལས་ཆེ་བ་བྱུང་།སྐུ་ཚེའི་སྨད་ལ་ཡབ་མེས་ཀྱི་ཡུལ་གཡའ་ལུང་མཁར་ཐབས་བཟུང་། སྲས་གཉིས་བྱུང་བའི་ཆེ་བ་འཁོན་རོག་ཤེས་རབ་ཚུལ་ཁྲིམས།ཆུང་བ་འཁོན་དཀོན་མཆོག་རྒྱལ་པོའོ། །གཅེན་གྱིས་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་མཁན་བུ་ཞུ་སྟོན་བརྩོན་འགྲུས་དྲུང་དུ།གཞོན་ནུ་ནས་གོ་མིའི་དགེ་བསྙེན་མཛད། ཚངས་སྤྱོད་ཤིན་ཏུ་བཙུན་པས་སྲས་མེད། ཡབ་མེས་ཀྱི་ཆོས་ལ་མཁས།རྡོ་རྗེ་ཕུར་པའི་གྲུབ་པ་ཐོབ། མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པར་གྲགས་སོ། །དེ་ཡན་ཆད་འཁོན་རིམ་པར་བྱོན་པ་རྡོ་རྗེ་རིན་ཆེན་ནས་གདུང་རབས་དགུ་སོང་།ཁ་ཅིག་ཤེས་རབ་ཡོན་ཏན་གྱི་སྲས་ཡོན་ཏན་འབྱུང་གནས། དེའི་སྲས་ཚུལ་ཁྲིམས་རྒྱལ་པོ་ཡིན་ཟེར་བའང་གདུང་རབས་དག་པ་རྣམས་ལས་མི་བྱུང་ངོ་།།དེ་ལྟར་འཁོན་རོག་ཡན་རྣམས་ཀྱིས་ཕར་ཕྱིན་སོགས་ཕྱི་མཚན་ཉིད་ཀྱི་སྐོར་ཅི་རིགས་པ་དང་། སྔགས་ལ་གསང་བ་སྡེ་དྲུགསྔ་འགྱུར་ལྔ། ཕྱི་འགྱུར་བཅུ་གསུམ། ཕྲ་མོ་ཉི་ཤུ་རྩ་གཅིག་ལ་སོགས་པའི་གསང་སྔགས་སྔ་འགྱུར་ལ་ཤིན་ཏུ་མཁས་ཤིང་ཡང་དག་དང་ཕུར་པ་ལ་ཐུགས་དམ་གྱི་མཐིལ་མཛད་པས་གྲུབ་པ་བརྙེས།ཆོས་སྐྱོང་དཀར་མོ་ཉི་ཟླ་དང་། བདུད་མགོན་ལ་མཛད་པས་ནུས་པ་ཐོན་པ་ཤ་སྟག་གོ །དཀོན་མཆོག་རྒྱལ་པོ་ནི་འཁོན་ས་སྐྱ་པ་ཞེས་གྲགས་པའི་ཐོག་མ་རང་ཡིན་ཏེ།ཤིང་ཕོ་ཁྱི་ལ་སྐུ་འཁྲུངས། གཞོན་ནུ་ནས་ཡབ་དང་གཅེན་ལ་དབང་བཤད་མན་ངག་མང་དུ་གསན། ཡབ་མེས་ཀྱི་ཆོས་ལ་མཁས་པར་སྦྱངས།གསང་སྔགས་གསར་འགྱུར་ལ་ཡང་ཐུགས་མོས་པར་ཡོད་པའི་སྐབས་སུ། འབྲོག་གི་ལུང་སྟོན་ཆེན་མོ་གཅིག་བྱུང་སར་བྱོན་པས།ལྟད་མོ་སྣ་ཚོགས་འདུག་པའི་ནང་ནས་སྔགས་པ་མང་པོས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་མགོ་བརྙན་གྱོན།ཕྱག་མཚན་སོ་སོར་ཁྱེར། མ་མོ་རལ་པ་ཅན་གྱི་རྔ་སྟབས་དང་བཅས་ནས་འཆམ་གྱི་འདུག་པས། ལྟད་མོ་ཡང་དེ་ཀ་ཆེ།ཁྲོམ་ཐོག་ཀྱང་དེས་ཆོད་སོང་། དེའི་རྒྱུ་མཚན་རྣམས་གཅེན་ལ་ཞུས་པས། ད་གསང་སྔགས་འཆོལ་པར་སྤྱོད་པ་ཞེས་བྱ་བའི་དུས་བྱུང་བས།ད་ཕྱིན་ཆད་རྙིང་མ་བ་ལ་གྲུབ་ཐོབ་མཚན་ཉིད་པ་དཀོན་པ་ཡིན་པས་མི་ཡོང་། རང་ལ་དབང་ཡོད་པ་རྣམས་རང་ཉིད་དབང་ཆེ་བ་ཡིན་པས།ང་རང་གི་དཔེ་ཆ་རྟེན་གསུམ་རྣམས་གཏེར་དུ་སྦེད་གསུངས་ནས་སྦས་པས་ཡང་ཕུར་གཉིས་ཆོས་སྐྱོང་གཉན་ནས་སྦེད་མ་ཐུབ་པ།ཕྱིས་ཀྱི་གདུང་རྒྱུད་རྣམས་ཀྱིས་ཀྱང་འདི་གཉིས་ལ་ཐུགས་དམ་དང་། ཆོས་སྐྱོང་དཀར་མོ་ཉི་ཟླ་ལྕམ་སྲིང་ལ་དུས་གཏོར་མ་ཆག་པ་འདི་བྱུང་བ་ཡིན་ནོ།།དེ་བཞིན་དུ་གཅེན་གྱི་ཞལ་ནས་ང་ནི་རྒས་འདུག ཁྱོད་གཞོན་པ་ཡིན་པས་གསང་སྔགས་གསར་འགྱུར་སློབས།དེ་ཡང་ད་ལྟ་འབྲོག་མི་ཤཱཀྱ་ཡེ་ཤེས་མཁས་པས་དེར་རྒྱུགས་གསུང་བ་ལ་དེར་མ་ཐོན། འཁྱིན་ལོ་ཙཱ་བ་ལ་ཀྱཻའི་རྡོ་རྗེའི་དབང་ཞུས།རྒྱུད་གསན། རྒྱུད་ཅུང་མ་རྫོགས་པ་ལ་འཁྱིན་ལོ་གྲོངས། ཆོས་འཕྲོ་འབྲོག་མིའི་དྲུང་དུ་ཞུས་གསུང་བ་ལྟར་ཞུར་བྱོན་པས།ཁྱོད་ཀྱིས་ཕ་ཤི་ནས་མེས་པོ་བསྙེགས་པ་ལེགས་གསུངས་ནས་དགྱེས། ཕྱིས་ཡུལ་ཞིང་འགའ་བཙོངས་ནས་རྟ་བཅུ་བདུན་དང་།རྩ་རིན་ནོར་བུའི་ཕྲེང་བ་དང་བཅས་པ་ཕུལ། གསུང་ངག་རིན་པོ་ཆེ་ཞུས། ལམ་སྐོར་ཆ་ལག་འགའ་རེ་གནང་།ཁྱད་པར་རྒྱུད་གསུམ་གྱི་བཤད་པ་རྒྱས་པར་གནང་ནས། བཤད་བཀའ་འཛིན་པའི་བུ་ཆེན་ལྔའི་ནང་ནས་མཆོག་ཏུ་གྱུར།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*