སྟོན་པ་ཐུགས་རྗེ་ཅན་གྱི་འཁྲུངས་འདས་ཀྱི་དུས་ཚིགས་ངོ་སྤྲོད།


 རྫོང་སར་མཁན་གཞན་ཕན་སྙིང་པོས།

༄༅།།སྟོན་པ་འཁྲུངས་འདས་ཀྱི་སྐོར་འདི་ལ་བོད་རྒྱུད་ནང་བསྟན་གྱི་མཁས་པ་རྣམས་ཀྱི་འདོད་ཚུལ་མི་འདྲ་བ་ཉི་ཤུ་ལྷག་ཙམ་འདུག །རྒྱ་རྒྱུད་ནང་བསྟན་སོགས་གཞན་ལ་འང་འདོད་ཚུལ་མི་འདྲ་བ་སྣ་ཚོགས་ཞིག་ཡོད་པ་འདྲ་སྟེ། དཔེར་ན་༡༩༥༠ལོར་ཐེངས་དང་པོའི་འཛམ་གླིང་ནང་བསྟན་མཛའ་གྲོགས་འཚོགས་པ་དབུ་བརྙེས་སྐབས། སྤྱི་ལོའི་སྔོན་གྱི་ལོ༦༢༣ལོར་སྟོན་པ་སྐུ་འཁྲུངས་པ་དང་༥༤༣ལོར་མྱ་ངན་ལས་འདས་པའི་ཚོད་དཔག་བྱས། དེ་ནས་ཐེངས་གཉིས་པའི་སྐབས་སུའང་འགྱུར་བ་བྱུང་མེད་པ་རེད། འཚོག་ཐེངས་གསུམ་པའི་སྐབས་སུ་ལོ་རྒྱུས་ཀྱི་ཡིག་ཆ་སྣ་ཚོགས་དང་། གནའ་རྫས་རྙིང་པ་སོགས་ཀྱིས་བརྟག་དཔྱད་མང་པོར་བྱས་པར་འདོད་ཚུལ་མི་འདྲ་བ་དྲུག་ཅུ་ཡས་མས་ཙམ་ཞིག་བྱུང་བ་ལས་ཀུན་གྱིས་ཚད་མར་ཁས་ལེན་ཐུབ་པའི་དཔང་རྟགས་ཅི་ཡང་མ་རྙེད་ཀྱང་སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་སྟོན་པའི་རིང་སྲེལ་བཞུགས་པའི་མཆོད་རྟེན་ཆེས་མང་པོ་ཞིག་བཞེངས་པའི་ནང་ནས་ད་ལྟ་འཛམ་བུའི་གླིང་དུ་བཅོ་བརྒྱད་ལུས་ཡོད་པ་དེ་དག་གི་ནང་གི་རིང་སྲེལ་རྣམས་ལ་གནའ་རྫས་རྟོག་ཞིབ་པས་བརྟག་དཔྱད་བྱས་ན་ཤེས་ཐུབ་པའི་རེ་བ་བྱེད་བཞིན་ཡོད་པར་བཤད། འོན་ཀྱང་གཅིག་གྱུར་གྱི་སྟོན་པའི་འཁྲུངས་སྐར་དུས་ཆེན་ཞིག་གཏན་འཁེལ་ཐུབ་པའི་ཆེད་དུ་དང་། ཅུང་ཟད་ཁུངས་དག་ལྟ་བུ་ནི་སྤྱི་ལོའི་སྔོན་གྱི་ལོ་༦༢༤ལོའི་ཟླ་བ་ཉ་གང་བའི་ཉིན་ཞིག་ལ་སྟོན་པ་སྐུ་འཁྲུངས་ཤིང་། ༥༤༤ལོར་མྱ་ངན་ལས་འདས་པ་ཡིན་ཞེས་རྒྱལ་ཁབ་༤༠ཙམ་གྱི་མི་སྣ་ལས་གྲུབ་པའི་ཚོགས་པ་དེས་གཏན་ཁེལ་བྱས་པ་མ་ཟད། ཚོན་མདོག་དྲུག་ལྡན་གྱི་དར་ཆ་ད་ལྟ་ནང་པ་བ་ཕལ་ཆེར་གྱིས་ཡོངས་ཁྱབ་ཏུ་བེད་སྤྱོད་བཞིན་པ་འདི་ཉིད་ནང་བསྟན་མཛའ་གྲོགས་ཚོགས་པའི་དར་ཆ་དང་། ཆོས་འཁོར་ནི་ནང་ཆོས་ཀྱི་མཚོན་རྟགས་བྱེད་རྒྱུར་གཏན་ཁེལ་བྱས་པ་རེད། འདོད་ཚུལ་དེ་