དད་གསུམ་བསྟོད་དབྱངས་མཆོད་སྤྲིན།

 

 

 

 

 

 

 

 

འོད་གསལ་ལྷ་རིགས་གཙང་མ་མཐོ་སྒང་གངས་རིའི་གནས་སུ་བབས།།
དྲི་མེད་འཁོན་གདུང་དམ་པ་ཐབས་ཤེས་འཕྲུལ་གྱིས་མི་ཡུལ་བལྟམས།།
དཔལ་ལྡན་ས་སྐྱའི་གདུང་རྒྱུད་རྒྱལ་བསྟན་འགྲོ་བའི་སྒྲོན་མེ་རུ།།
ཨེ་མ་མཚན་མཆོག་གསུམ་ལྡན་སྙིགས་མའི་འགྲོ་མགོན་དམ་པར་བཞད།།

སྐུ༵་མཆོག་མཚན་བཟང་སྤྲས་པའི་མཚན་མཆོག་གསུམ་ལྡན་དཔལ་གྱིས་བརྗིད།།
གསུ༵ང་དབྱངས་འགག་མེད་མདོ་སྔགས་གཞུང་བརྒྱ་འཆད་ལ་ཟླ་མེད་པ།།
ཐུག༵ས་བརྩེའི་མཁྱེན་པའི་དཀྱིལ་འཁོར་ཉ་རྒྱས་བཞིན་དུ་གཟི་འོད་འཕྲོ།།
ཨེ་མ་༸སྐྱབས་མགོན་འཁོན་གདུང་ཁྲི་ཆེན་ཞེ་གཉིས་མཆོག་ལ་འདུད།།

ཐོ༵ས་པ་ཆུ་བོའི་རྒྱུན་བཞིན་དལ་མེད་རྟག་ཏུ་བརྩོན་མཛད་པ།།
བས༵མ་པས་གནས་ལུགས་ཇི་བཞིན་སྒྲོ་འདོགས་བཅད་ལ་མངའ་བརྙེས་པ།།
སྒོ༵མ་པའི་ཉམས་རྟོགས་རྩལ་རྫོགས་གྲུབ་པའི་གོ་འཕང་དམ་པར་གཤེགས།།
ཨེ་མ་མཁས་པའི་དབང་པོ་༸སྐྱབས་མགོན་༸གོང་མའི་ཞབས་ལ་འདུད།།

འཆ༵ད་མཁས་གདུལ་བྱའི་དབང་པོའི་ཁམས་དང་མོས་པ་དག་ལ་བསྟུན།།
རྩོ༵ད་ཚུལ་རིག་པའི་རྣོ་ངར་ཕ་རོལ་རྒོལ་ངན་འཇོམས་པར་མཛད།།
རྩོ༵མ་རྩལ་རིག་པའི་སྦྲང་ཆར་ཆུ་སྐྱེས་གཞོན་ནུའི་གསོ་སྨན་གྱུར།།
ཨེ་མ་རིག་འཛིན་སྔགས་འཆང་རཏྣ་བཛྲ་མཆོག་ལ་འདུད།།

མཁ༵ས་པའི་བ་དན་དཀར་པོ་གོ་ལའི་ཡང་རྩེ་ཆེས་ཆེར་བསྒྲེངས།།
བཙུ༵ན་པའི་གོ་ཆ་བརྟན་པོས་གཞན་ཡིད་དབང་མེད་འགུགས་པར་མཛད།།
བཟ༵ང་པོའི་རང་གཤིས་དུལ་བས་བྱམས་དང་སྙིང་རྗེའི་མངའ་བདག་ཉིད།།
ཨེ་མ་གྲུབ་དབང་དམ་པ་༸སྐྱབས་མགོན་༸གོང་མའི་ཞབས་ལ་འདུད།།

མཁྱེ༵ན་རབ་མཁའ་ལྟར་ཡངས་པའི་འཇམ་དབྱངས་མི་གཟུགས་ཟློས་གར་རོལ།།
བརྩེ༵་བས་འགྲོ་ཀུན་སྐྱོང་མཁས་འཕགས་མཆོག་ཕྱག་ན་པད་མོ་དངོས།།
ནུ༵ས་པས་གདོན་བགེགས་འཇོམས་མཛད་གསང་བདག་ཕྱག་ན་རྡོ་རྗེ་ཉིད།།
རིག་གསུམ་མགོན་པོའི་རྣམ་འཕྲུལ་རཏྣ་བཛྲའི་ཞབས་ལ་འདུད།།

དེ་ལྟར་གསོལ་སྨོན་དད་གསུམ་བསྟོད་དབྱངས་མཆོད་སྤྲིན་འདི་ཡིས་མཐུས།།
བརྩེ་ཆེན་བསྟན་པའི་སྒྲོན་མེ་༸གོང་མ་ཁྲི་ཆེན་ཞེ་གཉིས་པ།།
སྐུ་ཚེ་མི་གཤིགས་རྡོ་རྗེའི་ཁམས་སུ་བསྐལ་བརྒྱར་བརྟན་པ་དང་།།
ཐུགས་བཞེད་འབད་མེད་ལྷུན་གྲུབ་མཛད་ཕྲིན་མཁའ་ལྟར་ཁྱབ་པར་སྨོན།།

ཞེས་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་༸སྐྱབས་མགོན་༸གོང་མ་འཁོན་གདུང་སྐུ་བགྲེས་རཏྣ་བཛྲ་རིན་པོ་ཆེ་མཆོག་དཔལ་བརྩེ་བ་ཆེན་པོའི་ལུགས་གཉིས་དབང་བསྒྱུར་གྱི་ཁྲི་རབས་ཞེ་གཉིས་པའི་གསེར་ཁྲིར་མངའ་གསོལ་གྱི་དུས་བཟང་དང་སྟབས་བསྟུན་ནས་མགོན་པོ་གང་གི་དངོས་སློབ་དཔལ་ས་སྐྱའི་གསང་ཆེན་རྒྱུད་གྲྭའི་སློབ་གཉེར་བ་དངོས་མིང་ངག་དབང་མཁས་གྲུབ་བམ་སྨྱུག་མིང་<གསེར་སྨྱུག་>འབོད་པས་ས་རཱ་མཐོ་སློབ་ཏུ་དུས་ཚེས་དགེ་བའི་ཉིན་བྲིས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*