ཀུན་མཁྱེན་བསོད་ནམས་སེངྒེ་ལ་བསྟོད་པ།

ཀུན་མཁྱེན་བསོད་ནམས་སེངྒེ་ལ་བསྟོད་པ་ཚོགས་གཉིས་རྒྱ་ཆེན་བསྐྲུན་པའི་རོལ་མོ་ཞེས་བྱ་བ།།

རྩོམ་པ་པོ། དཀོན་མཆོག་དཔལ་ལྡན།

ཨོཾ་སྭ་སྟི།

བདེན་བཞིའི་དོན་རྟོགས་སྒྲིབ་གཉི༵ས་གཡུལ་ལས་རྒྱལ།།
ཡུན་རིང་དཀའ་སྤྱད་ཚོགས་གཉི༵ས་བརླབ་ཆེན་བསྐྲུན།།
རྡོ་རྗེ་གདན་དུ་སྐུ་གཉི༵ས་མངོན་དུ་བྱས།།
ཤཱཀྱའི་རིགས་འཁྲུངས་གཽའུ་ཏ་མ་རྒྱལ།།

སྐུ༵་ལ་མཚན་དཔེ་བརྒྱད་ཅུའི་ལེགས་པར་སྤྲས།།
གསུ༵ང་ལ་སྒྱུ་རྩལ་དྲུག་ཅུའི་འགྱུར་ཁུག་ལྡེམ།།
ཐུ༵གས་ལ་ཤེས་རབ་པདྨའི་འོད་སྟོང་འཕྲོ།།
དུས་གསུམ་རྒྱལ་བའི་སྲས་མཆོག་རྒྱལ་གྱུར་ཅིག།

མཁྱེ༵ན་པའི་རྣམ་དཔྱོད་སྤུ་གྲིའི་རྩེ་ལྟར་རྣོ།།
བརྩེ༵་བའི་སྙིང་རྗེ་སྟོན་ཟླའི་མདངས་བཞིན་དཀར།།
ནུ༵ས་པའི་མཐུ་རྩལ་ཕ་ལམ་རྡོ་རྗེའི་སྤུན།།
གངས་ལྗོངས་མཁས་པའི་ཡང་རྩེ་གོ་རམས་པ།།

ཐོ༵ས་བྱུང་ཤེས་རབ་དཀར་པོའི་འོད་སྣང་རྒྱས།།
བས༵མ་བྱུང་རིག་པའི་གདེངས་ཀ་གྱེན་དུ་བཏེགས།།
སྒོ༵མ་བྱུང་ཏིང་འཛིན་མི་འཇིགས་སྤོབ་པ་རྒྱས།།
ས་དཀར་བསྟན་པའི་རྗེ་བོ་གོ་རམས་པ།།

འཆ༵ད་པས་མདོ་སྔགས་རིག་པའི་གནད་རྩ་དཀྲོལ།།
རྩོ༵ད་པས་རྒོལ་ངན་དཔུང་སྡེའི་ཀླད་པ་འགེམས།།
རྩོ༵མ་པས་ལེགས་བཤད་གཙང་མའི་སྦྲང་ཆར་བསྩལད།།
ངེས་དོན་བསྟན་པའི་སྲོག་ཤིང་གོ་རམས་པ།།

མཁ༵ས་པའི་གདམས་པ་རྒྱ་མཚོ་ཐུགས་སུ་ཆུད།།
བཙུ༵ན་པའི་ཉམས་རྟོག་སྨྱུ་གུ་རྒྱུད་ལ་འཁྲུངས།།
བཟ༵ང་པོའི་མཛད་སྤྱོད་རྨད་བྱུང་ཚུལ་བཞིན་བསྐྱངས།།
དཔལ་ལྡན་ས་སྐྱའི་བདག་པོ་གོ་རམས་པ།།

ཕྱི༵་ཡི་ཀུན་སྤྱོད་སོ་ཐར་ཁྲིམས་ཀྱིས་མཛེས།།
ན༵ང་གི་བསླབ་པ་བྱང་སེམས་བདུད་རྩིས་བརླན།།
གས༵ང་བའི་རྟོག་པ་སྨིན་གྲོལ་གདམས་པས་ཕྱུག།
ས་ལོའི་བསྟན་པ་སྐྱོང་མཁས་གོ་རམས་པ།།

བསོ༵ད་ན༵མས་སྤྲིན་གྱི་ཕུང་པོའི་གུར་ཁྱིམ་དུ།།
མཚན་དཔེ་ལང་ཚོ་བཞད་པའི་པཎྜི་ཏ།།
མི་འཇིགས་སེ༵ངྒེ༵འི་ཁྲི་ལ་རབ་འགྱིང་ནས།།
ཆོས་ཀྱི་དགའ་སྟོན་འགྱེད་མཁས་གོ་རམས་པ།།

སྔོན་ཆད་སྲིད་འདིར་མེད་པའི་གཞུང་བཟང་གི།
ཕན་བདེའི་དགེ་ལེགས་རྩོལ་བའི་སྐྱེས་ཆེན་ལ།།
བསྟོད་པའི་ཚིག་གསུམ་དྲི་མེད་སྙན་རྩོམ་འདིས།།
ཚོགས་གཉིས་རྫོགས་ཤིང་འབྲས་བཟང་ཐོབ་པར་ཤོག།

ཅེས་པ་འདི་ནི་ཀུན་མཁྱེན་གོ་རམས་པ་བསོད་ནམས་སེངྒེ་དགོངས་པ་ཆོས་དབྱིངས་སུ་གཤེགས་ནས་ལོ་འཁོར་( ༥༨༧ ) ལོན་པའི་དགོངས་མོར་རྗེ་ཉིད་ཀྱི་ཡིག་ཆ་འཛིན་པ་ཁྲོཾ་ལྗོངས་པ་དཀོན་མཆོག་དཔལ་ལྡན་གྱིས་མི་ཕྱེད་པའི་དད་གུས་དང་བཅས་རང་ཤག་རིག་པའི་ལྡིང་ཁང་དུ་བྲིས།།

 

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*