ནི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲིའི་བཞེད་པ་དང་མཐུན་པ་ཞིག་རེད་འདུག་ལ་དེ་ལྟར་ན་སྟོན་པ་སྐུ་འཁྲུངས་པའི་དུས་ནི་སྤྱི་ལོའི་སྔོན་གྱི་ལོ༦༢༤ལོའི་ཟླ་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་ཉིན་ནམ་བོད་ཟླ་བཞི་པའི་ཡར་ཚེས་བཅོ་ལྔ་ལ་རྟེན་འབྲེལ་མ་སྒྲིག་རང་འགྲིགས་སུ་གྱུར་ཡོད་པ་རེད། སྤྱིར་བཏང་འཛམ་གླིང་གི་དུས་ཆེན་གཏོང་བའི་ལུགས་སྲོལ་ཕལ་ཆེར་སྤྱི་ལོའི་ཟླ་ཚེས་ལ་བྱེད་བཞིན་ཡོད་པས་བོད་ཀྱི་ཟླ་ཚེས་གང་དུ་དུས་ཆེན་གང་ཡིན་གྱི་ངེས་པ་མེད། དཔེར་ན་དྲུག་གཅིག་བྱིས་པའི་དུས་ཆེན་དེ་༢༠༡༣ལོར་བོད་ཟླ་བཞི་པའི་ཚེས་ཉེར་གསུམ་ལ་ཁེལ་ཡང་། ༢༠༡༤ལོར་བོད་ཟླ་བཞི་པའི་ཚེས་བཞི་ལ་ཁེལ་བ་རེད། འོན་ཀྱང་སྟོན་པའི་འཁྲུངས་སྐར་གཏོང་བའི་དུས་ཆེན་དེ་བོད་ཟླ་བཞི་པའི་ཚེས་བཅོ་ལྔ་ལ་གཏན་འཁེལ་དོན་ནི་སྟོན་པ་སྐུ་འཁྲུངས་པའི་ཉིན་མོ་དེ་ཟླ་བ་ཉ་གང་བའི་ཉིན་ཞིག་ཡིན་པའི་ར་སྤྲོད་གསལ་པོ་བྱུང་ཡོད་པ་དང་། ཟླ་ངོ་འདིའི་ནང་དུ་ཡིན་པ་དེ་ལོ་རྒྱུས་ཀྱིས་ཐག་བཅད་ཡོད་པ་འདྲ། དེར་བརྟེན་ང་ཚོས་ཀྱང་ཆོས་གྲོགས་དེ་དག་དང་ལྷན་དུ་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་ཉིན་མོར་སྟོན་པའི་འཁྲུངས་སྐར་གཏོང་རྒྱུར་བྱས་ན་མ་འོངས་པར་ཉི་འོག་གི་ནང་བསྟན་ཆོས་ལུགས་མི་སྣ་མི་གྲངས་དུང་ཕྱུར་གསུམ་ཡས་མས་ཙམ་པོ་འདི་ཡོངས་རྫོགས་ཀྱིས་སྟོན་པའི་འཁྲུངས་སྐར་ཉིན་གཅིག་ལ་གཏོང་ཆོག་པའི་དུས་ཤིག་འོང་ངེས་པས་འདོད་ཚུལ་ཉི་ཚེ་བ་ཞིག་ལ་ཕྱོགས་རིས་མི་བྱ་བར་ཆོལ་གསུམ་སྤུན་ཟླ་ཡོངས་ཀྱིས་ཀྱང་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་ཉིན་མོར་སྟོན་པའི་འཁྲུངས་སྐར་གཏོང་རྒྱུར་གཏན་འཁེལ་བྱས་ན་ལེགས་སྙམ། དེའི་རྒྱུ་མཚན་ལ་གཅིག་ནི་སྤྱི་མཐུན་གྱི་དགེ་བ་ཆེན་པོ་ཞིག་བསག་པའི་དུས་ཆེན་ཁྱད་པར་བ་ཞིག་གཏན་འཁེལ་བྱེད་ཐུབ་པ་དང་། གཉིས་ནི་འདི་ཉིད་ལོ་རྒྱུས་དང་ཡང་ཐག་ཉེ་ཤོས་སུ་གྱུར་འདུག་པས་སོ། ། དེ་ཡང་སྤྱིར་བཏང་སྟོན་པ་འདས་ནས་ལོ་བཞི་སྟོང་ཡན་ཆད་འདོད་པའི་ལུགས་ནི། སྲོང་གཙན་སྒོམ་པོའི་བཀའ་ཆེམས། པདྨ་བཀའ་ཐང་། ཇོ་བོ་རྗེ། ས་སྐྱ་པ་ཕལ་ཆེ་བ། མཆིམས་ནམ་མཁའ་གྲགས། ནེལ་པ་པཎྚི་ཏ་སྨོན་ལམ་ཚུལ་ཁྲིམས་སོགས་ཀྱི་ལུགས་ཡིན་ཞིང་། སུམ་སྟོང་ཡན་ཆད་འདོད་པའི་ལུགས་ནི། དེ་དག་གི་སྟེང་དུ་འགོས་ལོ་གཞོན་ནུ་དཔལ་དང་། ཐང་རྒྱལ་རབས་ཀྱི་ལོ་རྒྱུས་འགའ་ལས་གསལ་བར་བཤད། ཉིས་སྟོང་བརྒྱད་བརྒྱ་ཡན་ཆད་འདོད་མཁན་ནི་ཤིན་ཏུ་མང་སྟེ། དེ་དག་གི་སྟེང་དུ་མཚོ་སྣ་བ་ཤེས་རབ་བཟང་པོ། བུ་སྟོན་ཐམས་ཅད་མཁྱེན་པ། མཁས་གྲུབ་དགེ་ལེགས་དཔལ་བཟང་། འབྲུག་པ་པདྨ་དཀར་པོ། དཔའ་བོ་གཙུག་ལག་ཕྲེང་བ། ཇོ་ནང་ཕྱོགས་ལས་རྣམ་རྒྱལ་སོགས་ཡིན། ཉིས་སྟོང་བདུན་བརྒྱ་མན་ཆད་འདོད་མཁན་ཡང་མང་པོ་འདུག་སྟེ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི། གྲུབ་ཐོབ་ཨོ་རྒྱན་པ་རིན་ཆེན་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། པཎ་ཆེན་བྱམས་པ་གླིང་པ་སོགས་སོ། །དེ་དག་ལས་སྟོན་པ་འདས་ནས་ལོ་བཞི་སྟོང་དང་སུམ་སྟོང་ཉིས་སྟོང་བརྒྱད་བརྒྱ་ཡན་ཆད་ཡིན་པར་འདོད་མཁན་དག་ནི་ལོ་རྒྱུས་ཤིན་ཏུ་མང་པོ་དང་འགྲིགས་དཀའ་བ་ལྟ་བུར་གནས་འདུག་སྟེ། དཔེར་ན་འདུལ་བའི་སྡོམ་རྒྱུན་བླ་བརྒྱུད་འདེད་སྐབས། སྟོན་པ་ནས་ཁ་ཆེ་པཎ་ཆེན་གྱི་བར་དུ་བླ་མ་བརྒྱུད་པ་བཅུ་ཙམ་མ་གཏོགས་བྱུང་མེད་ཅིང། དེ་ལྟར་ན་ཁ་ཆེ་པཎ་ཆེན་ཡན་ཆད་ཀྱི་བླ་མ་རེ་རེས་འདས་ལོ་བཞི་སྟོང་དུ་འདོད་པའི་ལུགས་ལྟར་ན་ཆ་སྙོམས་བླ་མ་རེ་ལོ་སུམ་བརྒྱ་ལྷག་ཙམ་རེ་གཞུགས་ཡོད་ན་ཡང་ད་དུང་ལོ་གྲངས་ཟིན་ཐུབ་མི་འདུག་ལ། འདས་ལོ་སུམ་སྟོང་དུ་འདོད་མཁན་དག་ལྟར་ན་ཆ་སྙོམས་བླ་མ་རེས་དགུང་གྲངས་ཉིས་བརྒྱ་དགུ་བཅུ་ཡས་མས་ཙམ་རེ་ཐོབ་དགོས་ངེས་སུ་འདུག་པ་དང་། ཉིས་སྟོང་བརྒྱད་བརྒྱ་ཡན་ཆད་འདོད་པའི་ལུགས་ལྟར་ན་ཆ་སྙོམས་བླ་མ་རེས་དགུང་ལོ་བརྒྱ་དང་དགུ་བཅུ་ཡས་མས་ཙམ་རེ་ཐོབ་དགོས་པ་དང་། དེ་བཞིན་དུ་ཚད་མའི་བླ་བརྒྱུད་ཀྱི་དབང་དུ་བྱས་ན་སློབ་དཔོན་དབྱིག་གཉེན་ནས་ཁ་ཆེ་པཎ་ཆེན་གྱི་བར་དུ་བླ་མ་བཅུ་གསུམ་ཙམ་ལས་སོང་མེད་ལ་ཐོགས་མེད་སྟོན་པ་འདས་ནས་ལོ་དགུ་བརྒྱའི་རྗེས་སུ་འཁྲུངས་པར་གསུངས་པའི་ལུང་ཚིག་སྒྲ་ཇི་བཞིན་དུ་འདོད་ན་སློབ་དཔོན་དབྱིག་གཉེན་དང་། ཁ་ཆེ་པཎ་ཆེན་གྱི་བར་དུ་འདས་ལོ་བཞི་སྟོང་དུ་འདོད་མཁན་ལྟར་ན་བླ་མ་རེས་ཆ་སྙོམས་དགུང་གྲངས་ཉིས་བརྒྱ་ཡས་མས་ཙམ་རེ་ཐོབ་དགོས་ཤིང་། འདས་ལོ་སུམ་སྟོང་དུ་འདོད་མཁན་ལྟར་ན་བླ་མ་རེས་ཆ་སྙོམ་དགུང་གྲངས་དགུ་བཅུ་ཡས་མས་རེ་ཐོབ་དགོས་ཤིང་། འདས་ལོ་ཉིས་སྟོང་བརྒྱད་བརྒྱ་ཡན་ཆད་འདོད་པའི་ལུགས་ཚང་མར་བླ་མ་རེས་ཆ་སྙོམ་དགུང་ལོ་བརྒྱད་ཅུ་ཡས་མས་ཙམ་རེ་ཐོབ་དགོས་པ་དང་། དེ་བཞིན་དུ་ཕར་ཕྱིན་དང་དབུ་མ་ལམ་འབྲས་བླ་བརྒྱུད་དང་། རྒྱུད་སྡེ་གཞན་གྱི་བཤད་རྒྱུན་ལ་སོགས་པའི་བླ་བརྒྱུད་ཕལ་ཆེར་ལ་ཡང་གནད་དོན་འདི་གཅིག་མཚུངས་སུ་ཆགས་འདུག་གོ །ཡང་དེང་སྐབས་སྟོན་པ་འདས་ནས་ལོ་སུམ་སྟོང་ཡན་ཆད་བརྒལ་ཟིན་པའི་དཔང་རྟགས་སུ་གནའ་རྫས་རྙིང་པ་མང་པོ་རྙེད་ཡོད་པར་གོ་རྒྱུ་འདུག་ལ་གལ་སྲིད་བདེན་པ་ཡིན་ཚེ་དེ་ལྟར་ན་ལོ་རྒྱུས་འདི་དག་ལ་འགྲེལ་བཤད་ཇི་ལྟར་རྒྱག་དགོས་སམ། གལ་ཏེ་ལོ་རྒྱུས་འདི་དག་བདེན་པ་ཡིན་ཚེ་གནའ་རྫས་དེ་དག་ལ་འགྲེལ་བཤད་ཇི་ལྟར་རྒྱག་དགོས་པ་སོགས་ལ་བསམ་གཞིག་ཡུན་རིང་བྱེད་དགོས་ངེས་སུ་འདུག་ཀྱང་གོང་གི་འཁྲུངས་སྐར་དུས་ཆེན་གཏན་འཁེལ་དགོས་པར་འདོད་པའི་རྒྱུ་མཚན་གཙོ་བོ་ནི་ཉི་འོག་གི་ནང་པ་ཡོངས་ཀྱིས་སྤྱི་མཐུན་གྱི་དགེ་རྩ་རླབས་ཆེན་ཞིག་ཉིན་གཅིག་ལ་གསོག་ཐུབ་པ་དང་། སྟོན་པའི་རྗེས་འཇུག་ཡོངས་ཀྱི་རྒྱུད་ལ་སྟོན་པའི་བསྟན་པ་ལ་འཕྱར་བ་གྲུ་འདེགས་ཀྱིས་ཞབས་ཞུ་བསྒྲུབ་དགོས་པའི་བསམ་བློའི་བག་ཆགས་ཡག་པོ་ཞིག་འཇོག་པའི་གོ་སྐབས་རྙེད་པ་ཡིན་པས་དོན་དག་ཆུང་ངུ་ཞིག་མ་རེད་སྙམ་ནས་བྲིས་པ་ཡིན།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*